སེར་ཤུལ་དགོན་གྱི་ལོ་རྒྱུས།

[page 123] དགོན་འདིའི་སྦྱིན་བདག་དང་བསྟན་འཛིན་གྱི་རུས་བརྒྱུད་འབྱུང་ཁུངས་ནི།

མན་ཇུའི་གོང་མ་ཁང་ཞི་ཏེ་བོད་སྐད་དུ་བདེ་སྐྱོང་རྒྱལ་པོའི་སྐུ་རིང་ལ་སོག་རྒྱལ་བློན་འཁོར་བཅས་དབུར་གཙང་དུ་ཕེབས་པར་ཟི་ལིང་དུ་སླེབས་པ་ན་སོག་རྒྱལ་པོས་ནང་བློན་པཎ་ཞྭ་སེར་ལྡིང་ལ་ཁྱོད་འདི་ནས་ལྷོ་ཕྱོགས་སུ་སོང་དང་བཀྲ་ཤིས་བདེ་ལེགས་ཀྱི་ས་ཕྱུག་པོ་གུསམ་དནག་བཙན་པོ་གུསམ་གྱི་མིང་དོན་ཆག་སར་སླེབས་གནས་དེར་སྡོད་དང་ཤིན་ཏུ་ལེགས་ཞེས་ལུང་བསྟན།

དེ་ནས་དགེ་རྩ་པཎ་ཞུ་སེར་ལྡིང་མཚོ་སྔོན་པོའི་ཕྱོགས་སུ་རེ་ཞིག་སྡོད་སྐབས་མཚོ་ནང་ནས་དགྲ་ལྷ་ཝེར་མ་དང་བཅས་རང་ཆས་སུ་འཁོར་བའི་བེའུ་མཚོ་ཁ་མ་ཞེས་གྲགས་པ་མཚོ་གཏེར་བླངས་ཏེ་རིམ་གྱིས་འོང་བ་ན་ཡུལ་སྐྱོང་རྫ་རྒྱལ་འཕན་ཕྱུག་ཀྱི་ཞོལ་དུ་སླེབས། སྔར་ལུང་བསྟན་པ་བཞིན་ས་དེར་རྫ་རྒྱལ་འཕཧན་ཕྱུག་ངང་མ་ལུག་ཕྱུག

ལྕང་མ་རྟ་ཕྱུག གསུམ་གྱི་མིང་ཐོས་པ་མ་ཕྱུག་པོ་གུསམ་གྱི་ས་དེ་བདག་ཏུ་བཟུང་། དེ་ནས་རིམ་གྱིས་འོང་བ་དང་སྒྲོམ་སྟོད་ལྕགས་མཁར་ཐང་སྟེང་དུ་སླེབས། དེའི་གཞུང་ཆེན་ལ་སྒྲོམ་སྡོད་གནས་ལ་ལྕགས་མཁར་ཐང་། བྲག་རི་ལ་ཨ་མྱེ་རྔ་བརྡུང་ཟེར་བ་དེ་བཙན་པོ་གུསམ་གྱི་སར་ཡུལ་སྡེ་ཆགས་པའི་འགོ་ཚུགས་སྐབས།

སོག་པོའི་རིགས་རུས་ཡིན་ངེས་ཅན་གྱི་སོག་པོ། སོག་མོ། སོག་རུ། གསུམ་ལ་སོག་དུད་བདུན་དང་། གཞན་དུད་ཁ་ཤས་བཅས་ཡོད་པ་ཀུན་གྱིས་དགེ་བཅུའི་ཆོས་དནག་དུ་བླངས་བསལ་འདི་དང་ཕྱི་མར་ལེགས་པའི་ཡང་བརྩེ་ཐོབ་ཅིང་པཎ་ཞུ་སེར་ལྡིང་གི་གདུང་རྒྱུད་ཡིན་པས་དགེ་རྩེ་སེར་ཤུལ་ཞེས་མིང་ཆགས་སོ།།

བསྟན་དགོན་འདི་ཉིད་ཐོག་མར་ཕྱག་འདེབས་པ་པོ་བཀའ་བཅུ་བ་བློ་བཟང་ཆོས་དར་གྱི་རྣམ་ཐར་མདོར་བསྡུས་ནི། དམ་པ་འདི་ཉིད་རབ་བྱུང་བཅུ་གཉིས་པའི་དཀྱིལ་ཙམ་ནས་སྔར་སྨྲོས་པའི་སོག་མོའི་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་སྐུ་འཁྲུངས།

ཆུང་གཞོན་ནུའི་དུས་ངན་བྱིས་པའི་ངན་སྤྱོད་མཐའ་དག་རྒྱང་རིང་དུ་བསྲིངས་ཏེ་གཅིག་ཏུ་དམ་པའི་ངང་ཚུལ་ལ་གནས་ཤིང་ཕ་མ་ལ་གུས་པ་བླ་ལྷག་ཏུ་བྱེད་པ་ཞིག་གོ སྐུ་ན་ཆེར་སོན་པ་ན་ངེས་འབྱུང་གི་བསམ་པ་ཤུགས་དྲག་པོས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་མཚན་ལ་བློ་བཟང་ཆོས་དར་ཞེས་གསོལ།

དེ་ནས་རིམ་གྱིས་དབུས་ཕྱོགས་སུ་ཕེབས་ཏེ་ཇོ་ཤཱཀྱ་རྣམ་གཉིས་སོགས་རྟེན་བྱིན་ཆེན་མཇལ་རེས་ཀྱིས་བློ་བཟང་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེར་བྱ་བ་རྒྱ་ཆེར་བྱེད་པ་དང་འགྲོ་བ་ཡོངས་ལ་ཕན་པ་རླབས་ཆེན་འགྲུབ་པའི་ཐུགས་སྨོན་ཡང་དག་པར་གནང་སྟེ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་གྲྭ་ཞུགས་ནས་དབུ་ཕར་སོགས་ལ་གསན་སྦྱངས་ཕུལ་ཕྱིན་མཛད་པས་གཞུང་ལུགས་རབ་འབྱམས་ལ་མཁས་པའི་ཕུལ་དུ་བྱུང་བར་གྱུར།

སྐྱབས་མགོན་རྒྱལ་བའི་[page 124] དབང་བོ་སྐལ་བཟང་རྒྱ་མཚོ་སོགས་དབུས་གཙང་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་དུ་མ་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན།

ཁྱད་པར་བྱམས་མགོན་མི་མི་ཡི་གར་རོལ་ཕུར་ལྕོག་ངག་དབང་བྱམས་པ་དཔལ་བཟང་བོ་ལས་ཆོས་མང་དུ་གསན་ཅིང་རྗེ་བྱམས་པ་རིན་པོ་ཆེས་མཁན་པོ་མཛད་དེ་མཁན་སློབ་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་རིན་པོ་ཆེས་ཐུགས་རྒྱུད་ལེགས་པར་ཕྱུག་པར་གྱུར་ཏེ་སོ་ཐར་གྱི་ཚུལ་ཁྲིམས་ལ་གཅེས་སྤྲས་སུ་མཛད་པ་གཞིར་བྱས་ནས་བཤད་སྒྲུབ་ཀྱི་བྱ་བ་ལ་ཆིག་དྲིལ་དུ་གཞོལ་བར་མཛད་པས་རྗེ་བྱམས་པ་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་པར་གྱུར་ནས་བསྔགས་བརྗོད་རྒྱ་ཆེན་པོ་དུ་མ་མཛད་དེ་རྗེ་དཀའ་བཅུ་རིན་པོ་ཆེ་འདི་ཉིད་དང་དགེ་བའི་བཤེས་གཉེན་ཆེན་པོ་གྲུབ་དབང་རྒྱལ་མཚན་འོད་ཟེར་གཉིས་ལ་ཁྱེད་གཉིས་རང་རང་གི་ཡུལ་ཕྱོགས་སུ་ཕེབས་ནས་དགེ་འདུན་གྱི་སྡེ་བཙུགས་ཏེ་བསྟན་པའི་བྱ་བ་རྒྱ་ཆེན་པོ་གནང་དགོས་ཚུལ་གྱི་བཀའ་སློབ་ཞིབ་རྒྱས་དང་རྗེ་དཀའ་བཅུ་རིན་པོ་ཆེ་ལ་ཆོས་དུང་དཀར་པོ་དྲི་མ་མེད་པ་ཞིག་དང་རྗེ་ཨ་རིག་དགེ་བཤེས་ཆེན་མོ་དབུ་པཎ་གནང་།

དོན་དེ་བཞིན་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་ཀྱང་བཀའ་སློབ་ལུང་བསྟན་ཞིབ་རྒྱས་དང་བསྟོད་སྔགས་ཆེར་མཛད་དེ་དཀའ་བཅུ་ཚང་ལ་ཆོས་རྒྱལ་གྱི་ཐོད་དབྱུག་ཞགས་པ་གནང་ནས་རྗེ་ཕུར་ལྕོག་རིན་པོ་ཆེ་པཎ་ཆེན་རིན་པོ་ཆེ་གཉིས་ཀས་དཀའ་བཅུ་བར་རྣམ་བཞིའི་འཕྲིན་ལས་བསྒྲུབ་པའི་གྲོགས་དམ་ཅན་ཆོས་རྒྱལ་པོ་ལ་གཉེར་དུ་གཏད།

ཚུལ་འདི་ནི་ཁྲི་ཆེན་བསོད་ནམས་གྲགས་པའི་ཞལ་སྔ་ནས། ལེགས་བཤད་པདྨ་དཀར་པོའི་ཆུན་པོ་ལས་མཁས་པའི་སྙན་པ་བརྗོད། དེ་ཡིས་ལུས་ཅན་དང་བ་འདྲེན། རི་བོང་སེམས་དཔའ་གྲགས་པ་གང་། རྒྱ་བྱིན་གྱིས་ནི་བརྗོད་ལ་ལྟོས།

ཞེས་གུསངས་པ་ལྟར་མཐར་དབུས་ཀྱི་སྐྱེས་འགྲོ་ཡོངས་ཀྱིས་བཀའ་བཅུ་རིན་པོ་ཆེ་བློ་བཟང་ཆོས་དར་ཞེས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པ་དེ་བྱུང་བ་ཡིན་ལ།

དེ་ནས་དམ་པའི་བཀའ་ལུང་བཞིན་རང་ཡུལ་དུ་ཕེབས་པར་ཉེ་བ་ན་བླ་མ་དམ་པ་རྣམས་དང་ཇོ་ཤཱཀྱ་རྣམ་གཉིས་གདན་ས་གསུམ་སོགས་སུ་བྱོན་ནས་བློ་བཟང་རྒྱལ་བ་གཉིས་པའི་མདོ་སྔགས་ཀྱི་བསྟན་པའི་གདུགས་དཀར་སྲིད་རྩེར་བསྒྲེངས་བ་ལ་འགྲན་ཟླ་བྲལ་བའི་ཆོས་སྡེ་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་པར་འོང་བའི་ཐུགས་གཏད་སྐྱབས་ཞུས་ཟབ་རྒྱས་གནད་སྨིན་མཛད་ནས་རབ་བྱུང་བཅུ་གསུམ་པའི་ས་ཡོས་ལོ།

སྤྱི་ལོ་1759ལོ་དགེ་རྩེ་སེར་ཤུལ་གྱི་སྡེ་གླིང་དུ་ཕྱག་ཕེབས་མཛད་པ་ཡིན་ནོ།

དམ་པ་དེ་ཉིད་ཀྱིས་ཆོས་སྡེ་འདི་ཉིད་ཇི་ལྟར་བཏབ་པའི་ཚུལ་ནི། རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་འབྲུག་གི་འགྲང་བྱ་བཅུ་བདུན་ལོ་སྤྱི་ལོ་1760ལོ་རྗེ་དཀའ་བཅུ་རིན་པོ་ཆེ་བློ་བཟང་ཆོས་དར་ཉིད་སྐུ་འཁོར་དང་བཅས་པ་ཉམས་དགའ་བག་ཕེབས་ཀྱི་གནས་འདིར་དགོན་ས་བརྟག་ཕྱིར་ཕེབས་པ་དུས་མཚུངས་སུ་མང་དགེ་བླ་མ་རྗེ་གྲུབ་པའི་དབང་ཕྱུག་དགེ་ལེགས་ཡར་འཕེལ་ཆེས་གཞོན་ནུའི་ངང་ཚུལ་ཅན་ཡང་དེར་ཕེབས་པའི་མིང་བཀྲ་བརྟགས་ཨོ་མཆོག་ཏུ་ལེགས་ཤིང་སྔར་བྱམས་མགོན་བླ་མ་རིན་པོ་ཆེ་གནང་[page 125] བའི་དུང་དཀར་དེ་འབུད་དུ་བཅུག་པས་གདངས་སྙན་དབྱངས་ཀྱི་ང་རོ་ཕྱོགས་ཀུན་འགེངས་པ་ཞིག་བྱུང་བ་བླ་མ་དམ་པ་གཉིས་ཀ་ལ་རྟེན་འབྲེལ་གྱི་སྒོ་དང་པོ་མཆོག་ཏུ་ལེགས་པ་ཞིག་བྱུང་བ་ཡིན་ལ། དེར་མ་ཟད་ཇི་སྐད་དུ་འཇམ་མགོན་དབྱངས་ཅན་གྲུབ་པའི་རྡོ་རྗེའི་འདོད་འཇོ་དཔག་བསམ་སྙེ་མ་ལས།

གཞོམ་བྲལ་རྡོ་རྗེའི་ཏིང་འཛིན་ཡུད་ཙམ་གྱིས། ལོག་འདྲེན་སྡེ་བརྒྱད་མ་ལུས་དམ་ལ་བཏགས། ལྐོག་གྱུར་ཆོས་ཀུན་ལག་མཐིལ་རྫས་བཞིན་གཟིགས།

བློ་བཟང་རྣམ་རྒྱལ་ཞེས་གསུངས་བ་བཞིན་ཁྱབ་བདག་གྲུབ་པའི་དབང་ཕྱུག་ལྷ་དགོན་བློ་བཟང་རྣམ་རྒྱལ་རིན་པོ་ཆེའང་མ་སྒྲིག་རྟེན་འབྲེལ་རང་གྲུབ་ཀྱི་ཉིན་དེར་གནས་དེར་ཕྱག་ཕེབས་པས་དམ་པ་གསུམ་ལྷན་ཅིག་ཏུ་ཞལ་འཛོམས་པའི་གཟའ་སྐར་དུས་སྦྱོར་ལེགས་པའི་ཉི་མ་དེ་ལ་ས་འདུལ་རྨིལ་འདིང་གི་འགོ་བཙུག་ནས་དམ་པ་གཉིས་ཀས་སའི་ཆོ་ག་སྦྱོར་དངོས་མཇུག་གསུམ་ཡོང་སུ་རྫོགས་པ་བརྒྱུད་ལྡན་བླ་མ་དམ་པའི་ཕྱག་བཞེས་ལྟར་མཛད་ནས་གནས་གཞི་རིམ་པར་ཆགས་ཏེ་དགེ་འདུན་གྱི་སྡེ་རྣམས་གོང་ནས་གོང་དུ་འཕེལ་བའི་བློ་བཟང་རྒྱལ་བ་གཉིས་པའི་རྣམ་ཐར་བཞིན་དུ་བསྟན་པའི་རྩ་བ་གཞི་གུསམ་གྱི་ཕྱག་བཞེས་གདམས་པའི་མཐིལ་དུ་བཟུང་ནས་མཇམ་མགོན་བླ་མའི་ལམ་རིམ་ཆེ་ཆུང་བློ་སྦྱོང་སོགས་ལ་ཐོས་བསམ་དང་།

གསང་འཇིགས་གཉིས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་སོགས་ཀློག་སྤོང་འཁོར་ལོ་གུསམ་གྱི་བྱ་བས་དུས་འདའ་བར་མཛད། དེ་ནས་བཟུང་ལྷ་མགོན་སྐུ་ཕྲེང་རིམ་བྱོན་བར་མ་ཆད་པར་སེར་ཤུལ་སྡེ་དགོན་གཉིས་དང་བླ་སློབ་ཏུ་འབྲེལ་བ་ཤ་སྟག་ཡིན་པར་མ་ཟད་ཆོས་སྲིད་གང་ཐད་ནས་གཞལ་དུ་མེད་པའི་བཀའ་དྲིན་གྱིས་སྐྱོང་བར་མཛད།

དེ་སྐབས་འཕགས་པ་ལྷ་སྐུ་ཕྲེང་བདུན་པ་འཇིགས་མེད་ཡེ་ཤེས་བསྟན་པའི་མགོན་པོའི་དུས་སུ་བྱོན་པ་ཆབ་མདོ་ལྕགས་ར་ངག་དབང་འཕྲིན་ལས་དཔལ་བཟང་གིས་ཀྱང་དཀའ་བཅུ་བ་ལ་བསྔགས་པའི་མེ་ཏོག་འཐོར་བཞིན་དགོན་པ་ལའང་ནང་རྟེན་ཐུབ་པ་མེ་ཐུབ་མར་གྲགས་པ་གནང་ནས་དགོན་པ་བདག་གིར་བཞེས་ཏེ་བླང་དོར་གྱི་སློབ་སྟོན་ཆབ་ཤོག་གི་ལམ་ནས་ཡང་ནས་ཡང་དུ་དགྱེས་བསྩལ་མཛད།

དེ་ནས་བཟུང་ལྕགས་ར་མཆོག་སྤྲུལ་རིམ་བྱོན་གྱིས་དགོན་འདི་ཐུགས་བརྩིས་བསྐྱངས་ཚུལ་འོག་ཏུ་འཆད་པར་བྱའོ།

དགོན་འདིའི་བདག་པོ་སྐུ་ཞབས་སྨན་ཤུལ་རིན་པོ་ཆེའི་སྐྱེས་རབས་ཀྱི་ཕྲེང་བ་རགས་རིམ་ཞིག་བརྗོད་ན་ལབ་སྐྱེབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེའི་བཀའ་ལུང་གིས་གསལ་བ་བཞིན་མཚན་གྱི་ཐོའུ་འགོད་པ་ནི། ལྷ་མིའི་རྣམ་འདྲེན་ཟས་གཙང་སྲས་པོའི་སྤྱན་སྔར་འཕགས་མཆོག་བློ་གྲོས་རྒྱ་མཚོ།

དེ་ནས་དཔལ་ལྡན་ཕྱོས་ཀྱི་གླང་བོ། གྲུབ་པའི་དབང་ཕྱུག་ལྭ་བའི་ན་བཟའ་ཅན། བླ་ཆེན་དགོངས་པ་རབ་གསལ་རྣའ་འབྱོར་བ་བྱང་ཆུབ་རིན་ཆེན། འདུལ་བ་འཛིན་པ་གྲགས་པ་རྒྱ་མཚན། ཨ་རིག་ར་རྒྱ་དགོན་གྱི་ཁྲི་ཐོག་དང་བོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཁྲི་རྒན་ཡེ་ཤེས་ཀུན་བཟང་།

པཎ་ཆེན་བསྟན་པའི་ཉི་མའི་བཀའ་ལུང་གིས་སྨན་ཤུལ་ཨེར་ཏི་ནི་མེར་གེན་ཆེ་བི་ལི་ཐུ་ཞེས་བསྔགས་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན། རྗེ་བཙུན་ངག་དབང་ཆོས་ཀྱི་ཉི་མ་འཇམ་དཔལ་ཡེ་ཤེས་བསྟན་འཛིན། རྗེ་བློ་བཟང་[page 126] འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་ཉི་མ་འདིའོ།

ཆོས་སྡེ་འདི་ཉིད་ཐོག་མར་ཐུགས་བརྩེས་བདག་གིར་བཞེས་པ་པོ། སྨན་ཤུལ་ཨེར་ཏི་ནི་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་དཔལ་བཟང་པོའི་རྣམ་པར་ཐར་བ་བརྗོད་པ་ལ་རྗེ་འདི་ཉིད་གང་དུ་སྐུ་འཁྲུངས་པའི་གནས་ནི།

འཇམ་མགོན་རྒྱལ་བ་གཉིས་པ་སོགས་དམ་པ་སུ་མས་བྱིན་གྱིས་བརླབས་ཤིང་ཆོས་འཁོར་རྒྱ་ཆེར་བསྐོར་བའི་གནས་ཁྱད་པར་ཅན་སྐ་ཕུའི་ཆུ་འགོ་སེར་འབའ་ཞེས་ཡབ་སྨན་ཤུལ་བསོད་ནམས་དར་རྒྱས་དང་།

ཡུམ་བློ་བཟང་ཆོས་མཚོ་ཞེས་བྱ་བ་ཡབ་ཡུམ་གཉིས་ཀ་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པའི་སྲས་སུ་རབ་བྱུང་བཅུ་གསུམ་པའི་བགྲང་བྱ་ལྔ་བཅུ་ང་དགུ་བར་སོན་པའི་ལོ་སྤྱི་ལོ་1804ཆོས་སྡེ་འདི་ཉིད་ཆགས་ནས་ལོ་46ཏུ་སོན་པ་ཤིང་མོ་གླང་གི་ལོའི་ཆུ་སྟོད་ཟླ་བའི་ཚེས་ཉེར་དགུའི་ཉི་མ་རྩེ་ཤར་གྱི་དུས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། འཁྲུངས་ཙམ་ཉིད་ནས་སྐུ་སྟོན་ཟླ་ལྟར་དཀར་བ་དང་།

སྙན་ཤལ་རིང་དུ་འཕྱང་བ་སོགས་ཀུན་གྱི་ཡིད་དང་བ་འདྲེན་པའི་དམ་པའི་སྐྱེས་བུའི་མཚན་རྟགས་ཁྱད་འཕགས་དུ་མ་རང་ཆས་སུ་མངའ་ཞིང་བག་མེད་བྱིས་པའི་འཆལ་སྤྱོད་མཐའ་དག་ནི་རྒྱང་རིང་དུ་དོར་བ་ཞིག་ཡིན་ལ་དགུང་ལོ་ལྔ་བར་སླེབས་པ་ན་མཚུངས་མེད་ཤིང་གཟའ་རིན་པོ་ཆེ་བློ་བཟང་དར་རྒྱས་པས་ར་རྒྱ་དགོན་བཤད་སྒྲུབ་བྱམས་པ་གླིང་གི་ཁྲི་ཐོག་དང་བོ་དགེ་བཤེས་ཡེ་ཤེས་ཀུན་བཟང་གི་སྐྱེ་སྤྲུལ་འཁྲུལ་མེད་དུ་ཐག་བཅད།

དགུང་ལོ་དྲུག་པར་རྗེ་དེ་ཉིད་ཀྱིས་དགེ་ཚུལ་གྱི་སྡོ་པ་བདུད་རྩིའི་ཆུ་རྒྱུན་གྱིས་དམ་པ་འདིའི་ཐུགས་ཀྱིས་བུམ་བཟང་འགེངས་བར་མཛད་དེ། མཚན་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་ཅེས་གསོལ།

