བདུན། དེང་གི་གནས་ཚུལ།
བཅིངས་འགྲོལ་བཏང་རྗེས་དཔལ་སྤུངས་དགོན་ནི་སི་ཁྲོན་ཞིང་ཆེན་མི་དམང་སྲིད་གཞུང་གིས་ཆོག་མཆན་གནང་སྟེ་སྲུང་སྐྱོབ་བྱས་སའི་བཀའ་བརྒྱུད་དགོན་པ་ཞིག་ཡིན་སྟབས། འདུ་ཁང་ཚོགས་ཆེན་གྱི་རྟེན་དང་བརྟེན་པ་བཅས་ཏང་དང་སྲིད་གཞུང་གིས་སྲུང་སྐྱོབ་ཐོབ་ནས་དགེ་འདུན་པ་བཅུ་གཉིས་སྒྲིག་འཛུགས་བྱས། དེ་དག་གིས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བ་རེད། དེ་སྐབས་དགོན་དུ་སྐུ་འདྲ་རིགས་འདྲ་མིན་ཆེ་ཆུང་དགུ་བརྒྱ་ཙམ་དང་ཞལ་ཐང་རིགས་ཆེ་ཆུང་ཆིག་ཁྲི་ལ་ཉེ་བ། གསུང་རབ་པོད་སུམ་ཁྲི་ཉིས་སྟོང་བཞི་བརྒྱ། སྤར་ཤིང་ཁྲི་བཅུ་གསུམ། གཞན་མཆོད་ཆས་རིགས་འདྲ་མིན་སུམ་སྟོང་ཙམ་བདག་གཉེར་བྱས་ཡོད། རིག་གནས་གསར་བརྗེ་ཆེན་པོའི་སྐབས་དཔལ་སྤུངས་དགོན་པའང་མེས་རྒྱལ་གྱི་ས་གནས་གཞན་དག་དང་འདྲ་བ་རྟེན་གསུམ་ལ་གནོད་ཚབ་ཆེན་ཕོག་ཏེ་མེད་པར་སོང༌། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་གསུམ་འཚོགས་ཚུན། ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག ཟང་ཟིང་ཡོ་བསྲང་བྱེད་པ་བརྒྱུད་རིམ་པ་ཁག་གི་སྲིད་གཞུང་གིས་མི་རིགས་དང༌། ཆོས་ལུགས་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ།
རབ་བྱུང་བཅུ་དྲུག་པའི་ལྕགས་མོ་བྱའི་ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དཔལ་སྤུངས་དགོན་པ་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་གནང་བར་བརྟེན་ལོ་དེའི་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ལ་སླར་ཡང་དགོན་སྒོ་[page 579] དངོས་སུ་ཕྱེས། དད་ལྡན་མང་ཚོགས་ཀྱིས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བའི་ཁེ་དབང་ལ་ལ་འགན་ལེན་བྱུང༌། མེ་ཕོ་སྟག་ལོར་ཏང་དང་སྲིད་གཞུང་གིས་རྟེན་གསར་བཞེངས་བྱེད་ཡས་མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་གཏོང་བ་དང༌། དད་ལྡན་སེར་སྐྱ་རྣམས་ཀྱིས་ཞལ་འདེབས་ཕུལ་བ་བཅས་ལ་བརྟེན་ཆུ་མོ་ཕག་ལོའི་སྟོན་ཟླ་གསར་ཚེས་དུས་སྒྲུབ་ཁང་འོག་མ་གསར་བཞེངས་དབུ་འཛུགས་ལ་ཤིང་བྱི་ལོའི་སྟོན་ཀར་ཨར་ལས་གྲུབ་སྟེ་ལོ་དེའི་ཟླ་བ་བཅུ་པའི་གསར་ཚེས་སྒྲུབ་པ་པོ་བཅུ་དགུ་དང་རྡོར་སློབ་བླ་མ་བཅས་སྒྲུབ་ཐེངས་དང་པོ་བཞུགས་ནས་དེང་སྒྲུབ་ཐེངས་གཉིས་པ་གྲོལ་གྲབས་ཡོད།
ཤིང་མོ་གླང་ལོའི་དབྱར་ཚེས་ལ་ཡང་ཁྲོད་སྒྲུབ་ང་གསར་བཞེངས་དབུ་འཛུགས་ཏེ་རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོའི་སྟོན་ཟླ་གསར་ཚེས་ཨར་ལས་གྲུབ་སྟེ་ལོ་དེའི་ཟླ་བ་བཅུ་པ་ཚེས་ཁར་སྒྲུབ་པ་པོ་ཉེར་གཅིག་དང་རྡོར་སློབ་བླ་མ་བཅས་སྒྲུབ་ཐེངས་པོ་བཞུགས་དང་དེང་སྒྲུབ་ཐེངས་གཉིས་པ་བཞུགས་གྲབས་བྱེད་བཞིན་ཡོད། ས་མོ་སྦྲུལ་ལོའི་བོད་ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་དགོན་པའི་བཤད་གྲྭ་དབུ་བརྙེས་ནས་ད་ལྟ་དངོས་ཞུགས་སློབ་མ་དང་མཁན་པོ་བཅས་ལ་དབྱིན་ཇིའི་རྒྱལ་ཁོངས་བཞུགས་པའི་འཛམ་གླིང་རོགས་སྐྱོར་ཚོགས་པའི་དབུ་འཛིན་ཨ་དཀོན་རིན་པོ་ཆེས་ལོ་རེར་རོགས་སྐྱོར་དངུལ་ཉིས་ཁྲི་དགུ་སྟོང་གནང་གི་ཡོད་དོ། །
གཞན་རྟེན་གསུམ་སོགས་གསར་བཞེངས་བྱས་པ་ནི་གཙོ་ཁང་སྦུག་ཏུ་བྱམས་པའི་སྐུ་བརྙན་ཟངས་གསེར་ལས་གྲུབ་པ་ཐོག་རྩེགས་བཞི་ལྡན་རྒྱབ་ཡོལ་རྒྱན་དྲུག་བཞི་ཁྲི་དང་བཅས་པ་དང༌། གཡས་སུ་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་གདུང་མཆོད་རྟེན་ཟངས་གསེར་ལས་སྒྲུབས་པ། གཡོན་དུ་གསེར་ཟངས་ལས་བསྒྲུབ་པའི་མཉམ་མེད་ཤཱཀྱ་ཐུབ་པའི་སྐུ་བརྙན་ཐོག་ཚད་བཅས་བཞུགས། ཚོགས་ཆེན་འདུ་ཁང་ཆེན་མོའི་གདོང་གྲལ་གྱི་དབུས་ཕུགས་སུ་རྒྱལ་བ་བྱམས་པ་མགོན་པོ་དང་དབྱེར་མེད་པའི་སི་ཏུ་སྐུ་ཕྲེང་རིམ་བྱོན་མངའ་གསོལ་བའི་བཞུགས་ཁྲི་མི་འཇིགས་གདོང་ལྔ་བརྒྱད་ཀྱི་བཏེགས་པ་བྱིན་རླབས་ཀྱི་གཡུང་དྲུང་བརྙན་པ་ཁྲི་དམར་མ་བྱ་བ་གནས་པའི་གཡས་སུ་སློབ་དཔོན་པདྨ་འབྱུང་གནས་དང་གཡོན་དུ་ཐུགས་རྗེ་ཆེན་པོའི་སྐུ་བརྟེན་ཐང་ག་གསེར་ལས་བསྒྲུབས་པ་ཐོག་ཚད་བཞུགས། འདུ་ཁང་སྟེང་ཤོད་ཀྱི་ཀ་ཁྱམས་སོ་སོར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་བསྟན་འགྱུར་གཙོས་པའི་གསུང་རབ་གླེགས་བམ་གྲངས་མང་དང༌། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གྲྭ་ཚར། བཀའ་བརྒྱུད་གསེར་ཕྲེང་གྲྭ་ཚར། གནས་བརྟན་བཅུ་དྲག་གྲ་ཚར། གཞན་ཡང་སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་བླ་མ། ཡི་དམ་ཆོས་སྐྱོང་སོགས་ཀྱི་ཞལ་ཐང་བཞུགས། སྐུ་བརྙན་ཡང་གསེར། དངུལ། ཟངས། ཙནྡན།
