རྫ་སྟེང་ཆེན་དགོན་གྱི་ལོ་རྒྱུས།

དགོན་པ་འདི་ཐོག་མར་ཕྱག་འདེབས་པ་པོ་རྨིའུ་ཨ་ཡུ་དང་ར་སྟེ། དམ་པ་འདི་ཉིད་མདོ་ཁམས་སྨད་ལ་འགྲོ་བའི་དོན་དུ་ཕེབས་པའི་སྐབས་སུ། དྲེལ་དཀར་པོ་ལ་གླེགས་བམ་རྒྱབ་གཅིག་བཀལ་ནས་ཡོང་བས། དྲེལ་དེ་དགོན་གྱི་གདན་ས་གླང་ཆེན་སྣ་ཐོག་མེ་ཏོག་ཁྲ་མོའི་གླིང་དུ་སླེབས་ནས་ངལ་གསོ་བྱས་པས་རྟེན་འབྲེལ་ལེགས་པར་གྲུབ་སྟེ་དགོན་པ་བཏབ། གཞན་ཡང་དགོན་པ་ཐོག་མར་ཕྱག་བཏབ་མཁན་རྨིའུ་ལྷ་རུ་གཉེན་པོའི་རྗེས་ཀྱི་གདུང་རབས་གཉིས་པ་རྨིའུ་གྲུབ་ཆེན་ནམ་མཁའ་གཡུང་དྲུང་ཡིན་ཞེས་ཀྱང་བཤད་སྲོལ་འདུག་མོད་དཔྱད་འཚལ། དེ་ལྟར་འཕྲུལ་ངག་གཡུང་དྲུང་བོན་གྱི་དགོན་སྡེ་ཆེན་པོ་འདི་ཐོག་མར་བཏབ་པའི་དུས་ནི་མི་ལོ་ཆིག་སྟོང་ལྔ་བརྒྱ་ལྷག་གི་སྔོན་ཏེ་སྤྱི་ལོའི་དུས་རབས་ལྔ་པའི་ནང་ཡིན། བོན་དགོན་འདིའི་ཐོག་མའི་མཚན་ནི་བསྟན་པ་འགྱུར་མེད་སྟེང་ཆེན་རྣམ་རྒྱལ་གླིང་སྟེ། གྲུབ་མཐའ་གཡུང་དྲུང་བོན་ཡིན་ཞིང་བོན་རྒྱུད་ཐོག་མར་རྨིའུ་མཁས་པའི་ཕྱག་སྲོལ་ལྟར་ལ་ཕྱིས་སུ་རྒྱལ་བ་སྨན་རི་བའི་རིང་ལུགས་དྲི་མ་མེད་པ་འཛིན་སྐྱོང་སྤེལ་བའི་སྲོལ་དར་ཞིང༌།

རྒྱལ་བསྟན་རིས་སུ་མ་བཅད་པར་ཐོས་བསམ་བྱེད་པ་དང་ཁྱད་པར་དུ་བོན་ཟབ་མོ་ཨ་རྫོགས་སྙན་གསུམ་ལ་ཉམས་ལེན་མཛད་དེ་གདོད་མའི་བོན་སྐུའི་རང་སར་ཟིན་པའི་སྐྱེས་ཆེན་དམ་པ་གྲངས་མེད་པ་བྱོན། དགོན་འདི་ཐོག་མར་རྨིའུ་མཁས་པས་གདན་ས་བཟུང་ནས་རྨིའུ་མཁན་རབས་གྲས་མང་བྱོན་ཏེ་བསྟན་འགྲོའི་འཕྲིན་ལས་བསྐྱངས་ཤིང་གདུལ་བྱ་རྣམས་སྨིན་ཅིང་གྲོལ་བར་མཛད། རྨིའུའི་མཁན་བརྒྱུད་བྱོནམཚམས་སུ་ཧོར་དཀར་མཛེས་ཡུལ་གྱི་དབྲ་དགོན་ཞེས་པ་ནས་དབྲ་ཁྱུང་དཀར་པོའི་གདུང་ལས་གྲོལ་བའི་དབྲ་སྟོན་ལྷ་ཡི་བློ་གྲོས་བཀའ་བབས་ལུང་སྟོན་ལྟར་ཤར་རྫའི་ཡུལ་དུ་ཞབས་སེན་པད་མོ་བཀོད་ཅིང་འདི་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་དུས་མཉམ་དབྲ་སྟོན་འདིས་མདོ་དབུས་ཁམས་གསུམ་ན་དགོན་སྡེ་ཉི་ཤུ་རྩ་ལྔ་ཕྱག་བཏབ། སྟེང་ཆེན་རྣམ་རྒྱལ་གླིང་ལ་གཙུག་ལག་ཁང་གི་གཞི་གཏིང་བ་དང་ལྷ་ཁང་རྒྱ་བསྐྱེད་པ་སོགས་རྟེན་ཆེར་མཛད། གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་པོ་བཙུགས་པས་རྫ་སྟེང་[page 621] ཆེན་དགོན་གྱི་མཚན་སྙན་ཕྱོགས་ཀུན་གྲགས་པར་བྱས་སོ། །