འཇམ་དཔལ་སྨྲ་བའི་སེངྒེ་དང་རྗེ་བཙུན་བྱམས་པ་མགོན་པོ་སོགས་ལྷག་ལྷ་དཔག་ཏུ་མེད་པས་དངོས་དང་མནལ་ལམ་ཅི་རིགས་པར་རྗེས་སུ་བཟུང་ཞིང་དམ་ཅན་རྡོ་རྗེ་ལེགས་པ་སོགས་སྲུང་མ་བྲན་དུ་འཁོར་བའི་རྟགས་མཚན་སུས་ཀྱང་མཐོང་ཐོས་ཀྱིས་གྲུབ་ལ།

ཕལ་བ་དང་ཐུན་མོང་དུ་མ་གྱུར་བའི་རྣམ་ཐར་ནི་ཆེས་མང་ཡང་འགོད་པ་སྐབས་སུ་མ་བབས་པས་རེ་ཞིག་བཞག་གོ། དགུང་ལོ་12པའི་དུས་ཆོས་གྲྭ་ཆེན་པོ་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་དགེ་འདུན་རྣམས་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད་དེ་དགོན་དེ་ཉིད་ཀྱི་ཆོས་གྲྭ་གསར་འཇུག་མཛད་ནས་རིགས་པའི་སྒོ་འབྱེད་བསྡུས་གྲྭ་ནས་བཟུང་།

ཕར་ཕྱིན་གྱི་བར་ལ་གསན་སྦྱོང་ཕུལ་དུ་ཕྱིན་པ་གནང་བར་མ་ཟད་དམ་པའི་ཡོནམག་འཛིན་དུ་མ་ལས་མདོ་སྔགས་ཟྦ་རྒྱས་ཀྱི་ཆོས་བཀའ་དཔག་ཏུ་མེད་པ་གསན། ཁྱད་པར་སྒོ་མང་ཤར་རྩེ་རྟ་འོན་པ་ཁྲི་རྒྱལ་མཚན་སེངྒེ་ལས་དབང་ཆེན་ཡང་གསང་ཁྲོས་པ་ལྷ་དགུའི་ཟབ་དབང་ཡོངས་སུ་རྫོགས་པ་ཐུགས་རྒྱུད་སྨིན་ངེས་སུ་མནོས།

དགུང་ལོ་ཉེར་གཉིས་བཞེས་པ་མེ་ཕོ་ཁྱིའི་ལོར་རྗེ་གསེར་ཁང་བ་ཆེན་པོ་བློ་བཟང་བསྟན་འཛིན་རྒྱ་མཚོ་སོགས་མཁན་སློབ་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྟན་པ་ཡོངས་སུ་རྫོགས་པའི་སྡོམ་པ་བཞེས་ནས་བསླབ་ཁྲིམས་ཕྲ་རགས་མ་ལུས་པ་སྤྱན་གྱི་འབྲས་བུ་ལྟར་བསྲུང་བར་མཛད།

ལོ་དེ་ལ་དབུས་གཙང་ཆོས་ཀྱི་ཕྱོགས་སུ་ཕྱག་བཏེགས་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་[page 127] གླིང་དེར་ཕེབས་འཕྲལ་དབང་ཆེན་རྣམ་སྤྲུལ་བྱེས་མཁན་ཆེན་བསོད་ནམས་གྲགས་པས་དབང་ཆེན་ཡང་གསང་ཁྲོས་པ་ལྷ་དགུའི་དཀྱིལ་འཁོར་དུ་བཅུག་སྐབས།

གཙོ་བོ་ཉིད་རིགས་ཀྱི་ལྷན་ཐོབ་སྟོན་པ་ལྷ་ལས་བབས་པའི་ཟླ་ཚེས་མཆོག་ཏུ་དགེ་བ་བསྟུན་མཁས་གྲུབ་བྱེ་བའི་འབྱུང་གནས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་ཆོས་ཐོག་དེའི་རིང་ལ་བསྡུས་ཆུང་འཛིན་གྲྭར་བཞུགས་དེ་ནས་བསྡུས་གྲྭ་གཞན་ལ་དམ་བཅའ་བཞག་ནས་གཞུང་གསར་འཛིན་གྲྭར་ཕེབས་སྐབས་རྒྱ་བོད་གཞུང་ལུགས་རྒྱ་མཚོར་སྦྱངས་བརྩོན་མཛད།

ཉམས་བཞེས་ཀྱི་གཙོ་བོ་དམ་པའི་ཡོངས་འཛིན་གཙུག་རྒྱན་དུ་བསམ་སྦྱོར་དག་པས་བསྟེན་པ་དང་། ཐོས་དོན་སྒྲུབ་ལ་གཞོན་བ་ཁོ་ནས་དུས་མདའ་བ་ཞིག་ཡིན་པར་མ་ཟད་གཞན་དག་ལའང་དགེ་བསྐུལ་དེ་བ་རང་མཛད་དེ་བསླབ་བྱ་གསུང་མགུར་གྱི་རིམ་པ་དུ་མ་དང་།

རྗེ་བླ་མའི་རྣམ་ཐར་གསོལ་འདེབས་དད་པའི་པདྨོ་རྒྱས་པའི་ཉིན་བྱེད་སོགས་ལྕགས་རྩོམ་གནང་ངོ་།།

དེ་ལྟར་གཞུང་ཆེན་བཀའ་པོད་ལྔ་མདོ་སྔགས་རིག་གནས་དང་བཅས་པ་ཐུགས་སུ་ཆུད་པའི་རྗེ་འདི་ཉིད་དགུང་ལོ་ཉེར་བརྒྱད་ལོན་པ་ཆུ་འབྲུག་ལོའི་མཇུག་ཏུ་བྱ་བྲལ་ཁང་ཚན་གྱི་གྲྭ་རྒན་པ་རྣམས་ཀྱི་གྲྭ་ཚང་བྱེས་དང་ཁང་ཚན་རིན་པོ་ཆེའི་དོན་དུ་ཁམས་ཕྱོགས་སུ་འབུལ་སྡུད་ལ་ཕེབས་དགོས་ཞེས་ནན་ཏན་གྱིས་བསྐུལ་བ་ན།

རྗེ་འདིས་ཆོས་རྗེ་ཤར་བ་རིན་པོ་ཆེར་རྒྱུ་མཚན་ཞུས་པས་ཤར་བ་རིན་པོ་ཆེས་བསླབ་བྱ་གནང་བའི་ཟོལ་གྱིས་འབྱུང་འགྱུར་ལུང་བསྟན་འདི་ལྟར་མཛད་དེ། ཤིན་ཏུ་ལེགས་འོང་ཁམས་ཕྱོགས་སུ་ཡུན་རིང་བཞུགས་དགོས་ཞུ་མཁན་ཡོད་ན་སླར་འབྱོན་ཆད་བྱེད་དགོས་ནའང་འབྱོན་ཐེངས་འདི་ལ་ལོ་གསུམ་ལས་མ་བཞུགས་པ་ལེགས་གསུངས།

དེ་ནས་ཁམས་ཕྱོགས་སུ་བསྟན་འགྲོའི་ཕན་བདེ་རྒྱ་ཆེན་པོ་སྤེལ་ཐུབ་པའི་ཐུགས་སྨོན་ཟབ་རྒྱད་གནང་ནས། ཆུ་སྤྲུལ་ཧོར་ཟླ་གཉིས་པའི་ཚེས་བཅུ་དགུ་ལ་ཁམས་ཕྱོགས་སུ་ཆིབས་བསྒྱུར་མཛད་དེ་རིམ་པར་ཕེབས་ནས་སེར་ཤུལ་གྱི་ས་ཞ་དཀར་ཆེན་ཐང་དུ་ཕྱག་ཕེབས་པ་དང་། དགེ་རྩེ་བླ་མ་ཤེས་རབ་བཟང་པོ་ཟེར་བ་དེར་བྱོན་པ་དུས་འགྲིག

དེས་མཚམས་སྦྱར་ཏེ་སྦྱིན་བདག་གི་ཐོག་མ་བསྟན་པ་ཡར་འཕེལ་ཟེར་བ་ཞིག་བྱུང་བ་རྟེན་འབྲེལ་ཤིན་ཏུ་ལེགས་དགོངས་ཏེ་དེ་རིང་ཅིས་ཀྱང་དགོན་ཐོག་ཏུ་འབྱོན་དགོས་སྦྱིན་བདག་གིས་སར་གནང་ཙམ་ཡང་བྱོན་ཆོག་གསུངས་ནས་སྟོན་པ་ཐུབ་པའི་དབང་བོད་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཟླ་ཁྱད་པར་ཅན་ཆུ་སྟོད་ཟླ་བའི་ཆོས་བཅོ་ལྔ་ལ་ཆོས་སྡེ་ཆེན་པོ་ཐེག་ཆེན་དར་རྒྱས་གླིང་དུ་ཕྱག་ཕེབས་པ་དང་དུས་མཚུངས་དགེ་འདུན་རྣམས་དབྱར་གནས་ལ་འདུ་བ་བྱུང་བ་སོགས་ཆེད་དུ་བསྒྲིགས་པ་ལྟ་བུའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་སྒོ་དུ་མ་ནས་འགྲིགས།

དགེ་འདུན་བདུན་ཅུ་ལྷག་ཙམ་ལ་ཀུན་འདུས་ནོད་བུའི་ལུགས་ཀྱི་དགའ་ལྡན་ལྷ་བརྒྱ་མའི་ཟབ་ཁྲིད་རྒྱས་པ་ཉིན་གསུམ་གྱི་བར་དུ་བསྩལ་བ་ནས་བཟུང་ཟླ་བ་དྲུག་ལྷག་ཙམ་དུ་སེར་སྐྱ་མཆོག་དམན་སོ་སོའི་འདོ་བློའི་ཡོལ་གོ་སོ་སོའི་འདོད་ཆོས་ཀྱི་བདུད་རྩིས་འགེངས་ངེས་པར་མཛད་ཅིང་།

དཀའ་བཅུ་འཕྲིན་ལས་ཆོས་འཕེལ་དང་ས་སྐྱོང་བློ་བཟང་རྣམ་རྒྱལ་སོགས་ཀྱིས་དགོན་འདིར་ཡུན་ཏུ་བཞུགས་དགོས་[page 128] ཀྱི་ཞུ་བ་ཕུལ་བར་ད་ལམ་གྲྭ་ཚང་རིན་པོ་ཆེ་དང་ཁང་ཚན་གྱི་མཐུན་ཆས་ཀྱི་དངོས་པོ་འདི་དག་བརྩིས་འབུལ་མ་འགྱངས་བར་དགོས་པ་དང་ཤེར་རྩེ་རིན་པོ་ཆེས་གུསངས་ཚུལ་བཅས་ཀྱིས་དབུས་ཕྱོགས་སུ་ཡར་འབྱོན་དགོས་ཀྱང་བསྟན་དགོན་གྱི་བདག་པོ་མཛད་པ་དགྱེས་བཞིན་དུ་ཞལ་བཞེས་གནང་སྟེ་ཡི་དམ་ཁང་བ་གསར་འཛུགས་མཛད།

དུས་ཚེས་མཆོག་ཏུ་དགེ་བའི་ཉིན་སྔ་དྲོ་མང་ཇ་ཞིག་བཏང་ནས་བྱང་ཆུབ་ལམ་རིམ་ཆེན་མོའི་དབུ་ནས་བརྩམས་ཏེ་བཀའ་ཆོས་གུསང་བཤད་དང་། དེ་ནས་ཆོས་ཁྲིའི་ཁར་བཞུགས་ནས་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བའི་དབུ་ནས་རྩི་བཞག་གནང་བ་སོགས་ཕྱིའི་འབྱུང་འགྱུར་གྱི་རྟེན་འབྲེལ་བཟང་བོའི་དབུ་དེ་ཉིན་ནས་འཛུགས་པར་མཛད།

ལོ་དེའི་སྟོན་དུས་དབུས་ཕྱོགས་སུ་ཆིབས་བསྐྱོད་ནྫད་དེ་རྒྱལ་ཟླ་བའི་ཚེས་ཉེར་བདུན་ལ་བཤད་སྒྲུབ་མ་ལུས་པའི་འབྱུང་གནས་སེ་རྭ་ཐེག་ཆེན་གླིང་དུ་ཕྱག་ཕེབས་གྲྭ་ཚང་བྱེས་ཁང་ཚན་ཕུར་ལྕོགས་བྱམས་པ་ཁྲི་བྱང་ཆུབ་ཆོས་འཕེལ། ཁྲི་འཇམ་དཔལ་ཚུལ་ཁྲིམས།

ཤར་རྩེ་རིན་པོ་ཆེ་སོགས་བླ་ལྷ་དགོན་སྡེ་ཐམས་ཅད་གཅེས་དགུའི་དངོས་པོའི་མཆོད་འབུལ་གྱིས་དགྱེས་པར་མཛད།

ཁྲི་ཆེན་འཇམ་དཔལ་ཚུལ་ཁྲིམས་དང་ཤར་རྩེ་རིན་པོ་ཆེ་གཉིས་ནས་གྲྭ་སའི་མིང་བཏགས་ལེན་པ་ལས་གཙང་ཕྱོགས་སུ་བྱོན་ནས་ས་པཎ་ཆེན་ཐམས་ཅས་མཁྱེན་པའི་ཞབས་ལ་གཏུགས་ན་དགོས་དོན་ཆེ་བར་ལུང་བསྟན་པ་ལྟར་དགུང་ལོ་34བ་ས་ཁྱི་ལོའི་ཟླ་བ་བཅུ་བར་གཙང་ཕྱོགས་སུ་ཕྱག་བཏེགས་ནས་བཀྲ་ཤིས་ལྷུན་པོར་ཕྱག་ཕེབས་པར། པཎ་ཆེན་ཐམས་ཅད་མཁྱེན་པོ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་ལ་རྒྱལ་བའི་སྡེ་དཔལ་བཟང་བོ་དང་ཕྱོགས་དེའི་བླ་ལྷ་དགེ་འདུན་དང་བཅས་པ་རྒྱ་ཆེན་མཆོད་འབུལ་གྱི་བཀོད་པས་དགྱེས་པར་མཛད།

ཁྱད་པར་པཎ་ཆེན་ཐམས་ཅད་མཁྱེན་པའི་སྐུའི་མདུན་སར་གནམ་བསྐོས་གོང་མ་རིན་པོ་ཆེའི་བཀའ་ལུང་གིས་གཟེངས་བསྟོད་ཀྱི་བཀའི་གསེར་ཡིག་སླེབ་པའི་བཀའ་འགྲོའི་ཚོགས་གླེང་རྗེ་འདི་བ་དང་མཁན་ཆེན་ཐོགས་མེད་པ་གཉིས་ལ་བཀའ་ཕེབས་པར་ལྟར། སེམས་བསྐྱེད་ཆོས་འཁོར་སྐབས་བརྒྱད་པ་རྣམས་ཀྱི་ཚོགས་གླེང་མཛད་སྐབས།

རྩོད་ལན་གཉིས་ཆར་དམ་པ་འདི་ཉིད་ཕུལ་དུ་ཕྱིན་པར་གྱུར་ནས་དགྱེས་པའི་མཆོད་སྤྲིན་དུ་ལེགས་པར་སྨིན་པར་གྱུར་བ་ཞིག་བྱུང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་ཀྱང་ཐུགས་དགྱེས་པ་ཆེན་པོའི་ཉམས་དང་བཅས་ཏེ་ལེགས་སོའི་བདག་རྐྱེན་གཟེངས་བསྟོད་འགྱུར་མེད་བཀའ་ལུང་བཟང་བོས།

ཨེར་ཏི་ནི་མེར་རྒན་མཁན་པོ་མན་ཤུལ་ཞེས་རྒྱལ་བསྟན་འཛིན་སྤེལ་གྱི་བྱེད་པོའི་མཁན་པོར་མངའ་གསོལ་ནས་འཇའ་ས་ཐམ་ཀ་བཅས་བསྩལ་ཏེ་མདོས་མད་སོགས་སུ་བསྟན་འགྲོའི་དོན་དགོས་ཚུལ་གྱི་བཀའ་ཕེབས་གནང་།

དེ་ནས་གཙང་ཕྱོགས་ནས་འཇམ་མགོན་བླ་མའི་གདན་ས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕྱག་ཕེབས་མཛད་ནས་ཁྲི་རིན་པོ་ཆེ་འཇམ་དཔལ་ཚུལ་ཁྲིམས་པའི་ཞབས་ལ་གཏུགས་ཏེ་ཡབ་སྲས་གཉིས་ཟབ་རྒྱས་ཆོས་ཀྱི་གསུང་གླེང་རྒྱ་ཆེར་མཛད་སྐབས།

ཁྲི་རིན་པོ་ཆེ་ནས་ཁྱེད་རང་ཁམས་ཕྱོགས་སུ་བྱོན་ནས་འཇམ་མགོན་བླ་མའི་བསྟན་པ་སྤེལ་བ་ལ་སྙིང་སྟོབས་དང་བརྩོན་པའི་སྤུང་ཤུགས་དྲག་པོ་བསྐྱེད་དང་འདི་ནས་[page 129] དགའ་ལྡན་གསེར་ཁྲིར་འགོད་པ་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་འཕྲིན་ལས་ཀྱིས་བསྟན་པ་དང་སེམས་ཅན་བགྲང་ལས་འདས་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་ངོ་དོན་འདི་ལ་དགོངས་ནས་པཎ་ཆེན་ཐམས་ཅད་མཁྱེན་པའི་སྐུའི་མདུན་ས་ནས་ཀྱང་ཁྱེད་ལ་ལེགས་སོའི་གཟེངས་བསྟོད་ཀྱི་བདག་རྐྱེན་ངང་གིས་བསྩལ་ཏེ་དགའ་ལྡན་རིང་ལུགས་དྲི་མ་མེད་པའི་ཆོས་ཀྱི་རྒྱལ་སྲིད་གཏན་ནས་དེ་འཛིན་པའི་བླ་ཆེན་གྱི་གོ་སར་མངའ་གསོལ་བར་མཛད་པ་ལགས་པས།

དེ་དང་མཐུན་པར་མཛོད་གཉེར་གསོལ་དཔོན་གཟིམ་དཔོན་གྱིས་མཚོན་པའི་ལས་ཚན་དྲུང་འཁོར་གྱི་རྣམ་གྲངས་དང་། དབུ་གདུགས་རྟ་དར་གྱིས་མཚོན་པའི་ཆས་ཡོ་བྱད་གང་ཐད་ནས་རྟེན་འབྲེལ་མ་འཕྱུགས་པ་གྱིས་གསུངས་ནས་ཁྲི་རིན་པོ་ཆེ་རང་གི་དབུ་གདུགས།

བསྟན་པའི་བདག་པོའི་སྣང་བརྙན་སོགས་དང་དབུགས་དབྱུང་བསྔགས་བརྗོད་རྒྱ་ཆེར་གནང་སྟེ་མདོ་སྨད་སོགས་སུ་བསྟན་འགྲོའི་དོན་དགོས་ཚུལ་གྱི་བཀའ་ལོབ་ཕེབས། དབུས་སུ་ཕེབས་ནས་འདི་བར་ལྷ་དང་བླ་བ་རྟེན་དྲུང་ཆོས་སྡེ་ཆེན་པོ་སོགས་སུ་རྣམ་ལྔའི་མཆོད་པ་འགྲོ་གང་ཆེ་དང་འབྲེལ།

བསྟན་འགྲོའི་དོན་དུ་ཐུགས་བསྐྱེད་རྒྱ་ཆེན་པོ་ཡང་ནས་ཡང་དུ་ལན་མང་དུ་མཛད་པའི་ཐུགས་བསྐྱེད་ཀྱི་མཐུ་ཡོངས་སུ་སྨིན་པ་ལྕགས་བྱི་ལོ་དགུང་ལོ་སོ་དྲུག་ཏུ་སླེབས་པའི་དུས་སུ་མདོ་སྨད་དུ་ཆིབས་ཁ་བསྒྱུར་ཏེ་རིམ་གྱིས་ཆོས་སྡེ་ཆེན་པོ་བཤད་སྒྲུབ་ཐར་བ་གླིང་དུ་ཕྱག་ཕེབས།

དགུང་ལོ་སོ་བདུན་པ་ལྕགས་གླང་ཟླ་བ་གསུམ་པའི་ཚེས་བཅུ་གཅིག་ལ་སླར་ཇི་ལྟར་ཞལ་བཞེས་གནང་བ་བཞིན་ཆོས་སྡེ་འདིའི་མི་འཇིགས་ཆོས་ཀྱི་ཁྲི་ལ་༧ཞབས་སེན་བཀྲ་ཤིས་ཀྱི་རེ་ཁ་བརྟན་པོར་བཀོད་དེ་སྤྱིར་གདན་སའི་སྒྲིག་ལམ་རིམ་བཞིན་འཛུགས་པར་མཛད་ཅིང་།

ཁྱད་པར་དུ་༡ཁྲིམས་གཙང་ཕྱོགས་ལ་ཞིབ་འཇུག་ནན་ཆེར་མཛད་པས་བསྟན་པ་ལ་སྐུ་དྲིན་ཤིན་ཏུ་ཆེ།

ཐུགས་མཐུན་ཕྱོགས་ལ་གཟིགས་ཞིབ་རྒྱ་ཆེར་གནང་བས་དགེ་འདུན་ཐམས་ཅད་ཆོས་སྲིད་གང་ཐད་ནས་ཕྱར་བ་ཟུར་འདེགས་ཀྱི་དཔེ་བཞིན་དུ་གྱུར།། ཆོས་བཤད་སྒུརབ་ཀྱི་འཆད་ཉན་ཉམས་པ་སལར་གསོ་གནས་པ་ཡར་སྤེལ་སྲོལ་མེད་གསར་འཛུགས་ཀྱིས་གང་ཅིའི་ཕྱོགས་ནས་སེར་ཐེག་ཆེན་གླིང་གི་རྗེས་སུ་འགྲོ་བ་ཞིག་མཛད།

དགོན་འདི་ལ་མདོ་སྔགས་ཀྱི་གྲྭ་ཚང་གཉིས་སུ་ཕྱེ་བའི་ཐུགས་དམ་གནས་བསྐུལ་དང་འཕྲིན་བཅོལ་མཛད་པའི་ནུབ་དེར་ཆོས་སྡེ་འདིའི་སྔར་གྱི་རྡོ་ཏིང་དེ་རང་བྱུང་གིས་དུམ་བུར་སོང་བ་རྟེན་འབྲེལ་མཆོག་ཏུ་གཟིགས་ནས་རྨད་བྱུང་ཐོས་བསམ་གླིང་གྲྭ་ཚང་དང་། གསང་སྔགས་རྒྱུད་གྲྭ་ཚང་གཉིས་ཕྱེ་ནས་གཏན་འཇགས་མཛད།

རྗེ་རང་གིས་རྨད་བྱུང་ཐོས་བསམ་གླིང་མཁན་པོ་དང་། ཚད་མའི་སྐྱེས་ཆེན་ཧོར་བློ་བཟང་བཟོད་པས་རྨད་བྱུང་རྒྱུད་པ་གྲྭ་ཚང་གི་མཁན་པོ་མཛད་ནས་ཐོས་བསམ་གླིང་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཕྱག་ལེན་ལྟར་དང་། རྒྱུད་པ་གྲྭ་ཚང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་ལེན་ལྟར་འཛུགས་པར་མཛད་པ་ཡིན་ནོ།