སྨན་འདམ་སོགས་ལས་བསྒྲུབས་པ་མང་ཙམ་བཞུགས། འདུ་ཁང་རྒྱ་མཐོང༌། སྒོ་ཁང་སོགས་ཀྱི་ངོས་སུ། སངས་རྒྱས་བྱང་སེམས་དང༌། སྒྲུབ་རྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་བླ་མ། ཡི་དམ། མཁའ་འགྲོ་ཆོས་སྐྱོང་སྲུང་མ། [page 580] རྒྱལ་ཆེན་སྡེ་བཞི། བདེ་བ་ཆེན་པོའི་ཞིང་བཀོད། སྲིད་པ་འཁོར་ལོ་སོགས་ཀྱི་ལྡེབས་རིས་ཉམས་གསོ་བྱས་པ་བཞུགས་སོ། །
གསེར་གདུང་ལྷ་ཁང་དུ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་གདུང་རྟེན་དང༌། སྔོན་ཉམས་ཆག་མ་སོང་བའི་སངས་རྒྱས་སྟོང་སྐུའི་ལྡེབས་རིས་ངོ་མཚར་ཅན་བཞུགས། སྤར་ཁང་དུ་འོད་དཔག་མེད་དང༌། སྤྱན་རས་གཟིགས། གུ་རུ་རིན་པོ་ཆེ་གསུམ་གྱི་སྐུ་བརྙན་འདམ་ལས་བསྒྲུབས་པ་ཐོག་ཚད་རེ་བཞུགས། སྒྲུབ་ཁང་འོག་མར་རྒྱལ་བའི་བཀའ་བསྟན་འགྱུར་ཆ་གཅིག་དང་མཆོད་ཆས་ཡོ་བྱད་དང་འབུད་རྡུང་བཀྲོལ་གསུམ་གྱི་རོལ་ཆས། ཞལ་ཐང་སྣ་ཚོགས་བཅུ་ཕྲག་བཅས་བཞུགས་སོ།
ཡང་ཁྲོད་དུ་བདེ་མཆོག་ཧེ་རུ་ཀ མྱུར་མཛད་ཡེ་ཤེས་མགོན་པོ། ཡང་དག་སོགས་ཀྱི་སྐུ་བརྙན་འདམ་ལས་བསྒྲུབས་པ་ལུས་ཚད། བཀའ་བསྟན་འགྱུར་ཆ་སོགས་བཞུགས་གོང་སྨོས་ཀྱི་ལྷ་ཁང་ཁག་ཏུ་བཞུགས་པའི་རྟེན་གསུམ་སོགས་ལ་ནང་གཞུགས་སངས་རྒྱས་བྱང་སེམས་ཀྱི་འཕེལ་གདུང༌། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་སྐྱེས་ཆེན་རྣམས་ཀྱི་དབུ་ཐོད། དབུ་སྐྲ། ཚེམས། ན་བཟའ་དང༌། གདུང་རུས་ཀྱི་ཆ་ཤས་སོགས་རིང་བསྲེལ་རྣམ་བཞིས་ཕྱུར་བུར་གཏམས་པ་ལ་གཟུང་གཞུག་རབ་གནས་ཁྱད་འཕགས་གྲུབ། དེ་ལྟར་བླ་བྲང་དང་སྒྲུབ་ཀང་སོགས་སུ་གནམ་རྒྱན། འཕན་དར། རྒྱལ་མཚན། ཡོན་ཆབ་མར་མེ་གཙོས་མཆོད་པའི་ཡོ་བྱད། རྔ་སིལ་སྙན། སྦྲུལ་ཆོལ། དུང་དཀར་དམར་རྒྱ་གླིང༌། རྐང་དུང་བཅས་རོལ་མོའི་རིགས། འབག འཆམ་གོས། འཚོགས་པའི་གྲྭ་གདན། གཉེར་ཁང་དང་ཐབ་ཚང་རྣམས་སུ་ཁྲོ་ཟངས་སོགས་ཀྱིས་མཚོན་པའི་ཉེར་མཁོ་རྣམས་ཡོད།
དེང་འདུས་པའི་སྡེ་གོང་ཞུས་ཤོག་བཞི་ལས་བྱུང་བ་རྡོར་སློབ་གསུམ། མཁན་པོ་གཉིས། དབུ་མཛད་ཆེ་ཆུང་བཞི། ཆོས་ཁྲིམས་གཅིག དགེ་གཡོག་གསུམ། མཆོད་གཡོག་གསུམ། སྒྲུབ་ཁང་ཁག་གཉིས་དང་བཤད་གྲྭའི་དབུ་མཛད། ཆོས་ཁྲིམས། མཆོད་དཔོན་བཅས་གོང་དུ་འཐུས་མེད། དེ་ལྟར་བསྡོམས་བླ་མ་༡༦༥དང་གྲྭ་པ་༣༡༡ཡོད། དེ་དག་ལ་གྲྭ་ཁང་ཆིག་བརྒྱ་ཡོད་ཅིང་གསར་བཞེངས་བགྱིས་པའི་གྲྭ་ཁང་སུམ་ཅུ་སོ་གཅིག་ཡོད།
དེང་སྐབས་དགོན་དུ་དགོན་བདག་གཉེར་ཨུ་ཡོན་ལྷན་ཁང་བླ་གྲྭ་བཅུ་གཅིག་རྩ་འཛུགས་བྱས་ཏེ། ཀྲུའུ་རིན་དང་ཀྲུན་རིན་གཞོན་པ། བདག་གཉེར། རྩིས་པ། དངུལ་གནེར་སོགས་ལས་བགོས་སོ་སོ་ཡོད་ལ། དེའི་འོག་ཏུ་དགོན་པའི་རིག་དངོས་སྲུང་སྐྱོབ། ཕྱོགས་བསྡུས་བདག་སྐྱོང༌། ཁོར་ཡུག་སྲུང་སྐྱོབ། ཁྲིམས་ལུགས་སློབ་གསོ་མེ་འགོག་བཅས་ཀྱི་ཚོ་ཆུང་རྩ་འཛུགས་བྱས་ནས་ས་སོ་སོའི་འོས་འགན་སྒྲུབ་བཞིན་པའོ། །
དུས་ཕྱིས་དཔལ་སྤུངས་དགོན་ལ་ལྷག་བསམ་དང་ཞབས་འདེབས་མཆོག་གྱུར་བླ་མ་ཀརྨ་བློ་གྲོས་[page 581] འོད་ཟེར་རམ་ཐང་བླ་ཚེ་དབང་མཆོག་ནི་སྡེ་དགེ་རྫོང་དཔེ་ཝར་ཨ་རབ་ཏུ་རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ལོར་སྐུ་འཁྲུངས། ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་བསླབ་པས་མཁས་པར་གྱུར། ཡ་རབས་ཀྱི་སྤྱོད་པ་དང་རང་གཤིས་བཟང་བས་ཀུན་དང་མཐུན། བླ་སྤྲུལ་ཡུལ་སྡེ་དང་ཞང་པོ་བླ་མ་བསོད་ནམས་སོགས་ཀྱིས་ཐུགས་རྩིས་ཤིན་ཏུ་ཆེ། དགུང་ལོ་བདུན་བརྒྱད་སྐབས་དཔལ་སྤུངས་དགོན་དུ་ལྷ་འབྲིར་སྦྱང་བརྩོན་བྱས། ཞང་རྒན་དེས་མཐུན་པ་སྤུན་བཞིའི་ཤོག་ལྷ་དང༌། རྒྱ་རིས་ཀྱ་ལྷ་དཔེ་ཞིག་བྱིན་པས་དེ་དག་དཔེ་མཛད་ནས་བྲིས། ཚོན་སྦྱོར་སོགས་ཀྱི་འགྲོས་ཙམ་སློབ་མཁན་མེད་ཀྱང་རང་སྟོབས་ཀྱིས་ཐང་ཀ་ཉི་ཤུ་ཙམ་ཚོན་བྲིས་མཛད་པས་ཞང་རྒན་གྱིས་གོང་གཤམ་སྦྱར་ནས་ཁྱིམ་དུ་བསྐུར། རང་ལོ་བཅུ་གཉིས་སྐབས་མ་རྒན་དང་ཞང་པོས་དཔལ་སྤུངས་དགོན་ཏུ་གྲྭ་པ་དང་ལྷ་སྦྱོང་འཇུག་རྒྱུའི་ཐག་བཅད། མཁས་མཆོག་འཇམ་དབྱངས་ཆོས་རྒྱན་སོགས་ཀྱི་མདུན་ནས་རིག་པའི་གནས་ལྔ་སོགས་ལ་གསན་སྦྱོང་མཛད། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱལ་མཚན་གདུལ་བྱ་བྱོན་ཞོར་ཞིག་ལ་ཁོང་གིས་ཁྱིམ་དུ་གདན་འདྲེན་ཞུས་ཏེ།