རྫ་སྟེང་ཆེན་དགོན་གྱི་གདན་རབས་རགས་རིམ་ནི། རྨིའུ་མཁན་རབས་རིམ་བྱོན་གྱི་མཚན་དང་མཛད་པ་གྲངས་ངེས་སོགས་མི་གསལ་ཞིང་དབྲ་ཁྱུང་དཀར་པོའི་གདུང་བརྒྱུད་ལས་བརྗོད་ན། དབྲ་སྟོན་ལྷ་ཡི་བློ་གྲོས། དབྲ་པ་འདུལ་བ་རྒྱལ་མཚན། དེ་ནས་དབྲ་པ་ཚུལ་ཁྲིམས་རྒྱལ་མཚན་སོགས་མང་དུ་བྱོན། དབྲ་པ་དྲི་མེད་འོད་ཟེར་རབ་བྱུང་བཅོ་ལྔ་པའི་མེ་སྟག་ལ་ཕྱི་ལོ་༡༩༢༦ཤར་ཕྱོགས་ཀྱི་འབྲོག་སྡེ་རྩྭ་འབར་བྱ་བ་ནས་སྐུ་འཁྲུངས་ཤིང་མ་ཡུམ་ལ་སྤུས་ལོ་ཟེར། མི་རིང་བར་རང་དགོན་དུ་གསེར་ཁྲིར་མངལ་གསོལ་ཏེ་བླ་མ་བློ་གྲོས་དགེ་བའི་བཤེས་གཉེན་དུ་བསྟེན་ནས་ཐུན་མོང་དང་ཐུན་མིན་གྱི་གཞུང་ལུགས་ལ་གསན་བསམ་དཔྱིས་ཕྱིན་ཏེ་མཁས་གྲུབ་ཀྱི་དབང་པོར་གྱུར། འདིས་དགོན་པ་ལ་འཆམ་གོས་དང་བླ་བྲང་དུ་དབྲ་སྤུལ་སྐལ་བཟང་ཉི་མའི་གསེར་གདུང་མཆོད་རྟེན་ཐོག་བརྩེགས་མ་དངུལ་གདུང་མཆོད་རྟེན་ལུས་ཚད་མ་ཆ་གཅིག་སོགས་རྟེན་བཞེངས་མཛད། དེ་ནས་དབྲ་པ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་བྱོན། འདི་ཉིད་རབ་བྱུང་བཅུ་དྲུག་པའི་མེ་སྟག་ལོར་ཕྱི་ལོ་༡༩༨༦སྟོད་ཀྱི་ར་སྐོར་དུ་སྐུ་འཁྲུངས་ཤིང་གསེར་ཁྲིར་མངའ་གསོལ་ཏེ་ད་ལྟར་བཞུགས་ཡོད་དོ། །འདི་ཡན་དབྲ་པའི་བླ་རབས་ཉི་ཤུ་རྩ་གཅིག་ནང་གྲུབ་ཐོབ་ཀྱི་གདུང་རྒྱུད་བཅུ་གསུམ་ཡོད།

སྤྲུལ་པའི་ཡང་སྲིད་བྱོན་པའི་མཁས་གྲུབ་ཀྱི་སྐུ་ཕྲེང་བརྒྱད་ཡོད་དོ། །གཞན་ཡང་རྫ་སྟེང་ཆེན་དགོན་ལ་ཕྱིས་སུ་ཉི་ཧོར་ཉི་མ་འོད་ཟེར་ནི་གོང་བཤད་ལྟར་དགོན་པའི་ཁྲི་འཛིན་མཛད་མྱོང་ཞིང་ཚེ་དང་སྒྲུབ་པ་མཉམ་པའི་རྣལ་འབྱོར་པ་ཞིག་ཡིན། སྐུ་ཕྲེང་གཉིས་པ་ཉི་ཧོར་སྤྲུལ་སྐུ་བསྟན་དམར་ཡང་འདས་ཟིན།

རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ལོར་ཕྱི་ལོ་༡༩༠༢ལྷ་བདུད་དཀར་ནག་གི་སྨོན་ལམ་ལོག་པའི་འབྲས་བུ་དུས་སུ་སྨིན་པ་ལས། དམ་སྲི་དང་རུ་ཏྲའི་དཔུང་སྡེ་གདུག་སེམས་ཆགས་སྡང་གིས་རབ་ཏུ་མྱོས་ཏེ་དགེ་སྦྱོང་བཟོད་པའི་དཀའ་ཐུབ་དང་བྲལ་བའི་ཕྱོགས་ཞེན་ཅན་ཁ་ཅིག་གིས། རྫ་སྟེང་ཆེན་དགོན་གྱི་ལྷ་ཁང་གིས་བདག་ཅག་གི་ཉི་མ་སྒྲིབ་སོང་ཞེས་མི་བཟོད་སྨྲ་བའི་ཁ་ནི་བདུད་ཀྱིས་ཕྱེས། སྟེང་ཆེན་དགོན་དང་དགོན་གསར་དགོན་གཉིས་འཁྲུགས་ཟིང་གི་གཞི་བསླངས། དགོན་གསར་པས་ངན་སེམས་དང་གཡོ་འཕྲུལ་སྣ་ཚོགས་ཀྱིས་ཧོར་དགོན་སྡེ་བཅུ་གསུམ་དམག་ལ་བསྐུལ། དགེ་འདུན་པའི་སེར་དང༌། ཁྱད་པར་དུ་ཧོར་སེར་ཁག་ལྔའི་ལོ་རྒྱུས་དང༌། མདོ་ཁམས་སྒང་དྲུག་ལ་ཆགས་འཇོག་ཇི་ལྟར་བྱུང་ཚུལ་གྱི་ཡིག་སྣ་དུ་མ། སྲིད་ན་དཀོན་པའི་གནའ་རྫས་འབོར་ཆེན། རྫ་སྟེང་ཆེན་དགོན་གྱི་ལྷ་ཁང་དང་བླ་བྲང་གྲྭ་ཁང་བཅས་མེ་ལ་བསྲེགས། གསེར་ཟངས་ལས་གྲུབ་པའི་མདོ་ཡི་སྟོན་པ་ཁྲི་གཙུག་རྒྱལ་བ་དང་སྔགས་ཀྱི་སྟོན་པ་འཆི་མེད་གཙུག་ཕུད་སྐུ་གཉིས་རིན་པོ་ཆེའི་རྒྱན་དང་བཅས་པ་ཐོག་[page 622] བརྩེགས་ལྷག་དང༌། གསེར་ཟངས་ལས་གྲུབ་པའི་སངས་རྒྱས་སྟོང་སྐུ་ཆ་ཚང༌།