རྨད་བྱུང་ཐོས་བསམ་གླིང་གྲྭ་ཚང་གི་བཤད་སྒྲུབ་ཆོས་སྤྱོད་ཇི་ལྟར་ཕྱག་བཞེས་གནང་ཚུལ་མདོ་ཙམ་སྨོས་པ་ནི། གྲྭ་ཚང་འདི་ལ་འཛིན་གྲྭ་བཅུ་གཅིག་ཡོད་པ་ལས། དང་པོ་གསར་བུ་བ་རྣམས་ལོ་བཅུ་སྐོར་[page 130] ཡན་མན་ཙམ་གྱི་རིང་བསྡུས་གྲྭ་ཁག་གསུམ་གྱི་འཛིན་གྲྭར་བཞུགས་སྐབས།

རིགས་ལམ་སྒོ་བརྒྱ་འབྱེད་པའི་བསྡུས་ཚན་དང་། དབུ་ཕར་གཞུང་བརྒྱའི་རྩ་བ་རྒྱན་འཇུག་དང་བསྟོད་ཚོགས་སྨོན་ལམ་ཆོ་ག་ཆོས་སྤྱོད་བཅས། བྱིས་པའི་རོལ་རྩེད་ངང་ནས་བྱང་ཆུབ་པར་མཛད། དེ་ནས་དམིགས་བསལ་ཁྱེད་པར་ཅན་གྱི་སྐབས་མ་གཏོགས་འཛིན་གྲྭ་རེར་ལོ་ལྔ་རེར་བཞུགས་དགོས་ལ་དེ་ཡང་གཞུང་གསར། གཞུང་རྙིང་། ཟུར་བཀོལ།

ཕར་ཕྱིན། དབུ་མ། འདུལ་བ། མཛོད་པ་གསར་བ་དེ་ལོ་སུམ་བཅུ་སོ་ལྔའི་རིང་ལ་གཞུང་ཆེན་བཀའ་པོད་ལྔ་རང་རང་གི་བཤད་བྱ་རྩ་བའི་མདོ་རྩ་བ་འགྲེལ་བ་འགྲེལ་བཤད་བཅས་འཕགས་ཡུལ་མཁས་པའི་དབང་བོ་འཛམ་གླིང་རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་ལེགས་པར་བཀྲལ་བའི་བསྟན་བཅོས་རྣམས་དང་།

སྙིགས་དུས་རྒྱལ་པའི་མཚུངས་མེད་ཀུན་མཁྱེན་བླ་མ་ཤར་ཙོང་ཁ་པ་ཆེན་པོ་ཡབ་སྲས་བརྒྱུད་འཛིན་བཅས་ཀྱིས་རྒྱལ་བསྟན་ཡོངས་སུ་རྫོགས་པ་ལ་རྟོགས་པ་དང་ལོག་པར་རྟོག་པ་དང་། ཐེ་ཚོམ་གྱི་ཆོས་ཕྲ་མོ་ཙམ་ཡང་མི་མང་མངའ་བར་ཚུལ་བཞིན་བཤད་པའི་བསྟན་བཅོས་རྣམས་དང་།

ཁྱད་པར་དུ་ཡང་འཇམ་དབྱངས་མིའི་རྣམ་སྤྲུལ་ལུང་རིགས་སྨྲ་བའི་ཁྲུ་མཆོག་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས། གོ་བ་སྤམ་བཤད་དུ་མ་སོང་། དཔྱད་པ་ཐལ་ཆེ་བ་མ་ཡིན་པར་གོ་རིགས་ཟུང་དུ་འབྲེལ་བའི་སྤྱི་མཐས་མཚོན་པའི་རྒྱ་བོད་ཀྱི་གཞུང་ལུགས་རྒྱ་མཚོ་ཆེན་པོར་རྣམ་དག་ཐོས་བསམ་སྒོམ་པའི་གྲུ་གཟིངས་བརྟན་པོ།

གུས་རྟག་བརྩོན་པ་མཆོག་གི་མཐུན་པའི་རླུང་གིས་བསྐྱོད་པས་མདོ་སྔགས་རིག་གནས་མ་ལུས་པའི་དགོངས་དོན་ནོར་བུའི་བང་མཛོད་ལ་མངའ་བརྙེས་པའི་ཚད་མའི་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟ་བུ་བགྲང་ལས་འདས་པ་རིམ་པར་བྱོན་པ་རྣམས་ཀྱིས་སྒྲུབ་པའི་རྒྱལ་མཚན་རྣམ་པ་གསུམ་ལེགས་པར་འཛུགས་པར་མཛད་པ་ཡིན་ནོ།། དཔལ་ལྡན་རྒྱུད་པ་གྲྭ་ཚང་གིས་བཤད་སྒྲུབ་ཆོས་སྤྱོད་ཀྱི་རིམ་པ་ཕྱག་བཞེས་ཇི་ལྟར་གནང་བའི་ཚུལ་མདོ་ཙམ་སྨོད་པ་ནི།

གྲྭ་ཚང་འདི་ལ་འཛིན་གྲྭ་གསུམ་ཡོད་པ་ལས། དང་བོ་གསར་བུ་བ་རྣམས་བསྐྱེད་རིམ་གྱི་འཛིན་གྲྭར་ལོ་བདུན་བརྒྱད་ཙམ་བཞུགས་སྐབས། དཔལ་ལྡན་གསང་བ་འདུས་པའི་རྩ་བའི་རྒྱུད། འཇིགས་གསང་བདེ་གསུམ་ཆོ་ག་ཡོངས་རྫོགས་དང་། བསྐང་གསོ་བསྟོད་ཚོགས་ཆོས་སྤྱོད་སྨོན་ལམ་བཅསང་། ཞལ་འདོན་མཐའ་དག་ཐུགས་ལ་བྱང་བར་མཛད།

ཟབ་རྒྱས་གཞུང་གི་སྒོ་འབྱེད་པའི།། རིགས་ལམ་འཕྲུལ་གྱི་ལྡེ་མིག་དང་།། གར་ཐིག་རྡུལ་ཚོན་དབྱངས་རོལ་དང་།། ཕྱག་རྒྱ་རྩེད་འཇོའི་རྣམ་པ་སྦྱངས།། དེ་ནས་ཊི་ཀ་ཆུང་བའི་འཛིན་གྲྭ་ལོ་བཅུ་ཕྲག་ཙམ་བཞུགས་སྐབས་གསང་ཆེན་རྒྱུད་སྡེ་རྣམ་བཞིའི་ས་ལམ་གྱི་བགྲོད་ཚུལ་དང་ལམ་ཐུན་མོང་བའི་རྣམ་བཞག་བྱང་ཆུབ་ལམ་གྱི་རིམ་པ་ཆེ་ཆུང་བློ་སྦྱོང་བསླབ་བྱའི་རིམ་པ་ལ་གཟིགས་དཔྱོད་རྒྱ་ཆེར་མི་ཆུང་བ་དང་།

གསང་བདེ་འཇིགས་གསུམ་སོགས་གསང་ཆེན་རྒྱུད་སྡེ་རྣམ་བཞིའི་བློས་བསླངས་བཞེངས་ཚུལ་རྡུལ་ཚོན་གྱི་བཀོད་པ་རས་བྲིས་ཀྱི་དཀྱིལ་འཁོར་ཅི་རིགས་པའི་ཐིག་རྩ་ཚོན་ཐོབ། ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་སོ་སོའི་ཐབ་ཐིག་ཚོན་འབྱེད་ཀྱི་ཕྱག་ལེན་ཆེ་ཕྲ་མཐའ་དག་སྒྲོ་སྐུར་དང་བྲལ་བ་བྱང་ཆུབ་པར་མཛད།

དེ་ནས་ཊི་ཀ་ཆེ་བའི་[page 131] འཛིན་གྲྭར་ཕེབས། རྣམ་མང་ཐོས་པ་རྒྱ་མཚོའི་འཇུག་ཡུལ་གྱི་གཙོ་བོ་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་གིས་མཐའ་དྲུག་ཚུལ་བཞིའི་ཕྱག་རྒྱས་ལེགས་པར་བཏབ་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ལྡན་གསང་བ་འདུས་པའི་རྩ་བའི་རྒྱུད་འདུ་པ་ཕྱི་མའི་རྒྱུད་དང་བཅས་པ།

བཤད་པའི་རྒྱུད་ལྔ། ཟླ་བས་སྒྲོན་གསལ། ཡབ་རྗེ་རྒྱལ་བ་གཉིས་པའི་མཆན་བུ་མཐའ་དཔྱོད་རིན་ཆེན་མྱུ་གུ་བསྡུས་དོན་བཞི་སྦྲགས་པས་འགྲེལ་བ་བཞི་སྦྲགས་ཞེས་གྲགས་པ་དེ་དང་། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་ལམ་གྱི་གནང་རྣམ་པར་ཕྱེ་བ་དང་།

རིམ་ལྔ་གསལ་བའི་སྒྲོན་མེ་བཅས་གཙོ་བོར་བཟུང་ནས་གཞུང་དོན་མཐའ་གཅོད་པའི་ཡན་ལག་ཏུ་རྒྱ་བོད་ཀྱི་པཎ་གྲུབ་སོ་སོས་མཛད་པའི་གཞུང་རྣམས་དང་བསྐྱེད་རྫོགས་ཀྱི་ཡིག་ཆ་ལ་ཐོས་པ་དཔྱིས་ཕྱིན་པར་མཛད་པས་རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་དགོངས་དོན་མ་ལུས་པ་མངོན་དུ་གྱུར།

དཔལ་ལྡན་འཁོར་ལོ་སྡོམ་པ་ལ་སྒྲུབ་པ་སྙིང་བོར་མཛད་པས་རྩ་རླུང་ཐིག་ལི་ནུས་པ་ཁྱད་པར་དུ་འཕགས་པས་ཐུན་མོང་མཆོག་གི་དངོས་གྲུབ་ལ་མངའ་བརྙེས།

ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་ཟབ་མོས་བར་ཆད་བདུད་སྡེའི་གཡུལ་ངོ་རྨེག་མེད་དུ་བཅོམ་སྟེ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་གྱི་རྩེ་མོར་གསེར་མདོག་ཅོ་པཎ་འཆང་བའི་རིང་ལུགས་དྲི་མ་མེད་པའི་ནོར་བུ་ཡིད་བཞིན་དབང་གི་རྒྱལ་པོ་མི་ནུབ་སྲིད་མཐའི་བར་ཏུ་བསྒྲེངས་བར་མཛད་པ་ཡིན་ནོ།

ཆོས་སྡེ་འདི་ཆབ་མདོ་ལྕགས་ར་ངག་དབང་འཕྲིན་ལས་དཔལ་བཟང་སོགས་སྐུ་ཕྲེནག་རིམ་བྱོན་གྱིས་ཇི་ལྟར་ཐུགས་བརྩེ་བསྐྱངས་ཚུལ་ནི།

ལྕགས་ར་བླ་བྲང་གི་ནང་རྟེན་དམ་ཅན་ཆོས་རྒྱལ་ནང་སྒྲུབ་ཀྱི་ཞལ་འབག་བྱིན་རླབས་དང་འཕྲིན་ལས་ཀྱི་རྟགས་མཚན་སྐྱེ་བོ་རང་ག་བ་རྣམས་ལ་ཡང་མངོན་སུམ་དུ་གྱུར་བ་ཞིག་ཡོད་པ་ཆོས་སྡེ་འདིར་དད་རྟེན་དུ་གནང་གྲབ་མཛད་པ་ན་བླ་བྲང་སྐུ་འཁོར་དག་གིས་མི་འོས་བར་ཞུས་ནས་ཞལ་འབག་གསར་བཟོ་སྤུས་ལེགས་པ་ཞིག་བཞེངས་ནས་འདི་གནང་ནས་འཐད་པར་གསོལ་བས།

ཨེ་ངེད་ཚོ་བླ་སློབ་དམ་ཚོགས་ཤིན་ཏུ་གཙང་ཞིང་ཁོང་ཚོའི་བསོད་ནམས་ཀྱི་བགོ་སྐལ་ཅི་འདྲ་ཡོད་ཁྱེད་ཚོས་ཤེས་ཨེ་ཡོང་གསུང་། སང་ནང་བར་གནང་རྒྱུ་ཡིན་པའི་ནུབ་མོར་བླ་བྲང་སྐུ་འཁོར་ཚོར་ཤོག་གསུངས་ནས།

རྟེན་གང་བྱོན་ཆོས་སྐྱོང་རང་གིས་དགོངས་པ་ལས་འོ་ཅག་གིས་མི་ཤེས་མོད་འོན་ཀྱང་ཁྱེད་རང་ཚོས་ཡིད་ཆེས་སྐྱེད་ཕྱིར་ནནང་རྟེན་ཁང་གི་སྒོའི་ལྡེ་མིག་ཁྱེད་རང་ཚོས་ཉར་ཚགས་ལེགས་པོ་གྱིས་གསུངས་ནས། ལྡེ་མིག་ཁོང་ཚོ་ལ་གཏད་དེ་བླ་མ་རང་གིས་འཕྲིན་བཅས་གང་ཟབ་གནང་།

ཕྱི་ནང་བར་སྐུ་འཁོར་ཚོ་འོང་བ་ན་ཞལ་འབག་སྔ་མ་དེ་འོད་ཀྱི་ལེ་དེར་བྱོན་འདུག་པས་སྐུ་འཁོར་དག་གིས་བྱ་ཐབས་གཞན་མ་བྱུང་ངོ་། དེ་ནས་བླ་མ་རིན་པོ་ཆེ་འཁོར་བཅས་གཟའ་སྐར་དུས་སྦྱོར་ལེགས་པ་ཉེ་མ་དེ་ཉིད་ལ་ཆིབས་ཁ་འདི་ཕྱོགས་སུ་བསྒྱུར་སྐབས་སྔར་གྱི་ཞལ་འབག་བྱིན་ལྡན་དེ་དང་།

རྗེ་རང་ལ་གོང་ས་ལྷ་མིའི་རྣམ་འདྲེན་ཀུན་གཟིགས་རྒྱལ་བའི་དབང་བོ་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོས་ཕྱག་བསྩལ་མཛད་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་ཚེམས་རིང་བསྲེལ་གྱི་བྱུར་བུར་གཏམས་[page 132] ཤིང་བྱིན་རླབས་ཀྱི་འོད་ཆགས་འབར་བ་སྲིད་ན་རྙེད་པར་དཀའ་བ་དང་། ཕྱག་ཕྲེང་གི་གཙོས་རྟེན་གསུམ་དང་ཆོས་སྐྱོང་གཞན་གྱི་ཞལ་འབག་དང་། གཞན་དངོས་པོ་གྱ་ནོམ་པ་དུ་མ་བསྣམས་ནས་རིམ་བཞིན་འབྱོན་པར་མཛད་པས་སྡེ་འདིར་ཕྱག་ཕེབས།

ཆོས་སྡེ་འདིའི་ཆོས་ཀྱི་ཁྲི་ལ་ཞབས་སེན་བཀྲ་ཤིས་ཀྱི་རཱེ་ཁ་མཛེས་པར་བཀོད་དེ་བརྩེ་ཆེན་ཐུགས་རྗེའི་ཀློང་ནས་ཟབ་རྒྱས་ཆོས་ཀྱི་ཆར་བ་རྒྱ་ཆེར་ཕབས་པས་ཐར་བ་དང་ཐམས་ཅད་མཁྱེན་པའི་སྒོ་ཡངས་བོར་ཕྱེ་ནས་སྨིན་པ་དང་གྲོལ་བའི་སྐྱེ་བོས་ས་འདི་འགེངས་བར་མཛད།

ཐུགས་སྨོན་མཚམས་སྦྱོར་གྱི་རིམ་པ་རྒྱ་གང་ཆེ་དང་འབྲེལ་གོང་གསལ་གྱི་ནང་རྟེན་ཁྱད་འཕགས་རྣམས་དང་གྱ་ནོམ་པའི་དངོས་པོ་བཅས་ཐུགས་དགྱེས་པ་ཆེན་པོས་ཉམས་དང་ལྡན་པས་བསྩལ་བའི་བཀའ་དྲིན་གྱི་ལན་ཞིང་ཁམས་རབ་འབྱམས་རྒྱ་མཚོ་རིན་ཆེན་དང་བོད་བྱུར་བུར་བཀང་སྟེ་ཕུལ་ཡང་ཆ་ཤས་ཙམ་གཞལ་བར་ནུས་པ་མ་ཡིན་ནོ།

དེ་ནས་སྐུ་རྗེས་མ་ལྕགས་ར་ཆོས་འཁོར་མ་མི་ཚད་ལས་ཆུང་ཙམ་དང་ཟབ་རྒྱས་ཀྱི་ཆོས་བཀའ་མང་དུ་གནང་། བར་ཏུ་ཕེབས་སྐབས་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་དང་། གོས་བཟང་ལས་གྲུབ་པའི་ཕན་རིང་ཆ་བཅས་དང་། ཟབ་རྒྱས་ཀྱི་གདམས་པ་མང་དུ་གནང་།

རྗེས་སུ་ཕེབས་སྐབས་ཆོས་བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དབང་ཆེན་སོགས་ཟབ་རྒྱས་ཀྱི་ཆོས་བཀའ་ཅི་རིགས་པ་གསུངས། སྒྲིག་ལམ་ལ་གཟེངས་བསྟོད་དང་ད་ཕན་བཙན་པ་ཡར་ལྡན་དུ་ཡོད་དགོས་ཚུལ་གྱི་བཀའ་སློབ་དང་འབྲེལ་མང་ཇའི་རྟེན་ལ་ཟོག་བརྒྱ་དང་བཅུ་གཅིག སྐྱོགས་སེར་བཞི་བཅུ་གནང་།

ཐུབ་པའི་སྐྱེས་རབས་སོ་བཞི་བའི་ཞལ་ཐང་སུམ་ཅུ་སོ་ལྔ་གོང་ཤམ་བཟང་གོས་ཙནྡན་གྱི་དྲིལ་ཤིང་དང་ལྡན་པ་དང་། ཡ་ནེ་ཚོས་གཉིས་མ་འགང་ཆེ་བ་ལ་བྲི་གཞི་བྱས་པའི་ཆོས་བྱང་ཆུསབ་ལམ་གྱི་རིམ་པ་དང་། དམ་ཆོས་འདུལ་བའི་དགོངས་དོན་ལྟར་བླང་དོར་ཁྲིམས་སུ་བཅའ་བའི་བཀའི་ཡི་གེ་ལྕགས་རྩོམ་གནང་།

ནག་ཆུ་རྐུ་གསུམ་གྱིས་ཁྲིམས་རལ་བ་དང་། དགེ་འདུན་གྱི་ནང་ཁྲིམས་དང་མི་བསྟུན་པར་སྒོམ་གསུམ་མེད་ཀྱི་བྱ་བར་རང་དགར་སྤྱོད་པ་འགའ་མཆིས་པ་གནས་དབྱུང་མཛད་དེ། སེར་ཤུལ་དགོན་སྡེ་གཉིས་ཀ་ཐུགས་བརྩེས་སྐྱོང་བ་དནག་ཁྱད་པར་དུ་ཡང་བསྟན་པའི་གཞི་རྩ་སོ་ཐར་གྱི་བསླབ་པ། བསྟན་པ་འཛིན་སྤེལ་བཤད་སྒྲུབ་ཀྱི་འཆད་ཉན།

བསྟན་པའི་རྒྱུད་འཛིན་དགེ་འདུན་གྱི་སྡེ་རྣམས་འཕེལ་ཞིང་རྒྱས་པའི་ཐབས་འབའ་ཞིག་ཐུགས་ཁུར་ལྷུར་བཞེས་གནང་བས་སྐུ་ཞབས་སྨན་ཤུལ་རིན་པོ་ཆེ་དང་མཛད་འཕྲིན་ངོ་བོ་དབྱེར་མེད་དུ་གྱུར། ཆོས་སྡེ་འདི་རི་བོ་དགའ་ལྡན་པའི་ཕྱག་ལེན་རྣམ་ཐར་གཙང་མ་རྒྱུན་སྐྱོང་མཛད་པ་ཞིག་ཡིན་པ་འདི་དམ་པ་འདིའི་བཀའ་དྲིན་ཡིན་ནོ།

དེའི་སྐུ་རྗེས་མ་ལྕགས་རྭ་ངག་དབང་ཆོས་ཀྱི་ཉི་མ་ཡང་ཆོས་སྡེ་འདཻར་ལན་དུ་མར་ཕེབས་ནས་གོང་མའི་རྣམ་ཐར་བཞིན་ཆོས་དང་སྲིད་ཀྱི་བཀའ་དྲིན་གཞལ་དུ་མེད་པས་སྐྱོང་བར་མཛད། དེའི་སྐུ་རྗེས་མ་ངག་དབང་བློ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན་ཡང་སྡེ་འདིར་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་མདོ་དང་སྔགས་ཀྱི་[page 133] ཆོས་ཀྱི་བདུད་རྩིས་སེར་སྐྱ་སོངས་ཀྱི་རེ་བའི་ཡོལ་གོ་འགེངས་བར་མཛད་པ་ཡིན་ནོ།

དེའི་སྐུ་རྗེས་མས་ལྕགས་ར་འཇམ་དཔལ་སྐལ་བཟང་འཇིགས་མེད་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་ཡང་སྡེ་འདིར་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་ཆོས་དང་སྲིད་ཀྱི་བཀའ་དྲིན་རྒྱ་ཆེན་པོས་བརྩེ་སྐྱོང་བསམ་གྱིས་མི་ཁྱབ་པ་གནང་བ་ཡིན་ནི། བྱིན་རླབས་ཐུགས་བརྩེའི་ཆུ་འཛིན་གཡོ་བ་ཡི། སྐྱེས་ཆེན་ཀླུ་ཡི་དབང་པོ་གཞན་གྱིས་ཀྱང་།

བྱིན་ལྡན་རྟེན་གསུམ་སྤྲིན་གྱི་མེ་ཏོག་འདིར། ཕབས་པས་བཤད་སྒྲུབ་དབྱར་གྱི་མཚོ་ཆེན་བརྡོལ། རྫ་ལྷ་མགོན་བློ་བཟང་རྣམ་རྒྱལ་ནས་བཟུང་། ལྷ་མགོན་མཁྱེན་རབ་འོད་ཟེར་བློ་བཟང་ཐུབ་བསྟན་ཉི་མ། བློ་བཟང་རབ་རྒྱས་བསྟན་པའི་རྒྱལ་མཚན་ནམ་འཇམ་དཔལ་དབྱངས་ཅན་དགྱེས་པའི་རྡོ་རྗེ། བློ་བཟང་ཐུབ་བསྟན་སྐལ་བཟང་ཉི་མ།