བྲིས་པའི་ཞལ་ཐང་རྣམས་གཟིགས་པས་ཐུགས་ཤིན་ཏུ་དགྱེས། གྲྭ་ཆུང་འདི་ཀཿཐོག་ཏུ་ཅིས་ཀྱང་འོང་དགོས། གྲུ་ལྷ་ཕུར་བུ་ཚེ་རིང་མདུན་ནས་ལྷ་བྲིས་སྦྱོང་ན་མཁས་པ་ཞིག་འོང་ཚོད་འདུག་གསུངས་ཁོང་གི་བཀའ་བཞིན་ཀཿཐོག་ཏུ་ཕེབས་ཀྱང་གྲུ་ལྷ་དང་མ་མཇལ། འཇམ་དབྱངས་གསེར་རྟགས་ཕུན་ཚོགས་ཟེར་བས་ཀཿཐོག་བླ་རབས་ཞལ་སྐོང་འབྲི་བཞིན་ཡོད་པས་སྦྱོང་བརྡར་དང་ཁོང་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་ཐང་ཆེན་མོ་ཞིག་བྲིས། དེ་སྐབས་དཔལ་སི་ཏུ་རིན་པོ་ཆེས་གྲྭ་ཞིབ་ཆེན་མོ་མཛད་པ་དང་གྲྭ་ཁྲལ་གསར་བསྡུ་སྐབས་ཡིན་པས་ཁོང་ཡང་དཔལ་སྤུངས་ལ་འོང་དགོས་པའི་ཡི་གེ་དང་བསུ་མི་སླེབས་པ་ལྟར་ཕེབས། འཇམ་དབྱངས་ཆོས་རྒྱན་སོགས་ནས་སློབ་བཞུགས་ཡོད་པས་ཁོང་སྒྲུབ་ཁང་དུ་བཞུགས་རྒྱུའི་རེ་བ་ཡོད་བཞིན་བྱང་འདྲེན་དུ་བསྐོས། ཚོགས་ཆེན་སྒྲིག་ལམ་དང༌། རི་ཁྲོད་དུ་གསར་རྙིང་མང་པོའི་འདོན་ཕྱག་ལེན་ཤིན་ཏུ་བྱང་བར་མཛད། དབུ་མཛད་བྱས་དང་སྒྲུབ་སྡེ་ལོ་གསུམ་ཕྱོགས་གསུམ་མཐར་ཕྱིན།
ཞང་རྒན་ནས་ད་དུང་ཀུན་རིག་དང་མི་འཁྲུགས་བསྙེན་མཚམས་བཞུགས་རྒྱུའི་ཐུགས་འདུ་མཛད་ཀྱང་དཔལ་སྤུངས་སི་ཏུ་རིན་པོ་ཆེས་ཡིག་བརྒྱ་དུས་འཁོར་ལྷ་ཁང་བཅས་གསར་བཞེངས་བྱེད་རྒྱུའི་བཀའ་ཕེབས་པས་ཁོང་དང་ས་གནས་ཁག་གི་ལྷ་བཟོ་བ་མང་པོ་དང་དབུ་མཛད་ཕན་ཁ་སྒྲོན་སྐྱབས་ཟེར་བའི་བན་རྒན་ཞིག་བྱུང་བས་ལྷན་དུ་བྲིས། ཁོང་ཡང་དགུང་ལོ་ཉི་ཤུ་ཙམ་དུ་ཟིན། བར་ལམ་རྣམས་སུ་རིས་མེད་ཀྱི་བླ་མ་དུ་མར་བསྟེན། དབང་ལུང་ཁྲིད་གསུམ་མ་ཐོབ་པ་མེད་པར་མཛད། དེ་ནས་དཔལ་སྤུངས་དགོན་པའི་འདུ་ཁང་ཆེན་མོ་རྒྱ་བསྐྱེད་གསར་སྐྲུན་མཛད་སྐབས་མདོ་སྨད་ཁམས་སུ་ལྷ་བཟོ་མཁས་པ་འཚོལ་བས་སྒར་སྟོད་ཕྱོགས་ནས་སྤྲུལ་པའི་བཟོ་བོ་གནས་ཆེན་དགེ་འདུན་གྱི་དངོས་སློབ་དཀར་འབྲུག་ཅེས་ཕྱིས་འདིར་འགྲན་ཟླ་བྲལ་[page 582] བའི་ལྷ་བཟོ་མཁས་བཙུན་ཟུང་ལྡན་དེའི་ཕྱི་ནང་ཀུན་གྱི་བྲིས་འབུར་རྣམས་ཀྱི་གཞི་བཏིང༌། ཁོང་ནི་རི་མོ་བརྐོས་བླུགས་སོགས་འགྲན་ཟླ་བྲལ་བ་མ་ཟད་ཐེག་ཆེན་གྱི་གནས་མཐའ་དག་ཐུགས་ལ་མངའ་བ་དེ་ལས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་སོ་སོར་མ་འདྲེས་པའི་ཐིག་ཚད་དུས་འཁོར་དང་སྡོམ་འབྱུང་གི་དགོངས་པ་འཁྲུལ་མེད་ལམ་ཙམ་མིན་པའི་ཞིབ་ཆ་གསན་སྦྱོང་མཛད།
ཡུན་རིང་མ་འགོར་བར་རིག་གནས་སྤྱི་དང་ཁྱད་པར་མཛེས་རྩལ་རི་མོ་ལ་སྦྱོང་སྟོབས་ཀྱིས་རྩལ་རྒྱས་ལྷ་བཟོའི་ཁྱུ་ལས་འབུར་དུ་ཐོན། ལོགས་བྲིས་ཆེན་མོའི་ཚོན་མདངས་སྐབས་མེ་ཏོག་བྲིས་ཡོད་པའི་ཐོག་སྦྲང་མ་འབབ་པ་དང༌། ཆོས་མཇལ་པས་ལོགས་བྲིས་ངོས་ནས་བྱ་ངང་པ་འཕུར་བྱུང་སྙམ་པའི་འཕྲུལ་སྣང་སྟོན་པ་དང༌། བྱི་བ་བྲིས་པའི་ཐོག་ལ་བྱི་ལ་མཆོང་བ་སོགས་ངོ་མཚར་བའི་འབུར་གཟུགས་ཀྱི་ཚོན་སྦྱོར་མཛད། གཞན་ཡང་བཟོ་གནས་ཀྱི་འཕྲུལ་ལ་ལེགས་པ་བྱང་བའི་རྟགས་སུ་དུས་ཅིག་སྐྱ་རིས་སྐབས་ལྷ་བཟོ་དབུ་མཛད་མང་སོས་ཐིག་དང་སྦྲགས་ནས་འབྲི་བཞིན་ཡོད་པས་ཁོང་ནས་ཐིག་སོགས་ཀྱི་རྒྱས་སྤྲོས་མ་མཛད་ཀྱང་རྗེ་སི་ཏུ་རིན་པོ་ཆེས་ལྷ་རྩིས་ལེན་སྐབས་གཞན་དག་ལས་ཆ་ཚད་དང་ཉམས་འགྱུར་འབུམ་གྱི་ཁྱད་པར་ཡོད་པ་གཟིགས་འཕྲལ་བཟོ་གནད་ཀྱི་ཕྱོགས་ལ་ལེགས་པ་བྱང་བར་ཆ་ཚད་ཀྱི་ངེས་པ་མེད་ཅེས་གཟེངས་སུ་བསྟོད་དོ། །
དེ་བཞིན་གསོན་ཉམས་ལྡན་པའི་སི་ཐང་མང་པོ་བྲིས་པས་མཛེས་དཔལ་ཆེ་བའི་ཉམས་ཀྱི་ཡིད་དབང་མེད་དུ་འཕྲོག་ནུས། མདོར་ན་རི་མེའི་འདུ་བྱེད་ཀྱི་སངས་རྒྱས་ཀྱིས་བསྟན་པ་དར་བ་མཛད་པས་རྫོང་སར་འཇམ་དབྱང་ཆོས་ཀྱི་བློ་གྲོས་ཀྱིས་ཐང་བླ་ཚེ་དབང་གིས་བྲིས་པའི་ཞལ་ཐང་ལ་རབ་གནས་ཀྱི་སྤྲོས་མ་གྲུབ་ཀྱང་བྱིན་རླབས་ཀྱ་ཚན་ཁ་ཉམས་མེད་དུ་གནས་ཞེས་གསུངས་བཞིན་དུ་བྲིས་སྐུ་རྗེ་རང་ཉིད་ཀྱི་དབུ་ལ་ལནགསུམ་བཞག་སྟེ་འདི་ནི་སྤྲུལ་པའི་བཟོ་བོ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་མཆོད། རྗེ་སི་ཏུའི་འཕྲིན་ལས་ཀྱི་སྤྲུལ་པ་ཡིན་ཞེས་ཞལ་གྱིས་བཞེས་སོ། དེ་ནས་དགུངལོ་ལྔ་བཅུའི་བར་ཙམ་ལ་གཙོ་ཆེར་སི་ཏུ་རིན་པོ་ཆེའི་རྟེན་བཞེངས་གྲངས་མེད་མཛད་པ་ལ་ཐུགས་བརྩོན་ལྷོད་མེད་དང༌། བར་ལམ་དབོན་སྟོན་ལྷུན་རྩེ་བཤད་གྲྭར་ལོ་གཉིས་བཞུགས། དབོན་སྟོན་མཁྱེན་རབ་མདུན་ནས་དབུ་མའི་སྐོར་སོགས་དང༌། བཀའ་གཏེར་གསར་རྙིང་གི་དབང་ལུང་ཁྲིད་གསུམ་དང་མན་ངག་སོགས་དད་བརྩོན་ཆེན་པོས་ཞུས། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་དྲུང་ཡིག་མཛད་ནས་ལོ་ཤས་བོད་དུ་འགོར། ལྷ་ལྡན་གྱི་གཞུང་སྲོང་ནས་རས་གཞི་ཆེ་ཆུང་སྟོང་ཚོ་ཙམ་དང༌།