སྨན་འདམ་ལས་གྲུབ་པའི་གསས་མཁར་མཆོག་ལྔ་དང་བདེ་གཤེགས་སྟོང་སྐུ་སོགས་ཀྱིས་གཙོས་པའི་ལྷ་ཁང་ཉི་ཤུ་ལྷག་གི་ལི་གསེར་ཟངས་ལས་གྲུབ་པའི་སྐུ་དང་མཆོད་རྟེན་གྲངས་ལས་འདས་པ་ཐལ་བའི་ཕུང་པོར་བྱས་ཤིང༌། འབུམ་གསེར་བྲིས་མ་ཆ་གསུམ་གྱིས་གཙོས་པའི་ཡི་གེ་པོ་ཏི་སྟོང་གཉིས་ཙམ་དང༌། དབྲ་པའི་དཔེ་མཛོད་བོན་བརྩེགས་འཛམ་གླིང་རྒྱན་ཆེན་རྒྱན་ཆུང་ཞེས་བྱ་བའི་གླེགས་བམ་རིལ་བརྩེགས་བྱས་པ་ཁང་ཆེན་གཉིས་ཀྱི་གང་པོ་ཏི་ཁྲི་ཕྲག་མང་པོ་བཅས་ཐམས་ཅད་ཐལ་དུད་ཀྱི་ཕྱེ་མར་བཟོས། དགོན་པའི་ལྕགས་རིར་འཁོར་བའ་འཁོར་ཆེན་འཁོར་ཆུང་སྟོང་གཉིས་ལྷག་དང་ཆོས་ལུགས་ཀྱི་སྤྱན་རས་གཟིགས་སྐུ་རྟེན་ཕལ་པོ་ཆེའི་མདོ་སོགས་གླེགས་བམ་མང་པོ་བཅས་ཡོད་དོ་ཅོག་མེ་ཕུང་དུ་བསྒྱུར། ལྷ་དང་གསུང་རབ་ཀྱི་ན་བཟའ་འམ་འཁོར་ལོ་ཆེ་ཆུང་གི་ཕྱི་གཡོག་དར་གསོ་སོགས་ཀྱིས་གོས་དྲུབ་པའམ། ལྷམ་ཚང་བྱེད་པ། རྟ་སྟན་བྱེད་པ་སོགས་ལས་མི་དགེ་བ་མང་པོར་བྱས་པ་བློར་མི་ཤོང༌། དམག་དཔོན་འགས་ད་དུང་ལྷ་སྐུའི་ཚིག་རོ་སོགས་ལ་བལྟས་ཏེ་འདིའི་རོ་ལ་ལྟོས་ཤིག་ཅེས་ཧ་དགོད་བྱེད་པ་སོགས་ལས་སྡིག་ཚབས་ཆེན་བསགས་པ་བརྗེད་མི་ནུས། རྫ་སྟེང་ཆེན་དགོན་གྱི་རྔ་གཤང་རོལ་མོ། དུང་རྐང་གླིང་བུ། འཁར་རྔ་སིལ་སྙན། མཆོད་ཆ་གསེར་ཀོང༌།

འཆམ་ཆས་ཞལ་འབག་སོགས་སྣོད་བཅུད་དང་བརྟེན་པར་བཅས་མེ་ལ་བསྲེགས་པས་ཡུལ་དགོན་གྱི་མི་རྣམས་མིག་མཆི་མས་ཁེངས་ཤིང་མྱ་ངན་གྱི་ཤུགས་རིང་འབྱིན་པ་བྱས། མཆོག་སྤྲུལ་ཉི་མ་འོད་ཟེར་དཔོན་སློབ་སྟོད་ཕྱོགས་ཧོར་སྤྱི་ཁྱབ་ཏུ་བྱོན། བླ་སྤྲུལ་གྲྭ་པ་ཆེ་བགྲེས་གཞན་གསེར་ཐར་ཕྱོགས་སུ་ཕེབས་པར་མཛད་དོ། རབ་བྱུང་བཅོ་ལྔ་པའི་ཤིང་སྤྲུལ་ལོར་ཕྱི་ལོ་༡༩༠༥རྫ་སྟེང་ཆེན་དགོན་གྱི་དོན་དུ་དཔོན་སློབ་ཆེ་བགྲེས་རྣམས་བཀའ་བགྲོས་ནས་ཉག་རོང་དགོན་ཁག་རྣམས་ཀྱི་མི་སྣ་དང་ལྡིང་དཔོན་གཉིས་བཅས་བོད་ས་གནས་སྲིད་གཞུང་མདུན་སར་ཐུག གནས་བརྟན་གཡུང་དྲུང་བསྟན་པ་ཡིས་དགོན་པ་གཏོར་བཤིག་སོང་བའི་ལོ་རྒྱུས་རྒྱུ་མཚན་བཤད་ཅིང༌། མདོ་སྔགས་བླ་མེད་ཀྱི་རིང་ལུགས་སྐྱོང་བའི་བསྟན་པ་ཚུགས་ཐབས་ཀྱི་མགོ་འདྲེན་ཅིས་ཀྱང་གནང་ཐུབ་པ་ཡང་ཡང་ཞུས། སྤྱི་ཁྱབ་ནས་ཐུགས་ཁུར་ལེགས་བཞེས་ཀྱིས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་ལ་སྙན་གསན་ཕུལ་བས། དགོན་སྡེ་རང་མལ་དུ་ཆགས་པ་ལ་གྲོགས་ལེགས་པར་དགོས་པའི་བཀའ་ཁྱབ་ཁྱད་པར་ཅན་འབྱོར་བར་བརྟེན། སྤྱི་ཁྱབ་ཀྱི་སྐུ་ཚབ་མི་སྣ་དང་ཉག་རོང་ལྡིང་དཔོན་ཨ་རྟ་ཆེད་བཏང་གིས་དཀར་ནག་མཐའ་སེལ་རིམ་པར་བཏང་སྟེ་ཕྱི་ལོ་ཙམ་ནས་དགོན་པ་གསར་ཆགས་ཀྱི་གཞི་ཚུགས་པར་གྱུར་ཏོ།

