པད་སྙིང་དགོན་གྱི་ལོ་རྒྱུས།

དགོན་པ་ཐོག་མར་ཕྱག་འདེབས་པ་པོ་ནི་གྲུབ་པའི་དབང་ཕྱུག་ཆེན་པོ་གསང་ཆེན་སྤྲིང་གི་པ་ཡིན་ལ་དམ་པ་དེ་ནི་བལ་ཡུལ་ཡོལ་མོ་གངས་ར་ལ་རབ་བྱུང་དགུ་པའི་མེ་འབྲུག་༡༥༦༢ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། བྱིས་པའི་དུས་ནས་ཡང་དབང་བསྐུར་བ་དང༌། རྒྱུད་འཆད་པའི་ཚུལ་ཁོ་ན་བྱེད། དགུང་ལོ་བཅུ་ཙམ་ནས་ཡུལ་དེའི་དགེ་སློང་ཚུལ་ཁྲིམས་དཔལ་ཅེས་པ་ལས་མི་ལའི་རྣམ་མགུར་ཐོས་པས་རིག་སད། རྡོ་རྗེ་འཛིན་པ་ཆོས་ཀྱི་མགོན་པོ་མཉེས་པ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན་ཏེ་ཕྱག་ཆེན། ཆོས་དྲུག་རོ་སྙོམས། རྟེན་འབྲེལ་སོགས་གསན་བསམ་སྒོམ་པ་མཐར་ཕྱིན་པར་མཛད་པས། ཐུགས་དམ་གྱི་རྩལ་རྫོགས། ཀུན་མཁྱེན་པདྨ་དཀར་པོ་ལས་བསྙེན་པར་རྫོགས། ལིང་པའི་བྲག ཏི་སི། ལོ་རེ་སོགས་གནས་ངེས་མེད་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས། རྟོགས་པའི་ཀློང་བརྡོལ། དགུང་གྲངས་བཞི་བཅུའི་དུས་སུ་སྔོན་སྨོན་གདུལ་བྱའི་རྟེན་འབྱུང་གིས་བསྐུལ་ཏེ་གནས་འདིར་བྱོན། ལོ་གསུམ་དུ་བཅད་རྒྱ་ལ་བཞུགས། དགུང་གྲངས་ཞེ་ལྔའི་ཐོག་རབ་བྱུང་༡༠པའི་ལྕགས་བྱི་༡༦༠༠ལོར་གདན་ས་འདི་ཉིད་གསར་དུ་བཏབ། སྨིན་གྲོལ་གྱི་ཆོས་འཁོར་དུ་མ་བསྐོར་བས། ཚོགས་པ་བརྒྱ་ལྷག་ཙམ་འདུས།

མཐར་དགུང་གྲངས་དོན་གཉིས་བཞེས་པ་རབ་བྱུང་བཅུ་གཅིག་པའི་མེ་ཡོས་ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །དགོན་པའི་མིང་ལ་བསྟན་གཉིས་[page 598] འགྲོ་འདུལ་གླིང་ཏེ། ལུང་རྟོགས་ཀྱི་བསྟན་པ་གཉིས་ཀྱི་སྒོ་ནས་འགྲོ་བ་རྣམས་འདུལ་བར་བྱེད་པའི་གླིང་ཞེས་པ་ཡིན། ཡོངས་གྲངས་ལ་ནི་པད་སྙིང་དགོན་དུ་འབོད།

བསྟན་འཛིན་ཆོས་དབང་རྒྱ་མཚོ། བསྟན་འཛིན་ཡེ་ཤེས་རྒྱ་མཚོ། བསྟན་འཛིན་ཐུབ་བསྟན་སངས་རྒྱས་ཡེ་ཤེས། བསྟན་འཛིན་ཀརྨ་ངག་དབང་རྒྱ་མཚོ། སྐུ་ཕྲེང་དྲུག་པ་བསྟན་འཛིན་ཐུབ་བསྟན་ཡེ་ཤེས་རྒྱ་མཚོ་འདི་ཡན་ཁམ་སྒར་གྱི་ལུགས་གཙོ་བོར་བྱེད་ལ་སྐུ་ཕྲེང་བདུན། ཐུབ་བསྟན་འཕྲིན་ལས་རྒྱ་མཚོ་ནས་འཛི་སྒར་ལུགས་གཙོ་བོར་བྱེད་ལ་འབྲེལ་བ་ཡང་ཤིན་ཏུ་ཆེ། དེ་ལྟ། པད་སྤྲུལ་རིན་པོ་ཆེ་སྐུ་རབས་བདུན་དང༌། བསྟན་འཛིན་ཀརྨ་ངག་དབང་རྒྱ་མཚོའི་སྐུ་དུས་ལ་བཞི་བརྒྱ་ཙམ་རེ་འདུས་པར་གྲགས། ཐུབ་བསྟན་འཕྲིན་ལས་རྒྱ་མཚོའི་སྐུ་དུས་སུ་དགེ་ཚུལ་སློང་འབའ་ཞིག་པར་ཉིས་བརྒྱ་ལྷག་ཙམ་ཡོད་དོ། །