སྐྱ་རིས་ཁྲི་ཕྲག་ལས་བརྒལ་བའི་སྐུ་བརྙན་རྣམས་ནི་གང་ཟག་རབ་འབྲིང་ཐ་གསུམ་སུས་མཇལ་ཡང་རྒྱལ་བ་སྲས་མངོན་སུམ་མཇལ་བ་ལྟར་བྱམས་པའི་སེམས། བརྩེ་པའི་ཉམས། འཛུམ་པའི་མདངས། མཛེས་པའི་རྣམ་འགྱུར་སོགས་འཛོམས་པ་ཤ་སྟག་གོ །གཞན་ལ་སློབ་སྟོན་མཛད་སྐབས་རིག་པ་རྟུལ་པོའང་བློ་[page 583] རིག་ཕྲལ་དུ་སད་ནས་བཙན་ཐབས་སུ་རིག་པའི་གནས་ལ་སྤོབས་པའི་དཔལ་ཐོབ་པ་སོགས་མཐོང་ཆོས་སུ་ཡོད་དོ། སྤྱི་ལོ་༡༩༨༢ལོ་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་མཛེས་རྩལ་རི་མོའི་དགེ་རྒན་མཛད། ཁོང་གིས་ཐིག་ཚད་ཚོན་སྦྱོར་མཛེས་རིས་སོགས་སློབ་ཁྲིད་མཛད་པའི་དངོས་སློབ། སྟོད་རྒྱ་གར། སྨད་རྒྱ་ནག་བར་བརྒྱ་ཕྲག་ལས་བརྒལ་བ་ཡོད། དེ་དག་ལའང་རྐྱ་འཕེར་བའི་སྐལ་ལྡན་ཤ་སྟག་ཡོད། དུས་ཕྱིས་བསྟན་པ་ཉམས་གསོ་སྐབས་མདོ་སྨད་ཁམས་ཀྱི་དགོན་སྡེ་ཕལ་ཆེའི་སྐྱ་རིས་མཛད་དང༌། སྡེ་དགེ་པར་ཁང་དུ་གནས་བརྟན་བཅུ་དྲུག་གི་ཞལ་ཐང་ཉེར་གསུམ་དང༌། གུ་རུ་མཚན་བརྒྱད་དང་སྒྲུབ་རྒྱུད་ཤིང་རྟ་བརྒྱད་སོགས་ཀྱི་སྤར་གཞི་དང༌། དཔལ་སྤུངས་དགོན་པ་དང༌། གཡུ་འབྲུག་ལྷ་ཁང༌། ལྕགས་ར་དགོན། དགོན་ཆེན་དགོན་སོགས་ཀྱི་ལྷ་བཀོད་དང་ལོགས་བྲིས་ཚང་མའི་སྐྱ་རིས་ཁོང་གིས་བྲིས།
རི་མོའི་རིང་ལུགས་ལེགས་པའི་ཆ་ཐམས་ཅད་བཏུས་ནས་བྲིས་པའི་སྒར་སྨན་འདྲེས་མའང་སྡེ་རིས་ཞེས་པའི་སྲོལ་དུ་ཡོད་པར་མཛད། དེ་མིན་ཡང་ཁྲོད་ལྷ་ཁང་དུ་བདེ་མཆོག་ཡང་དག ཕྱག་དྲུག་པ་སོགས་ཀྱི་སྐུ་བརྙན་འདམ་ལས་བཟོས་སློབ་མ་མཐོ་དམན། ཕྱུག་དབུལ་ཐམས་ཅད་ལ་ཐུགས་བརྩེ་མཚུངས་པས་ཞིབ་ཁྲིད་དང༌། དབུལ་པོ་ཕལ་ཆེར་བར་འཚོ་བ་ཉིད་ནས་བསྩལ། སྐུ་ཚེ་ཧྲིལ་པོ་བོད་ཀྱི་རིག་གནས་འབའ་ཞིག་དར་སྤེལ་བཏང་སྟེ། མཐར་རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ལོའི་ཧོར་ཟླ་བརྒྱད་པའི་ཚེས་ཉེར་བདུན་ལ་དགོངས་པ་ཞི་བའི་དབྱིངས་སུ་ཐིམ་མོ། །
དགོན་པའི་བཅའ་ཡིག་ལྟར་སྒྲིག་ལམ་ནི་དགེ་ཚུལ་སློང་ཞིག ཡིན་ཕྱིན་གཞི་བྱེས་གང་དུ་འགྲོ་སྡོད་བྱེད་ཀྱང་འདུལ་ཁྲིམས་མཐའ་དག་དང༌། སྡོམ་པ་གོང་མ་གཉིས་ཐོབ་ནས་དེ་དག་གི་སྡོམ་པ་རྣམས་སྲུང་དགོས་པ་གཞིར་བཅས། ཐ་ནའང་འདི་ཙམ་ཞིག་མ་བྱུང་ན་གྲྭ་པའི་གྲངས་སུ་མི་འགྲོ་བས་རྒྱན་གྱི་སྤྱོད་ལམ་དུ་ཞོགས་པར་སྔོན་འགྲོ་བཞི་སྦྱོར་ནས་ཡི་དམ་གང་ཡིན་གྱི་མངོན་རྟགས་དང་བཅས་པའི་བཟླས་པ་དང་ཆུ་གཏོར་སོགས་དང༌། དགོང་མོར་གཏོར་བསྔོས་ལུས་མཆོད་སྦྱིན་བསྔཻཾ་བ་སྨོན་ལམ་སོགས་ཆག་མེད་དང༌། བསྙེན་རྫོགས་མ་ཞུགས་པ་ཡིན་ཡང་རྟགས་མི་བོར་བ་དང༌། སློབ་གཉེར་ལ་བརྩོན་པ་དང༌། ཚོགས་སུ་ཆོས་གོས་རྣམ་གསུམ་ཟླ་གམ་རྩེ་ཞྭ། གདང་བ་སྒྲིག་ལྷམ་སོགས་སྲོལ་གང་ཡོད་དེ་རིགས་ལས། ཀོ་ནག་གི་ལྷམ་སོགས་དགོན་དང་གཞི་བྱེས་གང་ལ་ཡང་གྱོན་མི་ཆོག རབ་བྱུང་གི་རྟགས་དང་འགལ་བའི་ཚྭ་ཁེ་ཚོངས་སྤོགས། ཁྱད་པར་དམར་ཚོང༌། མགོ་སྐོར་འཕྲོག་བཅོམས། ཧོར་ཆས། ཆང་འཐུང་གླུ་བྲོ་སོགས་སྐྱེ་བོ་ཕོ་མོ་དང་མཉམ་དུ་སྤྱོད་པ་དང༌། ཁྱིམ་པའི་གཡོག་བྱེད་པ་སོགས་རྒྱལ་བསྟན་ལ་སྨ་འབེབས་ཤིང་སྦྱིན་བདག་གི་དད་པ་ལོག་པའི་རྐྱེན་བྱེད། དད་རྫས་ཆུད་གསན་ཚེ་འདིར་རང་ཉིད་སེར་སྐྱ་གང་གི་མིའི་ཁྱུ་ནས་བུད།
ཕྱི་མ་ངན་སོང་གི་བོན་དུ་འགྱུར་བའི་ལས་ཀྱི་རིགས་མངའ་དག་དགོན་པའི་བཅའ་ཁྲིམས་ལྟར་བཤགས་འོས་བཤགས། བསྡོམས་འོས་རྣམས་མ་[page 584] བསྡམས་ན་ཆད་ལས་འབེབས་དགོས་སོ། །དགུན་བཅའ་ཚོགས་དུས་རང་རང་གྲོགས་དང་བཅས་པར་བླ་མ་དབུ་ཆོས་ཀྱི་དྲི་རྩད་ཞིབ་ཏུ་བཅད་པའི་སྟེང་དུ་ཚགས་སུ་ཚུད་པར་བྱེད། ཁྱད་པར་སྡོམ་པ་གསུམ་གའི་རྩ་སོ་སོ་ཐར་པའི་རྩ་བའི་ལྟུང་བ་བསྐོར་གྲགས་པའི་མི་བསད་པ། གསེར་ཞོ་ལྔ་ཡན་གྱི་རིན་ཐང་དང་མཉམ་པའི་དངོས་པོ་བརྐུས་པ། བུད་མེད་སྤྱད་པ། ལྷ་མཐོང་འདྲེ་མཐོང་སོགས་བཟང་བརྫུས་གཞན་མགོ་སྐོར་བའི་མི་ཆོས་བླ་མའི་རྫུན་ཏེ་བཞི་ནི་ཤིང་ཏཱ་ལའི་འགོ་བཅད་ནས་འཕེལ་ཞིང་རྒྱས་པ་དང༌། སྔོན་པོ་འགྱུར་དུ་མི་རུང་བཞིན་དུ་གསུངས་པས་སྡོམ་པ་རྩ་ནས་ཉམས་པ་ཡིན་པས། དེ་རྣམས་ཀྱི་སྟེང་དུ་རྩ་བ་བཞི་དང་ཕལ་ཆེར་མཚུངས་པའི་དགེ་འདུན་དཀྲུག་སེལ་གྱི་དབྱེད་བྱེད་བཅས། བྱུང་ན་གནས་གསུམ་མཇལ་ནས་ཇོ་ཤཀཡགི་བསྐོར་བ་ཕྱི་ནང་བར་གསུམ་གང་ཡིན་བསགས་ཐུབ་ནའང༌། ལོ་གསུམ་སྟན་ཐོག་གཅིག་ཏུ་སྟབས་བཞིའི་བཤགས་པ་བྱའི་མཇུག་ཏུ་མང་ཇ། རྣམ་བཞག བརྒྱ་ཕྱག་བཅས་ཀྱི་གནང་བ་ཞུས་ནས་བསླབ་པ་སྐྱར་དུ་སོར་ཆུད་རྩིས་དང༌།
