གཉིས་པ། བཤད་གྲྭའི་སྲོལ་དང་མཁན་རབས།

ཨོ་རྒྱན་བསམ་གཏན་ཆོས་གླིང་ཞེས་པ་འདི། སྔ་འགྱུར་རྙིང་མའི་ལྟ་གྲུབ་རྣམ་པར་དག་པ་འཛིན་པ་ཆོས་སྡེ་ཆེན་པོ་ཞིག་ཡིན་ལ་ཨོ་རྒྱན་ཆེན་པོས་མཁའ་འགྲོ་ཚོགས་འབུམ་ཕྲག་གཅིག་ལ་སྩལ་བའི་ཟབ་ཆོས་དུང་ལུང་ཕྲ་མོ་བྲག་ནས་གཏེར་སྟོན་ལས་འབྲེལ་རྩལ་གྱིས་གཏེར་ནས་བཞེས་པ། ཀུན་མཁྱེན་ཀློང་ཆེན་པས་དར་རྒྱས་སུ་མཛད་པའི་ཆོས་རྒྱུན་མཁའ་འགྲོའི་སྙིང་ཐིག་གི་བཀའ་བབ་གྲུབ་ཐོབ་པདྨ་རིག་འཛིན་ཡིན་པས། ཁོང་གིས་དགོན་འདིར་གྲྭ་སྟོང་ཕྱེད་ལྔ་བརྒྱས་གཙོས་པའི་དབུས་ཀོང་ཁམས་སོགས་ནས་འདུས་པའི་སློབ་ཚོགས་སྟོང་ཕྲག་དུ་མ་ལ་སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་དབང་ལུང་གིས་སྨིན་པར་བྱས། སྐུ་རབས་གཉིས་པ་ནས་གསུམ་པ་ཡན་ཆད་ལའང་མདོ་སྒྱུ་སེམས་གསུམ་གྱི་དབང་ཁྲིད་དང་། བཀའ་མའི་སྒྲུབ་ཁག་སོགས་བཙུགས། ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་ཆོས་སྐོར་དང་། སོ་ཟུར་གནུབས་གཉགས་སོགས་ཀྱི་ལེགས་བཤད་འཆད་སྤེལ་གྱི་རྒྱུན་མི་ཉམས་པ་མཛད་དེ་ཐོས་སམ་སྒོམ་པའི་[page 494] ཕྲིན་ལས་རྒྱ་ཆེར་བསྐྱངས། སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་རིག་གནས་ཀྱི་འཆད་རྒྱུན་ཡང་ཅི་རིགས་སྤེལ་བ་སོགས་སོ་སོའི་རྣམ་ཐར་དུ་གསལ་བ་ལྟར་རོ།།

སྐུ་རབས་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེ་དགུང་གྲངས་ང་དྲུག་བཞེས་པ་རབ་བྱུང་བཅུ་བཞི་པ་སྤྱི་ལོ་༡༨༤༨ས་སྤྲེལ་ལོར་ཁོང་གིས་སེང་ཕྲུག་པདྨ་བཀྲིས་མཆོག་དང་ཁྱབ་བདག་བཀའ་འགྱུར་པ་ཆེན་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཟུང་ལ་བཀའ་བགྲོས་ཏེ། དགོན་ལས་རྒྱང་གྲགས་གཅིག་བརྒལ་བ་མཁས་པའི་ལྗགས་སམ་ཤེས་རབ་ཀྱི་རལ་གྲིའི་དབྱིབས་དང་མཚུངས་པའི་རི་ཕྲན་གྱི་སྟེང་དུ། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་ས་འདུལ་མཛད་དེ་གངས་ལྗོངས་མཁས་པའི་འབྱུང་གནས་ཤྲྰི་སེང་ཆོས་གྲྭ་ཆེན་མོའི་གཙུག་ལག་ཁང་གྲྭ་ཤག་དང་བཅས་པ་གསར་དུ་བསྐྲུན། མདོ་སྨད་ཉི་མ་ཤར་ཕྱོགས་ཀྱི་ལྗོངས་འདིར་མཉམ་མེད་ཤྰཀྱ་སེང་གེའི་རིང་ལུགས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་གཙང་མའི་སྒོ་འཕར་གསར་དུ་ཕྱེས། སྒྱུ་འཕྲུལ་དྲྭ་བ། མདོ་དགོངས་པ་འདུས་པ། འདུལ་བ་མདོ་དང་མདོ་རྩ།