བཤད་སྒྲུབ་ཇི་ལྟར་བྱུང་ཚུལ་ནི། གོང་དུ་སྨྲས་པའི་སྐྱེས་བུ་དམ་པ་དེ་དག་གི་རིང་ལ་ལུང་གི་ཆོས་འཆད་ཉན། རྟོགས་པའི་ཆོས་བསྒོམ་སྒྲུབ་བྱས་ནས་རྒྱལ་བའི་བསྟན་པ་ཇི་ལྟར་སྐྱོང་བའི་ཚུལ་ནི། དེ་ཡང་རང་བྱུང་༡༦པའི་མེ་བྱི་ལོར། ཐུབ་བསྟན་འཕྲིན་ལས་རྒྱ་མཚོའི་བཤད་གྲྭའི་ལྷ་ཁང་གྲྭ་ཁང་རྟེན་བརྟེན་པ་དང་བཅས་པ་གསར་དུ་བཞེངས་ནས། མཁན་རིན་པོ་འཇམ་དཔལ་བཟང་པོ་དགུང་གྲངས་༦༠བཞེས་པའི་སྐབས་སུ་བཤད་གྲྭའི་མཁན་པོ་མཛད་དེ་བཤད་པའི་སྲོལ་ཚུགས། དམ་པ་འདི་ནི་ཤིན་ཏུ་བཀའ་དྲིན་ཆེ་བས་ལོ་རྒྱུས་རགས་ཙམ་ཞུ་ན། ཁོང་ནི་རབ་བྱུང་༡༥པའི་མེ་གླང་༡༨༧༧ལ་ཡ་དེང་ཕྱི་རྐུད་ཚང་ཞེས་པར་སྐུ་བལྟམས། དགུང་ལོ་ཉེར་ལྔའི་དུས་སུ་འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་གཟིགས་ནས། རྫོགས་ཆེན་མཁན་པོ་གཞན་དགའི་མདུན་དུ་ལོ་ལྔ་ཡི་བར་དུ་བཞུགས། གཞུང་ཆེན་བཅུ་གསུམ་དང་ཚད་མ་རྣམ་འགྲེལ། རྒྱུད་གསང་སྙིང༌། རྩ་རྒྱུད་བརྟག་གཉིས་སོགས་ལ་གསན་བསམ་མཐར་ཕྱིན་པ་མཛདད། དེ་ནས་ཁམས་སྤྲུལ་སངས་རྒྱས་བསྟན་འཛིན། འབྲུ་འཇམ་དབྱངས་འཇམ་དབྱངས་གྲགས་པ་སོགས་མཁས་གྲུབ་ཀྱི་བླ་མ་དུ་མ་བསྟེན། ཆོས་རྗེ་གཙང་པའི་ཐུགས་དམ་སྒྲུབ་ཐབས་སྐོར་ལ། འཕྲལ་དགོས་ཆོས་བཞི་སོགས་སྨིན་བྱེད་ཀྱི་དབང་དང་ཕྱག་ཆེན། རྫོགས་ཆེན། ཆོས་དྲུག