ཡང་ལུས་ལོག་ཀྱང་སེམས་མ་ལོག་པའི་བླ་གྲྭ་ཚང་མ་ལ་ཞུ་བཤགས་ཚད་ལྡན་བྱེད་འདོད་ཅན་བྱུང་ན། རྟེན་གཙོ་སྙན་དར་ལུས་ཚད་དང༌། ཚེ་འབར་ཀོང་ཆེན་གང༌། བླ་བྲང་ལ་ཁ་བཏགས། ཇ་འཁོར་དྲུག་ཅུའི་བབ། གྲྭ་ཚང་ལ་མང་ཇ་རྣམ་བཞག ཇ་འཁོར་དྲུག་ལྔའི་བབ། དབུ་ཆོས་ལ་ཇ་ཁག་རེའི་བབ་བཅས་ཟླ་གསུམ་ཚུན་དུ་རྗེས་གཙང་སྒྲུབ་དགོས་པ་བཅས་དུས་རྣམ་ཀུན་གྱི་བཅའ་བ་ཡིན་ཞིང༌། དགོན་ནང་དུ་བུད་མེད་ཉི་མ་མ་ཤར་གོང་དང་ཉི་མ་གྲིབ་ནས་དགོངས་པ་ཞུས་པའི་སྐུ་དྲག་ཐག་རིང་གི་མཇལ་མི་ལྟ་བུར་དམིགས་བསལ་མ་གཏོགས་འགྲོ་སྡོད་བྱེད་མི་ཆོག དེའི་སྐྱོན་གྱིས་འདོན་བརྗོད་གང་ཡང་ཆད་བུན་ཆེ་བའི་ཕྱིར་རོ། །ཁའི་འཐབ་རྩོད་གཞན་གྱིས་ཚོར་བ་བྱས་ན་བརྒྱ་ཕྲག་གཅིག་ནས་བཞིའི་བར་དང༌། ལག་འཛིང་ཆུང་ན་མང་ཇ་རྣམ་བཞག བརྒྱ་ཕྱག་ཇ་ཁག་ནས་འཁོར་དྲུག་གི་བར་ཉེས་ཆེ་ཆུང་དང་ལེན་པ་ཡོད་མེད་ཞིབ་ལྟས་ལུས་ཆད་སོགས་ཕྱི་ལམ་ཁེགས་བ་བཅད། ཆོས་ཁྲིམས་ཀྱིས་ཇི་ལྟར་འོས་པའི་བཀོད་པ་ལ་མ་ཉན་བའི་ངག་ཁྲེབ་བྱས་ན་བརྒྱ་ཕྲག་ནས། མང་ཇ་རྣམ་བཞག་གི་བར་ཉེས་དང་བསྟུན་པའི་ཆད་པ་བཅད། བརྐུས་པ་གསེར་ཞོ་ལྔ་ཕྱིན་ཆད་ཆེ་ཆུང་འོས་བབ་ལྟ་བའི་ལག་གིས་འཛིང་པ་དང་འདྲ་བའི་ཆད་པ་བཅད། ཁ་ལན་བྱས་ན་མང་ཇ་བརྒྱ་ཕྱག
བླ་བྲང་ལ་ཇ་ཁག་ཆོས་ཁྲིམས་ལ་ནས་ཁལ་གཅིག་གིས་བཤགས་པ་དང༌། ལག་ལེན་བྱས་ན་གནས་ནས་དབྱུང༌། དགེ་གཡོག་བཞིའི་འོས་པའི་བཀོད་པ་བྱས་པ་མ་ཉན་ན་བརྒྱ་ཕྱག་སོགས་འོས་བབ་དང༌། ཁ་ལན་མཚང་འབྲུ་སྨ་འབེབས་བཞད་འུར་ཚོགས་དང་གླིང་གསེབ་གང་ནས་བྱ་ཀྱང་མང་ཇ། རྣམ་བཞག བརྒྱ་ཕྱག་ནས་ཁལ་གཅིག་གི་ཆད་པ་བཅད། ལག་ལེན་བྱས་ན་མང་ཇ་རྣམ་བཞག བརྒྱ་ཕྱག་ཇ་འཁོར་དྲུག་གཅིག་གི་ཆད་པ་བཅད་པའི་ཕྱེད་དགེ་གཡོག་བཞིར་སྟེར་ཆོས་ཁྲིམས་དགེ་གཡོག་གྲྭ་པ་ནང་ཕན་ཚུན་ཕྱོགས་ལངས་བྱེད་ན་ཉེས་བཏུན་ཆད་པ་[page 585] སོ་སོར་བཅད། ངན་པའི་རྒྱབ་ཤེད་བློ་སྟོན་གྲོས་གཅིག་ནས་ངན་པ་གང་ཡིན་དེ་དང་ནེས་ཆེ་ཆུང་འདྲ། རྒྱུན་འཚོགས་སྐབས་དགོངས་པ་མ་ཞུས་པར་ཚོགས་ལ་མ་ཞུགས་ན་ཚོགས་ཐེངས་རེ་ལ་བརྒྱ་ཕྱག་རེ། བརྡ་རྫོགས་ནས་ཚོགས་བགག་ལུས་ན་ཡུན་རིང་ཐུང་དང་བསྟུན་པའི་ཕྱག་བཅུ་གྲངས་རེ་ཕུལ་བཅུག ཚོགས་ཆེན་ལ་བརྡ་བཏང་སྐབས་གླིང་སྟོད་སྨད་གོ་ཐོས་འོང་ངེས་དང༌། ཚོགས་ཐེབས་སྐབས་ཀྱང་ཚོགས་པའི་འགྲོས་བསྟུན་ལས་བརྡ་ཧ་ཅང་ཐུང་ན་དགེ་འདུན་རྣམས་རྒྱུག་འཆོང་དགོས་པས་དལ་བྲེལ་རན་པ་དང༌། ཚོགས་ནས་དགོངས་ཞུ་ཆབ་མ་བཏང་བར་ལངས་ན་བརྒྱ་ཕྱག་དང༌།
ཚོགས་ཞུགས་ཚེ་ཡང་ཆོ་ག་གང་ཡིན་གྱི་དབྱངས་གདངས་ཕྱག་རྒྱ་རྔ་རྡུལ་དྲིལ་བསིལ་ལྷ་སྔགས་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་གཏོད་དེ་ལུས་དྲང་པོར་གནས་པ་ལས་འདོན་པ་དཀྲུག་པའི་སྐད་མི་མཉམ་པ་རྒྱག་པ། མགོ་གཏུམས། གཏམ་ལབ། གཉིད་ཡུར། རང་བཞིན་དུ་སྡོད་པ། ཕར་ཚུར་ལྟ་སོགས་བྱེད་མི་ཆོག་ཞོགས་གུང་སོགས་ཡར་ཚོགས་སྐབས་དགེ་འདུན་རྣམས་གཟན་ཟླུམ་ཁྱེར་དང་བློ་གྲོས་འཕེལ་བའི་རྟེན་འབྲེལ་གྱི་གང་བློ་མ་འུར་འདོན་དང༌། ཚོགས་ཕྱིར་གྲོལ་དུས་སྙིང་རྗེ་ཆེན་པོའི་འགྲོ་བའི་དོན་དུ་འབྱུང་བའི་རྟེན་འབྲེལ་དུ་མ་མ་ཎི་འུར་འདོན་གྱིས་འགྲོ་བ་ལས་གཏམ་ལབ། རྒྱུག་མཆོང༌། ལག་སྦྲེལ་སོགས་མ་དུལ་བའི་སྤྱོད་ལམ་གྱིས་འགྲོ་མི་ཆོག དུས་མཆོད་ནི་ཚེས་བརྒྱད་སྔ་དྲོར་སྒྲོལ་ལྗང་མཎྜལ། ཕྱི་དྲོར་རྒྱལ་བ་རྒྱ་མཚོ། ཚེས་བཅུའི་སྔ་དྲོར་གསང་འདུས་ལེའུ་བརྒྱད་མ། ཕྱི་དྲོར་རྡོ་རྗེ་ཕག་མོ། ཚེས་བཅུ་བཞིར་ཚེ་ཆོག བཅོ་ལྔ་ཀུན་རིག་ཉེར་ལྔར་བདེ་མཆོག་དང་ཕྱག་བཞི་པ་དང༌། ཉེར་བརྒྱད་ཚེ་ཞིང༌། ནེར་དགུར་བསྐང་གསོ་རྒྱས་པ། གནམ་གང་མི་འཁྲུགས་པ་དང༌། ཆོས་སྤྱོད་རབ་གསལ་སོགས་སྔོན་གྱི་འདོན་སྲོལ་གང་ཡོད་བསྟར་ཆགས་དང༌། ཉ་སྟོང་གི་གསོ་སྦྱོང་ལ་སྟོན་པའི་རྗེས་འཇུག་ཡིན་པས་ནད་པ་ཕུད།
དེ་བྱིང་དགེ་ཚུལ་སློང་ཡོངས་རྫོགས་ཉེས་ལྟུང་ཕྱིར་བཅོས་ཀྱི་ཆེད་དུ་རྒྱུན་པར་ཞོགས་ཚོགས་ལ་རྣམ་རྒྱལ་འཇོམས་ཆོས་སྤྱོད་འདོན་རེས་ཀྱིས་གང་འགྲོ་དང༌། སྒྲོལ་དཀར་མངོན་རྟོགས་དང་བཅས་ཞབས་རྟེན་གྱི་རིགས། དགོངས་ཚོགས་ལ་ལྟུང་བཤགས། ཚེ་བཟུང༌། སྒྲོལ་མ། ཤེར་སྙིང༌། གདུགས་དཀར་མངོན་རྟོགས་དང་ལྡན་པ། ཆ་གསུམ་སོགས་སྐབས་དང་བསྟུན། སྒྲུབ་མཆོད་ལ་ཆོས་སྤྱོད། ཞི་ཁྲོ། ཕག་མོ། རྒྱལ་བ་རྒྱ་མཚོ། བདེ་མཆོག ཚེས་བཅུ་གསང་འདུས། མི་འཁྲུགས་པ། ཀུན་རིག ལོ་མཇུག་གི་མགོན་པོའི་སྐུ་རིམ་སོགས། དེ་རྣམས་ཀྱི་འདོན་བྱའི་རིགས་ཐམས་ཅད། ཁྱད་པར་དཀྱིལ་ཆོག་རྣམས་ཀྱི་སྟ་གོན་སོགས་ཀྱི་སྐོར་དང༌། འཆམ་སོགས་ཀྱི་སྐབས་འདོན་བྱ་གང་ཡོད་དང༌། གཞན་ཡང་རང་གཞན་གྱི་རིམ་གྲོའི་དོན་སོགས་སུ་ཡིག་དྲུག སིདྷི། སེང་གདོང་མ་བཅས་ཀྱི་མངོན་རྟོགས། རབ་གནས་སྦྱིན་སྲེག་སོགས་ཀྱང་བློ་ལ་ཡོད་པའི་རྒྱུགས་འཕྲོད་ངེས། ཞི་ཁྲོ། འབར་མ། སྒར་བསང་[page 586] ཆེན་མོ། དགྲ་ཆོས་སོགས་དཔེ་ཆ་ཚང་ཞིང་ལག་ལེན་ཤེས་ངེས་དང༌། དགུ་ཚེས་ཀྱི་གར་འཆམ། དབྱངས་གདངས། རོལ་མོ། ཁ་འབུད་རིགས་སྟ་གོན་དང་ཐིག་ཚོན་སོགས་ཀྱིས་ལག་ལེན། ཕྱག་འགྲིགས། གཏོར་བཟོ། བཤམ་བཀོད། བསྐྱེད་རྫོགས་ཀྱི་ཉམས་ལེན།