ཀུན་མཁྱེན་རོང་ཀློང་ཡབ་སྲས་ཀྱི་གསུང་རབ་སོགས་འཕགས་བོད་ཀྱི་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་གྱི་རྒྱུན་བསྐྱངས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། མཁན་ཆེན་པདྨ་རྡོ་རྗེ། ཐུབ་བསྟན་ཉིན་བྱེད་རྒྱལ་མཚན་སོགས་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མངོན་པར་ཕྱུག་པའི་མཁས་དབང་དུ་མ་བྱོན་ཏེ་གངས་རིའི་ཁྲོད་ཀྱི་ན་ལེན་དྲ་གཉིས་པ་ཞེས་པའི་མཚན་སྙན་གྱིས་ཕྱོགས་ཀུན་ཁྱབ། སྐུ་རབས་ལྔ་བའི་དུས་སུ་གཙུག་ལག་ཁང་དང་བཞུགས་ཤག་སོགས་གོང་འཕེལ་བཏང་།

དེ་ཡང་སྐྱེས་བུའི་བསོད་ནམས་ཀྱི་ཞིང་དུ་མཁན་རབས་ནོར་བུའི་ཕྲེང་བ་བར་མ་ཆད་པར་བྱོན་པ་ནི། སེང་ཕྲུག་པདྨ་བཀྲ་ཤིས་རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། རྐང་ཚའི་མཁན་ཆེན་པདྨ་བཛྲ། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན། འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ། ཉི་གྲགས་རིག་འཛིན་བཟང་པོ། མཁན་པོ་པདྨ་ཤེས་བྱ། འབྲུག་ཡུལ་མཁན་པོ་བསོད་ནམས་དགེ་ལེགས། རྐང་ཚའི་མཁན་པོ་ཡེ་ཤེས་རྒྱ་མཚོ། ལེ་རོང་མཁན་པོ་ཐུབ་བསྟན་ཆོས་འཕེལ། ཕུར་ཚའི་མཁན་པོ་དཀོན་མཆོག་བཟང་པོ་འམ་ཨ་དཀོན། ཁྲོ་བའི་མཁན་པོ་དཀོན་མཆོག་གྲགས་པ། མཁན་ཐུབ་བསྟན་རང་རིག་རྒྱ་མཚོ། གཏོ་རུ་མཁན་པོ་སྐལ་ལྡན་རྒྱ་མཚོ། རྟ་བའི་མཁན་ལོ་དཀོན་མཆོག་བཟང་པོ། རྒྱ་ཀོང་གཞན་ཕན་ཆོས་ཀྱི་སྣང་བ། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན། ཨ་ཝོའི་མཁན་པོ་འཇིགས་མེད་བློ་གྲོས། མཁན་ཆེན་ཐུབ་བསྟན་སྙན་གྲགས། ཉག་ཤུལ་མཁན་པོ་འགྱུར་མེད་འོད་གསལ་ལམ་འགྱུར་དགའ། ཨ་གྲོའི་མཁན་པོ་བསོད་ནམས་ཆོས་འཕེལ། མཁན་པོ་འཆི་མེད་ཡེ་ཤེས། མཁན་པོ་འཆི་མེད་ཡོན་ཏན་མགོན་པོ། རྐང་ཚའི་མཁན་པོ་པདྨ་ཚེ་དབང་། ཨེ་གྲོའི་མཁན་པོ་འོད་ཟེར་མཐའ་ཡས་སམ་འོད་ལུ། ཚོང་དཔོན་མཁན་པོ་ནོར་དབྱངས། མཁན་པོ་ཆོས་རྣམས། མཁན་[page 495] བསྟན་འཛིན་ཆོས་བཟང་། ཙི་རིའི་མཁན་པོ་ཆོས་འབྱོར་སོགས་སྤྱིར་དགོན་འདིར་མཁན་རབས་བཞི་བཅུར་ཉེ་བ་ཙམ་བྱོན་པར་གྲགས།