ཐུབ་བསྟན་མཁས་གྲུབ་སྐལ་བཟང་བསྟན་པའི་སྒྲོན་མེ། བྱམས་པ་མཁས་གྲུབ་བློ་བཟང་རྒྱལ་མཚན་གྱི་བར་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་མདོ་དང་སྔགས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ཆོས་བཀའ་བཟམ་གྱིས་མི་ཁྱབ་པ་དང་། སྐུ་གསུང་ཐུགས་རྟེན་འགངས་ཆེ་ལ་གྲངས་མང་བ་དང་།

བཟང་གོས་སྣ་ཚོགས་ལས་གྲུབ་པའི་མཆོད་རྫས་རྒྱ་ཆེ་བ་དགྱེས་བསྩལ་གནང་བ་སོགས་བསྐལ་བའི་བར་དུ་འཁོར་མཐའ་དང་བྲལ་བའི་བཀའ་དྲིན་རྒྱ་ཆེན་པོས་བསྐྱོངས་བར་མཛད་དོ། ཧོར་ཆོས་རྗེ་བློ་བཟང་བསྟན་འཛིན་མཐུ་སྟོབས་ནས་བཟུང་།

ངག་དབང་ཆོས་འཕེལ་བསྟན་པའི་རྒྱལ་མཚན་བློ་བཟང་དཔལ་ལྡན་བསྟན་འཛིན་ཆོས་གྲགས་ཀྱི་བར་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་བརྩེ་བ་ཆེན་པོས་བསྐྱངས་ཤིང་། ཁྱད་པར་དུ་ཉག་རོང་དང་ཨམ་བན་གྱིས་གཏོར་བརླགས་ཐེབས་ནས་ཉམས་དམས་ཐོག བཀའ་དྲིན་བརྗོད་མཐའ་དང་བྲལ་བས་བདག་རྐྱེན་མཛད། ཁྱད་པར་དུ་ཆོས་རྗེ་ངག་དབང་ཆོས་འཕེལ་བས།

ཇོ་བོའི་གསེར་སྐུ་མི་ལོ་བརྒྱད་ཙམ་གྱི་བོངས་ཚོད་རྒྱུའི་ཡེ་མེད་ཀྱང་གྲུབ་པའི་སྐྱེས་བུ་འགའ་ཡིས་ཀྱང་ལྷ་སའི་ཇོ་བོ་དང་བྱིན་རླབས་མཉམ་པར་ལུང་བསྟན་པའི་ཇོ་བོའི་གསེར་སྐུ་གནང་།

ཆོས་རྗེ་བློ་བཟང་དཔལ་ལྡན་པས་ཉིད་ཀྱི་སྐུ་གོང་མའི་གོང་མ་ལ་རྒྱལ་བདང་ཐམས་ཅས་མཁྱེན་པ་སྐལ་བཟང་རྒྱ་མཚོའི་སྐུའི་མདུན་ས་ནས་ཕྱག་བསྩལ་གནང་བའི་ཇོ་བོའི་གསེར་སྐུ་ལི་མ་འཁྲུལ་མེད་གླང་དར་མས་ཕྱག་རྟགས་བརྒྱབ་པ་བྱིས་པ་ལོ་གཅིག་ཙམ་ལོན་པའི་བོང་ཚད་ཅན་དགྱེས་བསྩལ་དང་།

ཟབ་རྒྱས་ཀྱི་ཆོས་བཀའ་དུ་མས་སྐྱོང་བར་མཛད་དོ། དགའ་ལུང་དཔལ་གྱི་ལྷ་སའི་ལབ་ཆོས་སྡེ་དགོན་གྱི་སྤྲུལ་སྐུ་རྣམ་གསུམ་གྱིས་ཀྱང་བཀའ་དྲིན་ཆེན་པོས་ཡང་ནས་ཡང་དུ་བསྐྱངས་ལ།

ཁྱད་པར་དུ་བསྟན་པའི་སྒྲོན་མེ་བློ་བཟང་བསྟན་རྒྱས་ཀྱིས་གནས་མཆོག་འཕགས་པའི་ཡུལ་གྱི་དཔལ་ནྭ་ལེཎྜའི་དགོན་པ་ནས་གདན་དྲངས་པའི་གཎྜི་དང་གན་གཡོག་གཉིས་ཀ་རྒྱུ་ཙནྟན་དམར་པོའི་ལྗོན་པ་གཅིག་ལས་གྲུབ་པའི་ཚད་ལྡན་ཤེས་ཕྱིན་ག་ཏེའི་སྒྲ་རང་བྱུང་གིས་སྒྲོགས་པ་དམ་པའི་སྐྱེས་བུའི་ཐོས་པའི་ནང་རྟེན་ངོ་མཚར་ཅན་དགྱེས་བསྩལ་མཛད།

བཀའ་དྲིན་མཚུངས་མེད་དྲུག་པ་རྡོ་རྗེ་འཆང་དང་ངོ་བོ་དབྱེར་མ་མཆིས་མ་ཐུབ་བསྟན་ངག་དབང་བློ་བཟང་རབ་ཡངས་བས། ཀུན་གཟིགས་ལྔ་བ་ཆེན་པོའི་ཐུགས་དམ་གྱི་རྟེན་དབང་ཆེན་ཡང་གསང་ལྷ་དགུའི་ཞལ་ཐང་ཤིང་སྤང་བྱས་པ་དགྱེས་པའི་[page 134] ངང་ནས་བསྩལ།

ཆོས་སྡེ་འདིར་ཁྲི་ཐོག་རིམ་པར་བྱོན་པའི་མཚན་གྱི་ཐོ་ནི། ཁྲི་ཐོག་དང་པོ། སྨན་ཤུལ་ཨེར་ཏི་ནི་མེར་གེན་ཆེ་བི་ལིག་ཐུ་ཞེས་བསྔགས་པ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་ལགས། དེ་ལ་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་།

དགའ་ལྡན་ཁྲི་ཆེན་འཇམ་དཔལ་ཚུལ་ཁྲིམས་གཉིས་ཀྱི་བསྟན་པའི་བདག་པོ་འཇའ་ས་གནང་བ་རང་གི་གདན་ས་འཛིན་པ་དག་ལ་གཏན་འཇགས་སུ་གཏད་དོ། ཁྲི་ཐོག་གཉིས་པ་ཧོར་བློ་བཟང་བཟོད་པ། ཁྲི་ཐོག་གསུམ་པ་ངག་དབང་ཡེ་ཤེས་བསྟན་འཛིན། ཁྲི་ཐོག་བཞི་བ་སོག་པོ་དགེ་བཤེས་བསོད་ནམས་ཡར་འཕེལ། ལྔ་བ་སྡེ་ཁྲི་བློ་བཟང་ཕུན་ཚོགས།

དྲུག་པ་ཨ་མྱེ་བསོད་ནམས་ཕུན་ཚོགས། བདུན་པ་ཤིར་རིན་བློ་བཟང་ཐུབ་བསྟན་རྒྱ་མཚོ། བརྒྱད་པ་ཨག་གནམ་བློ་བཟང་དར་རྒྱས། དགུ་པ་དགེ་རྩེའི་ལྷ་རམས་པ་བློ་བཟང་ཐུབ་བསྟན། བཅུ་བ་ཨ་མྱེ་གསེར་ཁྲི་དགེ་ལེགས་རབ་མཆོག བཅུ་གཅིག་པ་ཨག་གནམ་དགེ་བཤེས་ངག་དབང་དོན་ལྡན། བཅུ་གཉིས་པ་ཨ་ལག་ངག་བདང་ལེགས་བཤད།

བཅུ་གསུམ་པ་ཨ་སྒྲེས་མཁྱེན་རབ་སངས་རྒྱས། བཅུ་བཞི་པ་ཨག་གནམ་ཡེ་ཤེས་གྲགས་པ། བཅོ་ལྔ་བ་ཨ་སྤེན་དགེ་བཤེས་བློ་བཟང་རྒྱལ་མཚན། བཅུ་དྲུག་པ་ཇོ་བོའི་བློ་བཟང་རྣམ་རྒྱལ། བཅུ་བདུན་པ་དགེ་བཤེས་དགེ་འདུན་དར་རྒྱས། བཅོ་བརྒྱད་པ་དབུ་རྒན་འཇམ་དཔལ་ཡེ་ཤེས་རྒྱ་མཚོ། བཅུ་དགུ་བ་ཇོ་སེ་དགེ་བཤེས་བློ་བཟང་བསྟན་འཛིན།

ཉི་ཤུ་པ་ཡག་སྐྱ་བློ་བཟང་བསྟན་དར། ཉེར་གཅིག་པ་འབུམ་གསར་དགེ་བཤེས་བློ་བཟང་བསམ་གཏན། ཉིར་གཉིས་པ་ཁྲི་བརྟན་ཆོས་མཛད་བློ་བཟང་དགེ་ལེགས་རབ་རྒྱས། ཉེར་གསུམ་པ་ཨ་པད་བློ་བཟང་དགེ་ལེགས་བསྟན་འཛིན། ཉེར་བཞི་བ་དཔོན་ཚང་དཀོན་མཆོག་རྒྱལ་མཚན། ཉེར་ལྔ་བ་དགེ་ལེགས་བསྟན་དར། ཉེར་དྲུག་པ་ཨ་ཤུལ་བློ་བཟང་བསྟན་དང་།

ཉེར་བདུན་པ་དགེ་རྩེ་དགེ་བཤེས་བློ་བཟང་དོན་གྲུབ། ཉེར་བརྒྱད་པ་ནང་ཆེན་བློ་བཟང་ཆོས་ལྡན། ཉེར་དགུ་པ་གང་བློ་བཟང་ཚུལ་ཁྲིམས་ཏུབ་བསྟན་རབ་རྒྱས། སུམ་བཅུ་པ་དགོན་པ་བློ་བཟང་དགེ་ལེགས་བསྟན་དར། སོ་གཅིག་ལི་ཐང་དགེ་བཤེས་བློ་བཟང་དཔལ་ལྡན། འདི་ཡང་གྱི་དགེ་བཤེས་ནི་གདན་ད་གསུམ་གང་རུང་གི་དགེ་བཤེས་ཡིན།

སོ་གཉིས་པ་ཇོ་བོ་འཇམ་དབྱངས་བསྟན་པའི་སྒྲོན་མེ། སོ་གསུམ་པ་རྒྱ་ར་ཐུབ་བསྟན་ཆོས་ཀྱི་ཉི་མ། སོ་བཞི་བ་དཔོན་སྤྲུལ་རིན་པོ་ཆེ་ཐུབ་བསྟན་དགེ་ལེགས་བསྟན་པའི་ཉི་མ། སོ་ལྔ་པ་རང་དགོན་གྱི་བཤེས་འབུམ་རྙིང་བློ་བཟང་འཕྲིན་ལས། སོ་བདུན་པ་དཔོན་སྤྲུལ་ཐུབ་སྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་དང་།

སོ་བརྒྱད་པ་ཐུབ་བསྟན་བློ་བཟང་བསྟན་པའི་ཉིན་མའམ་ཁྲི་ལས་འཛིན་པ་ཨ་ཤུལ་བླ་མ་བློ་བཟང་བཀྲ་ཤིས་འདི་རྣམ་པ་གཉིས་ནས་ད་ལྟར་བསྟན་འགྲོའི་དོན་དུ་ཞལ་བཞུགས་སོ།

སྐྱེས་ཆེན་དམ་པ་འདི་དག་གི་ཁྲི་འཛིན་སྐབས་གསུང་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ཆེ་ཆུང་སོགས་ལམ་རིམ་རྣམས་དང་། ཐུབ་པ་ཆེན་པོས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་རླབས་ཆེན་རྒྱལ་སྲད་ཀྱི་སྤྱོད་པ་ཇི་ལྟར་སྐུ་ཉམས་སུ་བཞེས་པའི་ཚུལ་གསལ་བར་སྟོན་པ་སྐྱེས་རབས་སོ་བཞི་པ་དང་། བདེ་བ་ཅན་[page 135] དུ་སྐྱེས་བ་འཛིན་པའི་རྒྱུ་བཞི་གསལ་བར་བྱེད་པ་ཞིང་མཆོག་སྒོ་འབྱེད་དང་། བསྟན་པའི་རྩ་བ་དགེ་ཚུལ་སློང་གི་བསླབ་པ་སྦྱིན་པ་སོགས་ཆོས་སྲིས་ཀྱི་རྣམ་དཀར་གྱི་རིགས་མ་ལུས་པ་སྒོ་ཀུན་བས་དར་རྒྱས་ཡུན་གནས་སུ་བྱེད་པའི་ཐབས་ཁོ་ན་ཐུགས་ལྷུར་བཞེས་གནང་བ་ཤ་སྟག་ཕེབས་པ་ཡིན་ནོ།

ཞ་སེར་མནབས་པའི་དགེ་འདུན་ལ་གུས་ཤིང་། སྔོན་བསགས་བསོད་ནམས་དཔུང་གིས་དྲག་ཤུལ་ཅན། ས་སྤྱོད་དཔོན་གྱི་ཕྲེང་བ་རིམ་བྱུང་རྣམས། ཆོས་སྲིད་གཉིས་ཀར་བཀའ་དྲིན་ཤིན་ཏུ་ཆེ། དཔོན་པོའི་ཐོག་མ་སོག་པོ་བསོད་ནམས་དར་རྒྱས། གཉིས་པ། དེའི་བུ་བློ་བཟང་རྣམ་རྒྱལ། གསུམ་པ། དེའི་བུ་དཀོན་མཆོག་དར་རྒྱས། བཞི་བ།

དེའི་བུ་མགོན་པོ་བསོད་ནམས། ལྔ་བ། དེའི་བུ་སྦྲ་ཆུང་མགོན་པོ་དབང་དར། དྲུག་པ་ནོས་ཞེས་བསོད་ནམས་རབ་བརྟན། བདུན་པ་སྦྲ་ཆེན་མགོན་པོ་ཚེ་རིང་། འདི་ལ་བུ་སྤུན་བཞི་ཡོད། བརྒྱད་པ། ཆེ་བ་མགོན་པོ་སྟོབས་ལྡན། དགུ་བ། སྤུན་ཆུང་བ་དཔོན་གཡུང་བཀྲ་ཤིས་དབང་བསྡད། སྤུན་གཞན་གཉིས་སེར་རྒྱུད་ཡིན།

བཅུ་བ་མགོན་སྟོབས་ཀྱི་བུ་ཀུན་དགའ་དབང་རྒྱལ་བཅུ་གཅིག་པ་སྦྲ་ཆེན་དཀོན་མཆོག་དོན་གྲུབ་རྣམས། དེ་དག་གི་ནང་ནས་བློ་བཟང་རྣམ་རྒྱལ་གྱི་སྐུ་རིང་ལ་ཆོས་སྡེ་འདི་ཕྱག་འདེབས་པར་མཛད། དཀོན་མཆོག་དར་རྒྱས་ཀྱི་སྐུ་རིང་ལ། དཔོན་ཚང་སྤྲུལ་བའི་སྐུ་ངག་དབང་ལྷུན་གྲུབ་དང་།

དཔོན་ཚང་ཁྲི་བ་དཀོན་མཆོག་རྒྱལ་མཚན་གསུམ་གྱིས། དགོན་འདིའི་རབ་བྱུང་དག་སྤེལ་དང་སྒྲིག་ལམ་གསར་འཛུགས། སྒྲིག་ཡིག་ལམ་སྒྲོན་ཆེན་མོ་ལྗགས་རྩོམ་གནང་སྟེ། ཁོང་གསུམ་གྱིས་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད། ཀུན་དགའ་དབང་རྒྱལ་གྱི་སྐུ་རིང་ལ།

དགོན་བདག་བླ་མ་སྨན་ཤུལ་རིན་པོ་ཆེ་ངག་དབང་ཆོས་ཀྱི་ཉི་མ་འཇམ་དཔལ་ཡེ་ཤེས་བསྟན་འཛིན་དཔལ་བཟང་བོ་དང་། ཐོས་བསམ་གླིང་གྲྭ་ཚང་གི་མཁན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས་ལྷ་རམ་པ་ལི་ཐང་བློ་བཟང་དཔལ་ལྡན་གསུམ་གྱིས་གཙོ་འགན་བཞེས་ཏེ།

རབ་བྱང་བཅུ་དྲུག་པའི་མེ་བྱི་ཧོར་ཟླ་བ་བཅུ་བའི་ཚེས་བཅུ་གཅིག་ལ་པཎ་ཆེན་རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་བོ་བསྟན་དགོན་འདིར་གདན་དྲངས་ཏེ་འཇིགས་བྲལ་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོ་ཞབས་སེན་གྱི་རི་མོ་རྣམ་པར་བཀོད།

དེ་སྐབས་མདོ་སྔགས་ཀྱི་གྲྭ་ཚང་ཟུང་གི་མཁན་པོ། དགེ་བཤེས་བློ་བཟང་དཔལ་ལྡན་དང་། སྒོམ་པ་བློ་བཟང་དགེ་ལེགས་བསྟན་དར་གཉིས་ཀྱི་བཀའ་འགྲོས་ཀྱི་ཚོགས་གླེང་ཕུལ་བས། འདྲེན་མཆོག་མཚུངས་བ་མེད་པ་ཐུགས་དགྱེས་པའི་འཛུམ་མདངས་བཞད།

ཚེས་༡༣ལ་སེར་སྐྱ་མཆོག་དམན་ཡོངས་ཀྱི་རྡོ་བཅས་ཀྱི་ཕུང་བོ་མ་སྤངས་བར་བདེ་ལྡན་དག་པའི་ཞིང་དུ་དངོས་སུ་ཕྱིན་པ་ལྟ་བུའི་རྒྱལ་བ་འོད་མཐའ་ཡས་པའི་མཐོང་གྲོལ་མཚན་དཔེའི་སྐུ་མཆོག་ཆུ་བུར་མིག་གི་དགའ་སྟོན་དུ་གྱུར།

དགྱེས་གསུང་ཟབ་རྒྱས་ཀྱི་ལེགས་བཤད་དྲུག་ཅའི་གསུང་དབྱངས་ཀྱིས་གདམས་པས་སྲིད་ཞིའི་འཇིགས་པ་བརྒྱ་སྐྱོབ་པའི་བློ་བཟང་སྙན་རྒྱུད་བདུད་རྩའི་རྒྱ་མཚོསརེ་བའི་ཡོན་གོ་གང་བར་གྱུར། ཚེས་[page 136] བཅོ་ལྔ་ལ།

ཕྱི་ནང་གི་གྲྭ་སྟོང་ཕྲག་རྒལ་བ་ལ་དགྱེས་པ་ཆེན་པོས་དུས་ཚིགས་གསོ་སྦྱོང་གི་བླ་མ་མཛད། ཚེས་༡༨ལ་དུས་འཁོར་ལྷ་གཅིག་གི་རྗེས་གནང་རྩལ། དེ་སྐབས་སྔོན་འགྲོའི་གསུང་བཤད་ལ་བཀའ་པོད་ལྔ་དནག་མདོ་སྔགས་ཀྱི་གནས་མ་ཚང་བ་མེད་པའི་གསུང་བཤད་ཞིབ་རྒྱས་གནང་། གཞན་དགའ་ལྡན་ལྷ་བརྒྱ་མ། དམིགས་བརྩེ་མ། ཚེ་གཟུངས།

མཁའ་སྤྱོད་དང་ཤམྦྷ་ལར་སྐྱ་བའི་སྨོན་ལམ་དང་། སྐྱབས་འགྲོ་མ་ནི་སོགས་ཟབ་རྒྱས་ཀྱི་ཆོས་བཀའ་མང་དུ་གསུངས། མཇལ་ཁ་ཐམས་ཅན་གྱི་སྐབས་སུ་གྲྭ་ཕྱག་དཔེ་བ་རྣམས་ཀྱིས་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའ་དང་།

རྩོད་རྒྱུག་སྙན་སྒྲོན་སྐབས་སྤྱན་ལམ་དུ་སོན་པ་དག་ཀྱང་མི་གཟིགས་པའི་ཚུལ་གྱིས་སྙན་གཏད་གནང་མཐར་གྲྭ་ཕྱག་དཔེ་བ་ཟང་གྲས་ཐམས་ཅད་ལ་ཁ་བཏགས་རེ་མགུལ་བསྐོན་མཛད། དགེ་འདུན་གྱི་ཞལ་གྲངས་ཙམ་གཏོགས། སྒྲིག་ལམ་ནི་གདན་ས་ལས་ཀྱང་ཆེས་ལྷག་པ་ཞིག་རེད།

རྩོད་གྲྭའང་མ་དགོན་དང་བི་དགོན་ངོ་མཉམ་པའི་གཟེངས་བསྟོད་ཆེས་མཐོ་བའི་མཛད་དེ་ད་ཕན་ཆད་ལོ་རེ་རེ་བཞིན་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་རེ་གཏོང་རྒྱུའི་ཕྱག་སྲོལ་བཟང་བོ་གསར་འཛུགས་མཛད་སྒོས་ཀྱི་བཀའ་བཟང་སྤྱི་བོར་ཕེབས།

སྐྱབས་རྗེ་རང་གི་བཀའ་ལུང་གིས་ཕྱག་དཔེ་བ་བཟང་གྲས་ལྔ་ལ་མཚན་བཏགས་གནང་བ་རྣམས་རིམ་པ་བཞིན། རབ་རྒྱས་མེ་གླང་ལོའི་སྨོན་ལམ་ལ་ཨང་དང་བོ། བློ་བཟང་ཚེ་བརྟན། གཉིས་པ་ངག་དབང་ཐོགས་མེད། གསུམ་པ་ཐུབ་བསྟན་ལེགས་མཛེས་རྣམས་སོ། ས་སྟག་ལོ་ཨང་དང་པོ། འཕྲིན་ལས་ཚུལ་ཁྲིམས། གཉིས་པ་བློ་བཟང་བཀྲ་ཤིས།

ས་ཡོས་ལོ་ཚུལ་ཁྲིམས་བཟང་པོ། ལྕགས་འབྲུག་ལོ་དཔལ་ལྡན་དགའ་བ། ལྕགས་སྦྲུལ་ལོ་ཕུན་ཚོགས་དོན་གྲུབ། ཆུ་རྟ་ལོ་བསམ་འགྲུབ་རྡོ་རྗེ། ཆུ་ལུག་ལོ་བསོད་ནམས་ཡར་འཕེལ། ཤིང་སྤྲེལ་ལོ་བློ་བཟང་ཆོས་འཕེལ། ཤིང་བྱ་ལོ་ངག་དབང་སྦྱིན་པ། མེ་ཁྱི་ལོ་བློ་བཟང་ལེགས་འོང་། མེ་ཕག་ལོ་བློ་བཟང་བཀྲ་ཤིས། ས་བྱི་ལོ།