རྟེན་འབྲེལ་སོགས་གྲོལ་བྱེད་ཀྱི་ཁྲིད། རྒྱབ་བསྟེན་ལུང་མང་པོ་བཅས་གསུམ་སྒྲུབ་པ་འབའ་ཞིག་ལ་གཞོལ་བས་རྟོགས་པ་ནམ་མཁའ་དང་མཉམ་མོ། །བཤད་གྲྭའི་མཁན་རབས་དང་པོ་དང༌། སྒྲུབ་ཁང་གི་རྡོར་འཛིན་ཡང་མཛད། དགུང་གྲངས་དྲུག་ཅུ་རེ་ལྔ་ཙམ་ནས། མཚམས་ཁྲོད་སྐལ་བཟང་དགའ་བའི་ལྗོངས་སམ་འཇམ་[page 599] བཟང་གླིང་ཞེས་པར་དེར་དགོན་བཏབ། སྤྱོད་འཇུག སྡོམ་གསུམ། ཐར་རྒྱན། ཕྱག་ཆེན། ཆོས་དྲུག་རོ་སྙོམ། ལམ་ཟབ། རྫོགས་ཆེན་ཁྲེགས་ཆོད། ཐོད་རྒལ། ཞི་བྱེད་སོགས་ཀྱི་ཆོས་འཁོར་བར་མེད་དུ་བསྐོར་བས། འཁོར་སློབ་མང་དུས་ཉིས་བརྒྱ་སུམ་བརྒྱ་ཙམ་དང༌། ཉུང་མཐའ་ཡང་ལྔ་བཅུ་དྲུག་ཅུ་བར་མེད་དུ་འཚོགས། ཆོས་རྗེ་གཙང་པ་རྒྱ་རས་ཀྱི་སྤྲུལ་སྐུ་རུ་གྲགས། སློབ་མའི་གཙོ་བོ། པད་སྤྲུལ་བདུན་པ་དང༌། ཟེ་ཆེན་མཁན་པོ་གང་ཤར། ར་སྐོར་མཁན་པོ་བཀའ་ཆོས། སྟག་སྒམ་མཁན་པོ་རིག་འཛིན་བཟང་པོ། མཁན་པོ་སྣང་གསལ། མཁན་པོ་ཆོ་ལོ་ཚེ་རིང༌། མཁན་པོ་པདྨ་རབ་རྒྱས་སོགས་སློབ་ཚོགས་ཤིན་ཏུ་མང༌། མཐར་དགུང་གྲངས་༨༠བཞེས་པ་མེ་སྤྲེལ་ལོ་སྤྲུལ་སྐུའི་བཀོད་པ་བསྡུས་པའི་ཚུལ་བསྟན་ཏོ། གསུམ་རྩོམ་ཡང༌། ཉམས་མགུར་གསོལ་མཆོད་སོགས་པོད་མཆིས་སོ། །མཁན་རབ་གཉིས་པ། ཐུབ་བསྟན་སྙན་གྲགས། མཁན་རབས་གསུམ་པ།

ཀ་ཐོག་མཁན་པོ་པདྨ་རབ་རྒྱས། མཁན་རབས་བཞི་པ། སྣང་གསལ་རྡོ་རྗེ། མཁན་རབས་ལྔ་པ། ཨ་བྱ་ཁྱུང་ནི། ཞེ་ཆེན་བཤད་གྲྭ་ལ་ཡུན་རིང་དུ་བཞུགས་ནས། མཁན་པོ་གང་ཤར། མཁན་པོ་བློ་གྲོས་རབ་གསལ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས། མདོ་སྔགས་རིག་གནས་དང་བཅས་ལ་སྦྱངས་པ་མཐར་ཕྱིན། ཉིན་རེ་ཤོག་གུ་མདའ་ཚད་མ་བཞི་བཅུ་རེ་བློ་ལ་འཛིན། སེར་ཤུལ། དགེ་མང༌། མགོ་ཟི་སོགས་སུ་གྲྭ་བསྐོར་ལ་བྱོན་ནས་མཁས་པའི་གྲགས་པ་ཕྱོགས་ཐམས་ཅད་དུ་ཁྱབ། ཁམས་སྤྲུལ་སྐལ་བཟང་དོན་བརྒྱུད་ཉི་མ་ལས་དོན་བརྒྱུད་ཀྱི་བྱིན་རླབས་འཕོས། ཕྱིས་རྒྱལ་བའི་དབང་པོ་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེས་གདན་དྲངས་ནས་མཚུར་ཕུ་དགོན་གྱི་བཤད་གྲྭའི་མཁན་པོ་མཛད། མཐར་གསང་སྔགས་ཆོས་གླིང་གི་མཁན་པོ་ཡང་མཛད། གསུང་རྩོམ་ཡང༌། གཞན་སྟོང་རྣམ་བཞག སྒྲ་བསྐོར་ཟིན་བྲིས་སོགས་པོད་གཉིས་ཙམ་བཞུགས། དེ་ལྟ་བུའི་མཁན་རབས་རྣམས་ཀྱིས་བཤད་གྲྭ་འདིར། བཤད་བྱའི་གཞུང་ནི། དྭགས་པོ་ཟླ་འོད་གཞོན་ནུ། ཀུན་མཁྱེན་པདྨ་དཀར་པོ། ཀརྨ་པ་རང་བྱུང་རྡོ་རྗེ། མཁས་དབང་སངས་རྒྱས་རྡོ་རྗེ་སོགས་རང་ལུགས་ཀྱི་མཁས་པ་རྣམས་ཀྱི་གསུང་ཆེས་གཞིར་བཞག་གཞན་དགའི་གཞུང་བཅུ་གསུམ་གྱི་མཆན་འགྲེལ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ།