།རབ་བྱུང་བཅོ་ལྔ་པའི་ས་སྤྲེལ་ལོར་གོང་ས་སྐྱབས་མགོན་རྒྱལ་བའི་བདག་རྐྱེན་ས་ཤར་རྫའི་བསྟན་འགྲོ་སྤྱིའི་བསོད་ནམས་ཀྱི་བགོ་སྐལ་དུ་རྫ་སྟེང་ཆེན་དགོན་སྐྱར་འདེབས་ཀྱི་དབུ་བརྩམས། དབྲ་སྤྲུལ་སྐལ་བཟང་ཉི་མ་དང་དབྲ་དཔོན་རྣམ་རྒྱལ་གྲགས་པ་རྣམ་གཉིས་ཀྱིས་དགོན་པ་གསར་བཞེངས་ཀྱི་[page 623] འགན་གཙོ་བོ་ཁུར། ཤར་རྫ་བཀྲ་ཤིས་རྒྱལ་མཚན་དང་དབྲ་སྲས་ཟླ་བ་གྲགས་པ་རྣམ་གཉིས་ཀྱིས་མཐུན་རྐྱེན་གང་ལེགས་སྦྱར། བླ་གྲྭ་ཆ་བགྲེས་དང་དད་ལྡན་སེར་སྐྱ་ཡོངས་ནས་ཞབས་འདེབས་ཕུན་སུམ་ཚོགས་པར་བྱས་ཏེ་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་ལ་ཕྱི་ལོ་༡༩༡༦དགོན་པའི་ཕྱིའི་བཀོད་པ་མཐར་ཕྱིན་པ་བཞེངས་གྲུབ་སྟེ་མཚན་གསར་པ་དཔལ་གཤེན་བསྟན་མདོ་སྔགས་གཡུང་དྲུང་བསྟན་རྒྱས་གླིང་ཞེས་གསོལ་ལོ། །ནང་གི་རྟེན་བཞེངས་སྐོར་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་བཀོད་སྟར་དབྲ་སྤྲུལ་སྐལ་བཟང་ཉི་མས་འདུ་ཁང་གི་ཤིང་ཚོན་རིགས་གནང་རྒྱུ་དང་ལེན་མཛད། དབྲ་སྲས་ཟླ་བ་གྲགས་པས་འདུ་ཁང་རྒྱ་མཐོང་གི་ལོགས་བྲིས་གནང་རྒྱུ་དང་ལེན་མཛད། གཙོ་ཁང་གི་ལྷ་ཆེན་བཞེངས་རྒྱུ་ཤར་རྫ་རང་ཉིད་ཀྱིས་གནང་རྩོལ་མཛད་པའི་ཞལ་བཞེས་གནང༌།

དབྲ་སྲས་ཟླ་བ་གྲགས་པས་རྒྱུ་རྐྱེན་ལེགས་པར་སྦྱར་ཏེ་དེ་ལོ་ནས་རྒྱ་མཐོང་གི་གཤིན་རྗེ་གཙོ་འཁོར། དབལ་གསས་ཁྱུང་ནག་གཙོ་འཁོར། ཁྲོ་བོ་རྟ་མགྲིན་གཙོ་འཁོར། ཁྲོ་བོ་ལྷ་རྒོད་གཙོ་འཁོར། མ་རྒྱུད་གཙོ་འཁོར། ཁྲོ་བོ་རྟ་མགྲིན་གཙོ་འཁོར། ཁྲོ་བོ་གཙོ་མཆོག་གཙོ་འཁོར། མ་རྒྱུད་གཙོ་འཁོར། ཕུར་ནག་གཙོ་འཁོར། གེ་ཁོད་གསང་དྲག་གཙོ་འཁོར། ཁྲོ་བོ་ལྷ་རྒོད་གཙོ་འཁོར། ལྗང་ནག་དབུ་བརྒྱ་ཕྲག་སྟོང་གཙོ་འཁོར་རྣམས་ཀྱི་ལོགས་བྲིས་ལེགས་པར་གྲུབ་པར་མཛད། ཕྱི་ལོ་མེ་སྦྲུལ་ལོར་དབྲ་སྤྲུལ་སྐལ་བཟང་ཉི་མས་རྒྱུ་རྐྱེན་ལེགས་སྦྱར་འོག་འདུ་ཁང་གི་ཤིང་ཚོན་དང་ཕུག་ལོགས་ཀྱི་དྲ་མིག་བཅས་སྒྲོས་གཙང་མཐར་ཕྱིན་གྲུབ་པར་མཛད། ཡོན་བདག་འབྱོར་ལྡན་རྣམས་ལ་ཤར་རྫ་པའི་ཞལ་གསུང་ཕེབས་ཏེ་འདུ་ཁང་ནང་མའི་ལོགས་བྲིས་རས་བྲིས་སུ་བཀོད་ནས་ལེགས་པར་གྲུབ་ཅིང༌། སྔོན་ནས་དགོན་པའི་ཚོགས་རྒྱུན་དུ་ཁྲོ་བོའི་གར་འཆམ་སོགས་ཀྱ་ཕྱག་ལེན་རྒྱས་པར་མཆིས་པ་བཞིན་ཁྲོ་ཚོགས། དབལ་མོ། བོན་སྐྱོང༌། རུ་འདྲེན་ཚོགས་བཅས་དང༌། བདག་དབང་དང་མཆོད་ལྷའི་ཆས་རིགས་ལྔའི་དབུ་རྒྱན་སོགས་སྒྲུབ་མཆོད་ཀྱི་ཡོ་བྱད་རྣམས་ཀྱང་གྲུབ་པར་གནང་ངོ༌། །རབ་བྱུང་བཅོ་ལྔ་པའི་ས་ལུག་ལོར་ཕྱི་ལོ་༡༩༡༩དགོན་གྱི་བྱམས་པ་གཙོ་ཁང་དུ།

རྟེན་གྱི་གཙོ་བོ་བྱམས་མགོན་གྱི་སྣང་བརྙན་མཐོང་བ་དོན་ལྡན་ལོངས་སྐུའི་ཆ་བྱད་ཅན་དང༌། གཡས་སུ་རྒྱལ་ཡུམ་བྱམས་མ་ཆེན་མོ། གཡོན་དུ་གཤེན་རབ་རྣམ་པར་རྒྱལ་བ། གཞན་ཡང་ལྷ་ཆེན་གཤེན་ལྷ་འོད་དཀར། སྲིད་པ་སངས་པོ་འབུམ་ཁྲི། འདས་པའི་སྟོན་པ་གཏོ་རྒྱལ་ཡེ་མཁྱེན། ད་ལྟའི་སྟོན་པ་ཁྲི་གཙུག་རྒྱལ་བ་སོགས་ལྷ་གཤེན་སྲིད་གསུམ་དུས་གསུམ་སྟོན་པར་བཅས་དང་འཁོར་བྱམས་ལྡན་ལྷ་བརྒྱད་རྣམས་འདག་བསེ་དང་སྨན་འདམ་ལས་གྲུབ་པ་གསར་བཞེངས་ལ། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་རྒྱུ་རྐྱེན་སྦྱར་ཞིང་བཟོ་བོ་བླ་མ་ཚུལ་ཁྲིམས་དབང་ཕྱུག་གིས་གཙོ་བོར་མཛད་དེ་ལྷ་གཙོ་བོ་གསུམ་ཐོག་བརྩེགས་གཉིས་རེ་བྱས་ནས་ན་དྲུག་དང་ཟ་དྲུག་རྒྱན་དྲུག་གིས་ལེགས་པར་བརྒྱན་ཞིང༌། ལྷ་གཞན་རྣམས་ཐོག་བརྩེགས་རེའི་ཚད་དང་སེམས་དཔའ་བརྒྱད་ལུས་ཚད་རེ་བྱས་ནས་བཟོ་ཁྱད་མིག་གི་བདུད་རྩི་རུ་གྲུབ་པར་མཛད། ནང་གཞུག་བྱམས་པའི་གཙུག་ཏོར་དུ་སངས་རྒྱས་འོད་[page 623] སྲུང་གི་འཕེལ་གདུང་འཁྲུལ་མེད་དང༌། བྱམས་མའི་གཙུག་ཏོར་དུ་ཞང་སད་ནེ་གའུའི་འཕེལ་གདུང་རིང་བསྲེལ་ཉེར་ལྔ་མ། རྣམ་རྒྱལ་གྱི་གཙུག་ཏུ་གཤེན་རབ་ཀྱི་འཕེལ་གདུང་འཁྲུལ་མེད་སོགས་སྲིད་ན་རྙེད་པར་དཀའ་བའི་རྟེན་བྱིན་ཅན་འགྲན་ཟླ་བྲལ་བ་བཞུགས་སུ་གསོལ་ལོ།

།རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་ལོར་ཕྱི་ལོ་༡༩༢༡གཙོ་ཁང་གི་ལྷ་རྟེན་རྣམས་ལ་ཚོན་རྩི་གསོལ་ནས་གསེར་བཏུལ་མ་རྡིལ་ཚད་གཅིག་གིས་ཞལ་གསེར་ལན་གསུམ་རེ་ཕུལ་ཞིང༌། བཟང་གོས་ཀྱི་ན་བཟའ་དང་བླ་བྲེ་འཕན་གདུགས་གྱ་ནོམ་པ་གསོལ་ནས་རབ་གནས་རྒྱས་པར་མཛད་དོ། །གཙོ་ཁང་གི་སྟོན་པ་ཁྲི་གཙུག་རྒྱལ་བའི་སྤྱན་གཉིས་རང་བྱུང་དུ་བཀྲ་བ་དང༌། བྱམས་མའི་གསེར་མདངས་ལ་གློ་བུར་དུ་འོད་འབར་བ། མངའ་དབུལ་སྔ་ཕྱི་འཇའ་ཚོན་འཕྲོས་ཤིང་མེ་ཏོག་གི་ཆར་འབབ་པ་སོགས་སྟོན་པའི་ཐུགས་རྗེ་གདུལ་བྱ་ལ་འཇུག་པའི་རྟེན་འབྲེལ་གྱི་བརྡ་རྟགས་ཡང་དག་པ་ཤར་རོ། །དེ་ཡང་དགོན་པ་གཞི་ཚུགས་དུས་ནས་གྲུབ་དབང་ཤར་རྫ་པས་རྩ་བའི་བླ་མའི་གདན་ས་ལ་དགྱེས་ཚོར་ཆེན་པོས་དར་དཀར་པོའི་བ་དན་ཐོག་བརྩེགས་གཉིས་ཅན་ཞིག་དང་བསྟན་སྦྱིན་དད་ལྡན་འགར་བཅས་ལོ་རེར་འཁོར་ལོ་ཉི་ཤུ་བཙུགས་པའི་རྒྱུ་ནོར་ཐེབས་བཞག་མཛད་ཅིང༌། ཕྱིས་སུ་གཙུག་ལག་ཁང་སྟེང་གི་གསེར་ཏོག་ཁྲུ་ཚད་དགུར་གསེར་སྲང་བརྒྱད་ཕུལ་བའི་རྟེན་བཞེངས་ནས་མི་རིང་བར་དབྲ་དཔོན་རྣམ་རྒྱལ་གྲགས་པས་དབྲ་པའི་བླ་བྲང་ཀ་བ་བརྒྱ་ཅན་སྤུས་ལེགས་ཤིག་བཞེངས་གྲུབ་པར་བྱུང༌། དབྲ་སྤྲུལ་དྲི་མེད་འོད་ཟེར་གྱི་སྐུ་རིང་ལ་དགོན་པའི་གཙུག་ལག་ཁང་སྟེང་ན་རྒྱལ་མཚན་ཐོག་བརྩེགས་མ་བཞི་ལ་གསེར་གསོལ་བ་དང༌།

རི་དྭགས་ཆོས་འཁོར་ཟངས་གསེར་ལས་གྲུབ་པ་མཐོ་བརྗིད་ཅན། པན་རྒྱན་སྣོད་ཀྱི་ཁ་ལེན་ཙམ་བཞི་ལ་གསེར་གསོལ་བ་རྣམས་གསར་བཞེངས་མཛད་དོ། །

རྫ་སྟེང་ཆེན་དགོན་ལ་བཤད་སྒྲུབ་ཀྱི་སྲོལ་ཚུགས་ཚུལ་ནི་དགོན་རྙིང་རྣམ་རྒྱལ་གླིང་དུ་སྒྲུབ་པ་ཉམས་ལེན་གྱིས་གཙོ་བའི་ཕྱག་སྲོལ་ལྟར་སྒྲུབ་ཁང་མང་པོ་ཡོད་པའི་ནང་དུ་སྒྲུབ་བླ་རྣམས་ཀྱིས་ཡི་དམ་གྱི་བསྙེན་མཚམས་དང༌། མན་ངག་ཨ་ཁྲིད། ཡང་གསང་རྫོགས་ཆེན། ཞང་ཞུང་སྙན་རྒྱུད་སོགས་ལ་ཉམས་ལེན་མཛད་ཅིང་གཞུང་ལུགས་ལ་ཐོས་བསམ་མོས་པ་རྣམས་ཀྱིས་མཁས་གྲུབ་ཀྱི་བཤེས་གཉེན་རང་གིས་བཙལ་ནས་གསན་སྦྱངས་མཛད་ལ་དགོན་རྙིང་སེར་དམག་གིས་བཅོམ་རྗེས། རྫ་སྟེང་ཆེན་མདོ་སྔགས་བསྟན་རྒྱས་གླིང་དུ་སྒྲུབ་ཁང་གཉིས་ཀྱི་ནང་ལ་སྒྲུབ་བླ་བཞི་རེ་ཆད་མེད་ཡོད་ཅིང༌། ཐུན་མོང་དང་ཐུན་མིན་གྱི་གཞུང་ལ་གསན་སྦྱངས་མཛད་མཁན་དང་ཨ་རྫོགས་སྙན་གསུམ། འཕོ་བ་བཅུད་ལེན། རླུང་སེམས་ཟུང་མཇུག་ཏུ་ཉམས་སུ་ལེན་མཁན་རྣམས་ཤར་རྫའི་གྱེར་ཟ་རི་ཁྲོད་དུ་བྱོན་པའི་སྲོལ་ཡོད་དེ། དགོན་པས་འདུ་ཁང་གི་ཉེ་འགྲམ་དུ་ས་སྟོང་ཆེད་དུ་བཞག་ནས་བཤད་གྲྭ་སྤུས་ལེགས་ཤིག་འཛུགས་[page 625] གྲབས་ཡོད་པ་དེ་གར་ལུས་སོ། །