ཕྱག་ན་པདྨོ་མིའི་ཟོལ་དུ་ཕེབས་པ་རྫ་དཔལ་སྤྲུལ་རིན་པོ་ཆེ་ནི། རབ་བྱུང་བཅུ་བཞི་བའི་ས་འབྲུག་ལོར་རྒྱལ་ཐོག་ཅེས་པའི་གདུང་རྒྱུད་ལ་སྐུ་བལྟམས། རྡོ་གྲུབ་ཆེན་གྱིས་དཔལ་དགེའི་སྤྲུལ་སྐུར་ངོས་འཛིན་གནང་སྟེ་མཚན་གྱི་ཅོད་པན་གསོལ། སྐུ་ན་ཆུང་དུས་སུ་འབྲི་ཀློག་ཚེགས་མེད་དུ་མཁྱེན་ཏེ་རབ་ཏུ་བྱུང་། རྫོགས་སྤྲུལ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས། དཔོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་སོགས་ཀྱི་དྲུང་ནས། སྤྱོད་འཇུག་དང་ངལ་གསོ་སྐོར་གསུམ། རྒྱུད་གསང་རྙིང་། བསྟན་འགྱུར་གྱི་ལུང་རྒྱུན། སྒྲ་རིག་པ་སོགས་མདོ་སྔགས་རིག་པའི་གནས་ལ་གསན་བསམ་མཛད། གཞན་ཡང་འཕགས་བོད་ཀྱི་སྐྱེས་ཆེན་རྣམས་ཀྱི་ལེགས་བཤད་ལ་གསན་བསམ་དཔེ་གཟིགས་སོགས་མཛད་པས་གངས་ལྗོངས་མཁས་པའི་ཡང་རྩེར་སོན། ཁྱད་པར་འཇིགས་མེད་རྒྱལ་བའི་མྱུ་གུ་ལས། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ལམ་ཁྲིད་དང་། རྫོགས་ཆེན་དངོས་གཞིའི་ཟབ་ཁྲིད། རྩ་རླུང་སོགས་མང་དུ་གསན།

རུ་དམ་ཡང་དབེན་གཤིན་རྗེ་སྒྲུབ་ཕུག་དང་། ཚེ་རིང་སྒྲུབ་ཕུག་སོགས་རྫོགས་ཆེན་གྱི་གདན་སར་ཡུན་རིང་བཞུགས་པས་རྟོགས་པ་ནམ་མཁའ་དང་མཉམ། གྲུབ་དབང་བཞི་བ་དང་ལྔ་བའི་མཚམས་སུ་རྫོགས་དགོན་གྱི་བསྟན་འགན་ཡང་ཅུང་ཟད་བཞེས་པར་གྲགས། གངས་ལྗོངས་མཁས་པའི་འབྱུང་གནས་ཤྲྰི་སེང་ཆོས་གྲྭའི་མཁན་ཁྲིར་ལོ་མང་བཞུགས་པ་དང་། པདྨའི་ཐང་སོགས་སུ་བྱམས་ཆོས་དང་། དབུ་མངོན་གཉིས་རྒྱུད་གསང་རྙིང་། ཡོན་ཏན་མཛོད། སྡོམ་གསུམ་རྣམ་ངེས། རྩ་རླུང་དང་གདམས་ཁྲིད་སོགས་ཀྱི་ཆོས་འཁོར་བར་མེད་དུ་བསྐོར་པ་དང་། ཤྲྰི་སེང་གི་ཉེ་འགྲམ་དུ་ལོ་མང་པོར་སྤྱོད་འཇུག་གསུངས་བས། སེར་ཆེན་མེ་ཏོག་འདབ་མ་སུམ་ཅུ་དང་ལྔ་བཅུ་བརྒྱད་ཅུ་ཅན་སོགས་སྐྱེས་པ་ལ་སྤྱོད་འཇུག་མེ་ཏོག་ཏུ་གྲགས་པ་བྱུང་། ཀུན་སྤངས་བྱ་བཏང་གི་བརྟུལ་ཞུགས་ཀྱིས་གནས་ངེས་མེད་དང་ས་དགེ་བཀའ་རྙིང་གི་དགོན་ཁག་རྣམས་སུ་ཕེབས་ཏེ། སྤྱོད་འཇུག་སོགས་མདོ་སྔགས་ཆོས་ཀྱི་བདུད་རྩི་བསྩལ།