གོ་རམས་པ་བསོད་ནམས་སེང་གེ ཙོང་ཁ་བ་བློ་བཟང་གྲགས་པ་སོགས་ཀྱི་གཞུང་ལ་ཐོས་བསམ་གྱི་སྒྲོ་འདོགས་ཅད། དེ་ལྟ་བུའི་བཤད་གྲྭ་ལས་མཐར་ཕྱིན་ནས་སྒྲུབ་གྲྭ་ལ་བཞུགས་པ། རི་ཁྲོད་འགྲིམས་པ། དགོན་པ་གཞན་ལ་མཁན་པོ་མངགས་པ་སོགས་བྱས་ནས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱས་སོ། སྒྲུབ་གྲྭ་ནི། གྲུབ་པའི་དབང་ཕྱུག་ཆེན་པོ་གསང་ཆེན་སྦྲིང་གི་པས་སྒྲུབ་གྲྭ་བཏབ་སྟེ་སྒྲུབ་དཔོན་མཛད་བཟུང༌། སྒྲུབ་དཔོན་རྡོ་རྗེ་འཛིན་པ་པད་མ་དབང་རྒྱལ་གྱི་བར་དུ་སྒྲུབ་རེས་བདུན་ཅུ་ལྷག་ཙམ་ལེགས་པར་བྱུང་ལ། འདིར་གང་ཉམས་སུ་ལེན་པར་བྱ་བ་ནི། ཐོག་མར་མཉམ་མེད་[page 600] དྭགས་པོའི་ཐར་རྒྱན་ལ་འཆད་ཉན། སྐྱེས་བུ་གསུམ་གྱི་ལམ་རིམ་རྣམས་ཇི་ལྟར་འཚམས་པ་ཉམས་སུ་ལེན། དེ་ནས་ཐུན་མོང་གི་ཕྱག་ཆེན་སྔོན་འགྲོའི་སྒོ་ནས་འབུམ་བཞི་གྲངས་ལེགས་པར་བསགས། ཐུན་མིན་གྱི་སྔོན་འགྲོ་སེམས་གནས་རྣམས་རིམ་བཞིན་བསྒོམ་ནས། གསར་རྙིང་དཀྱིལ་ཆོག་བཅུ་ཡི་བསྐྱེད་རིམ་སྒོམ་པ་སྟེ་གྲུབ་ཐོབ་གླིང་རས་པས་བླ་མ་མཆོད་པ། མི་ལ་རས་པའི་བླ་སྒྲུབ། བདེ་མཆོག་ལྷན་སྐྱེས། བདེ་མཆོག་བཅུ་གསུམ་མ། ཕག་མོ་ལྷ་མོ་བཅོ་ལྔ། རབ་ཆུང་ལུགས་ཀྱི་གཏུམ་པོ་ཁྱུང་ཤམ་ཅན། མཇུག་ཏུ་མགོན་པོ་ཕྱག་བཞི་པ་དང༌།