ཤར་རྫ་སྟེང་ཆེན་དགོན་གྱི་གདན་ས་འདིར་མུ་གཤེན་ཚེ་དབང་བསྟན་པའི་རྒྱལ་མཚན་དང༌། སྤྲུལ་པའི་གཏེར་ཆེན་སངས་རྒྱས་གླིང་པ། གར་དབང་ཀུན་གྲོལ་འཇའ་ཚོན་སྙིང་པོ། སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན། རྗེ་བཙུན་ཁྲོ་འབྲུག རིག་འཛིན་རྒོད་ལྡན། ཞིག་པོ་བཅུ་གཉིས། སྤྲུལ་སྐུ་རྣམ་བཞི། དབྲ་ལྕང་སྨན་གསུམ། འཆི་མེད་རྒྱལ་བ་ཡབ་སྲས་སོགས་ས་ལ་གནས་པའི་སེམས་དཔའ་དང་སེམས་མ་མཐའ་ཡས་པས་ཞབས་བཀོད་བྱིན་གྱིས་བརླབས་ཤིང༌། ཧོར་པ་དྲང་སྲོང་སྨོན་ལམ་འོད་ཟེར། རྟོགས་ལྡན་སྟག་ཤམ་རྡོ་རྗེ། རྣལ་འབྱོར་པ་ཤེས་རབ་ཕུན་ཚོགས། ཤར་རྫ་བཀྲ་ཤིས་རྒྱལ་མཚན། དབྲ་སྲས་ཟླ་བ་གྲགས་པ། རྒྱལ་ཚབ་བློ་གྲོས་རྒྱ་མཚོ། རྣལ་འབྱོར་གཡུང་དྲུང་བསྟན་པ། ཅོ་ལུ་ཚུལ་ཁྲིམས་དབང་ཕྱུག་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་འཕགས་པའི་སྐྱེས་ཆེན་མང་པོ་སྐུ་འཁྲུངས་ཤིང་བསྟན་འགྲོའི་དོན་མཛད་དེ་འཇའ་ལུས་འོད་སྐུར་ཞི་བའི་གནས་ཁྱད་པར་ཅན་ཡིན། དེ་ཡང་བོན་བསྟན་དར་བའི་བརྡ་རྟགས་སུ་གཡུང་དྲུག་གི་རི་མོ་རང་བྱོན་ཤིན་ཏུ་གསལ་བ་ཡོད།

རྗེ་ཆེ་དབང་རིག་འཛིན་གྱིས་སྲ་བརྟན་བྲག་ལ་ཕག་ཞབས་ཀྱི་རྗེས་ལམ་མེར་བཞག་ནས་བོན་བསྟན་ཡུན་རིང་རྒྱས་པའི་ཐུགས་བསྐྱེད་སྨོན་ལམ་གནང་དེང་སང་ཡང་སྨོན་ལམ་བྲག་དཀར་དུ་འབོད་པ་ནས་ཐུན་མོང་གི་མཐོང་སྣང་དུ་མཇལ་ཐུབ་བོ། །ཁྱད་པར་དུ་དགོན་པ་སྐྱར་བཞེངས་ཀྱི་ས་གནད་འདི་ཉིད་བསྟན་པའི་སྲི་བགེགས་མནན་པའི་གནམ་སའི་འཛོམས་ཁྱད་དུ་འཕགས་པ་ཡིན་ཞིང༌། འདུ་ཁང་གི་ལྷའི་བཀོད་ཚུལ་ཡང་ཞི་ཁྲོ་རྩ་བརྒྱད་ཀྱི་དགོངས་པར་སྤྱི་བོ་ལ་ཁྲོ་བོ་དང་སྙིང་ག་ལ་ཞི་བར་བསྒོམ་པར་གསུངས་པ་སོགས་ལ་བརྟེན་ནས། སྟེང་ཁང་དུ་ཡི་དམ་ཁྲོ་བོ་དང་རིག་འཛིན་མཁའ་འགྲོའི་ཚོགས་རྣམས་བཀོད་ཅིང་འོག་ཏུ་མདོའི་ལྷ་ཚོགས་རྣམས་བཀོད་པ་སོགས་གཞལ་ཡས་ཁང་དངཽས་ཀྱི་བཟོ་བཀོད་བྱས་པས་བསྟན་འགྲོའི་ལེགས་ཚོགས་ཐམས་ཅད་དབྱར་ཆུ་བཞིན་འཕེལ་ཞིང་རྒྱས་པར་འགྱུར་བའི་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་ཡོད་དོ། །