ནང་བརྟག་རྒྱུད་གསུམ་སོགས་ཕྱི་ནང་གི་སློབ་གཉེར་བྱ་འོས་རྣམས་རང་རང་གི་བློ་གྲོས་ལ་དཔགས་པའི་གང་ཤེས་བྱེད་པ་ལས་བཏང་སྙོམས་སུ་མི་བཞག རོ་སྲེག་དང་དགུ་ཞག་ལ་བསྙེན་པ་སྔོན་སོང་མ་གཏོགས་གཞན་གྱིས་མི་འོས། ཁྱད་པར་དཀྱིལ་འཁོར་སྒྲུབ་མཆོད། རབ་གནས་སྦྱིན་སྲེག གཏོར་རྒྱག་རྣམས་ལ་བསྣེན་སོང་མ་གཏོགས་པས་སློབ་དཔོན་མི་བྱེད། དགེ་འདུན་ལྷག་མའི་ལྟུང་བ་སོགས་ལ་བག་ཡོད་དྲན་ཤེས་ཀྱིས་འཛེམ་ཞིང༌། དའུལ་ཁྲིམས་དང་འགལ་རིགས་ཕྲན་ཚོགས་ལའང་ཇི་མི་སྙོམས་སུ་མི་འཇོག་པར། གསོ་སྦྱོང་གི་སྐབས་སུ་སྙིང་ཐག་པ་ནས་བཤགས་དགོས། དགོན་པ་འདིར་བརྟེན་པ་ཐམས་ཅད་ཀྱིས་གཏོར་བཟོ་སོགས་གང་འདོན་ཅི་དྲན་མི་བྱེད་པ་འདི་ནས་བསླབ་པའི་ཁུངས་ལྡན་གྱི་དཔེ་འགྲེ་དཀྱུས་གཅིག་ཏུ་བྱ་དགོས་པ་ནི། རྒྱུན་གྱི་བཅའ་སྒྲིག་ཡིན་ཞིང༌། རྒྱུན་སྤྱོད་དེ་རྣམས་ཀྱང་འདི་དང་གཏན་དུ་བདེ་བའི་རྒྱུ་ཡིན་སྙམ་པའི་ལྷག་བསམ་ལ་བརྟེན་ནས་སྒྲུབ་པ་ལས། འཇིག་རྟེན་ཆོས་ཀྱི་སྐུལ་སློང་ལ་བརྟེན་པ་སོགས་མི་རིགས། བཀའ་བརྒྱུད་གོང་མའི་རྣམ་ཐར་ལྟར་སྤྱོད་ལམ་ཀུན་ཏུ་ལྟ་སྟངས་དང༌། སྡོད་ཚེ་ལུས་བ་སྲང༌། ཆོས་གོས་རྣམ་གསུམ་གྱིས་ལུས་གཡོགས་པ་ལས། སྐྱ་གོས་ཕུ་དུང་ཅན་དང་པགས་རོགས་ཞྭ་ཅན་སོགས་མི་གྱོན།
འདོད་ཆུང་ཆོག་ཤེས་ཀྱིས་འཚོ་བ་ངན་ངོན་ཙམ་ལ་བརྟེན་དེ་གཞུང་སྡེ་སྣོད་གསུམ་ལ་ཐོས་བསམ་ལྷུར་ལེན་པ་དང༌། ཁྱད་པར་གྲྭ་ཚང་ཐམས་ཅད་མ་འདུས་པ་དང་འདུས་པ་ཕྱིར་ལོག་མེད་པར་དགུན་ཟླ་འབྲིང་པོ་བཅུ་གཅིག་པའི་ཚེས་གཅིག་ནས་ཟླ་བ་གཉིས་པའི་ཚེས་བཅུ་བཟང་པོའི་བར་དལ་འབྱོར་རྙེད་དཀའ་སོགས་བློ་ལྡོག་རྣམ་བཞི་ནས་མཐར་སྒྱུ་ལུས་འོད་གསལ་ཟུང་འཇུག་གི་ཉམས་ལེན་བར་ལོ་བསྟར་ཆགས་སུ་ཉམས་བཞེས་ཞག་བརྒྱ་དང༌། དབྱར་ཟླ་གསུམ་པའི་ཡར་ཚེས་གཅིག་བཟང་པོ་ནས་ཟླ་བཞི་པའི་ཚེས་བཅུ་བར་བཅའ་བའི་དུས་ཚེས་དེ་དག་གི་གོང་དུ་ཏོ་ཆས་མེ་ཤིང་སོགས་བཅའ་བའི་ནང་དུ་དགོས་པའི་ཡོ་བྱད་ཐམས་ཅད་ཚུགས་སུ་ཚུད་པ་བྱེད་དགོས། ཐོ་འཛུགས་ཚར་ནས་ཤིང་ཐུ་སོགས་དམིགས་བསལ་དགོངས་པ་ཞུས་པ་མ་གཏོགས་ནང་མི་ཕྱིར་མི་འགྲོ་ཕྱི་མི་ནང་དུ་མི་འཇུག ཞོགས་ཐུན་དང་པོའི་བཞེངས་བརྡ་བྱུང་བ་ནས་དགེ་སློང་ཡིན་ཕྱིན་ཕྱག་ཆེན་གྱི་ཁྲིད་རིམ་བྱུང་བའི་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོ་བཞི་སྦྱོར་གྱི་སྐྱབས་འགྲོ་སོགས་ཚར་བདུན་གསུམ་ལས་མི་ཉུང་བ་སྐད་གསང་སྟོད་ནས་ཐུན་ཉུ་མཁན་གྱི་ཐོས་པར་འདོན།
དེ་རྗེས་རང་རེའི་བརྒྱུད་པ་འདིའི་བཀའ་བབ་པའི་ཡི་དམ་གྱི་ལྷ་སྐལ་བྱིན་བརླབ་ཀྱི་དྲོད་མ་ཡལ་ཞིང་དབང་ཁྲིད་ཀྱི་ཆུ་བོ་མ་ཉམས་པ་ནི་ནག་རྒྱུལ་ཕག་གསུམ་དང་བདེ་དགྱེས་གསང་གསུམ་ཡིན་པ་ལྟར་རྒྱལ་བ་རྒྱ་མཚོ་དང་ཕག་[page 587] མོ་གང་རུང་གི་མངོན་རྟོགས་བསྒོམ་བཟླས་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་ལ་འབད། གཏོར་བརྡ་བཏང་ནས་ཐུན་བསྡུས་ཏེ་ཆུ་གཏོར་གང་ལྕོགས་རེ་བཏང་ནས་ཚ་བ་བསྐོལ་ཞིང་ཚོགས་ལ་བྱོན་གྱི་བར་དུ་ཐུན་དང་པོ། ལྔ་ཚོགས་ལ་བྱོན་ནས་གྲོལ་བའི་ཐུན་བར་གུང་གསེང་དང༌། ཕྱི་དྲོའི་ཚོགས་པར་ཡང་གོང་མཚུངས་ཀྱི་ཐུན་བར་དང༌། དགོང་ཐུན་བསྡོམ་ནས་སྔོན་གྱི་བསྐྱེད་རིམ་ཕྲོ་མཐུད་ནས་ཟུང་འཇུག་གི་ཉམས་ལེན་དང་ཕྱག་ཆེན་ཞི་ལྷག་གི་རྣལ་འབྱོར་ལ་བརྩོན་ཞིང་མཐའ་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ་མདོར་ན་ལྟ་བ་ཕྱག་རྒྱ་ཆེན་པོ། སྒོམ་པ་ནཱ་རོ་ཆོས་དྲུག སྤྱོད་པ་རོ་སྙོམས་སྐོར་དགུ་ལ་རྩལ་ཅི་ཐོན་དང༌། དེ་དག་གི་རྒྱབ་རྟེན་དུ་ནང་བརྟག་རྒྱུད་གསུམ། འོད་ཟེར་སྐོར་གསུམ་སོགས་གཞུང་ལུགས་རྣམས་ལ་ཐུན་གསེང་དུ་ཡང་ཡང་བལྟ་བ་སོགས་གང་ལྕོགས། བཙུན་ཆུང་རྣམས་ནས་བློ་ལེན་གཤར་སྦྱོང་བྱེད་ཅིང་མགོན་ཐུན་གྲོལ་བསྟུན་མ་མགོན་གྱི་གཏོར་བསྔོས་བཏང༌།