ལྷ་མོ་དུད་སོལ་མ་དང༌། ཚེ་རིང་མ་གཉིས་བཅད་དང་རྙིང་ལུགས་ཞང་ཁྲམ་ཚེ་བདག་པད་དཀར་ཆོག་བསྒྲིགས་དང༌། པད་དཀར་རག་སྣང་གུ་དྲག་ཀཱི་ལ་ཡ་བཅས་ཏེ་དེ་རྣམས་ཀྱི་བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན་པ་བྱས་ནས། རྫོགས་རིམ་གདམ་ངག་བཀའ་རྒྱ་ཅན་ལྔ་སྟེ། ལྟ་བ་ཕྱག་རྒྱ་ཆེན་པོ། སྒོམ་པ་ནཱ་རོའི་ཆོས་དྲུག སྤྱོད་པ་རོ་སྙོམས་སྐོར་དྲུག འབྲས་བུ་རྟེན་འབྲེལ་རབ་བདུན། ཀུན་གཅེས་ལམ་ཟབ་དང་བཅས་ལྔ་དང༌། རྫོགས་ཆེན་པད་མ་སྙིང་ཐིག་ཞི་བྱེད་སེང་གེ་རྣམ་རྩེ་སོགས་ལ་བརྩོན།

སྐུ་གསུང་ཐུགས་རྟེན་བཤད་པ། དགོན་པ་འདི་ཆགས་ནས་ལོ་སུམ་བརྒྱ་སོ་ལྔ་ཙམ་གྱི་རིང་ལ་སྐྱེས་བུ་དམ་པ་རྣམས་ཀྱིས་བཞེངས་པའི་རྟེན་དང་བརྟེན་པ་རེ་རེ་རྣམས་འདིའོ་ཞེས་འབྲི་མི་ནུས་ནའང༌། ཐུབ་བསྟན་འཕྲིན་ལས་རྒྱ་མཚོའི་སྐུ་དུས་ལ་དངོས་སུ་བཞུགས་པའི་མཚན་ཐོ་རགས་པ་ཙམ་འགོད་པར། དེ་ཡང་ས་ཡི་རྒྱ་ཁྱོན་གཞུ་འདོམ་གྲུ་བཞི་མ་སུམ་བརྒྱ་ལྔ་བཅུ་ཙམ་ཟིན་པར། བཤད་གྲྭ་ཁང་ཚན་བཅུ་གསུམ་སྒྲུབ་གྲྭ་ཁང་ཚན་བཅུ་གསུམ་ལྷ་ཁང་གསུམ། འཁོར་ཁང་གཉིས། པར་ཁང་གཅིག གྲྭ་ཁང་བརྒྱད་དང་ཉི་ཤུ། སྤྱི་ཁང༌། རོལ་ཁང་དང་བཅས་པ་ཡོད་ལ། ཐོག་མར་གཙོ་ཁང་དུ་ཁང་བརྩེགས་གསུམ་ལ་སླེབས་པའི་དུས་གསུམ་སངས་རྒྱས་ཀྱི་སྐུ་འདག་ལས་གྲུབ་པ་ལ་གསེར་ཤིན་ཏུ་མཐུག་པོ་ཡོད་པ། གཞན་ཡང་གུ་རུ། སྒྲོལ་མ། ཚེ་དཔག་མེད་སོགས་ཀྱི་སྐུ་ལི་རྙིང་ལས་གྲུབ་པ་བརྒྱ་ཕྲག་ཉེ་བ། པད་སྤྲུལ་སྐུ་ཕྲེང་བཞི་པས་བཞེངས་པའི་སྐུ་གདུང་མཆོད་རྟེན་ཟངས་གསེར་ལས་གྲུབ་པ་ཁྲུ་བཞི་ཙམ་པ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་འཕྲ་དང་ལྡན་པ། བཤད་གྲྭའི་ལྷ་ཁང་ནང༌། མཁན་འཇམ་དཔལ་བཟང་པོས་བཞེངས་པའི་རྒྱལ་བ་བྱམས་པ་ཁང་བརྩེགས་གཉིས་ལ་སླེབས་པ་ཟངས་གསེར་ལས་གྲུབ་པ། གཟི་བྱི་རུ་སོགས་ཀྱི་འཕྲ་བརྒྱ་ཕྲག་དང་ལྡན་པ། གསེར་གདུང་ཁྲི་གསུམ་ལྷག་ཡོད་པ།