རྫ་སྟེང་ཆེན་དགོན་ལ་གཙུག་ལག་ཁང་ཀ་བ་དྲུག་ཅུ་རེ་དྲུག་ཅན་གཅིག བླ་བྲང་ཀ་བ་བརྒྱ་ཅན་གཅིག ཇ་ཁང་སྤྱི་ཁང་གཉེར་ཁང་གསུམ་གཅིག་བྱས་པའི་ཁང་ཆེན་གཅིག སྒྲུབ་ཁང་གཉིས། གྲྭ་ཁང་དྲུག་ཅུ་རེ་བཞི། གྲྭ་པ་སུམ་བརྒྱ་ལྷག་ཡོད་དེ། གཙུག་ལག་ཁང་དུ་སྐུ་རྟེན་ཟང་གསེར་ལས་གྲུབ་པའི་ཇོ་བོ་ཐོག་བརྩེགས་མ་གཅིག་དང༌། ཟངས་གསེར་ལས་གྲུབ་པའི་སྟོན་པ་གསུང་འབྱོན་མ་གསུང་ལན་གཉིས་འབྱོན་མྱོང་བ་ཁྲུ་ཚད་མ་གཅིག་གཏེར་ནས་དྲངས་བ། ཟངས་གསེར་ལས་གྲུབ་པའི་གནས་བརྟན་བཅུ་དྲུག་གི་སྐུ་ཆ་ཚང༌། གཞན་ཡང་ལི་གསེར་སྐུ་བཞི་བཅུ་ལྷག་དང༌། གཙོ་ཁང་དུ་འདག་བསེ་དང་སྨན་འདམ་ལས་གྲུབ་པའི་སྐུ་བརྙན་བྱམས་མགོན་གཤེན་རབ་བྱམས་མ་གསུམ་ཐོག་བརྩེགས་[page 626] གཉིས་ཅན། གཤེན་ལྷ་འོད་དཀར། སངས་པོ་འབུམ་ཁྲི། གཏོ་རྒྱལ་ཡེ་མཁྱེན། ཁྲི་གཙུག་རྒྱལ་བ་བཞི་ཐོག་བརྩེགས་གཅིག་ཅན། སེམས་དཔའ་བརྒྱད་ལུས་ཚད་རེ་ཅན་རྣམས་ལ་ཞལ་གསེར་དང་ན་བཟའ་བཟང་གོས་བླ་བྲེ་འཕན་གདུགས་སོགས་རྒྱས་འཇོམས། འདུ་ཁང་ནང་དབུས་ཇོ་བོའི་གསེར་སྐུ་ལ་གཡས་གཡོན་དུ་ཤར་རྫ་པ་དང་བསྟན་འཛིན་དབང་རྒྱལ་འདམ་སྐུ་ལུས་ཚད་མ་རེ་ཡོད་ཅིང༌། ཤར་ལོ་ནུབ་གསུམ་རས་བྲིས་ཐོག་བརྩེགས་མ་བཅུ་ལྷག་གི་ལོགས་བྲིས་ཡོད།

རྒྱ་མཐོང་གི་ལོགས་བྲིས་ཡི་དམ་བཀའ་ཆེན་དགུ་དང་སྟེང་ཁང་གི་ལོགས་བྲིས་རྒྱལ་བ་རིགས་ལྔ་གནས་བརྟན་བཅུ་དྲུག་སོགས་སོ། །

རྫ་སྟེང་ཆེན་དགོན་པའི་སྒྲུབ་མཆོད་གཙོ་བོ་རྣམས་ནི་ཧོར་ཟླ་དང་པོར་མཉམ་མེད་བླ་མའི་ལྔ་མཆོད་དང་གཡུང་དྲུང་ཀློང་རྒྱས་ཞལ་ཕྱེ་ཉིན་ཉེར་བདུན། ཧོར་ཟླ་བཞི་པར་སྨན་ལྷའི་ཆོ་ག་དང་སྨྱུང་གནས་སོགས་ཉིན་བཅོ་ལྔ། ཧོར་ཟླ་ལྔ་པར་བདེ་གཤེགས་འདུས་པའི་བུམ་སྒྲུབ་ཆེན་མོ་ཉིན་བཅོ་ལྔ། ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་དབྱར་གནས་ཉིན་ཞེ་དགུ། ཧོར་ཟླ་བཅུ་གཅིག་པར་ཁྲོ་བོ་དབང་ཆེན་ཞལ་ཕྱེ་གར་འཆམ་བཅས་ཉིན་དགུ། མ་ཏྲི་བུམ་སྒྲུབ་ཉིན་བདུན། ཧོར་ཟླ་བཅུ་གཅིག་པར་ཁྲོ་བོ་དབང་ཆེན་ཞལ་ཕྱེ་གར་འཆམ་བཅས་ཉིན་དགུ། མ་ཏྲི་བུམ་སྒྲུབ་ཉིན་བདུན། ཧོར་ཟླ་བཅུ་གཉིས་པའི་མཇུག་ལ་ཁྲོ་ཕུར་གཏོར་རྒྱོབ་གར་འཆམ་བཅས་ཉིན་དགུ་ཡོད་དོ། །དེ་དག་གི་གཏོང་སྒོ་དང་ཡོན་གྱི་འབྱུང་ཁུངས་ནི་དགོན་པ་ལ་དབྱར་གནས་ཞིང་དང་ལྷ་གཉེར་ཞིང་སོགས་ནས་སྒྲོ་བཅོ་ལྔ་ལྷག་གི་ས་ཞིང་ཡོད་ཅིང༌། བླ་བྲང་ལ་ནས་སྒྲོ་བརྒྱད་ཅུ་ལྷག་གི་ས་ཞིང་དང་གྲྭ་པ་ལ་ནས་སྒྲོ་ལྔ་བཅུ་ལྷག་གི་ས་ཞིང་ཁྱིམ་པས་ཟུར་དུ་དགར་བ་ཡོད་ལ། འཁོར་གཉེར་སྤྱི་པ་གཉིས། འཆམ་གཉེར་སྤྱི་པ་གཉིས། ཚེ་འབར་སྤྱི་པ་གཉིས། གཞན་པའི་སྤྱི་པ་བཅུ་གཉིས་བཅས་སྤྱི་ཁག་བཅོ་བརྒྱད་ཀྱི་རྒྱུ་སྦྱོར་དང་དད་ལྡན་སེར་སྐྱ་ཡོངས་ཀྱི་དབུལ་བ་རྣམས་ཡིན་ཏེ།

དད་འབངས་ཧོར་པ་ཤོག་བཞི་ལ་དུད་གྲངས་ཉིས་བརྒྱ་བཅོ་ལྔ་ལྷག་ཡོད་དོ། །དགོན་པའི་འགན་བཞེས་བླ་མ་ལ་མཁན་པོ། དབུ་མཛད། དགེ་བསྐོས། མཆོད་དཔོན། འཆམ་དཔོན། ཁྲི་འཛིན་སྤྲུལ་སྐུ་སོགས་ཡོད་ཅིང་གྲུབ་དབང་ཤར་རྫ་པས་བཅའ་སྒྲིག་ལེགས་བཞག་གནང་བ་ལྟར་སྤྱི་སྒོས་ཀུན་ནས་དབང་པོ་ཡང་རབ་རྣམས་ཀྱིས་བསྟན་དོན་ལ་དགོངས་པ་དང་དེའི་འོག་མ་རྣམས་ཀྱིས་རྒྱུ་འབྲས་ལ་བསམ་སྟེ། ཚོགས་གྲལ་དུ་ཤ་ཆང་སྒོག་ཙོང་ལ་རོལ་བ་དང་གྲོང་ཆོག་སྐབས་འབུལ་བ་སྒོར་གཅིག་ལས་ལྷག་མ་ལེན་པ་སོགས་འཇོལ་ཉོག་གི་སྤྱོད་པ་རྩ་བ་ནས་སྤོང་དགོས་སོ། །

