བདེ་ཆེན་རབ་རྒྱས།

མཚན་རྒྱས་པར། གཡས་རུ་ཤངས་ཀྱི་ནང་ཚན་དགའ་ལྡན་བདེ་ཆེན་རབ་རྒྱས་ཞེས་ཞུ། དགའ་ལྡན་ཆོས་འཁོར་གྱི་གཡས་ངོས་སྤྱི་ལེ་༢/༣ཙམ་གྱི་ས་ན་དཀར་པོ་གྲོང་གི་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད།

དགོན་དེ་ནི་ཐོག་མར་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཀྱིས་ཕྱག་བཏབ་གནང་མཛད།

དེའང་པཎ་ཆེན་དཔལ་ལྟན་ཡེ་ཤེས་ཀྱི་སྐུའི་གཅེན་པོ་བློ་བཟང་སྦྱིན་པ་ཞུ་བས་ཤངས་དགའ་ལྡན་ཆོས་འཁོར་དགོན་གྱི་མཁན་པོ་མཛད།སྐབས་ཤིག་ཡུལ་དེར་ནད་ཡམས་དུག་པ་ཅན་ཞིག་བྱུང་བས་པཎ་ཆེན་རིན་པོ་ཆེའང་སྙུན་གཡོལ་གྱི་ཆེད་དུ་ད་ལྟའི་དགོན་གནས་དེའི་ལྟག་ཏུ་རྡོ་རྗེ་སྟེང་ཞེས་པའི་རི་ཁྲོད་དུ་བཞུགས་སྐབས་ད་ལྟའི་དགོན་གནས་ཆགས་ཡུལ་དེར་དཀར་པོ་མ་ཎི་སྒང་ཞེས་རྒན་རྒོན་བུ་ཚ་མེད་པ་གཉིས་ཀྱི་སྡོད་གནས་ཤིག་ཡོད་པ་པཎ་ཆེན་རིན་པོ་ཆེར་ཕུལ་བས་པཎ་རིན་པོ་ཆེས་དགའ་ལྡན་ཆོས་འཁོར་གྱི་གྲུབ་གྲྭ་ཚོགས་ཡུལ་གྱི་དགོན་གནས་དེ་ཉིད་བཏབ་གནང་མཛད།

དགོན་དེའི་རྡོ་རྗེ་སློབ་དཔོན་ཡང་བཀྲས་ལྷུན་སྔགས་པ་གྲྭ་ཚང་ནས་ཕེབས་པ་ཡིན།

སྔོན་འདུ་ཁང་ཀ་བ་༡༢ཀྱི་གཙང་ཁང་སྦུག་མར་རྭ་ལོ་ཙྭ་བའི་ཕྱག་བཟོ་སྐུ་རྒྱུ་ཙན་དན་ལས་གྲུབ་པའི་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བརྙན་སོགས་རྟེན་སྐུ་མང་པོ་དང་། འདུ་ཁང་ནང་དུས་གསུམ་སངས་རྒྱས་སོགས་རྟེན་གསུམ་[page 195] ཇི་སྙིད། ཡང་སྟེང་པཎ་ཆེན་གཟིམ་ཆུང་ཉི་འོད་འཁྱིལ་བའི་ནང་པཎ་ཆེན་རིན་པོ་ཆེའི་གཟིགས་སྣང་དུ་བྱུང་བའི་དཔལ་མགོན་བྲམ་གཟུགས་ཀྱི་སྐུ་བརྙན། ཡང་སྟེང་དུས་འཁོར་ལྷ་ཁང་ནང་དཔལ་དུས་ཀྱི་འཁོར་ལོ་དང་།

ཉེ་སྲས་ལྷ་ཁང་ནང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཡུམ་གྱི་འཁྲུངས་རྟགས་རྡོ་རྗེ་འཆང་སོགས་རྟེན་དང་བརྟེན་པར་བཅས་པ་བཞུགས་སུ་གསོལ། སྔོན་དགེ་འདུན་༡༠༠ལྷག་ཙམ་གིས་རི་བོ་དགེ་ལུགས་ཀྱི་སྒྲུབ་སྡེ་ཁག་དབུས་རྒྱུད་སྨད་གྲྭ་ཚང་དང་།

བཀྲས་ལྷུན་སྔགས་པ་གྲྭ་ཚང་གི་ལུགས་ལྟར་ཕྱག་ལེན་མཛད་པ་ཡིན།

ད་ལྟ་སྔོན་གྱི་དགོན་ཤུལ་དུ་བསྐྱར་བཞེངས་གནང་བའི་ནང་སྔོན་གི་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དབུ་ཞྭ་དང་། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།