དགེ་བཤེས་ལྷ་རམས་པ་མང་པོས་བཏུད་ཅིང་སྔགས་པ་བརྗོད། ཡུལ་ཕྱོགས་དུ་མ་ནས་རྐུན་ཇག་དམར་སྟོན་གྱི་སྲོལ་བསྣུབས། སྐུ་ཐོག་གོང་མའི་རྡོ་འབུམ་དང་ཤྲྰི་སེང་གི་རི་ངོས་སུའང་དཔལ་སྤྲུལ་མ་ཎི་ཞེས་པ་བཞེངས། གལ་ཆེན་གནད་སྨིན་གྱི་བསྟན་བཅོས་མང་རབ་གཅིག་བརྩམས་ཀྱང་ཉེ་གནས་སོགས་ཀྱིས་བསྡུ་མ་ཐུབ་པས་ད་ལྟར་གླེགས་བམ་དྲུག་ཙམ་གདུལ་བྱའི་བགོ་སྐལ་དུ་ཐོབ་པར་སྣང་། གཞན་ཡང་ཀཿཐོག་སི་ཏུ་རྫོགས་སྤྲུལ་ལྔ་བ་རྒྱལ་རོང་ནམ་སྤྲུལ། རྡོ་སྤྲུལ་གཉིས་པ་དང་གསུམ་པ། རྒྱལ་སྲས་རིག་པའི་རལ་གྲི། སྐུ་ཞབས་མཆོག་སྤྲུལ་གཉིས་པ་ཨ་འཛམ་འབྲུག་སྤྲུལ་འགྲོ་འདུལ་རྡོ་རྗེ། གཏེར་སྟོན་ལས་རབ་གླིང་པ། མི་ཕམ་ཕྱོགས་ལས་རྣམ་རྒྱལ། མི་ཉག་[page 496] ཀུན་བསོད། མཁན་ཆེན་ཀུན་དཔལ། ཨ་ལགས་མདོ་སྔགས་རྒྱ་མཚོ། སེར་ཤུལ་ལྷ་རམས་པ་ཐུབ་བསྟན། དཔལ་སྤུངས་བླ་མ་བཀྲིས་འོད་ཟེར། འཇུ་བླ་གྲགས་པ་རྒྱལ་མཚན་སོགས་རིས་བྲལ་སྐྱེས་ཆེན་མང་པོ་བསྐྱངས་པའི་མཐར། རབ་བྱུང་བཅོ་ལྔའི་མེ་ཕག་ལོའི་ས་ཟླའི་ཚེས་བཅོ་བརྒྱད་ཉིན་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་སོ།།

མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ནི། ཡུལ་ཟླ་རྒྱུད་ཡ་ཆུའི་དེང་ཆུང་ཞེས་པར་འཇུ་མགོན་པོ་དར་རྒྱས་ཀྱི་རིགས་སུ་ངོ་མཚར་བའི་བལྟས་དང་བཅས་རབ་བྱུང་བཅུ་བཞི་བའི་མེ་རྟ་ལོར་སྐུ་བལྟམས། འཇུ་ཉུང་རི་ཁྲོད་དུ་ཟླ་བ་བཅོ་བརྒྱད་ཙམ་ལ་འཇམ་དཔལ་སྨ་སེང་བསྒྲུབས་པས་ཟབ་གསང་ཐུགས་ཀྱི་ཀློང་ནས་སྤོབས་པའི་གཏེར་བརྒྱད་གྲོལ་ཏེ་མདོ་སྔགས་རིག་གནས་དང་བཅས་པར་མཁྱེན། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཟུར་ཆེན་རོལ་གར་པདྨ་བཛྲ་སོགས་དགེ་བའི་བཤེས་གཉེན་དུ་མ་ལས། བཀའ་གཏེར་ཆོས་ཟབ་རྒྱ་མཚོར་གསན་བཞེས་མཛད། སྟག་ཚང་དུ་རྟ་ནག་གི་སྒྲུབ་པ་མཛད་དེ་གཏོར་རྒྱག་གཏོང་སྐབས་བྲག་རི་ཕྱེ་མ་ལྟར་ཞིག་པ་དང་། སྡེ་དགེའི་སྲས་མོ་ན་སྐབས་བླ་སླུ་གསངས་ཚེ་བླ་ལུག་ལ་ཐུགས་གཏད་ཙམ་གྱིས་ཁ་འཁོར་བ་སོགས་གྲུབ་པའི་མཛད་བཟང་ཡང་རྒྱ་ཆེ། རྫོགས་ཆེན་ནགས་ཆུང་རི་ཁྲོད་ནས་ཤེར་འགྲེལ་ཀེ་ཏ་ཀ་དང་།

རྒྱལ་ཕུའི་བྲག་དཀར་ནས་བརྒལ་ལེན་ཉིན་སྣང་། རུ་དམ་ཕོ་བྲང་ནས་མཁས་འཇུག་ཆེན་མོ་ལྗགས་རྩོམ་གནང་པ་དང་། ཤྲྰི་སེང་གཙུག་ལག་ཁང་གི་སྒོ་རྒྱན་དུ་ཀུན་བཟང་འཁོར་ལོ་བརྩམས། མཁན་པདྨ་བཛྲས་བསྐུལ་བ་ལྟར་མཛོད་བདུན་སོགས་ཞུས་དག་མཛད་དེ་གདན་ས་འདིང་ཡུན་རིང་བཞུགས་ནས་རྒྱུད་རྒྱལ་གསང་བ་སྙིང་པོ། ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་གསུང་སྐོར་དང་། ཤེར་མངོན་དབུ་གསུམ། སྒྲ་ཚད་སོགས་མདོ་སྔགས་ཤེས་བྱ་རིག་པའི་རྒྱུན་སྤེལ། རྡོ་གྲུབ་རིན་པོ་ཆེ་དང་། རྫོགས་སྤྲུལ་ལྔ་བ། གཏེར་སྟོན་བསོད་རྒྱལ། དགེ་མང་སྐྱབས་མགོན། ཞེ་ཆེན་རྒྱལ་ཚབ། མཁན་ལྷ་རྒྱལ་སོགས་སློབ་ཚོགས་བགྲང་གིས་མི་ལང་པ་དག་ལེགས་པར་བསྐྱངས་མཐར་དགུང་གྲངས་རེ་བདུན་པར་འདས་སོ།།