ལུས་མཆོད་སྦྱིན་སོགས་བསྔོ་སྨོན་གྱིས་མཐའ་བརྒྱན། ཐུན་གྲོལ་བརྡ་བྱུང་ནས་ད་རུང་དགེ་སྦྱོར་འཕྲོ་མཐུད་པ་དང༌། དེ་མིན་རྣལ་འབྱོར་དང་ལྡན་པས་ཉལ་བ་ལས་ཆབ་གསང་མ་གཏོགས་འགྲོ་སྒོ་དབྱེ་འདན། གཏམ་ལབ་གླེང༌། མེ་འབུད་པ། ཟས་ཟ་བ་སོགས་མི་བྱེད། ཡང་དམིགས་བསལ་རྩ་རླུང་འཕྲུལ་འཁོར་སྦྱོང་མཁན་ལྟ་བུ་ཡིན་ནའང་གསང་སྒྲོག་དང་གཞན་ལ་བསམ་གྱི་ཚེར་མར་མ་སོང་བ་དང༌། ཡི་དམ་དཀྱིལ་འཁོར་གྱི་བསྙེན་སྒྲུབ་གྲངས་དང་དུས་ཚད་ལྡན་པ་བསགས་མཁན་ཡིན་ནའང་རང་གཞུང་ལྟར་བསྙེན་གྲངས་མ་ཚང་བར་བསགས་པ་དང༌། བཙུན་ཆུང་སློབ་གཉེར་སྦྱོང་མཁན་ཡིན་ནའང་ཀློག་གདངས་ཆེ་ཆུང་མི་མཉམ་པ་དང་མི་གོ་བ་མིན་པའི་རན་པས་གཞན་ལ་མི་གནོད་པར་ཐུན་ཧྲིལ་པོར་ལྷོད་མེད་བཤར་སྦྱོང་བྱེད་དགོས་ཤིང༌། ཐུན་འགོ་དང་ཐུན་མཇུག་མ་གཏོགས་ཐུན་གཞུང་ལ་སྐུ་རིམ་བྱེད་མཁན་དམིགས་བསལ་ཅན་ལས་རྔ་རོལ་ཌཱ་རོལ་སོགས་རང་གར་དོན་མེད་མི་བྱེད། དེའི་ཐུན་བཞིའི་ཐུན་འོག་ཚུགས་ནས་མ་གྲོལ་བར་ཆོས་ཁྲིམས་དང་ཐུན་ཉུལ་བ་དམིགས་བསལ་ཅན་མ་གཏོགས་སུ་ཡིན་ཡང་སྟན་གཅིག་ཏུ་འདུག་པ་ལས་ལངས་འདུག་བྱེད་མི་ཆོག གུང་དགོང་ཐུན་པར་མེ་འབུད་ལྟོ་བསྐོལ་ཟས་ཟ་ལས་ཐུན་འགོ་ཚུགས་ནས་མེ་རྒྱུན་མི་བཅད་པ་དང་ཟས་ཟ་བ་གཡང་ས་སུ་སྡོད་པ་སོགས་བྱེད་མི་ཆོག་ཅིང༌།
སཱཙྪ་ཕྱག་སྐོར་སོགས་དགེ་ལས་ཡིན་ཡང་ཐུན་ནང་མི་བྱེད། ཕྱེས་ནས་གསར་སློབ་སོགས་ཀྱི་རྟ་ནོར་ཁྱི་རྣམས་ཞག་གསུམ་ཕན་ལ་དགོན་ནང་བླ་བྲང་མ་གཏོགས་བཞག་མི་ཆོག ཐུན་བཞིར་ཐུན་ཉུལ་བ་མི་ཐར་བའི་སྒོ་རྒྱབ་པ་དང་སྐས་བབ་པ་སོགས་བྱེད་མི་ཆོག དེ་ལྟར་ལོ་འཁོར་ཡུག་ཏུ་ཐོས་དོན་རྒྱུད་ལ་སྦྱར་ཏེ་རྟོགས་པ་ན་ཅི་ཐོན་དུ་འབད་པ་ལས། སོས་དལ་གུ་ཡངས་སུ་བསྡད་པ་དང༌། ཚིག་འཁྲི་སྐམ་པོའི་རྩོད་པ་སོགས་མི་བྱེད། ཚེས་བཅུ་གྲོལ་ནས་རེ་ཞིག་ཕ་ཡུལ་སོགས་ལ་འབྱོན་དགོས་པ་ཡོད་ན་ཅི་བདེར་གཤེགས་ཤིང་གྲོ་བཞིན་ཟླ་བའི་ཚེས་གཅིག་བཟང་པོ་ནས་ཁྲུམས་ཟླ་[page 588] བའི་ཚེས་བར་སྟོན་ཚོགས་ལ་ལྷོ་འབྲོག་པ་རྣམས་མ་གཏོགས་ཡུལ་གྲྭ་འདུ་དགོས། སྔ་མ་དབྱར་དགུན་བཅའ་ཞབས་འདོན་པ་མ་ཚང་རིགས་དང༌། དམིགས་པས་བདེ་བར་བྱུང་རིགས་ཚོགས་གལ་ཆེ་བ་སྔ་སྲོལ་དུས་འདིའི་ཟླ་བའི་ནང་དུ་འཛོམས་ནས་དགོན་དུ་སྡོད་དགོས་ཟེར་བ་ལྟར་ཞག་རེ་མ་འཛོམས་པ་དང༌། འཛོམས་ཡང་གཞན་དུ་འགྲོ་བ་སོགས་གཏན་སྡོད་མ་བྱས་ན་ཆད་པ་ཡོད། དབྱར་དགུན་བཅའ་བ་གཉིས་དང་སྟོན་ཚོགས་སྐབས་ཀྱི་སྒྲིག་ལམ་བཅས་རགས་ཙམ་ལས་ཞིབ་པ་བཅའ་ཡིག་ལྟར་རོ།
།ལས་སྣེ་རྣམས་ཀྱི་སོ་སོའི་མཛད་པ། ཆོས་ཁྲིམས་པས་གྲྭ་མང་རྣམས་ལ་ངོ་ཆེ་ཆུང་ཉེ་རིང་ཕྱོགས་ལྷུང་མེད་པའི་བསྟན་པ་ལ་རྒྱའི་དོན་ལ་བཅའ་ཁྲིམས་ཆེ་ཕྲ་སྐོར་འདི་དོན་རྒྱུན་པར་ལྷོད་མེད་ཀྱི་ལྷ་ཁང་གཙོས། གྲྭ་ཁང་རྣམས་ཚགས་བཀོད་ཀྱི་བསླབ་བྱ། བརྡུང་བཏགས་ཆད་པ་སོགས་ཅི་འོས་བཏང༌། དཀོར་སྐལ་ཡང་གཞུང་ཐུབ་ཀྱི་རྒྱལ་ཕམ་མེད་པ་གཏད་དེ་ཡོན་བདག་གི་འདོན་བྱ་ལ་ངོ་ཆེ་ཆུང་གི་དབང་དུ་མ་སོང་བར་གསུང་བསྐུལ་གང་དྲག བླ་བྲང་གཞུང་གི་ཕྱག་གཉེར་ནས་ཀྱང་ཚེས་དུས་མཆོད་པ། སྒྲུབ་མཆོད་སོགས་གཏོང་སྒོ་རིགས་སྔར་སྲོལ་བཞིན་དུ་སྐབས་དང་བསྟུན་པའི་ཐབས་གང་གཟབ་གཙུག་ལག་གཙོས་ཚེགས་སྲིད་ཞུ་ལྷོད་བྲལ། ཡོན་བདག་མཆོག་དམན་ངོ་ལེན་དང༌། མཆོད་ཐེབས་ཡུལ་འབྲོག་གི་འཁོར་དུད་རྣམས་སྐྱོང་བྲན། ཤོག་དཔོན་སོ་སོར་འགན་བཀོད། དབུ་མཛད་ནས་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཉམས་མེད་ལས། རང་བཟོ་དང་གཞན་ཕྱོགས་ཀྱིས་བསླད་པ་ཞུགས་སོགས་བྱུང་རྒྱལ་སྤྱོད་པ་ནམ་ཡང་མི་ཆོག གར་འཆམ་དབྱངས་རོལ་ཚོགས་འདོན་སྒྲིག་ལམ་གྱི་གཞུང་འཚོ་རྒྱུན་པར་ཚོར་འཛིན་དང༌། ཚེས་བཅུ་ཆེན་མོ་སྣང་གདོང་རྩེ་ལུགས། ཚེ་རིང་མ་ཉི་ལྡེའི་ལུགས་དང༌། ཞིང་སྐྱོང་ཆོག་གྲྭའི་ལུགས། གཞན་ཕག་མོ་དང་རྒྱལ་བ་རྒྱ་མཚོའི་སྔགས་གྲྭ་དང༌། ཀརྨ་གདན་ས་བར་མ།
ཟུར་མང་ལུགས་ཀྱི་ཞི་ཁྲོ་དང་གཅོད་གདངས་སོགས་ཁ་ཤས་མ་གཏོགས་འདོན་ཆོག་ཚང་མ་འོག་མིན་མཚུར་ཕུའི་གདན་སར་རྗེ་བརྒྱད་པའི་བཞེད་པ་ལྟར་དཔལ་ལྡན་ཟུར་རིའི་ལུགས་གཙོར་བཏོན་ཡིན། འོག་བསྐུལ་དང་དབྱངས་རོལ་སོགས་ཐམས་ཅད་སོར་གནས་འཕྱུག་མེད་ལས་གང་དྲན་མི་བྱེད་ཅིང་དལ་ལ་འབོལ་ཞིང་ལྡིར་བསོགས་ཀྱིས་སྦྱོར་དངོས་རྗེས་གསུམ་ཚང་ཞིང་ཚོགས་ཡུན་ཧ་ཅང་མི་ཐུང་ཞིང་བསྙེན་སྔགས་སོགས་གྲངས་འགྲོ་ངེས་ཆད་བུན་མེད་པ། ཆོ་ག་སོ་སོའི་སྟ་གོན་ནས་རྡུལ་ཚོན་གཤེགས་པའི་བར་གྱི་ཕྱག་ལེན་ཕྱི་ནང་གི་གནད་རྣམས་རང་བློས་གང་དཔོག་བཏང་སྙོམས་སུ་མ་སོང་བར་ལག་ལེན་དུ་ཁེལ་ཞིང་གཞན་ལ་སློབ་ནུས་པ་དང་བརྩོན་པར་བྱེད། མཆོད་གཡོག་པས་གཏོར་མཆོད་ཀྱི་ཤ་ཆང་མར་ནས་མཆོད་ཕྱེ་སོགས་ལ་གཙང་སྦྲ་དང་ལྡན་པར་གཏོར་མཆོད་དུ་འགྲོ་ངེས་དང༌། ཕྱག་ལེན་མཐོང་རྒྱུན་ལྟར་བཅའ་བཤམས་གསོ་བྲན་སོགས་ཚུལ་བཞིན་བྱེད་པ་ལས་སླ་ཆོས། ཆོག་བསམ། མཁས་ཁྱད་སོགས་བྱས་ན་འོས་བབ་ཀྱི་ཆད་པ་ཡོད། རྩིས་སྤྲོད་ལེན་གྱི་སྐབས་དབོན་སྤྲུལ་རྩེ་བཞུགས། ཆོས་[page 589] གཉེར་སོགས་བསམ་ཡོད་རྣམས་དང་མཆོད་གཡོག་གསར་རྙིང་ནས་ཞིབ་བལྟས།