རིག་གསར་སྐབས་སུ་རྫ་སྟེང་ཆེན་དགོན་ཡང་བོད་ཁམས་དགོན་སྡེ་ཡོངས་དང་འདྲ་བར་བསྟན་པ་བཤད་སྒྲུབ་ཀྱིས་སྟོང་ཞིང་སྐུ་གསུང་ཐུགས་རྟེན་ཕལ་ཆེར་མེད་བརླགས་ཤོར་སོང་མོད། གཙུག་ལག་ཁང་དང་བླ་བྲང་གཞན་ཡང་གཙོ་ཁང་གི་ལྷ་སྐུ་གཙོ་བོ་རྣམས་དང་ལོགས་བྲིས་ཕལ་ཆེར་བཅས་ཉེ་གནས་ལྷ་འབངས་རྣམས་ཀྱིས་སྙིང་སྟོབས་ཆེན་པོའི་ངང་ཐབས་དང་ཤེས་རབ་ལ་བརྟེན་ནས་སྲུང་སྐྱོབ་བྱས་པས་ད་ལྟ་ཡང་ལྷག་ཡོད་དོ། ། རྒྱལ་ཁབ་ཀྱིས་བོན་སྒོ་ཕྱེས་རེས་རང་དགོན་གྱི་བླ་མ་ཚེ་རིང་སོགས་ཀྱིས་[page 627] མགོ་འཛིན་མཛད་དེ་བླ་གྲྭ་བརྒྱད་ཅུ་ལྷག་གིས་འདུ་ཁང་ནང་གི་སྐུ་གསུང་ཐུགས་རྟེན་རྣམས་ཞིག་གསོ་བྱས་ཤིང༌། དད་ལྡན་ཨ་སྟག་སོགས་ཀྱིས་གསེར་སྐུ་གསུང་འབྱོན་མ་དང་ཚོགས་དུང་དཀར་མོ་རྒྱང་གྲགས། གཞན་ཡང་འཁར་རྔ་རོལ་མོ་སོགས་དགོན་པ་ལ་ཕུལ་ཞིང་ལྷ་སྡེ་ཡོན་བདག་རྣམས་ཀྱིས་གསེར་སྐུ་དང་གསུང་རབ། འཆམ་གོས་ཡོ་བྱད་རྣམས་དགོན་པ་ལ་ཐེབས་བཞག་མཛད་དེ་བསྟན་པ་ཡང་དར་གྱི་དབུ་ཚུགས་སོ། །འབུ་འགོ་བསྟན་འཛིན་འགྱུར་མེད་ཀྱིས་གྲྭ་པ་གསར་པ་རྣམས་ལ་ཡི་གེ་འབྲི་ཀློག་དང་འདོན་ཐིག་རྟ་དབྱངས་སོགས་སློབ་ཅིང༌།

ཁྱུང་པོ་ཉི་མ་ཚུལ་ཁྲིམས་མདོ་སྨད་དུ་བྱོན་ནས་རང་དགོན་གྱི་གྲྭ་པ་རྣམས་ལ་དྲང་སྲོང་གི་སྡོམ་རྒྱུད་སྟེར་བ་དང་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གནང་ནས་བོན་བསྟན་གྱི་མེ་རོ་གསོས། སྔོན་འགྲོའི་ཁྲིད་སྐལ་དང་གཏུག་མོ་རྩ་རླུང༌། བཅུད་ལེན་སེམས་ལུང༌། འཕོ་བ་འབུམ་དགུ་སོགས་ཟབ་ཁྲིད་ཀྱི་བཀའ་དྲིན་བསྩལ་ཏེ་སྒྲུབ་པའི་སྡེ་བཙུགས་ནས་འཕྲུལ་ངག་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཉིན་བྱེད་འོད་སྣང་སླར་ཡང་རྒྱས་པར་མཛད་དོ། །དེ་ནས་དགོན་པས་ཀྱང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང༌། མཉམ་མེད་བཀའ་འབུམ། ཤར་རྫའི་བཀའ་འབུམ་སོགས་བླུས་ཤིང་མཆོད་ཆ་མཁོ་ཆས་སོགས་བསྒྲུབས་ཏེ་རྒྱལ་བསྟན་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གྱི་ལམ་ལ་ཞུགས་ནས་བསྟན་པ་དང་སེམས་ཅན་ལ་ཕན་སེམས་ཟོལ་མེད་ངང་མཆིས་ཏེ། དགོན་པའི་ཚོགས་དང་མཛད་སྒོ་ལ་ཡོན་སྦྱོར་བའི་འབྱུང་ཁུངས་སྔོན་མ་ལྟར་ས་ཞིང་དང་སྤྱི་པའི་ལམ་ལུགས་མེད་ཀྱང་སྦྱིན་བདག་ལྷ་སྡེ་རྣམས་ཀྱི་འབུལ་བ་ལ་བརྟེན་ཞིང་གྲྭ་པས་རང་ཁ་རང་གསོ་ངང་སྒྲུབ་མཆོད་ཆོ་ག་དང་བཤད་སྒྲུབ་ལས་གསུམ་ཅི་ནུས་སྤེལ་བཞིན་ཡོད་དོ། །ཞེས་རྫ་སྟེང་ཆེན་དགོན་པའི་ལོ་རྒྱུས་མདོར་བསྡུས་འདི་དབྲ་པའི་རྟེན་བཤད་དང་སྟེང་ཆེན་རྣམ་རྒྱལ་གླིང་གི་གཏམ་ཚོགས་ཐོར་བུ། ཤར་རྫའི་རྣམ་ཐར་རྒྱས་པ།

གཡུང་དྲུང་བོན་གྱི་བསྟན་འབྱུང་སོགས་ལ་ཁུངས་གཏུགས་ཤིང་ངག་རྒྱུན་དང་མཐོང་ཐོས་མྱོང་རེག་གི་ཡུལ་དུ་གྱུར་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ཏེ་རྫ་པ་ཚེ་རིང་འགྱུར་མེད་ཀྱིས་བྲིས།