དུས་གསུམ་སངས་རྒྱས་ཚེ་སྐུ་ལི་མ་སོགས་ལི་གཏེར་སྐུ་བཞི་བཅུ་ཉེ་བ། སྒྲུབ་གྲྭའི་ལྷ་ཁང་ནང་ཟངས་གསེར་ལས་གྲུབ་པའི་རྡོ་རྗེ་འཆང་ཏེལླ་ནཱ་རོ། མར་མི་དྭགས་གསུམ་བཅས་མི་ཚད་ཙམ་དང༌། ཕུར་སྐུ་ལི་མ་སོགས་གཏེར་གྱི་སྐུ་ལྔ་བཅུ་ལྷ་ཙམ། གཞན་ཡང་གསང་ཆེན་སྦྲིང་གི་པའི་སྐུ་དམར་གདུང་བཞུགས་པའི་མཆོད་སྡོང་ཆེནཻཾ་ནང་བཞུགས་ཤིན་ཏུ་རྩ་ཆེ་བའི་ཐུབ་སྐུ་ལི་མ། ཕྱག་རྡོར་ལི་མ་སོགས་ལི་གཏེར་བཅུ་ཙམ་གྱིས་བྱུར་བུར་[page 601] བཀང་བ། སྐུ་ཕྲེང་རིམ་བྱོན་གྱི་ས་རྡོའི་མཆོད་རྟེན་ནང་བཞུགས་ཁྱད་པར་ཅན་ཡོད་པ་ཡང་དུ་མ་མཆིས་སོ། བཀའ་བརྒྱུད་གསེར་ཕྲེང་གི་ཐང་ག་གསེར་བྲིས་མ་བཞི་བཅུ་ལྷག་ཙམ་དང༌། མཚན་བརྒྱད་གསེར་བྲིས་མ། ཐང་ཆེན་མང་པོ། ཐུབ་པའི་སྐྱེས་རབས་ཐང་ག་སོ་བཞི། བཟོ་བཀོད་ཀྱི་རི་མོ་ཆེས་ཤིན་ཏུ་མཚར་བ་སོགས་བཤད་སྒྲུབ་དགོན་གཞུང་ཡོངས་རྫོགས་ལ་བཀའ་འགྱུར་ཆ་ལྔ། འབུམ་གསེར་བྲིས་མ། བརྒྱད་སྟོང་དངུལ་བྲིས་མ། རྒྱ་བོད་མཁས་དབང་རྣམས་ཀྱི་གསུང་འབུམ་དུ་མ། རང་དགོན་སྤྲུལ་སྐུ་དང་མཁན་རབས་རིམ་བྱོན་གྱི་བཀའ་འབུམ་སོགས་པོད་བཞི་སྟོང་ཙམ་བཞུགས། པར་ཁང་ལ་པར་ལེབ་ཆིག་སྟོང་ཙམ་མཆིས། མཆོད་པའི་ཡོ་བྱད་སོགས་ནི། རོལ་མོ་འཛམ་གླིང་སྙན་དཀྲོལ། ཆོས་འབྱུང་ཆོས་དར་ཆེན།

སིལ་སྙན་ཚངས་དབྱངས་སྒྲ་ལྡན་སོགས་རིན་ཐང་གཞལ་བ་དགའ་དཀའ་བའི་རོལ་སིལ་བཞི་བཅུར་ཉེ་བ། ཕལ་པ་ཡང་ཉི་ཤུ་ཙམ། གཞན་ཡང་གསེར་དུང་དངུལ་དུང་སོགས་རིན་ཆེན་སྣ་ཚོགས་ཀྱི་ཕྲ་ཡོད་པ་དང༌། གཏོར་ཆས། འཕེན་གདུགས་སོགས་རྒྱ་ཡུལ་ནས་བྱུང་བའི་གོས་རྙིང་རིན་ཐང་ལྡན་པའི་འཆམས་གོས་བརྒྱ་ལྷག གསེར་འབག དངུལ་འབག རབ་འདམ་གྱི་འབག་བཅས་བསྡོམ་རྒྱ་དང་སུམ་ཅུ་ཙམ་བཅས་ཀྱང་བཞུགས་སོ། །