མཁན་རིན་པོ་ཆེ་བློ་གསལ་ལམ་སྡོམ་བརྩོན་དཀོན་མཆོག་གྲགས་པ་ནི། ཁྲོ་བ་ཞེས་པའི་རིགས་རུས་ཕུན་སུམ་ཚོགས་པར་སྐུ་བལྟམས། ཡི་དམ་རྩ་གསུམ་དང་། མ་མོ་ཀོོ་རུའི་ལྷ་ཚོགས་ཀྱིས་བྱིན་རླབས་གྱིས་བརླབས་པས། དགུང་ལོ་ཆུང་ངུའི་དུས་སུ་རྣམ་དཔྱོད་ཀྱི་རྩལ་སྟོབས་རྒྱས་ཤིང་འབྲི་ཀློག་སོགས་ཐོགས་མེད་དུ་མཁྱེན། དེ་སྐབས་ཁྱིམ་གྱི་བཤའ་ལུག་སྒོ་ཁར་བཏགས་ནས་བཤན་པ་འབོད་དུ་འགྲོ་སྐབས་དུད་འགྲོས་ཀྱང་བསོད་བྱེད་རལ་གྲི་ཡན་ལག་གིས་ས་འོག་ཏུ་སྦས་བཞིན་འདྲེན་བྱེད་ལས་འཆི་མའི་ཆར་རྒྱུན་བབས་པ་གཟིགས་པས་རྐྱེན་བྱས། སྐྱོ་ཤས་ཚད་མེད་ཀྱི་ངང་ནས་འཁོར་བ་རྒྱབ་ཀྱིས་ཕྱོགས་ཏེ་[page 497] མཁས་གྲུབ་པདྨ་བཛྲ་ལས་མདོ་སྔགས་ཆོས་ཀྱི་བདུད་རྩི་བཞེས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་དུ་བྱུང་ཞིང་བསྙེན་པར་རྫོགས། གཞན་ཡང་རྫ་དཔལ་སྤྲུལ། མཁན་པད་རྡོར།

འཇུ་མི་ཕམ། རྫོགས་སྤྲུལ་ལྔ་བ་སོགས་བཅུ་ཕྲག་ཤེས་བྱའི་གནས་ལ་བགྲང་བྱ་དུ་མར་སྦྱངས་བརྩོན་མཐར་ཕྱིན་པ་གནང་སྟེ་བཀའ་གཏེར་ཆོས་ཟབ་རྒྱ་མཚོའི་རྒྱུན་རྣམས་བུམ་པ་གང་བྱོའི་ཚུལ་གྱིས་མནོས་ཤིང་སུམ་ལྡན་རྡོ་རྗེ་འཛིན་པའི་བརྟུལ་ཞུགས་ལ་གཙིགས་འཛིན་མཛད། སྐྱབས་མགོན་རྫོགས་སྤྲུལ་ལྔ་བས་མཁན་རབས་གསེར་རིའི་ཚར་ཕྲེང་གི་བཞུགས་ཁྲིར་བཀོད་དེ་བགྲང་བྱ་བརྒྱད་ལ་འཆད་རྩོད་རྩོམ་པའི་མཛད་བཟང་ཕྱོགས་མེད་དུ་སྤེལ་བས་མཁས་པའི་གྲགས་པ་ཐོབ། ཕྱི་ནང་གསང་བའི་བསླབ་སྡོམ་གྱི་ཉེས་བྱས་ཕྲ་མོས་ཀྱང་མ་གོས་པས་བཙུན་པའི་སྙན་པ་འབར་ཏེ་གྲུབ་དབང་རྫོགས་ཆེན་པའི་དགོན་ཡོངས་ལ་སྡོམ་ཁྲིམས་གཙང་མའི་སྲོལ་རྒྱུན་སྤེལ་བས་མཚན་ཡང་སྡོམ་བརྩོན་དཀོན་མཆོག་གྲགས་པ་ཞེས་གསོལ། དགུང་གྲངས་བརྒྱད་ཅུ་ཙམ་ལ་ཐོན་སྐབས་མཐར་སྐུ་སྙུན་མེད་པར་རེ་ཞིག་ཆོས་དབྱིངས་ཟབ་མོའི་ཀློང་དུ་ཐིམ་པའོ།།