རྒྱུན་པར་རྟེན་གསུམ་དང་གཏན་བཞག་གི་མཆོད་རྫས་སོགས་ལ་གཙང་སྦྲ་དང་བཅའ་ཁ་གང་འཐག་མཆོད་མེ་ཡོན་ཆབ་མ་ཆག་པ་དང་བྱི་དོར་ལེགས་པ་དགོས། རྩིས་སྤྲོད་ཀྱི་དངོས་པོ་མ་ཚང་བ་དང་སྐྱོན་བྱུང་ན་ཚབ་དགོས། ཚོགས་ཀྱི་རྔ་བརྡ་སྔར་ནས་རང་ལུགས་ཀྱི་སྲོལ་ལ་ཡོད་པ་ལྟར་སོ་སོའི་སྤྱན་འདྲེན་གྱི་རོལ་མོ་དང་མཐུན་དགོས་པས། བསྐང་གསོའི་རྔ་བརྡ་ལ་འུར་བརྡུང་ཐོག་མར་ཤིན་ཏུ་དལ་ལ་རིམ་པར་བྲེལ་བའི་རྔ་སིལ་ཡུན་རིང་པོའི་མཐའ་སུམ་རྡུང་དལ་ལ་འཛག་རྗེས་མ་མེད་པས་མཚམས་བཅད། ཞིང་སྐྱོང་ལ་འུར་རྡུང་ཉིས་འབེབས་དང་མཐར་འདྲ། ལྷ་བསང་ལ་འཐིང་རྡུང་ཉིས་འབེབས་མཐར་གོང་བཞིན་དུ་མཆོད་གང་ཡིན་གྱིས་དགོས། ཁ་འབུད་པ་རྣམས་ཀྱིས་དུང་དཀར་པས་ཐོག་མར་དཀོན་མཆོག་ལ་ཕྱག་གསུམ་འཚལ་ནས་ཞྭ་དགོས་བཅས་ཏེ་དུང་བརྡ་གསུམ་བཏང་ནས་སྨོན་ཐུང་ཚར་གཅིག་དང་ཟླ་མེད་མ་འདོན། དེ་ནས་དུང་ཆེན་དགུ་འཇོག་མཐོང་བརྒྱུད་ལྟར་ལན་གསུམ་འབུད་ཅིང་སྔ་ཕྱི་དང་སྐད་མི་འགྲིག་པ་མེད་པར་བྱེད་དགོས། དག་དུང་པ་རྣམས་ཀྱིས་ཀྱང་བསྐང་གསོའི་སྤྱན་འདྲེན་སོ་སོ་ལ་སོ་སོའི་འབུད་ཚུལ་དེས་བར་དང༌། འདོར་རྒྱང་ཏི་སོགས་ལ་འཛར་འཛེར་སྐད་འཁྱར་མེད་པར་འཇམ་སྙན་འགྲིག་པ་ཞིག་གལ་ཆེ་བས་ལོ་ལྟར་གྱི་ཚེས་བཅུའི་རྒྱ་འོལ་སྐོར་དང༌།
དགུ་ཆེན་སྐབས་བཀྲ་ཤིས་དགུ་བརྩེགས་འབུད་པའི་རྒྱ་གླིང་དང་བཅས་གང་མོས་བྱུང་རྒྱལ་དུ་མ་སོང་བར་སློབ་དཔོན་གྱིས་ནན་ཏན་གྲུབ་མ་ཐུབ་པར་དུ་བསླབ་ཅིང་སོ་སོ་ནས་སྦྱངས་པའི་གྲྭ་ས་ཐུབ་ངེས་དགོས། རྐང་གླིང་པ་རྣམས་ཀྱིས་བསྐང་གསོལ་སོགས་འོས་བབ་གང་ཡོད་ཀྱི་འབུད་ལུགས་ལེགས་པར་སྦྱངས་ཏེ། རྣམ་སྲས། སྔགས་བདག་སོགས་དེ་རིགས་དང༌། གཞི་བདག་དཀར་གཏོར། བསྟོད་པ། རྗེས་ཆོག་སོགས་མ་ཡིན་པའི་འབུད་དགོས་རྣམས་སུ་འགྲིགས་གཅིག་ལེགས་པར་བྱ་དགོས། དགེ་གཡོག་བཞི་ནས་གོང་དུ་གསལ་བའི་བཅའ་ཁྲིམས་འདི་དག་དང་གཞན་ཡང་མི་འོས་པའི་རིགས་སུ་གྱུར་ཚད་ལ་བླ་མ་དང་ཆོས་ཁྲིམས་ཀྱིས་གསུང་བཀོད་ཅི་གནང་ལྟར་བྱ་དགོས། ཚོགས་པ་ཡོད་ཕྱིན་རྒྱུན་པར་གྲལ་ཡངས་དགོ་བསྒྲིགས་པ་དང་ཚོགས་སུ་མགོ་གཏུམ་གཉིད་ཡུར། གཏམ་ལབ། འཕྱ་བག་རང་གར་འདུག་པ། འདུག་ཚུལ་དང་འདོན་པ་ཕྱག་རྒྱ་སོགས་མི་འགྲིག་པ་རྣམས་ལྟ་རྟོག་བྱེད་ནས་འཕྲལ་དུ་ཆོས་ཚོགས་གྲོལ་དུས་དང༌། ཇ་འདྲེན་པ་སོགས་ཀྱིས་སྒོ་འགག་ཏུ་རྩེད་མོ་ཀུ་ཅོ་འཕྲལ་དུ་རྗེས་ནོན་བྱེད། མ་བྱན་གྱིས་ལྷག་བསམ་བཟང་པོས་གཙང་སྦྲ་མི་འབུད་པ་གསོལ་ཇ་ཕྱར་བ་སོགས་བཟང་ཞིམ་ཅི་ཐོན་དང༌། མཚམསཔ། ནད་པ་འཁོར་འཐེན།
ཤིང་འཐུ་སོགས་དང་བླ་བྲང་ལས་ཀའི་སྐབས་སྐལ་བ་དགོས་རིགས་མ་གཏོགས་པར་ཇ་ཐུག་འཐོར་ཟག་ཏུ་མ་སོང་བ་དང༌། དམྱལ་རྒྱུའི་སྡིག་པ་མི་ཟད་པ་ཡིན་པས་ཇ་མར་འཕྲི་བ་སོགས་གཏན་ནས་མི་ཆོག དགེ་རྒན་སློབ་དཔོན་དུ་འོས་པས་རང་རང་གི་སློབ་ཕྲུག་དང་ཚ་བོ་སོགས་རང་ལ་བཅར་བའི་རིགས་གང་[page 590] ཡིན་ཀྱང༌། ཁྱི་རྡུང་བྱེའུ་གསོད་པ་སོགས་མིག་ལྟོས་སྤྱོད་ངན་ལས་ཟློག་ཅིང་བློ་ཆོས་ལ་བསྒྱུར། འབྲུ་དེད་ནས་སློབ་གཉེར་རྫོགས་པའི་བར་ཕ་མ་བུ་ཚ་ལྟ་བུར་སྐྱོང༌། སློབ་མས་ཀྱང་ཕ་མ་ལས་ལྷག་པར་བཀུར་ཞིང་བསླབ་བྱ་བཟང་པོར་ཉན་འཇོག་ནན་ཏན་བྱེད། མདོར་ནསྡོམ་གསུམ་ལས་ཇི་ལྟར་འབྱུང་བའི་སྤང་བླང་གི་ཚུལ་ལ་ཇི་མི་སྙམ་དུ་མི་འཇོག་པར་བསམ་པ་ཡང་ལྡན་གྱི་སྒོ་ནས་ཚུལ་བཞིན་དུ་སྒྲུབ་ཅི་ནུས་ལ་འབད་པར་བྱ་བའོ། །
ཅེས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ལོ་རྒྱུས་ཉུང་བསྡུས་འདི། ལོ་རྒྱུས་རྩོམ་བསྡུ་བྱེད་སྐབས་དཔྱད་གཞི་ཡིག་རིགས་ནི་སི་ཏུ་ཆོས་འབྱུང་གི་རྣམ་ཐར་སི་ཏུ་པདྨ་དབང་མཆོག་རྒྱལ་པོའྀ་རྣམ་ཐར། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་རྣམ་ཐར། འཇམ་མགོན་དཔལ་ལྡན་མཁྱེན་བརྩེ་འོད་ཟེར་གྱི་རྣམ་ཐར། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་ཙཱ་འདྲའི་གནས་ཡིག ཡང་ཁྲོད་དཀར་ཆག་བཅས་དང་སྡེ་དགེ་རྫོང་སྲིད་གྲོས་ནས་བསྡུ་བསྒྲིགས་བྱས་པའི་བཀའ་བརྒྱུད་ལོ་རྒྱུས་གསར་བསྒྲིགས་དབྱར་གྱི་རྔ་གསང༌། ཞེས་པ་བཅས་ལ་བརྟེན་ནས་རབ་བྱུང་བཅུ་བདུན་པའི་བྱེ་བྲག་སྐྱེས་བདག་ལྕགས་ལུག་ལོ་༡༩༩༡གྲོ་བཞིན་ཟླ་བའི་མཇུག་ལམ་ལ་བྲིས་པའོ།
དགོན་པ་འདི་སྡེ་དགེ་རྫོང༌། དཔལ་སྤུངས་ཤང་དུ་གནས་སོ།