དུས་མཆོད་རྒྱུན་སྲོལ་ནི། སྔར་གྱི་གནས་སྐབས་འཕེལ་འགྲིབ་ཅུང་བྱས་ཡོད་པར་སྣང་རུང་ཐུབ་བསྟན་འཕྲིན་ལས་རྒྱ་མཚོའི་སྐུ་དུས་ལ་གཏན་འཇགས་གྱུར་ཟིན་པའི་དུས་མཆོད་རྣམས་ཞུ་ན་བོད་ཟླ་དང་པོའི་ནང་བླ་སེར་ཡོངས་རྫོགས་མཎྜལ་དང་བསམ་ལྷུན་ཉིན་གསུམ་ལ་འཚོགས། ཚེས་བཅོ་ལྔ་ནས་བླ་སེར་ཡོངས་ཀྱིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་འདོན་དང༌། དབྱར་འབྲིང་པོའི་ནང་བདེ་མཆོག་བཅུ་གསུམ་མའི་སྒྲུབ་མཆོད། མི་འཁྲུགས་པའི་སྒྲུབ་མཆོད། དགེ་འདུན་ཞལ་གྲངས་བཅུ་ཡིས་སྟག་ཤམ་སེང་གདོང་དང༌། ཉང་ཉི་མ་འོད་ཟེར་གྱི་དྲག་དམར་སྒྲུབ་པ་པོ་སོ་སོར་འཚོགས་དགོས། དགུན་ཟླ་འབྲིང་པོ་ནས་བཟུང༌། མས་ངག་དབང་ཀུན་དགའ་བསྟན་འཛིན་གྱི་ཐུགས་རྗེ་ཆེན་པོའི་སྒྲུབ་མཆོད་བླ་སེར་ཡོངས་རྫོགས་ཀྱིས་ཉིན་བདུན། དེ་ནས་བླ་སེར་ཡོངས་རྫོགས་ཀྱིས་ཀར་གླིང་ཞི་ཁྲོ་ཉིན་བཅུ། གཞན་ཡང་བཤད་གྲྭ་ལ་སྟག་ཤམ་སེང་གདོང༌། མར་མི་དྭགས་གསུམ་འདས་མཆོད། ཀུན་མཁྱེན་པདྨ་དཀར་པོའི་འདས་མཆོད་བཅས་ཡོད་ལ། སྒྲུབ་གྲྭ་ལ་ཡང༌། ཞང་ཁྲོམ་ཚེ་བདག མར་མི་དྭགས་གསུམ་དང་ཀུན་མཁྱེན་པད་དཀར་འདས་མཆོད་བཅས་ཀྱང་ཡོད་ལགས་སོ། །

ཡོན་གྱི་འབྱུང་ཁུངས་དང་འགན་བཞེས་ཀྱི་གོ་རིམ་ལ། ཆོས་སྡེ་འདི་ཡི་བཤད་སྒྲུབ་འཛུགས་རྟེན་དང་ཚོགས་པའི་གཏོང་སྒོ་སོགས་ཀྱི་ཡོན་གྱི་འབྱུང་ཁུངས་ནི། དད་ལྡན་རྣམས་ཀྱིས་རང་མོས་ཕུལ་བ་དང་མཁན་སྤྲུལ་རྣམས་ཀྱི་གདུལ་བྱ་ལྡོམ་བྱས་པ་རྣམས་དང༌། དགོན་པ་རང་ལ་ཡོན་དང་རྒྱབ་ཆོག་[page 602] བྱུང་བ་རྣམས་ཡིན་ལ། དེ་དག་དུད་ཚང་རྣམས་ལ་བགོས་ཏེ་སྤྱི་བ་ཞེས་ལོ་རེ་ཡི་དུས་མཆོད་གཅིག་འཚོགས་པའམ་བཤད་སྒྲུབ་ལ་ཕོག་སྤྲོད་དགོས། མ་དངུལ་བདུན་སྟོང་ཙམ་དང་ཟོག་ནག་བཞི་བརྒྱ་ཙམ་ཡོད། ཆོས་གྲྭ་འདི་ཡི་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་ནི། སྐུ་ཕྲེང་རིམ་བྱོན་གྱིས་བསྟན་བདག་གི་འགན་བཞེས་གནང༌། དེ་འོག་བླ་ཟུར་གཉིས་རེ་དང༌། དགེ་བསྐོས་གཉིས་རེས་ལོ་གསུམ་གསུམ་རེའི་འགན་བཞེས་ནས་དགོན་གཞུང་བཤད་སྒྲུབ་བཅས་སྐྱོང་བ་དང༌། ཚོགས་པ་སོ་སོའི་སྐབས་དགེ་བསྐོས་སོགས་རང་རང་གི་ལས་བབ་ཀྱི་དབང་ཆ་བཅས་བསྐོ་བཞག་གནང་སྲོལ་ཡོད་ལ། དཔལ་འབྱོར་གྱི་འགན་བཞེས་ནི། གཙོ་བོ་དགོན་གཞུང་གི་སྤྱི་ཆེན་དང༌། མཉེར་པ་བཅས་ཡོད་པ་ཡིན་ལ། གཞན་ཡང་བཤད་སྒྲུབ་དཔོན་ཐུན་དཔོན་སོགས་བསྐོ་སྲོལ་ཡོད་ལ། སྤྲུལ་སྐུ་བླ་མ་སོགས་ཀྱི་གོ་སའི་ཐོབ་ཐང་ནི་སྤྲུལ་སྐུ་རྣམས་ལ་དྭགས་ཞྭ་དང༌།