སྦྱིན་པ་སྐལ་བཟང་། ས་གླང་ལོ་ཐུབ་བསྟན་ཆོས་འབྱོར། ལྕགས་སྟག་ལོ་འཇམ་དཔལ་ཚུལ་ཁྲིམས། ལྕགས་ཡོས་ལོ་ཐུབ་བསྟན་དགེ་ལེགས། ཆུ་འབྲུག་ལོ་ཆོས་ཧོར་སྤྲུལ་སྐུ། ཆུ་སྦྲུལ་ལོ་ཐུབ་བསྟན་རྒྱ་མཚོ། ཤིང་རྟ་ལོ་ངག་དབང་ཆོས་དར། ཤིང་ལུགས་ལོ་དགེ་ལེགས་མཆོག་གྲུབ། ཐུབ་བསྟན་ཕུན་ཚོགས་གཉིས།

མེ་སྤྲེལ་ལོ་དགེ་ལེགས་བསྟན་འཛིན། མེ་བྱ་ལོ་བློ་བཟང་དར་རྒྱས། ས་ཁྱི་ལོ་དགེ་ལེགས་གྲགས་པ། ས་ཕག་ལོ་ཐུབ་བསྟན་དབང་པོ། ཆོས་སྒོས་ཕྱེ་ནས་ལྷ་རམས་པ་ནི་ཆུ་ཁྱིའི་ལོ་ཐུབ་བསྟན་ལེགས་སྒྲུབ། ཐུབ་བསྟན་དབང་པོ་གཉིས། ཆུ་ཕག་ལོ་ངག་དབང་དར་རྒྱས། ཤིང་བྱི་ལོ་བློ་བཟང་བསམ་གཏན། ཤིང་གླིང་ལོ་ཐུབ་བསྟན་ཆོས་འབྱོར།

མེ་སྟག་ལོ་མཁན་བློ་བཟང་ཐུབ་བསྟན། མེ་ཡོས་ལོ་མཁན་ངག་དབང་ལེགས་འོང་ས་འབྲུག་ལོ་ཐུབ་བསྟན་དཀོན་མཆོག ས་སྦྲུལ་ལོ་མཁན་བློ་བཟང་བསྟན་འཛིན་དང་བློ་བཟང་དོན་གྲུབ་གཉིས། ལྕགས་རྟ་ལོ་བློ་བཟང་བསམ་གྲུབ། ལྕག་ལུག་ལོ་འཇམ་དབྱངས་འཕྲིན་ལས། ཆུ་སྤྲེལ་ལོ་མཁྱེན་རབ་འོད་ཟེར། ཆུ་བྱ་ལོ་བློ་བཟང་རྣམ་རྒྱལ།

ཤིང་ཁྱི་ལོ་དཔལ་ལྡན་རྡོ་རྗེ་ཐུབ་བསྟན་བསམ་གཏན་གཉིས་སོ། ད་ལྟར་དགོན་འདིར་དགེ་བཤེས་ལྷ་རམས་པ་བཅུ་བཞི་ཞལ་བཞུགས་སོ།།

[page 137] བླ་ན་མེད་པའི་བཀའ་དྲིན་འདི་ལ་བརྟེན་ནས་སྤྱིར་ཆོས་སྡེ་འདིའི་གཞུང་ཆེན་བཀའ་པོད་རྣམ་ལྔའི་འཛིན་སྐྱོར་རྩོད་གྲྭ་ཆེས་ཆེར་འཕེལ་ཞིང་ཁྱད་པར་རབ་འབྱམས་འཛིན་གྲྭར་ཕེབས་པ་རྣམས་ཀྱིས་ལོ་ལྔའི་རིང་ལ་ལོ་རེ་བཞིན་ལྷ་བབས་ཕྱི་མའི་ཚེས་༢༢ནས་མཆིམས་འཇམ་པའི་དབྱངས་ཀྱིས་མཛད་པའི་འགྲེལ་བ་མངོན་པའི་རྒྱན་གྱི་དབུ་ནས་ཉིན་གཉིས་རེའི་ཤོག་བུ་མདའ་ཚད་མ་དྲུག་རེ་རྩ་བ་དང་སྦྲགས་རྩ་འགྲེལ་གཉིས་ཀ་སྒྲ་དག་གསལ་གསུམ་གྱིས་འཛིན་སྐྱོར་དང་དཔེ་འཆད་འབྲེལ་ཉིན་གཉིས་པ་ལ་ཉི་མ་ཕྱེད་ཡོལ་ཙམ་ནས་དམ་བཅའ་བཙུགས་ནས་གོ་རིམ་བཞིང་གྲྭ་སོ་སོ་ནས་སྐྱོར་དེ་མི་རེ་རེས་སྐྱོར་བ་ལ་བརྒལ་བརྟག་གི་སྒོ་ནས་གཏན་ལ་ཕབ་སྟེ་ཧོར་ཟླ་གུསམ་པའི་ཚེས་དྲུག་ནས་རྫོགས་ངེད་བྱེད།

དེའི་ཚེས་བདུན་ནས་འདུལ་བ་མདོ་རྩ་བ་མཚོ་ཊི་ཀ་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་དང་སྒྲགས་ནས་དཔེ་འཆད་དང་ཉིན་གཉིས་རེས་མཚོ་ཊི་ཀ་ཤོག་བུ་མདའ་ཚད་མ་ལྔ་རེ་འཛིན་སྐྱོར་དམ་བཅའ་སྔར་བཞིན་གནང་སྟེ་ཧོར་ཟླ་བརྒྱད་པའི་ཚེས་ཉེར་དགུའི་བར་འཛིན་སྐྱོར་མཛད་ནས་ལོ་གཉིས་ཀྱིས་རྫོགས་ངེས་བྱེད་པའི་ཕྱག་སྲོལ་བཟང་བོས་འདུལ་མངོན་རྒྱ་མཚོའི་གཞུང་གི་འཆད་རྩོད་རྩོམ་གསུམ་དབྱར་གྱི་ཆུ་གཏེར་བཞིན་དུ་འཕེལ།

དེ་ནས་ཟླ་བ་གཅིག་ལྷག་ལ་ཚད་མ་རྣམ་འགྲེལ་བརྒལ་བརྟག་གཏན་འབེབས་མཛད་ནས་དགུ་བའི་ཉིན་གཉིས་ནས་སྔར་ལྟར་ལགས་ཤིང་ཆོས་ཐུན་དང་དམ་བཅའ་གཅིག་ཙམ་ལའང་བྲེལ་བ་དམིགས་བསལ་གྱིས་ཆག་པ་མེད་པར་ཕྱག་ལེན་མཛད་དགོས་པ་ཡིན་ལ།

སྤྱིར་དགོན་འདིར་མདོ་དང་སྔགས་གྱི་བསྟན་བཅོས་ལྕགས་རྩོམ་གནང་ཐུབ་པའི་མཁས་གྲུབ་མང་དུ་བྱོན་པ་ལས་རགས་རིམ་ཞིག་བཀོད་ན།

སྦྲ་ཆེན་ཆོས་རྗེ་བློ་བཟང་ཕུན་ཚོགས་པའི་རྗེ་བླ་མའི་ལེགས་བཤད་ཉི་ཟླ་གཉིས་ལྟ་བུར་གྲགས་པ་དྲང་བ་དང་ངེད་པའི་དོན་རྣམ་པར་འབྱེད་པ་བསྟན་བཅོས་ལེགས་པར་བཤད་པའི་སྙིང་བོའི་དཀའ་འགྲེལ་ཟབ་དོན་གསལ་བའི་སྒྲོན་མེ།

རིམ་པ་ལྔ་གསལ་བའི་སྒྲོན་མེའི་མཐའ་དཔྱོད་གསང་ཆེན་ཀནྟ་བཞད་པའི་ལེགས་བཤད་སྒྲ་སྐར་བདག་པོ་ས་ལམ་དོགས་གཅོད་མཁས་དབང་དགོངས་རྒྱན། དབུ་མ་བཞི་བརྒྱ་བའི་འགྲེལ་བ་པོད་གཅིག་སོགས་པོ་ཏི་བཞི་ལྷག་ཙམ་ཡོད། འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་པའི་བསྡུས་གྲྭའི་སྤྱི་དོན་པོད་གཅིག།

དབུ་མའི་བསྟན་བཅོས་པོད་གཉིས། ཕར་ཕྱིན་རྒྱས་འགྲེལ་པོད་དྲུག་འགྲེལ་ཆུང་པོད་གཅིག། འདུལ་བ་དནག་མངོན་པའི་དགོངས་འགྲེལ་སོགས་བཀའ་པོད་ལྔའི་དགོངས་འགྲེལ་དང་ཐུན་མོང་གི་རིག་གནས་རྩིས་དཀར་ནག་ལ་ཉེར་མཁའི་རིགས་དུ་མ་དང་ཇོ་ནང་བཀའ་བརྒྱུད།

རྙིང་མ་སོགས་ཀྱི་ཁྲིད་ཡིག་སྣ་ཚོགས་དང་སྔགས་གསར་རྙིང་གི་དཀྱིལ་འཁོར་གྱི་ཐིག་ཡིག་བཅས་པོད་ཉེར་གཉིས་ཙམ། དཀྱིལ་འཁོར་ཕྱོགས་བསྡུས་བྱས་པ་འདི་འདྲ་འཛམ་གླིང་ན་མེད་སྐད། སྔགས་རྙིང་མ་ལ་དཀྱིལ་འཁོར་བཅོ་བརྒྱད་གསར་མ་ལ་དཀྱིལ་འཁོར་ལྔ་རེ་གྲགས།

ཁྲི་ཆེན་བློ་བཟང་ཐུབ་བསྟན་གྱིས་མཛད་པའི་བྱང་ཆུབ་སྤྱོད་འཇུག་ཆེན་མོའི་འགྲེལ་བ་ཀུན་བཟང་ཞིང་གི་ཉི་མ་སོགས་པོ་ཏི་གསུམ་ལྷག་ཙམ་ཡོད། མཁན་ཆེན་ངག་དབང་ཐོགས་མེད་པས་མཛད་པའི་ཞིང་མཆོག་སྒོ་འབྱེད་ཀྱི་འགྲེལ་བ་བདེ་ཆེན་[page 138] ཞིང་དུ་འགྲོད་པའི་ཐེམ་སྐབ་གསར་བ་དང་ཆོས་འབྱུང་ལེགས་བཤད་སོགས་པོད་གཉིས། ཁྲི་ཆོས་མཛད་བློ་བཟང་དགེ་ལེགས་རབ་རྒྱས་ཀྱིས་མཛད་པའི་ལམ་རིམ་དྲིས་ཞུས་སོགས་པོད་གསུམ་ལྷག་ཙམ་ཡོད། མཁན་ཆེན་རིན་པོ་ཆེ་ཐུབ་བསྟན་འཇམ་དབྱངས་ཉི་མས་གསུང་རྩོམ་པོད་བཞི་ཡོད།

དབུ་མཛད་བཀྲ་ཤིས་རྣམ་རྒྱལ་བས་མཛད་པའི་རྩིས་གཞུང་དོར་གསལ་བའི་ཉིན་བྱེད་སོགས་པོ་ཏི་གཉིས་ཙམ་ཡོད། ཁྲེ་ཆེན་བློ་བཟང་ཚུལ་ཁྲིམས་ཐུབ་བསྟན་རབ་རྒྱས་བས་མཛད་པའི་གཡང་འབོད་ཆེན་མོ་སྲིད་ཞིའི་ཕྱ་གཡང་འགུགས་པའི་ལྕགས་ཀྱུ་སོགས་པོ་ཏི་ཕྱེད་གཉིས་ཙམ་ཡོད།

མཁར་ནང་དཔོན་སྤྲུལ་མཁྱེན་རབ་འཇམ་དབྱངས་བློ་བཟང་འཕྲིམ་ལས་བས་མཛད་པའི་ཤེར་ཕྱིན་སྡུད་པའི་རྒྱ་ཆེར་འགྲེལ་སོགས་པོད་ལྔ་ཙམ་ཡོད། དབུ་མཛད་ཐུབ་བསྟན་ཕུན་ཚོགས་པས།

བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་ལེགས་བཤད་གསེར་གྱི་ཕྲེང་བའི་བསྡུས་དོན་མངོན་པ་མཛོད་རྩ་བའི་བསྡུས་དོན་སོགས་པོ་ཏི་གསུམ་ལྷག་ཙམ་བཙམས་ཡོད། ཁྲེ་ཆེན་དགེ་འདུན་དར་རྒྱས་བས་མཛད་པའི་སེར་བྱེས་མཁས་སྙན་གྲྭ་ཚང་གི་དབུ་ཕར་དཀའ་གནད་ཀྱི་འཛིན་མཚམས་སོགས་པོད་གཉིས་ཡོད།

ཁྲེ་ཆེན་བློ་བཟང་དགེ་ལེགས་བསྟན་དར་བའི་གསུང་པོད་གསུམ་ཙམ་ཡོད། མཁན་ཆེན་ཐུབ་བསྟན་དབང་བོས་མཛད་པའི་ལམ་རིམ་གྱི་ཁྲིད་ཀུན་ལས་བཏུས་པ་གཏད་གྱི་འདུན་མའི་སྙིང་པོ་སོགས་པོད་གཅིག་ཙམ་ཡོད། གཞན་ཁྲི་ཆེན་འཇམ་དབྱངས་བསྟན་པའི་སྒྲོན་མེ། ཁྲི་ཆེན་དོན་ལྡན་གྲགས་པ།

ཁྲི་ཆེན་འཇིགས་མེད་རྡོ་རྗེ་སོགས་བསྟན་བཅོས་རང་སྟོབས་ཀྱིས་རྩོམ་ནུས་པའི་བཤད་གཉེན་ནམ་མཁའི་སྐར་ཚོགས་ལྟ་བུ་བྱོན་པ་ནི་བརྗོད་པར་མི་ནུས་སོ། ད་ལྟར་བསྟན་པ་དང་འགྲོའི་དོན་དུ་ཞལ་བཞུགས་པ་མཁན་ཆེན་ངག་དབང་ལེགས་འོང་པས་མཛད་པའི་དཀར་ཆག་ཆེན་མོ་དང་ཆོས་འབྱུང་སོགས་གསུང་སྣ་ཚོགས་པོད་གཅིག་ལྷག་ཙམ་ཡོད།

མཁན་ཆེན་བློ་བཟང་བསྟན་འཛིན་གྱིས་མཛད་པའི་རྟེན་འབྲེལ་བསྟོད་པའི་འགྲེལ་བ་སོགས་པོད་གཅིག་ལྷག་ཙམ་ཡོད། གཞན་མཁན་གདན་ཟུར་དང་དགེ་བའི་བཤེས་གཉེན་གསུང་སྣ་ཚོགས་འཇགས་རྩོམ་གནང་བའི་དམ་པ་མང་དུ་མཆིས།

དེ་དག་ཕལ་ཆེ་བའང་སྐྱབས་མགོན་པཎ་ཆེན་རྒྱལ་བའི་དབང་བོ་དབུས་བཞུགས་མཛད་ནས་རྨད་བྱུང་གདན་ས་གསུམ་གྱི་མཁན་པོ་མཚན་ཞབས་དགེ་བའི་བཤེས་གཉེན་ཆེན་པོ་ཆེས་མང་པོ་དང་དགོན་འདིའི་མཁས་པ་རྣམས་བཀའ་པོད་ལྔའི་བགྲོ་གླེང་གང་ཟབ་མཛད་མཐར།

སྐྱབས་རྗེ་པཎ་ཆེན་རིན་པོ་ཆེའི་དབུས་གདན་སའི་མཁན་ཆེན་རྣམས་དང་བཅས་པས་ལེགས་སོའི་གཟེགས་བསྟོད་མཛད་པ་ནི་གོང་གསལ་བཀའ་དྲིན་གྱིས་བསྐྱངས་པའི་ཕྱག་རྗེས་ཡིན་ནོ། དེར་མ་ཟད་དགོན་འདིའི་བཅའ་ཡིག་ལ་གོང་དམ་དང་སྐྱབས་རྗེ་མཆོག་གིས་དགོན་འདིའི་བླང་དོར་ཁྲིམས་སུ་བཟའ་བའི་ཡི་གེ་ལྗགས་རྩོམ་གནང་།

འཇིག་རྟེན་གྱི་ངོས་ནས་དཔོན་པོ་ལ་རིམ་པ་གཉིས་པའི་འཇའ་ས་གསེར་ཡིག་དང་། ཐོབ་ཞྭ་ཏོག་ལྡན། ལྔ་མཆོད་ཆེན་མོ་ཉིན་གཅིག་གི་གཏོང་ཐེབས་དང་། གྲྭ་ཚང་རྣམ་གཉིས་ལ་མཆོད་རྫས་ཆེན་དངུལ་ཞོ་བདུན་སྒོར་སྟོང་ལྔ། རྟ་ཕོ་རྒོད་སོ་ལྔ་འབྲི་ཁལ་བརྒྱ། མཛོ་མཛོ་མོ་གསུམ་བཅས་བསྩལ། [page 139] ད་ལྟར་སྐྱབས་རྗེས་རིན་པོ་ཆེ་ཆོས་སྲིད་གང་ཐད་ནས་བཀའ་དྲིན་འཁོར་མཐའ་བྲལ་ཡང་མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་དཔེ་ལྟར་དངོས་འབུལ་སད་རྩ་ལྟ་བུ་ནི། རྒྱ་དངུལ་སྒོར་༣༦༨༠མཛོ་མཛོ་མོ་བཅུ། རྟ་ཕོ་རྒོད་༥༠་མར་ཤེ་སུམ་བརྒྱ་དང་ལྔ་ཆེ་ཁལ་ཉིས་བརྒྱ་དནག་གསུམ་ལསྒ་སྟན་རྒྱབ་ཐག་སྦྲགས་མ་སོགས་སོ།

གཙོ་བོ་བཀའ་བཞིན་སྒྲུབ་པའི་མཆོད་པར་དམིགས་ནས་ལུང་བཀའ་པོད་ལྔ་དང་སྡེ་སྣོད་གསུམ་གྱི་འཆད་ཉན་རྟོགས་པ་བསླབ་པ་གསུམ་དང་རིམ་གཉིས་ཟབ་མོའི་ཉམས་ལེན་སྤྱི་དང་། བྱེ་བྲག་སྨོན་ལམ་རམ་འབྱམས་པའི་མིང་བཏགས་ཀྱི་ཕྱག་ལེན་ནི་སྒོ་ཀུན་ནས་ཡར་ཚེས་ཟླ་བའི་དཔལ་ལ་ཅོ་འདྲི་བ་ཞིག་མཛད།

ཁྱད་པར་རབ་རྒྱས་ལྕགས་བྱ་ལོ་ཆོས་སྒོ་ཕྱེས་འཕྲལ་ཆེད་གཉེར་གྱིས་སྔར་སྲོལ་ལྟར་སྒྲུབ་པའི་མཆོད་པར་འགྲོ་ངེས་པ་ཞིག་འཛུགས་བསྐྲུན་གནང་ཡོད། ཆོས་སྡེ་ཆེན་པོ་འདི་ལ་ཁང་ཚན། ཧ་གདོང་། བསམ་བློ། བྱ་བྲལ་ལྷོ་བ།

ཏྲེ་བོ་ལྔ་ཡོད་ཕྱོགས་གཞན་ནས་ཕེབས་པའི་བྲལ་བ་རྣམས་ཁང་ཚན་རང་རང་གི་ཐོབ་ཁུངས་བཞིན་ཕེབས་མ་ཐག་བཞུགས་གནས་སྒྲིག་ཆས་སོགས་མཐུན་རྐྱེན་འོས་པའི་རིགས་རང་གི་ཁང་ཚན་ནས་ལེགས་སྒྲུབ་བྱེད་པའི་ཕྱག་སྲོལ་བཟང་བོ་ཡོད། ལོ་གཅིག་ལ་ཆོས་ཐོག་དྲུག་དུས་མཆོད་ཆེན་པོ་བརྒྱད་དང་ཆུང་བ་མང་དུ་ཡོད།

རིགས་ཆེ་ཆུང་གི་ཚོགས་གླེང་གཞུང་ཆེན་བཅུ་དྲུག་གྲྭ་ཕྱག་དཔེ་བ་རྣམས་ནས་ཀྱང་ཟླ་བ་ཕྱེག་གསུམ་ལྷག་ཙམ་གྱི་རིང་ལ་རང་གི་བགོ་སྐལ་དུ་གནང་བའི་གཞུང་ལ་འཛིན་སྐྱོར་ཁྲིད་སྦྱངས་རྒྱུན་སྐྱོང་བྱས་མཐར་འཛིན་གྲྭ་སོ་སོ་དང་ཁང་ཚན་ལྔ་ལ་དབྱར་ཆོས་ཆེན་མོའི་སྐབས་དམ་བཅའ་འཇོག་འཛིན་གྲྭ་དང་ཁང་ཚན་སོ་སོའི་གྲྭ་ཕྱག་དཔེ་བ་རྣམས་ཀྱིས་ལུང་རིགས་ཟུང་དུ་འབྲེལ་ནས་བརྒལ་བརྟག་འབབ་གང་ཆེ་མཛད།

དཔལ་ལྡན་རྒྱུན་པ་གྲྭ་ཚང་གི་དཔྱིད་དང་དཀའི་རྡུལ་ཚོན་པའི་རྣམས་ཆོ་ག་ཕྱག་ལེན་ལ་མཁས་པའི་གྲྭ་པ་བཞི་རེ་བབ་དང་བསྟུན་ནས་སྤྲོད་རྡུལ་ཚོན་པ་སོ་སོ་ནས་ཀྱང་ལྷ་རང་རང་གི་བསྙེན་པ་ཁ་སྐོང་དང་བཅད་ཚད་ལྡན་མཛད་ནས་ཆོ་ག་ཕྱག་རྒྱ་དབྱངས་རོལ་ཐིག་རྡུལ་ཚོན་བཅས་སྔར་སྲོལ་བཟང་བོ་ཉམས་མེད་གོང་ནས་གོང་དུ་སྤེལ་བར་མཛད།

ཆོས་སྡེ་འདིར་ཕྱོགས་གཞན་ནས་བློ་གསལ་དོན་གཉེར་ཅན་ནམ་མཁའི་སྐར་ཚོགས་ལྟ་བུ་བྱོན་པའི་གཙོ་བོ་ནི།

སེར་བྱེས་མཁན་པོ་ལྡམ་མ་ངག་དབང་ཕུན་ཚོགས། མཁས་པ་དཔལ་དགེ་རྒྱལ་བོ། འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ། ཇོ་བོ་ཁྲི་ཆེན་བློ་བཟང་རྣམ་རྒྱལ། མན་པོ་འཇམ་དཔལ་བློ་གྲོས། མཁན་པོ་བཙན་རྒོད། འཇུ་མཁན་པོ་འཇམ་དབྱངས་ཆོས་ཀྱི་བཤེས་གཤེན། འབུམ་གསར་མཁན་པོ་བློ་བཟང་རིག་འཛིན་འབུམ་རྙིང་མཁན་པོ་རིམ་བྱོན།