མཁན་རིན་པོ་ཆེ་གཞན་ཕན་ཆོས་ཀྱི་སྣང་བ་ནི་རྒྱ་ཀོང་ཞེས་པའི་རིགས་རུས་ཕུན་སུམ་ཚོགས་པར་སྐུ་བལྟམས། དགུང་གྲངས་སུམ་ཅུ་བར་འཇིག་རྟེན་ཕལ་བའི་ཚུལ་གྱིས་ཁབ་ཏུ་བཞུགས་འཕྲལ། དཔོན་པོ་བསྟན་འཛིན་ནོར་བུའི་མདུན་དུ་བྱོན་ནས་འབྲི་ཀློག་སོགས་བསླབ་སྦྱོང་མཛད། ཟླ་ཤས་སོང་མཚམས་དབྱངས་ཅན་དཀར་མོ་བསྒྲུབས་པས་ཞག་བདུན་ཕྲག་གཉིས་ཙམ་ནས་ཆོས་གྲོགས་རྙིང་པ་སུས་ཀྱང་བསྒྲུན་ཏུ་མེད་པའི་གཟུངས་སྤོབས་ཀྱི་གཏེར་གྲོལ་ནས་མཁས་པའི་རྩེར་སོན། རྗེ་ས་པཎ་དང་ཀློང་ཆེན་པའི་ཞལ་གཟིགས་ཏེ་མཛོད་བདུན་སོགས་ཀྱི་ཉེ་རྒྱུད་དུ་མ་བཞུགས། ཕྱིས་སུ་ཁོང་གི་ཐུགས་བསྐྱེད་ལས་ཆོས་གྲྭ་ཆེན་མོ་འདིའི་ཆར་གཏོགས་པ། རྫོང་གསར་ཁམ་བྱེའི་བཤད་གྲྭ། ཟུར་མང་རྣམ་རྒྱལ་དགོན་བཤད་གྲྭ། སྐྱེ་དགུའི་བཤད་གྲྭ། ཉག་རོང་གུར་དགོན་བཤད་གྲྭ་སོགས་ཆོས་གྲྭ་ཉེར་ལྔ་ཙམ་བཏབ་པར་གྲགས། དཔལ་སྤང་པ་སི་ཏུ་དང་། གསེར་ཁ་ཆེས་གྲགས། ར་ཧོར་ཆོས་གྲགས། བྲག་ཡབ་བློ་གྲོས། འབོ་གངས་དཀར་སྤྲུལ་སྐུ།

རྨེ་བའི་མཁན་པོ་ཚེ་དབང་རིག་འཛིན། བསོད་ནམས་མགོན་པོ། ནོར་བུ་བསྟན་འཛིན། སྡེ་དགེའི་དབོན་སྟོད་མཁྱེན་རབ། ཟླ་གཞུང་མཆོག་སྤྲུལ། ཁང་དམར་རིན་ཆེན་རྡོ་རྗེ། མདོ་སྲིད་ཐུབ་བསྟན། ཟུར་མང་པད་རྣམ། དཀར་མཛེས་བུ་རམ་སྣ་བ་བློ་བཟངབསྟན་འཛིན། རྒུ་རོང་མཆོག་སྤྲུལ། བ་ཐུར་མཁན་པོ་ཐུབ་དགའ། ལྷོ་འབྲུག་མཁན་ཆེན་བསྟན་པ་རིན་ཆེན། ཚར་ཚར་མཁན་པོ་ཐུབ་བསྟན། དགེ་བཤེས་ཚུལ་ཁྲིམས་དཔལ་བཟང་། མཁན་པདྨ་ཐེག་མཆོག་བློ་ལྡན་སོགས་རང་དགོན་གྱི་མཁན་རབས་བཅུ་ཕྲག་གཅིག་ལྷག་ཙམ་སོགས་གངས་ལྗོངས་མདོ་དབུས་ཁམས་གསུམ་སོགས་ནས་དམ་པའི་ཚུལ་དགུས་བརྒྱན་པའི་སློབ་ཚོགས་མཐའ་ཡས་པ་རྗེས་སུ་བཟུང་མཐར་[page 498] གདུལ་བྱ་རྫོགས་པའི་དབང་གིས་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚུལ་བསྟན་ནོ། །དེ་ལྟར་མཁན་རབས་འགའ་ཞིག་གི་མཛད་རྣམ། རགས་ཙམ་ཞིག་སྨྲས་པ་ལས་གཞན་རྣམས་ནི་འབྲིར་མི་ལང་ངོ་།།