མཁན་པོ་ཤིན་ཏུ་མཁས་པ་ཉམས་ལེན་ཕུན་སུམ་ཚོགས་པ་ཅན་རྣམས་ལ་ཡང་དྭགས་ཞྭའི་ཐོབ་ཐང་ཡོད་ལ། དཀྱུས་མ་རྣམས་ལ་མཁན་ཞུ་རྣ་རིང་དང་ཞྭ་ཁའི་ཐོབ་ཐང་ཡོད། དགོན་འདི་ཡི་མངའ་ཞབས་ཀྱི་དུད་གྲངས་ནི་བཞི་བརྒྱ་ལྷག་མཆིས་སོ། །

དེང་དུས་ཀྱི་གནས་ཚུལ། དེ་ལྟར་བསྟན་གཉིས་འགྲོ་འདུལ། གླིང་གི་ཆོས་སྡེ་འདི་ཉིད་བཤད་སྒྲུབ་ལས་གསུམ་གྱིས་ལེགས་པར་སྐྱོང་བས་དོན་རྒྱུད་དཔལ་ལྡན་འབྲུག་པའི་རིང་ལུགས་ཤིན་ཏུ་དར་ཡང༌། རིག་གནས་གསར་བརྗེ་ཞེས་པའི་སྐབས་སུ་སྐུ་གསུང་ཐུགས་རྟེན་ཕལ་ཆེར་རྩ་མེད་སོང༌། འོན་ཀྱང་དེང་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཉི་གཞོན་གསར་དུ་འཆར་བའི་སྐབས་འདིར། བསྟན་པའི་བདག་པོ་པདྨ་སྙིང་ཡང་སྲིད་རིན་པོ་ཆེ་དང༌། དབོན་སྤྲུལ། མཁན་སྤྲུལ་གཉིས་བཅས། ཁྲིར་བཀོད། དུས་མཆོད་རྣམས་ཀྱང་ཕལ་ཆེར་ཚུགས། བླ་མ་ཀ་ཐང་རྒྱ་མཚོའི་སྒྲུབ་གྲྭ་རྟེན་བརྟེན་པ་དང་བཅས་པ་གསར་དུ་བཞེངས་ནས་སྒྲུབ་གྲྭ་བ་དྲུག་དང་བླ་མ་དང་བདུན་ལ་འཚོ་རྟེན་དང་བཅས་པ། མཁན་པོ་བེའུ་དགའ་ནས་བཤད་གྲྭ་ལྷ་ཁང༌། གྲྭ་ཁང་བཅས་རྟེན་དང་བརྟེན་པ་དང་བཅས་པ་བཞེངས་ནས། བཤད་གྲྭའི་མཁན་པོ་གསར་བསྐོ་བྱས་ནས། པར་ལེབ་ཆིག་སྟོང་ལྷག་ཙམ་གསར་དུ་བསྐོས། རོལ་མོ་སིལ་ཉན་སོགས་གནའ་རྫས་རི་ཟུང་དང༌། འཆམ་གོས་འཆོད་ཆས་སོགས་ཀྱང་བཅུ་ཙམ་རེ་གྲུབ། དབོན་སྤྲུལ་རིན་པོ་ཆེ་ནས་ལྷ་ཁང་ཀ་རིང་བཅུ་གཉིས་ཀ་ཐུང་ལྔ་བཅུ་ལྷག་ཡོད་པ་བཞེངས་བཞིན་པ་དང༌།

བླ་སེར་བརྒྱ་ལྷག་ཙམ་གྱིས་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་དོན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དར་སྤེལ་གཏོང་བ་ལ་འབད་བཞིན་མཆིས་སོ། །