བོ་རོད་མཁན་པོ་ཤེས་རབ་ཕུན་ཚོགས། མང་དགེ་མཁན་པོ་ཚེ་རྣམ། ཀ་བཞིའི་མཁན་པོ་སྒྲོན་ནེ། པ་རོད་མཁན་པོ་བློ་རིས། མཁར་ནང་མཁན་པོ་གནས་ཆུང་། ཟེ་དཀར་མཁན་པོ་འཇམ་བདྱངས་ཐ་ཤུལ་མཁན་པོ་རབ་ཡངས་གསེར་ཐར་མཁན་པོ་རིགས་བཟང་སོགས་མདོར་ན་གཞི་དགོན་གང་དང་གང་ནས་འདིར་ཕེབས་པ་ཞིག་ཡིན་ཕྱིན་[page 140] ཆད་ཕྱིར་ཕེབས་པ་ན་གཞི་དགོན་དེའི་མཁན་པོ་མ་མཛད་པ་རེ་གཉིས་ལས་མི་སྲིད་པ་ལྟ་བུ་ཡིན།

དགོན་འདིའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཐུགས་རྒྱུད་ཡོན་ཏན་རིན་པོ་ཆེས་བྱུར་བུར་འགེངས་བ་མཚོ་ནང་གི་ནོར་བུ་ལྟར་སྦས་ཀྱང་མཁས་བཙུན་གྲུབ་པའི་འོད་ཕུང་འགོག་ཏུ་མེད་པར་ཕྱོགས་ཀུན་ཏུ་འཕྲོས་པས་བསྟཔ་དགོན་གཞན་གྱི་བདག་པོའི་དེད་དཔོན་དག་གིས་ལས་སྨོན་སྐལ་བ་བཟང་བོའི་གྲུ་གཟིངས་ཐབས་མཁས་ཀྱི་རླུང་གིས་བསྐྱོད་དེ་ལེགས་པར་སྤྱན་དྲངསནས་ཆོས་ཁྲི་ལ་མངའ་ཏེ་མཆོད་ཅིང་གསོལ་བ་བཏབ་པས་འཆད་རྩོམ་གསུམ་གྱི་འདོད་པའི་དངོས་པོ་ཡོངས་སུ་གྲུབ་པ་ནི།

རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་དང་། ཆོས་མཛད་བློ་བཟང་དགེ་ལེགས་རབ་རྒྱས་པས། པ་རོད་དགོན་དུ་བསླབ་གཞི་བཅའ་ཁྲིམས་དང་། འཆད་ཉན་སྤེལ་སྲོལ་བཟང་ད་དུང་གནས། ངག་ལ་དབང་འབྱོར་འཆད་ལ་ཐོགས་མེད་དང་། ལྡན་མ་ངག་དབང་ལེགས་ལྡན་ལ་སོགས་པས། ཟེ་དཀར་དགོན་དུ་བཀའ་པོད་ལྔ་རྣམས་དང་།

མདོ་སྔགས་རིགས་གནས་བཤད་སྒྲུབ་རྒྱ་ཆེར་སྤེལ། མཁན་པོ་བསམ་འགྲུབ་རྡོ་རྗེ་དང་། བློ་བཟང་ལེགས་འོངས་གཉིས་ཀྱིས་ཀྱང་། གོང་མའི་ཕྱག་སྲོལ་རྒྱུན་བཟང་བསྐྱངས། སྡེ་དེའི་བསྟན་པ་ཡར་ལྡན་གྱུར།

ཁྲི་ཆེན་འཇིགས་མེད་རྡོ་རྗེ་ཡིས།། ཀ་བཞི་དགོན་དུ་སྒྲིག་ལམ་དང་།། འཇམ་མགོན་བླ་མའི་བསྟན་པ་ཡིས།། བཤད་སྒྲུབ་ཕྱག་བཞེས་གཙང་མ་སྤེལ། མཁྱེན་རབ་འཇམ་དབྱངས་བློ་བཟང་འཕྲིན་ལས་ཀྱིས།། མཁར་ནང་དགོན་པར་དགེ་ལྡན་ལུགས་བཟང་གི།

ཐོསབསམ་སྒོམ་པའི་བྱ་བ་རྒྱ་ཆེན་པོ། སྤེལ་བའི་མཛད་པ་མཆོག་གིས་ཆེས་ཆེར་བསྐྱངས།། དགོན་པ་བློ་བཟང་དགེ་ལེགས་བསྟན་དར་དང་། དགེ་བའི་བཤེས་གཉེན་ངག་དབང་ཆོས་དར་བས།། དབོན་པོ་དགོན་པར་རྒྱལ་བ་ཙོང་ཁ་བའི།། མདོ་སྔགས་ལུགས་བཟང་དྲི་མ་མེད་པ་སྤེལ།། ཨ་ཝ་མཁན་པོ་ནས་བཟུང་སྟེ།། ད་ལྟའི་ངག་དབང་དར་རྒྱས་བར།། མཁར་རབས་བར་མ་ཆད་པ་ཡིས།། འབུམ་རྙིང་དགོན་པར་འཆད་ཉན་སྤེལ།། ངག་དབང་ཐོགས་མེད་པ་ཡིས་ཀྱང་།། འཇམ་དགོན་བླ་མའི་ཕྱག་བཞེས་ལྟར།། གསང་ཆེན་རྒྱུད་སྡེ་རྒྱ་མཚོ་ཡི།། དབང་ལུང་མན་ངག་མཐའ་ཡས་གནང་།

ལི་ཐང་ཁྲི་ཆེན་བློ་བཟང་དཔལ་ལྡན་པས། འབུམ་གསར་དགོན་པར་བསྟན་པའི་ཡང་སྙིང་མཆོག། གསེར་དོག་ཅོད་པཎ་འཆང་བའི་ལུགས་བཟང་གི།

ཟབ་རྒྱས་ཆོས་ཆར་རྒྱ་མཚོ་འཛད་མེད་སྤེལ།། ཆོས་མཛད་དགེ་ལེགས་རབ་རྒྱས་དང་།། གང་བ་བློ་བཟང་ཚུལ་ཁྲིམས་ཀྱིས།། བོ་རོད་དགོན་པར་རྗེ་བླ་མའི།། བྱང་ཆུབ་ལམ་རིམ་འཆད་ཉན་བཙུགས།། མདོ་སྔགདས་ཟབ་རྒྱས་ཆོས་བཀའ་རྒྱ་ཆེན་དང་།། དམ་ཆོས་འདུལ་བ་བྱང་ཆུབ་ལམ་རིམ་གཉིས།། སྦྲགས་པའི་སྒྲིག་ཡིག་ལ་སོགས་མཛད་བཟང་གི།

སྲོལ་འཛིན་རྣམ་དག་ད་ལྟར་མང་དུ་འཕེལ།།

ཁྲི་ཆེན་བློ་བཟང་རྣམ་རྒྱལ་དང་།། འཇམ་དཔལ་བློ་གྲོས་ལ་སོགས་པས།། མདོ་སྨད་ཇོ་བོ་དགོན་པ་ཡི།། བསྟན་པ་གོང་ནས་གོང་དུ་སྤེལ།། ཁྲི་ཆེན་བློ་བཟང་ཚུལ་ཁྲིམས་དང་།། དགེ་བཤེས་བློ་བཟང་བཀྲ་ཤིས་ཀྱིས།། མང་དགེ་དགོན་པར་འཆད་ཉན་དང་།། དབང་ཁྲིད་རྗེས་གནང་མང་དུ་གནང་།། དགེ་བའི་བཤེས་གཉེན་དགེ་ལེགས་བྱམས་པ་ཡིས།།

[page 141] ཐལ་ཤུལ་དགོན་པར་དབུ་ཕར་རྣམ་གཉིས་དང་།། སྡོམ་པ་གསུམ་གྱི་བསླབ་བྱ་ལ་སོགས་པ།། ཟབ་ཅིང་རྒྱ་ཆེའི་གདམས་པས་རིང་དུ་བསྐྱངས།། འཇམ་དབྱངས་ཆོས་ཀྱི་བཤེས་གཉེན་གྱིས།། འཇུ་བ་དགོན་པར་རྒྱལ་བ་ཡི།། ལུང་རྟོགས་བསྟན་པ་རིན་པོ་ཆེ།། བཤད་དང་སྒྲུབ་པས་རྗེས་འཛིན་མཛད།། ཁྲི་ཆེན་བློ་བཟང་དགེ་ལེགས་བསྟན་དར་གྱིས།། འབའ་རྡ་དགོན་དང་གྲུ་བ་དགོན་པ་ལ།། དབང་བཀའ་ཁྲིད་དང་སྡོམ་གསུམ་བསླབ་བྱ་སོགས།། ལེགས་གསུངས་རྒྱ་མཚོ་དགྱེས་བཞིན་རིང་དུ་བསྐྱངས།། དེ་ལྟར་ཆོས་སྡེ་འདི་ཉིད་མདོ་སྨད་བསྟན་པའི་རྩ་ལག་ཆེན་པོ་ཡིན་ཕྱིར།

གངས་ཅན་འགྲོ་བའི་མགོན་པོ་སྐྱབས་དགོན་རྒྱལ་པཎ་རིམ་བྱོན་གྱིསགཟིགས་སྐྱོང་རྒྱ་ཆེན་པོ་གནང་ཞིང་ཁྱད་པར་རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་སྐུ་མདུན་ས་ནས་དགོན་འདིར་མདོ་སྔགས་ཀྱི་འཆད་ཉན་བྱེད་ཚུལ་སྔར་སྲོལ་བཟང་པོ་ད་ཆར་ཅི་འདྲ་ཞེས་བཀའ་འདྲི་སྤྱི་བོར་ཕེབས་འཕྲལ་གྲྭ་ཚང་རྣམ་གཉིས་ཀྱི་རྒྱུགས་ཐོ་དང་འཆད་ཉན་མཛད་ཚུལ་གསེར་སྙན་བསྒྲོན་སྐབས་བསྔགས་བརྗོད་དང་ཕྱིས་སུ་ཡར་ལྡན་དགོས་ཚུལ་གྱི་བཀའ་བཟང་དང་ཉིད་ཀྱི་འབྲལ་སྤང་ཐུབ་དབང་མཆོག་ཟུང་དང་བཅས་བ་དགྱེས་བཞིན་དུ་བསྩལ།

པཎ་ཆེན་ཆོས་ཀྱི་ཉི་མས་ཀྱང་ཉིད་ཀྱི་དབུ་པཎ་སྣེ་རིང་དང་ཕྱག་ལྷམ་གོས་ཟོམ་གཉིས་དགྱེས་རྩལ་གནང་། རྒྱལ་དབང་བཅུ་བཞི་པ་ཆེན་པོའི་སྐུའི་མདུན་སར་རྨད་བྱུང་ཐོས་བསམ་གླིང་གྲྭ་ཚང་གི་དབུ་མཛད་ཐབ་བསྟན་ཕུན་ཚོགས་དང་། བློ་གསལ་བ་བློ་བཟང་ཐུབ་བསྟན་སོགས་མི་བཞིའི་ཤོག་བུ་མདའ་ཚད་མ་སྟོང་ཕྲག་བརྒལ་བ་བཞི་དང་།

དེ་འོག་དགུ་བརྒྱ་ནས་ཉུང་མཐའ་མདའ་ཚད་མ་སུམ་ཅུའི་བར་སྒྲ་དག་གསལ་གསུམ་གྱིས་རྒྱུགས་འབུལ་བྱས་པའི་ཐོ་དང་།

དཔལ་ལྡལ་རྒྱུད་པ་གྲྭ་ཚང་གི་བློ་གསལ་བསམ་གཏན་གྱི་ཤོག་བུ་གདའ་ཚད་མ་སྟོང་ཕྲག་ལྷག་ཙམ་ནས་ཉུང་མཐའ་ཚད་མ་བཅོ་ལྔ་བར་སག་གསལ་སྙན་གསུམ་གྱིས་རྒྱུགས་འབུལ་བྱས་བའི་ཐོའུ་གཟིགས་འབུལ་ཞུས་པ་ན་ཐུགས་གཏིང་ནས་དགྱེས་པའི་འཛུམ་མདངས་མཛད་དེ།

ཉིད་ཀྱི་གོས་བེར་དང་བླང་དོར་ཁྲིམས་སུ་བཅའ་བའི་བཀའི་གླེགས་བུ་བཟང་གོས་མཐོང་ཆེན་གྱི་ངོས་སུ་གསར་བསྐྲུན་མཛད་པ་དགྱེས་ཉམས་ཀྱིས་བསྩལ། པཎ་ཆེན་རིན་པོ་ཆེས་མཛད་བཟང་གི་སྟེང་དུ་ལོ་རེ་དགེ་བཤེས་སྨོན་ལམ་རབ་འབྱམས་པ་རེ་རེ་འཕར་འཛུགས་ཀྱི་བཀའ་སློབ་བཟང་བོ་སྤྱི་བོར་ཕེབས།།

སྤྱིར་དགོན་འདིར་མི་ཐོག་གཅིག་ཚུན་ཆད་ཀྱི་རིང་ལ་ཤོག་བུ་མདའ་ཚད་མ་སྟོང་ཕྲག་བརྒལ་བ་སྒྲ་དག་སྒྲོས་གཙང་རྒྱུགས་འབུལ་བྱེད་པའི་གྲྭ་བློ་གསལ་བ་བདུན་བྱུང་བ་སོགས་བསྟན་པ་ཁོ་ན་ཐུགས་ལ་བཅིངས་བ་མང་དུ་བྱོན་པ་ལགས་ལ། རབ་རྒྱལ་ས་ཁྱི་ལོ་དགོན་འདིར་དགེ་འདུན་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་འཕེལ།།

དེང་གི་གནས་ཚུལ་ནི་རིག་གནས་གསར་བརྗེའི་སྐབས་འདུ་ཁང་དང་ལྷ་ཁང་སྐུ་གསུང་ཐུགས་རྟེན་སོགས་གཏོར་བཤིག་སོང་པའི་གནས་ཚུལ་མདོ་ཙམ་འགོད་ན།

དེ་ལྟར་ཐེག་པ་ཆེན་པོ་དར་ཞིང་རྒྱས་པའི་གླིང་འདིར་མདོ་སྔགས་ཀྱི་བསྟན་པ་ཡིད་བཞིན་དབང་གི་རྒྱལ་པོ་ལྟ་བུ་འདི་ཉིད་གནས་མཆོག་འཕགས་ཡུལ་བཞིན་དུ་མ་ཏོགས་ལོག་རྟོག་ཐེ་ཚོམ་གྱི་མུན་པ་དང་བྲལ་བའི་རྒྱལ་བསྟན་ཉིན་མོ་བཞིན་དུ་གྱུར་[page 142] ནའང་།

འགྲོ་ཀུན་བསོད་ནམས་དམན་པས་བསྟན་པའི་ཉི་མ་ནུབ་རིའི་ཕག་ཏུ་ནུབ་ནས། བགྲང་བྱ་སུམ་བཅུ་ལྷག་ཙམ་གྱི་རིང་ལ་མདོ་སྔགས་ཀྱི་བཤད་སྒྲུབ་སོགས་རྣམ་དཀར་ཆོས་ལྡན་གྱི་བྱ་བ་ཐམས་ཅད་སྟོང་སྟེ་མིང་གི་ལྷག་མར་གྱུར་བ་མ་ཟད།

རྒྱུད་ཟངས་གསེར་ལས་གྲུབ་པའི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཁང་བརྩེགས་བཅུ་ཚད་ཙམ་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་རྒྱན་བྱས་པ་ཅན་འགྲོ་བ་རྣམས་ཀྱི་མིག་གིས་མཐོང་མ་ཐག་ཕྱི་ནང་གི་ཉེར་འཚེ་ཐམས་ཅད་ཞི་བ་དང་།

སྡིག་པ་བསགས་འདག་ཅིང་ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་རང་དབང་མེད་པར་སྐྱེ་བ་སོགས་ཡོད་ཏན་ཁྱད་ལྡན་ངོ་མཚར་ཡིད་དུ་འོང་བའི་མཐོང་སྨིན་བྱམས་པའི་ཕྱི་ནང་གཉིས་ཀ་དང་། ཀ་བ་བརྒྱ་དང་དྲུག་བཅུ་ཅན་གྱི་ཚོགས་ཆེན་འདུ་ཁང་དང་འདུ་ཁང་ཆེ་ཆུང་དྲུག་དང་། རུང་ཁང་ཆེ་ཆུང་དྲུག ཆོས་ར་བརྒྱད།

འཁོར་ཁང་ཆེ་ཆུང་གསུམ་དང་། ལྷ་ཁང་སུམ་ཅུ་ལྷག་ཙམ་སོགས་ཐམས་ཅད་རྨང་ནས་བཤིག་པ་དང་། གྲྭ་ཤག་དགུ་བརྒྱ་ལྷག་ཙམ་ཡོད་ཀྱང་གྲྭ་ཤག་སུམ་བཅུ་ཙམ་དང་འདུ་ཁང་གཅིག་མ་གཏོགས་ཐམས་ཅད་བཤིག་ཤུལ་ས་ཕུང་རྡོ་ཕུང་ཙམ་ལས་མེད་པར་གྱུར།

ནང་བཞུགས་གསེར་ཟངས་སྨན་འདམ་སོགས་ཅི་རིགས་ལས་གྲུབ་པའི་དཔངས་ཁང་བརྩེགས་གཅིག་ཡོད་པའི་འགྲོ་དོན་འཕེལ་ཞེས་གསུངས་འབྱོན་པའི་སྒྲོལ་མ་གསུང་འབྱོན་མ་སོགས་ལྷ་སྐུ་ཉེར་ལྔ་དང་། གཞན་གསེར་སྐུ་ལི་མ་དང་གཏེར་མ་སོགས་བདུན་བརྒྱ་དྲུག་བཅུ་ཙམ་དང་།

གྲྭ་ཚང་སོ་སོའི་སྒྲུབ་ཐང་དང་ཞལ་ཐང་དང་སྨན་སྐུ་གསེར་སྐུ་སོགས་བརླགས་གྲངས་སྟོང་གཉིས་དང་ཉིས་བརྒྱ་བཅུ་ཙམ་དང་། གསུང་རྟེན་ཡང་རྒྱུ་གསེར་དངུལ་ལས་གྲུབ་པའི་གསེར་ཡིག་རྒྱལ་པའི་བཀའ་བསྟན་ཟུང་གཅིག་དངུལ་ཡིག་ཟུང་གཅིག་གིས་གཙོ་བྱས་བཀའ་བསྟན་ཟུང་བརྒྱ་ལྷག་ཙམ་དང་།

གཞན་གངས་ཅན་མཁས་པའི་དབང་པོ་ཕལ་ཆེར་གྱི་གསུང་འབུམ་དང་བཅས་རྒྱ་དཔེ་དང་བོད་དཔེ་ཚང་མ་བསྡོམས་ན་པོ་ཏི་འབུམ་གཅིག་བཞུགས་པར་གྲགས་པས་ཡུལ་མི་གཞན་གྱིས་ཆོས་སྡེ་འདི་རྫ་ཆོས་མང་དགོན་ཞེས་འབོད།

དེའི་ནང་ནས་པོད་བཅུ་བདུན་ཙམ་མ་གཏོགས་ཐམས་ཅད་རླང་དང་མེལ་བསྲེགས་པ་སོགས་བྱས་ཟིན་པ་ནི་བོད་ཀྱི་རིག་གཞུང་ལ་གནོད་ཚབ་ཆེན་པོ་བྱུང་། ཐུགས་རྟེན་དང་བཤམས་བཀོད་མཆོད་རྫས་མཆོད་ཆས་རྔ་རོལ་མོ་དང་གནའ་རྫས་དང་དངོས་རྫས་བརླགས་ཚུལ་ལ་བསམ་ན་ཡིད་སྐྱོ་བའི་རྒྱུར་གྱུར་བ་དང་།

དཀར་མཛེས་ཁུལ་རྩོམ་སྒྱུར་ཅུས་ཀྱིས་རེ་བ་ལྟར་མདོ་ཙམ་མ་གཏོགས་རྒྱས་པར་མ་བཀོད།

དགོན་འདིའི་ཆོས་སྒོ་ཕྱེས་ནས་སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་འགྲོའི་དོན་བྱེད་ཚུལ་མདོ་ཙམ་འགོད་ན། དེ་ནས་སྐྱེས་བུ་དམ་པའི་ཐུགས་བསྐྱེད་དང་ཆོས་དད་འགྲོ་བ་ཡོངས་ཀྱི་ལས་སྨོན་བཟང་བོའི་འབྲས་བུ་སྨིན་པའི་དུས་ལ་བབས་ནས།

བསྟན་པའི་ཉི་མ་སླར་ཡང་ཤར་རིའི་རྩེ་ནས་འོར་ཟེར་སྔར་ལས་ལྷག་པར་ཞིག་དཀྱིལ་འཁོར་ཡོངས་སུ་རྫོགས། དེ་ནས་སྨན་ཤུལ་ཨེར་ཏི་ནི་བློ་བཟང་འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་ཉི་མས་དགོན་འདིའི་ཆོས་སྒོ་ཕྱེས་ཐབས་གང་དྲག་མཛད་པས་སྤྱི་ལོ་1981ལོར་དགོན་འདིའི་ཆོས་སྒོ་ཕྱེས་ནས་དམ་པ་འདིས་ལུང་སྡེ་སྣོད་གསུམ་དང་བསླབ་པ་གསུམ་གྱི་ཉམས་བཞེས་མཛད་[page 143] པའི་འཕགས་པའི་གནས་བརྟན་ལྟ་བུ་སྔར་གྱི་གྲ་པ་བརྒྱ་དང་ལྔ་བཅུ་ཙམ་ཞལ་བཞུགསཡོད་པ་རྣམས་ལ་ཐོས་བསམ་སློབ་གཉེར་དང་སྒྲིག་ལམ་ཀུན་སྤྱོད་ཆོས་ཐོག་ཆོས་མཚམས་དུས་མཆོད་སོགས་སྔར་གྱི་སྲོལ་བཟང་ཐོག་གནས་དགོས་ཚུལ་གྱི་བཀའ་སློབ་ཡང་ནས་ཡང་དུ་གནང་གནས་བརྟན་དེ་རྣམས་ཀྱིས་དམ་པའི་གསུང་བཞིན་སྔར་གྱི་བཀའསློབ་ཡང་ནས་ཡང་དུ་གནང་གནས་བརྟན་དེ་རྣམས་ཀྱིས་དམམ་པའི་གསུང་བཞིན་སྔར་གྱིས་སྲོལ་བསང་ཤུལ་གནས་པར་མཛད།

དེ་ནས་དམ་པ་འདིས་དགོན་འདིའིདགོན་འདིའི་རྟེན་གསུམ་མང་དུ་བཞེངས་ཀྱང་གཙོ་བོ་ནི། ཟངས་གསེར་ལས་གྲུབ་པའི་གསེར་གདུང་ཁང་བརྩེགས་ཕྱེད་གཉིས་ཙམ་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་འགྲོ་སོང་ལ་སྒོར་འབུམ་དྲུག་ལྷག་ཙམ་དང་། དེར་མ་ཟད་ཆོས་བྱེད་འགྲོ་བའི་དད་རྟེན་དུ་འཁོར་ལོ་ཆེ་ཆུང་གསུམ་བཞེངས།

ཆེ་བ་ལ་མ་ཎི་ཡིག་བརྒྱ་སོགས་དུང་བཅོ་བརྒྱད་དང་འཁོར་འབྲིང་ལ་མ་ཎི་དུང་བརྒྱད་དང་འཁོར་ཆུང་ལ་དུང་ལྔ་ཡོད་པས་ཕྱི་ནང་ཐམས་ཅད་ཀྱི་འགྲོ་སོང་ལ་སྒོར་འབུམ་གསུམ་ལྷག་ཙམ་དང་། དེ་ནས་སྤྱིར་འཇོག་ལ་རྟ་ཟོག་བཞི་བརྒྱ་ལྷག་ཙམ་དང་། དགེ་འདུན་ལ་བསྙེན་བཀུར་དང་སྐུ་འགྱེད་ཟུང་ལན་དུ་མ་དང་།

བཟང་སྤྱོད་ཆེན་མོ་ཉིན་བཞི་དང་བདག་འཇུག་ཉིན་བཞི་དང་བདག་འཇུག་ཉིན་བཞི་སོགས་མདོར་ན་དམ་པ་འདིས་སེར་ཤུལ་སྡེ་དགོན་གཉིས་པོ་ཐུགས་རྗེས་བསྐྱངས་བའི་བཀའ་དྲིན་ནི་སེར་ཤུལ་སྡེ་དགོན་ཟུང་གིས་སྟོང་གསུམ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་ཕུལ་ན་ཡང་བཀའ་དྲིན་ཆ་ཤས་ཙམ་ཡང་གཞལ་པར་མི་ནུས་སོ།།

དེ་ནས་པཎ་ཆེན་ཨེར་ཏི་ནི་ཆོས་རྒྱན་མཚན་1986ལོར་ཐེག་ཆིན་དར་རྒྱས་གླིང་གི་འཇིགས་བྲལ་ཆོས་ཀྱི་ཁྲི་ལ་ཞབས་ཀྱི་པད་མོ་མཛེས་པར་བཀོད་དེ།

སྔོན་འགྲོའི་གསུང་བཤད་ལམ་གྱི་རིམ་པ་སྤྱི་དང་བློ་ལྡོག་རྣམ་བཞི་ཆོས་ལུགས་ཀྱི་སྲིད་ཅུས་བཟང་པོ་དང་འབྲེལ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སོགས་ཡོངས་གྲགས་ལྟར་དང་། དགའ་ལྡན་ལྷ་བརྒྱ་མ། དམིགས་བརྩེ་མ་སོགས་ཀྱི་ལྗགས་ལུང་ལུགས་གཉིས་ཀྱི་བསླབ་བྱ་གལ་ཆེན་དུ་མ་གནང་།

དེ་ནས་ཤར་སྟོད་ནོར་ནོར་བུའི་ཐང་དུ་ཕེབས་ཏེ་སེར་སྐྱ་ཁྲི་བདུན་ལྷག་ཙམ་ལ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་སྔོན་དུས་ཀྱི་ཆས་གོས་བསླབ་ཡུལ་གྱི་རིག་གནས་ཡི་གེ་སྐད་ལུགས་སོགས་གནའ་སྲོལ་བཟང་པོ་གཞིར་བཞག་ཏེ་གནས་དགོས་པའི་སློབ་སྟོན་དང་འབྲེལ།

རིགས་གསུམ་མགོན་པོའི་བསྙེན་པ་ཚེ་ལྷ་རྣམ་གསུམ་གྱི་བསྙེན་པ་ལམ་སེལ་བསྡུས་པ། འོད་མཚན། ཤམྦྷ་ལའི་སྨོན་ལམ་སིངྷི་བཅས་ཀྱི་ལྗགས་ལུང་དང་། འཕྲལ་ཡུན་བདེ་བའི་བཀའ་སློབ་རིམ་གྱིས་གནང་སྟེ་འཁོར་མཐའ་མེད་པའི་བཀའ་དྲིན་གྱིས་བསྐྱངས།

དེ་སྐབས་སེར་ཤུལ་སྡེ་དགོན་གཉིས་ཀྱིས་ཀྱང་མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་དཔེ་ལྟར་སྟག་ལྤགས་ཀྱི་གཙོས་ལྤགས་རིགས་དགུ་ཚན་སྐུ་འགག་གི་གཙོས་གོས་རིགས་དགུ་ཚན་གསུམ། རྟ་ཕོ་རྒོད་བརྒྱ་ས་ལེའི་ར་ཟུང་གཅིག་ནོར་ལྔ་བརྒྱ་ལུག་བརྒྱ་ར་བཅུ། ་རྒྱ་དངུལ་རྟ་རྨིག་མ་བཅུ་ལྔ་ཕྲུག་གསུམ། ཞོ་བདུན་བརྒྱ།

ཞོ་གསུམ་སྒོར་བཅུ་བཞི་ཇ་སྒམ་སུམ་བརྒྱ་ལྔ་བཅུ། སྒོར་ཁྲི་གཅིག་སྟོང་ལྔ་སོགས་འབུལ་ལམ་ཞུས། སྐྱབས་རྗེ་པཎ་ཆེན་རིན་པོ་ཆེས་འཇིག་རྟེན་གྱི་ངོས་ནས་ཆོས་སྡེ་འདིར་དུས་མཆོད་དང་ཆོས་ཐོག་སོགས་ཀྱི་གནད་[page 144] གང་ཆེའི་གཏོང་ཐེབས་ཀྱི་ཆེད་གནང་སྤྱིན་ནི། ཇ་སྒམ་བཞི་བརྒྱ་སུམ་ཅུ།

རྟ་ཟོག་ལྔ་བརྒྱ་དྲུག་བཅུ། གོས་འཕྲུག་འབོར་ཆེན། སྒོར་ཁྲི་གཅིག་སྟོང་ལྔ་བརྒྱ་སོགས་སགྱེས་བརྩལ་མཛད། ད་ལམ་བྲེལ་བ་ཆེ་ཡང་རྗེས་སུ་དལ་བའི་ཚུལ་གྱིས་ཕེབས་ཡོང་གསུངས་ཞེས་ཞལ་བཞེས་བཟང་པོ་གནང་བ་ནི་ཕྱི་མའི་རྟེན་འབྲེལ་རྨད་དུ་བྱུང་བ་ཞིག་གོ།

དེ་ནས་ཨ་ཤུལ་མཆོག་སྤུལ་ཁྲི་བ་བློ་བཟང་བཀྲ་ཤིས་དགོན་འདི་ཐུགས་རྗེས་བསྐྱང་ཚུལ་མདོ་ཙམ་བརྗོད་ན།

སྐྱེས་བུ་དམ་འདི་དགོན་འདིར་བཞུགས་ནས་ཐུགས་རྗེས་བསྐྱང་ཚུལ་དང་སྐུ་ཕྲེང་གོང་མ་རྣམས་ཀྱིས་ཐུགས་རྗེས་བསྐྱངས་ཚུལ་རགས་ཙམ་ཡང་ངླུན་རྨོངས་བདག་ལྟར་བུས་བརྗོད་པར་མི་ནུས་ཤིང་འོན་ཀྱང་སྐུ་འདིས་གཙུག་ལག་ཁང་དང་རྟེན་གསུམ་བཞེངས་ཚུལ་མདོ་ཙམ་འདི་ལྟར་དམ་པ་འདིས་བཞེང་པའི་རྟེན་གསུམ་གཙོ་བོ་ནི།

སྨན་འདམ་ལས་གྲུབ་པའི་བྱམས་པ་མགོན་པོའི་སྐུ་བརྙན་ཁང་བརྩེག་བཅུ་ཚད་ཙམ་གྱི་ཕྱིའི་ལྷ་ཁང་དང་བཅས་པ་དང་། ནང་གི་མཆོད་ཁྲི་བཤམས་དང་། གཞན་ཡང་ཁང་བརྩེག་གཅིག་ལས་ལྷག་པའི་ཞལ་ཐང་སུམ་ཅུ་ལྷག་ཙམ་སོགས་མདོར་ན་ཕྱི་ནང་གཉིས་ཀའི་འགྲོ་སོང་ལ་སྒོར་འབུམ་ལྔ་ལྷག་ཙམ་དང་།

གཞན་འདུ་ཁང་ཆེ་ཆུང་གཉིས་ཀའི་སྟེང་འོག་གི་ལྷ་ཁང་དུ་མིའི་ནང་ལ་ལྷ་སྐུ་སུམ་བཅུ་ལྷག་ཙམ་མཆོད་ཁྲི་མཆོད་བཤམ་དང་ལྡན་པ་དང་།

རུང་ཁང་ལ་ཆུ་ཟོམ་བརྒྱ་ལྷག་ཙམ་འགྲོ་བ་ངེས་པའི་ཚོགས་ཟངས་ཆེ་བ་གཉིས་སོགས་ཀྱི་འགྲོ་སོང་ལ་སྒོར་འབུམ་གཅིག་ལྷག་ཙམ་དང་མདོར་ན་དམ་པ་འདིས་ད་ལྟར་ཁྲི་བ་མཛད་ནས་སེར་ཤུལ་སྡེ་དགོན་གཉིས་པོ་ཐུགས་བརྩེས་སྐྱོང་བཞིན་པའི་ངང་ནས་ཐོས་བསམ་སློབ་གཉིས་དང་སྒྲིག་ལམ་ཀུན་སྤྱོད་

ཐིག་རྡུལ་མཚོན་གར་ཐིག་དབྱངས་རོལ་སོགས་སྔར་ལས་ལྷག་པ་ཡོད་དགོས་ཚུལ། མཁན་གདན་ཟུར་དང་ཞལ་ངོ་དགེ་སྐོས།

སོགས་ལས་སྣེ་མོ་སུམ་བཅུ་ལྷག་ཙམ་ལ་བཀའ་སློབ་བཟང་པོ་ཡང་དུ་གནང་བ་མ་ཟད་ཉིད་ཀྱིས་ཀྱང་སྒྲིག་ལམ་ཀུན་སྤྱོད་སོགས་ལ་གཟིགས་པ་རྒྱ་ཆེར་གནང་པའི་སྐུ་དྲིན་གྱིས་དམ་ཆོས་འདུལ་བ་དང་མཐུན་པའི་སྒྲིག་ལམ་བཟང་པོ་འདི་ནི་གདན་ས་ལས་ལྷག་པར་མ་ཟད་འདི་འདྲ་འཛམ་གླིང་ན་མེད་པར་གྲགས་པ་འདི་ནི་དམ་པ་འདིའི་སྐུ་དྲིན་ཡིན་ལ།

ཁྲི་བའི་ལས་ཁུར་བཟང་ནས་ལོ་རེ་ལ་སྒོར་ཁྲི་གསུམ་ལྷག་ཙམ་འགྲོ་སོང་བྱེད་དགོས་པ་སོགས་མདོར་ན་དམ་པ་འདིའིབཀང་དིན་རགས་ཙམ་ལ་ཡང་སྟོང་གསུམ་སྣོད་དུ་བྱས་ནས་ཉི་བའི་རིན་ཆེན་བདུན་དང་འདོད་ཡོན་སྣ་ལྔ་སོགས་ཀྱིས་བཀང་སྟེ་ཕུལ་ན་ཡང་ཆ་ཙམ་བསབ་པར་མི་ནུས་སོ།།

དེ་ནས་དཔོང་ཚང་མཆོག་སྤྲུལ་ཟུར་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱན་མཚན་གྱིས་དགོན་སྡེ་འདི་དང་མདོ་སྨད་བསྟན་དགོན་རྣམས་སུ་བསྟན་འགྲོའི་དོན་མཛད་ཚུལ་རྒྱ་མཚོ་ལྟ་བུ་ཆུ་ཐིགས་ཙམ་ཞིག་འགོད་ན། ཁྲི་དང་པོ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་གྱིས་ཁྲི་ཐོག་སོ་བདུན་པ་ནི་ལུང་རྟོགས་[page 145] གང་གི་ཆ་ནས་ང་ལས་ལྷག་པའི་སྐྱེས་ཆེན་དམ་པ་ཞིག་འོང་ཞེས་སྐྱེས་བུ་དམ་པའི་ལུང་དང་མཐུན་པར་དམ་པ་འདི་ནི་དགོན་འདིར་ཆོས་ཞུགས་མཛད་ནས་མཁན་ཆེན་ཐུབ་བསྟན་དབང་བོ་སོགས་སློབ་གྲངས་ཚང་བའི་དབུས་སུ་དགེ་ཚུལ་སློང་གི་སྡོམ་པ་བཞེས།

ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མིག་འབྲས་བཞིན་དུ་བསྲུང་ནས་ཡུན་རིང་མ་ལོན་པར། ཐེག་ཆེན་གླིང་གི་ཁྲི་བའི་ལས་ཁུར་བཟུང་། དེའི་རིང་ལ་སྒྲིག་ལམ་ཀུན་སྤྱོད་དང་ཆོས་བཤད་སྒྲུབ་ཀྱི་འཆད་ཉན། ཐིག་རྡུལ་མཚོན་གར་ཐིག་དབྱངས་རོལ་སོགས་ཕྱོགས་གང་འཐད་ནས་སྔར་གྱི་ཤུལ་དུ་གནས་པར་མཛད།

དེ་ནས་དཔལ་ལྡན་རྒྱུད་སྨད་གྲ་ཚང་དང་ཐོས་བསམ་གླིང་གྲྭ་ཚང་གཉིས་ཀྱི་ནང་ནས་གྲྭ་ཕྱག་དཔེ་བ་བཟང་གྲས་དྲུག་བཅུ་ལྷག་ཙམ་ལ་དུས་རྒྱུན་དུ་དཔེ་ཆ་ཁྲིད་སྦྱོངས་བྱེད་དགོས་ཚུལ་དང་།

ཆོས་ཐོག་ཆོས་མཚམས་ཐམས་ཅད་རྒྱུན་མ་ཆད་པར་དམ་བཅའ་འཛུགས་དགོས་ཚུལ་དང་ཉིན་དགའ་མ་གཏོགས་རང་ཁྱིམ་དང་ཕྱོགས་ཡར་མར་དང་དགོས་པ་མེད་པར་གླིང་སྟོད་སྨད་སོགས་ལ་ཡང་དོན་མེད་འཁྱམས་རྒྱུ་སྣ་ཚོགས་བྱེད་མི་ཆོག་པའི་བཀའ་སློབ་བཟང་པོ་སྩལ།

གྲྭ་པ་དེ་རྣམས་དུས་རྒྱུན་དུ་དགོན་འདིར་བཞུགས་ནས་ཐོས་བསམ་སློབ་གཉེར་ལ་བརྩོན་པ་གཏན་འཇགས་མཛད། དེ་ནས་དམ་པ་འདིས་བོད་རིག་གཞུང་མི་ཉམས་རྒྱས་ཕྱིར་དུ་སྨན་ཁང་དང་པར་ཁང་གསར་དུ་འཛུགས་ཚུལ་གྱི་བཀའ་གནང་ནས་ཉིད་ཀྱིས་གསོ་རིག་གཞན་ཕན་གྲྭ་ཚང་ཞེས་གྲགས་པ་གསར་དུ་འཛུགས་བསྐྲུན་བྱས།

དགོན་པ་མཆོག་སྤྲུལ་ཐུབ་བསྟན་དར་རྒྱས་ཀྱིས་ཟབ་རྒྱས་ཆོས་མཛོད་གྲྭ་ཚང་ཞེས་གྲྭ་ཚང་འདི་ནི་གསར་དུ་འཛགས་སྐྲུན་བྱས་ཡིན་ལ། གྲྭ་ཚང་འདི་གཉིས་ཀྱིས་བསྟན་འགྲོའི་དོན་བྱེད་ཚུལ་དང་ནང་བཞུགས་པར་ཤིང་གི་གྲངས་འོག་ཏུ་འགོད་པར་བྱའོ།། དེ་ནས་དམ་པ་འདིས་ཁྲི་བའི་ལས་ཁུར་ལོ་བདུན་བཟུང་ནས།

དགའ་སྟོན་ལ་དགེ་འདུན་རེ་ལ་སྒོར་སུམ་བཅུ་དང་། སྤྱི་འཇོག་ལ་རྟ་ཟོག་བརྒྱ་ལྷག་ཙམ་བཞག་ནས་བསྟན་པ་དང་འགྲོ་བའི་དོན་དུ་གནས་མཆོག་འཕགས་པའི་ཡུལ་གནས་མཇལ་དང་ཕྱག་བསྐོར་ལ་ཕེབས།

དེ་ནས་གནས་མཆོག་འཕགས་པའི་ཡུལ་གྱི་གནས་ཆེན་བརྒྱ་དང་གནས་ཕྲན་དུ་མར་ཕེབས་ནས་བསྟན་པ་དང་འགྲོ་བའི་དོན་ཆེན་ཡོང་ཆེད་ཐུགས་སྨོན་ཟབ་རྒྱས་རྒྱ་ཆེར་གནང་བ་མ་ཟད།

གངས་ཅན་ལྷ་གཅིག་ཕྱག་ན་པད་དཀར་འཆང་དངོས་རིས་མེད་བསྟན་འཛིན་ཡོངས་ཀྱི་གཙུག་རྒྱན་གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་བ་མེད་པའི་ཞི་བདེ་སྐྱེས་བུ་མཆོག་གི་ཞལ་མཇལ་གསུང་གླེང་མང་དུ་གནང་།

དམ་པ་འདིས་དགོན་འདིའི་སྒྲིག་ལམ་དང་ཐོས་བསམ་སློབ་གཉེར་ལ་སྦྱངས་བརྩོན་བྱེད་ལུགས་དང་ཁྲི་བ་དང་། མཁན་གདན་ཟུར་དང་དགེ་བའི་བཤེས་གཉེན་རྣམས་ཀྱིས་མདོ་དྨད་དུ་བསྟན་པ་དང་འགྲོ་བའི་དོན་བྱེད་ཚུལ་མ་ལུས་པར་ཞུས་པས། སྐྱབསམགོན་མཆོག་ཐུགས་དགྱེས་འཛུམ་མདངས་བཞད་པའི་ངང་ནས། ཉིད་ཀྱི་ཆོས་གོས་དང་།

དབུ་པཎ་སྣེ་རིང་དང་། དགོན་འདིར་འགྲིག་ཡིག་གནང་བ་མ་ཟད། མདོ་སྨད་བསྟན་པའི་འབྱུང་གནས་གདན་ས་སེར་ཤུལ་ཐིག་ཆེན་གླིང་ཞེས་མཚན་གྱི་གཟེངས་[page 146] བསྟོད་གནང་ནས་མདོ་སྨད་གདན་ས་འདི་དབུས་ཀྱི་གདན་ས་རྣམས་དང་མཉམ་དགོས་ཚུལ་གྱི་བཀའ་སློབབཟང་བོ་བསྩལ།

དེ་ནས་དམ་པ་འདིས་བསྟན་པ་དང་འགྲོ་བའི་དོན་ཆེན་ཡོང་བའི་གནས་བདག་ལ་སྐྱབས་མགོན་ཁྱེད་ཀྱི་ལུང་བསྟན་དུ་གསོལ་ཞེས་ཞུས་ནས་སྐྱབས་མགོན་མཆོག་གིས་དམ་པ་ཁྱེད་རང་ཡུལ་ལ་ཕེབས་ནས་བོད་ཆོལ་ཁ་གསུམ་གྱི་བསྟན་པ་དང་འགྲོ་བའི་དོན་བྱེད་དགོས་ཚུལ་གྱི་བཀའ་སློབ་བཟང་པོ་སྤྱི་བོར་ཕེབས།

དེ་ནས་དམ་པ་འདིའི་སྐུའི་འཁོར་དང་བཅས་པ་རང་ཡུལ་དུ་བདེ་བར་འབྱོར་པས་དགའ་སྟོན་རྒྱ་ཆེར་མཛད་ནས་གྲྭ་རེ་ལ་སྒོར་ལྔ་དང་སྤྱིར་འཇོག་ལ་གསེར་སྐུ་ལི་མ་ཁྲུ་གང་ཙམ་ཡོད་པ་བཅུ་དང་གཞན་མནའ་གོས་སོགས་དུ་མ་བཞག་དེ་ནས་དམ་པ་འདིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་དང་ལྷག་པར་དུ་སྐྱེ་རྒུ་འགྲོ་བའི་བདེ་རྩར་བོད་རང་སྐྱོང་ཁུལ་ས་ཁུལ་ལྔ་ཙམ་ལ་ཚོགས་པ་ལྔ་བཅུ་འཛུགས་ཟིན་པ་དང་།

ཁྱད་པར་དུ་ལོ་གསར་པའི་ནང་དུ་དགོན་ཁག་བཞི་བཅུ་ལྷག་ཙམ་དགོན་འདིར་ཕེབས་ནས་བཟང་སྤྱོད་བྱེ་བ་གཅིག་གསུང་ངེས་ཡིན་པར་མ་ཟད། བོད་ཆོལ་གསུམ་གྱི་དགོན་སྟེ་མང་ཙམ་ཕེབས་ངེས་ཡིན་པས་དེའི་མཐུན་རྐྱེན་དང་།

ལྷག་ཏུ་དགོན་འདི་ཉེ་ཕྱོགས་ཞིག་ལ་རིགས་གནས་མ་ལུས་པ་དང་སྐད་རིགས་སྣ་ཚོགས་སྦྱངས་བརྩོན་བྱེད་པའི་བོད་ཀྱི་སློབ་གྲྭ་ཆེན་མོ་ཞིག་འཛུགས་བསྐྲུན་བྱེད་པའི་ཆར་བཀོད་པའི་དེའི་མཐུན་རྐྱེན་སོགས་རྫོང་དང་རང་སྐྱོང་ས་ཁུལ་ཞིང་ཆེན་སོགས་ཀྱིས་ཐུགས་ཁུར་མཛད་རོགས་ཞུ།

མདོར་ན་དཔོང་ཚང་མཆོག་སྤྲུལ་ཁྲི་ཟུར་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་གྱིས་མཆོག་དམན་འགྲོ་བ་ཡོངས་ལ་བྱམས་པ་དང་བརྩེ་བས་བསྐྱངས་ཚུལ་དང་ཉིན་མཚན་ཀུན་ཏུ་བསྟན་པ་དང་འགྲོ་བའི་དོན་དུ་ཐུགས་ཁུར་མཛད་ཚུལ་དང་བསྟན་པ་དང་འགྲོ་བའི་དོན་མཛད་ཚུལ་རགས་ཙམ་ཡང་བདག་གིས་སྨྲ་མི་ནུས།

མདོ་སྨད་བསྟན་པའི་འབྱུང་གནས་གདན་ས་སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་གི་མཁན་གདན་ཟུར་རྣམས་ཀྱིས་མདོ་སྨད་དུ་བསྟན་འགྲོའི་དོན་བྱེད་ཚུལ་མདོ་ཙམ་བརྗོད་ན་མཁན་རིན་པོ་ཆེ་སངས་རྒྱས་དང་པོ་དང་ངོ་བོ་དབྱེར་མ་མཆིས་པ་རྗེ་བཙུན་བླ་མ་ཐུབ་བསྟན་དབང་པོ་དེ་ཉིད་ཀྱིས་དགོན་འདིའི་ཆོས་སྒོ་ཕྱེས་མ་ཐག་མཁན་པོའི་ལས་ཁུར་བཟུང་ནས་དེའི་རིང་ལ།

དཔེ་ཆ་ཁྲིད་སྦྱངས་དང་དབང་བཀའ་རྗེས་གནང་དང་ལྷག་པར་དུ་དགོན་འདི་དང་གཞི་དགོན་གཞན་གྱི་གདུལ་བྱ་ལྔ་སྟོང་ཙམ་ལ་དགེ་ཙུལ་སློང་གི་སྡོམ་པ་སྦྱིན་པ་དང་གདམས་ངག་སྦྱིན་པ་སོགས་མདོར་ན་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་མཐར་བདག་ཅག་བརྩོན་པ་ཆུང་བས་གཞུང་ཆེན་གཞན་ལ་ཐོས་བསམ་ཆེར་མི་ནུས་པ་མཁན་བུ་དང་སློབ་བུ་རྣམས་ཀྱིས་ཉིན་རེ་བཞིན་དལ་འབྱོར་སྟོང་ཟད་དུ་མི་ཤོར་བར་དོད་ལྡན་མཆོག་ཏུ་འགྱུར་བའི་ཐབས་སུ་ཐུགས་བརྩེ་བ་ཆེན་པོའི་ངང་ནས་ངོ་བོ་མ་ནོར་བ།

གྲངས་མ་ཆད་པ། གོ་རིམ་མ་འཆོལ་བ། དོན་གྱི་ས་ཆོད་ཆེ་ཞིང་ལག་ཏུ་ལེན་བདེ་བའི་ལམ་ཁྲིད་ཀུན་ལས་བཏུས་པ་ལམ་རིམ་ཤར་སྒོམ་གཏན་གྱི་འདུན་མའི་སྙིང་པོ་ཞེས་ཉིད་ཀྱི་ཞལ་ཚབས་སུ་མཛད་ནས། སྲིད་འབྱོར་ཀློག་གི་གར་ལ་རྟག་པར་འཆར་བའི་གདུལ་བྱ་[page 147] རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་ཕྱིར།

སྤྱི་ལོ་༩༤ཟླ་གཉིས་པའི་ཚེས་བཅུ་བཞིའི་ཉིན་རྡོ་རྗེའི་སྐུ་མཆོག་རགས་པ་ཚོས་དབྱིངས་སུ་རེ་ཞིག་ཐིམ་ཚུལ་བསྟན། གཞན་ཡང་། ཐོས་བསམ་གླིང་གྲྭ་ཚང་གི་མཁན་པོ་ལས་ཐོག་པ་དགེ་བའི་བཤེས་གཉེན་ཆེན་པོ་ངག་དབང་ལེགས་འོང་བས་དགོན་འདིར། ཐོས་བསམ་སློབ་གཉེར་དང་། དབང་བཀའ་རྗེས་གནང་།

སྒྲིག་ལམ་ཀུན་སྤྱོད་སོགས་གཟིགས་པ་རྒྱ་ཆེར་གནང་བ་མཛད། ཡུལ་དགོན་གཞན། འབར་རྟ་དགོན། གྲུ་བ་དགོན། རྨ་འགྲིལ་དགོན། ཇོ་བོ་དགོན། འབུམ་གསར་དགོན་སོགས་དགོན་སྡེ་མང་ཙམ་ལ། གཞི་གསུམ་ཕྱག་ལེན། དབང་བཀའ་རྗེས་གནང་། དགེ་ཚུལ་སློང་གི་སྡོམ་པ་སྤྱིན་པ་སོགས་ད་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་བཞིན་བཞུགས།

ཁོང་གི་གསུང་ལ་དཀར་ཆག་ཆེན་མོ་དང་ཆོས་འབྱུང་སོགས་གསུང་སྣ་ཚོགས་པོད་གཅིག་ལྷག་ཙམ་ཡོད། མདོར་ན་སྐྱེས་བུ་དམ་པ་འདི་རིག་གནས་ཆེ་ཆུང་མ་ལུས་པར་ཐུགས་སུ་ཆུད་པའི་སྟན་བཅོས་རང་སྟོབས་ཀྱིས་བརྩོམ་པར་ནུས་པའི་སྐྱེས་བུ་དམ་པ་ཡིན་པར་མདོ་སྨད་དང་དབུས་ཕྱོགས་ཀྱི་གྲྭ་ཚང་མས་མཁྱེན་བཞིན་པ་རེད།

གཞན་སློབ་དཔོན་འདུལ་བ་འཛིན་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁན་ཆེན་བློ་བཟང་བསྟན་འཛིན་གྱིས་དཔལ་ལྡན་རྒྱུད་པ་གྲྭ་ཚང་གི་མཁན་པོའི་ལས་ཁུར་བཟུང་ནས་དགོན་འདིར་ཆོས་བཤད་སྒྲུབ་ཀྱི་འཆད་ཉན་དང་ཐིག་རྡུལ་མཚོན་དང་གར་ཐིག་དབྱངས་རོལ་ཆོ་ག་ཕྱག་ལེན་ལེན་སོགས་ཕྱོགས་གང་ཐད་ནས་སྔར་གྱི་ཤུལ་དུ་གནས་པ་མཛད་པར་མ་ཟད་དགོན་སྟེ་གཞན་པ་རོད་དགོན་པ་དང་།

དབོན་པོ་དགོན་པ་སོགས་དགོན་ཁག་དུ་མ་ལ་དབང་ལུང་མན་ངག་དཔེར་ཆ་ཁྲིད་སྦྱངས། གཞི་གསུམ་ཕྱག་ལེན་དང་གངུལ་བྱ་བརྒྱ་ཕྲག་དུ་མ་བསླབ་སྤྱིན་སོགས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་བཞིན་བཞུགས། ཁོང་ཡང་བསྟན་བཅོས་རང་སྟོབས་ཀྱིས་རྩོམ་པའི་མཁས་གྲུབ་ཡིན་པས་ཉིད་ཀྱིས་ལྕགས་རྩོམ་གནང་བའི་གསུང་།

རྟེན་འབྲེལ་བསྟོད་པའི་འགྲེལ་ཆེན་སོགས་མཁན་མཁན་པོ་གཉིས་ཀྱིས་བོད་གཅིག་ལྷག་ཙམ་ཡོད།

འཇིག་རྟེན་ཐད་ནས་ཀྱང་བཟང་སྤྱོད་ཆེན་མོའི་ཉིན་གཉིས་རེ་ལ་ཚོགས་དྲང་དགོས་ལ་དེའི་འགྲོ་སོང་ལ་སྒོར་འབུམ་གཅིག་སྟོང་ལྔ་ལྷག་ཙམ་འགྲོ་སོང་བྱེད་དགོས་ལ་ཁྱོན་མཁན་པོ་རྣམ་པ་གཉིས་ཀྱིས་ལོ་ལྔའི་རིང་ལ་གཞན་རེ་རེས་སྒོར་འབུམ་བདུན་ལྷག་ཙམ་འགྲོ་སོང་བྱེད་དགོས་གཞན་མཞན་ཟུར་གསུམ་དང་། ལྷརམས་པ་བཅོ་ལྔ་དང་།

དགེ་བའི་བཤེས་གཉེན་དུ་མ་དང་། བླ་མ་སྤྲུལ་པའི་སྐུ་རྣམས་ཀྱིས་དགོན་འདི་ཆོས་འཇིག་རྟེན་གཉིས་ཀྱིས་བསྐྱངས་ཚུལ་ཕྲ་ཞིབ་རྒྱས་པ་ནི་བརྗོད་པར་མི་ནུས་སོ།།

གསུམ་པ་མགོན་འདིར་བཞུགས་པའི་རྟེན་གསུམ་དང་ཟབ་རྒྱས་ཆོས་མཛོད་ནང་བཞུགས་ཀྱི་པར་ཤིང་གི་གྲངས་དང་གསོ་རིག་གཞན་ཕན་གྲྭ་ཚང་གི་ལོ་རྒྱུས་མདོ་ཙམ་བརྗོད་པ། ད་ལྟར་བཞུགས་པའི་སྐུ་རྟེན་གྱི་གྲངས་ནི་གཟངས་གསེར་སྨན་འདམ་སོགས་ལས་བཞེངས་པ་དང་། ལི་མ་དང་གཏེར་མ་སོགས་ལྔ་སྟོང་ལྷག་ཙམ་དང་།

གསུང་རྟེན་ནི་བཀའ་བསྟན་ཟུང་བཅུ། བརྒྱད་སྟོང་པོ་ཏི་སྟོང་པོ་སྟོང་གཅིག་ལྷག་ཙམ་དང་། རྗེའི་ཡབ་སྲས་གསུམ་འབུམ་དང་བོད་ཀྱི་མཁས་གྲུབ་ཡོངས་ཀྱི་གསུམ་འབུམ་སོགས་པོད་ཁྲི་གཅིག་ལྷག་[page 148] ཙམ་བཞུགས། ཐུགས་རྟེན་ནི་གསེར་དངུལ་ལས་གྲུབ་པའི་གསེར་གདུང་དང་དངུལ་གདུང་དགུ་ཙམ་བཞུགས།

རྟེན་གྱི་གཙོ་བོ་ནི་རྗེ་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་ཚེམས་རིང་བསྲེལ་དང་བདུད་བརྩིའི་བྱུར་བུར་གཏམས་ཤིང་། བྱིན་རླབས་ཀྱི་འོད་ཆགས་འབར་པ་སྲིད་ན་ཉིད་པར་དཀའ་བ་དེ་དང་།

གནས་མཆོག་འཕགས་པའི་ཡུལ་གྱི་དཔལ་ན་ལེཎྚའི་དགོན་པ་ནས་གདན་དྲངས་པའི་གན་གཡོག་གཉིས་ཀ་ཙནྡན་དམར་པོའི་ལྗོན་པ་གཅིག་ལས་གྲུབ་པའི་ཚད་ལྡན་ཤེར་ཕྱིན་གཎ་དྲིའི་རང་སྒྲ་སྒྲོགས་པ་གཅིག་དང་དུས་འགྱུར་ངན་པའི་སྐབས་སུ་གཏོར་བཤིག་མ་འཐེབ་པའི་དཔངས་ཁང་བརྩེག་གཅིག་ལས་ལྷག་པའི་མཐུ་ཆེན་འཇམ་དབྱངས་སྤྱན་རས་གཟིགས་ཏེ་རྒྱལ་བ་རིག་གསུམ་མགོན་པའི་སྐུ་སྣང་ངོ་མཚར་ཡིད་དུ་འོང་བའི་མཐོང་གྲོལ་སྨན་སྐུ་ཆེན་མོ་དང་དབུལ་ཀྱི་ཇོ་བོ་ཤྭཀྱ་མུ་ནེ་དང་བྱིན་བརླབས་མཉམ་པའི་ཇོ་བོ་ཤྭཀྱ་མུ་ནེ་བྱིས་པ་ལོ་གསུམ་ཚད་ཙམ་ཡོད་པ་སོགས་མདོར་ན་ལི་མ་དང་གཏེར་མ་རྒྱས་པཎ་རིམ་བྱོན་གྱིས་གནང་བའི་སྐུ་གསུངས་ཐུགས་རྟེན་དང་།

མནའ་རྫས་དང་། རོལ་མོ་སོགས་རིན་ཐང་བྲལ་བའི་རྟེན་ཁྱད་པར་ཅན་མང་དུ་ཡོད་ན་བློ་དམན་བདག་གིས་དེ་ཙམ་འགོད་མི་ནུས་སོ། ཟབ་རྒྱས་ཆོས་མཛོད་གྲྭཚང་གི་པར་ཤིང་གྲངས་ནི་ལེགས་བཤད་རོལ་མཚོ་མཐའ་དཔྱོད། དྲང་ངེས་ཟིན་བྲིས། སྐབསབཞི་པའི་ཟིན་བྲིས། རིམ་ལྔའི་མཐའ་དཔྱོད་གསང་དོན་ཀུན་ད་བཞད་པའི་ལེགས་བཤད།

སྟོངཐུན་བདེ་ཆེན་རོལ་མཚོ། ས་དང་ལམ་གྱི་རྣམ་པར་བཞག་པ་རིམ་ལྔའིརང་ལུགས་སྙིང་པོ། ལམ་རིམ་ཤར་སྒོམ་གཏན་གྱི་འདུན་མ་སོགས་འདི་དག་ནི་ཆེས་དཀོན་པས་བཀོད་པས་བཀོད་པ་ཡིན་ལ་གྲྭ་ཚང་འདིའི་ནང་ལ་བཞགས་པའི་པར་ཤིང་གི་གྲངས་ནི་སུམ་བརྒྱ་ལྷག་ཙམ་བཞུགས།

དེ་རྣམས་ཐམས་ཅད་བཀོད་ན་ཡི་གེ་མང་བར་དོགས་ནས་མ་བྲིས་གསོ་རིག་གཞན་ཕན་གྲྭ་ཚང་གི་ལོ་རྒྱུས་རགས་བསྡུས། སྔར་དགོན་འདིར།

ཁྲི་ཐོག་སུམ་བཅུ་བ་བསྒོམ་པ་དགེ་ལེགས་བསྟན་དར་གྱིས་དགོན་འདིར་གསོ་རིག་གྲྭ་ཚང་ཞིག་ཚུགས་ན་སྙམ་པའི་ཐུགས་བསྐྱེད་བཟང་པོ་ཡོད་པས་ཉིད་ཀྱིས་གྲྭ་པ་བརྒྱ་ཕྲག་ཙམ་ལ་གསོ་རིག་གི་ཆོས་བསྐོར་ཡོངས་རྫོགས་དང་ལྷག་ཏུ་ལྟ་ཉན་སོགས་ལ་སྦྱངས་པར་མཐར་ཕྱིན་མཁས་པའི་གོ་འཕང་ཐོབ་པར་མཛད་ནའང་དེའི་མཚམས་དུས་འགྱུར་ངན་པའི་རྐྱེན་གྱིས་གསོ་རིགས་གྲྭ་ཚང་གསར་དུ་མ་ཚུགས་ཀྱང་ཆོས་སྒོ་ཕྱེས་ནས་སྤྱི་ལོ་༩༢དང་བོད་རྒྱལ་ལོ་༢༡༡༩ལོར་སྨན་ཤུལ་ཨེར་ཏི་ནི་བློ་བཟང་འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་ཉི་མ་དང་།

དཔོན་ཚང་མཆོག་སྤྲུལ་ཁྲི་ཟུར་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་དང་དམ་པ་གཉིས་ཀྱིས་གྲྭཚང་འདི་ཕྱག་འདེབས་མཛད། དེ་ནས་དགེ་བའི་བཤེས་གཉེན་ཆེན་པོ་སྔར་གྱི་གྲྭ་རྒན་པ་དྲུག་དང་།

དད་བརྩོན་རྣམ་དཔྱོད་ཅན་གྱི་གྲྭ་གསར་བུ་བ་བཅུ་ཕྲག་དུ་མ་ལ་དམ་པ་གཉིས་ཀྱིས་དབུལ་ཞིང་ཕོངས་པའི་ཉམས་ངན་སྐྱེས་འགྲོའི་དོན་དུ་གསོ་རིགས་གྲྭ་ཚང་འདི་འཛུགས་བསྐྲུན་བྱས་ན་གསོ་རིག་པ་ཁྱེད་རྣམས་ཀྱིས་དམན་པ་དེ་རྣམས་ལ་བྱམས་བརྩེས་བསྐྱོང་དགོས་ཚུལ་དང་།

ལྷག་ཏུ་དེ་རྣམས་ལ་སྨན་གྱི་ཡོན་སྒོར་ཟུར་ཡང་ལེན་མི་ཆོག་པའི་བཀའ་བཟང་སྦྱི་བོར་ཕེབས་ནས་སྨན་གྱི་ཆ་རྐྱེན་དུ་སྒོར་ལྔ་ཁྲི་གནང་སྤྱིན་མཛད། དེ་[page 149] ནས་སྔར་གྱི་སྨན་པ་རྒན་རབས་པ་རྣམས་ཀྱིས་གྲྭ་གསར་བུ་བ་རྣམས་ལ་གསོ་རིགས་རྒྱུད་བཞི། འགྲེལ་བ་བེེཌྰུར་སྔོན་པོ་བཀའ་རྒྱ་མ།

གཟུངས་འདུས་ཨེ་ཝཾ་གཉིས་ཟི་ཐིག་ཡང་ཐིག་ཡང་ཐིག་གཉིས། མན་ངག་ལྷན་ཐབས་ལྡེ་མིག་མཁའ་འགྲོའི་གཏེར་མཛོད། མཁྱེན་བརྩེ་ཀ་འབུམ། མི་ཕམ་གསུང་སོགས་མཐོང་བ་བརྒྱུད་པའི་བླ་མའི་ཕྱག་ལེན་ལྟར་ཁྲིད་སྦྱངས་མཛད་པ་དང་དུས་རྒྱུན་དུ།

དགོན་པ་མཆོག་སྤྲུལ་ནས་དཀྱིལ་འཁོར་སྒྱུབ་མཆོད་ཆ་ཚང་བཞག་པས་དཀྱིལ་འཁོར་སྒྱུབ་མཆོད་དང་། སྨན་ལྷ་མཆོག་བརྒྱད་དང་མདོ་ཆོག་སོགས་ཆག་མེད་མཛད་བཞིན་བཞུགས་སོ།

མདོ་སྨད་བསྟན་པའི་འབྱུང་གནས་གདན་ས་སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་ལ་འབྲེལ་བ་ཡོད་པའི་གཞི་དགོན་གཞན་གྱི་གྲངས་མདོ་ཙམ་སྨྲོས་ན། རྒྱལ་བ་གཉིས་པའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་། སེ་ར་ཐེག་ཆེན་གླིང་ག། དཔལ་ལྡན་འབྲས་སྤུངས་དགོན། བཀྲ་ཤིས་ལྷུན་པོ། རྒྱུད་སྨད་གྲྭ་ཚང་། རྒྱུད་སྟོད་གྲྭ་ཚང་།

ཆབ་མདོ་བྱམས་པ་གླིང་། སྐྱེས་བུ་དམ་པ་མཁན་པོ་ཐུབ་དགའི་གདན་ས་ལྕང་མ་དགོན་འདི་དང་སེར་ཤུལ་གླིང་གཉིས་ཡུལ་སྡེ་བ་གཅིག་གི་དགོན་པ་ཡིན་པར་མ་ཟད་དགོན་དཔོན་བླ་མ་ཡང་གཅིག་ཡིན་ནོ། གཞན་ཡང་པ་རོད་དགོན། ཀ་བཞི་དགོན། མཁར་ནང་དགོན། དཔོན་པོ་དགོན། འབུམ་རྙིང་དགོན། འབུམ་གསར་དགོན། བོ་རོད་དགོན། ཇོ་བོ་དགོན།

མང་དགེ་དགོན། ཐལ་ཤུལ་དགོན། འཇུ་བ་དགོན། ལབ་དགོན་པ། རྫ་བསམ་འགྲུབ་དགོན། རྫ་དགོན་གསར་དགོན། འབམ་ལེ་དགོན། བཀའ་བརྒྱུད་དགོན་ཆེན་འཛིན་དགའ་དགོན། ཤུས་མ་དགོན། བཀྲིས་ལྷ་ཕུག་དགོན། བཀྲ་ཤིས་ཆོས་སྒང་དགོན། བསྟན་གཉིས་དར་རྒྱས་གླིང་། ར་རྒྱ་དགོན། ཨ་སྒྲེས་དགོན། དགེ་རྒྱས་དགོན། དགེ་རྒྱས་ལྷ་བབས་དགོན།

དགོན་འདི་དག་ནི་སེར་ཤུལ་ཐེག་ཆེན་གླིང་ལ་གྲྭ་རྒྱུན་བྱོན་པའམ་ཡང་ན་ཆོས་འབྲེལ་ཆེ་པས་རགས་ཙམ་བཀོད་པ་ཡིན་ལ། མདོར་ན་མདོ་སྨད་ཀྱི་དགོན་སྡེ་ཐམས་ཅད་རེ་གཉིས་མ་གཏོགས་ཕལ་ཆེར་ཆོས་འཇིག་རྟེན་གཉིས་ཀྱིས་འབྲེལ་བ་མེད་ས་མེད་པས་རྒྱས་པར་མ་བྲིས།

དགོིན་འདིའི་མངའ་འོག་ཏུ་གཏོགས་པའི་སེར་ཤུལ་སྡེ་པའི་དུད་གྲངས་སྟོང་གཉིས་དང་དྲུག་བཅུ་ལྷག་ཙམ་ཡོད། མི་གྲངས་ཁྲི་གཅིག་གཉིས་བརྒྱ་ལྷག་ཙམ་ཡོད། ལྔ་བ་དགོན་འདིའི་ལས་སྣེ་ཐོབ་ཐང་དང་གཙུག་ལག་ཁ་སོགས་ཀྱི་གྲངས་འགོད་པར་ནི་དགོན་འདིའི་ཁྲི་བ་ནི།

དགོན་འདི་ལ་ལས་སྣེ་སུམ་ཅུ་ལྷག་ཙམ་ཡོད་ལ་གེ་རྣམས་ཀྱིས་ལས་སྣེ་ཡིན་པ་དང་ཞལ་ངོ་ནི་དགོན་འདི་ལ་གྲྭ་ཚང་དུ་མ་ཡོད་ལ་དེ་རྣམས་ཐམས་ཅད་མཉམ་དུ་ཚོགས་པའི་ཚོགས་ཆེན་གྱི་ལས་སྣེ་ཡིན་དགེ་སྐོས་ནི་གྲྭ་ཇ་དང་ཆོས་ར་ཚོགས་པའི་གྲྭ་ཚང་གི་ལས་སྣེ་ཡིན་ནོ། དགོན་འདིར་ད་ལྟར་འདུ་ཁང་ལྔ། ཆོས་ར་དྲུག སྤྱི་ཁང་གསུམ།

མཛོད་ཁང་གསུམ། གྲྭ་ཤག་དྲུག་བརྒྱ་ལྷག་ཙམ་ཡོད་རྒྱ་ཁྱོན་ནི་ཁྲི་གཅིག་ལྷག་ཙམ་ཡོད། ལྷ་ཁང་བཞི་བཅུ་ཙམ་ཡོད། དཔེ་ཁང་གཅིག་སོགས་ཡོད། དགོན་འདིའི་ཚོགས་པའི་གཏོང་སྒོ་ནི་སྔར་ཡིན་ན་སྤྱི་ཁག་[page 150] བརྒྱ་ལྷག་ཙམ་ཡོད་ན་ད་ལྟར་དེ་རྣམས་མེད་པས་དགོན་པ་རང་ཉིད་ཀྱི་ཚོང་ཁང་བདུན་ཙམ་ཡོད་པས་རང་ཁ་རང་གསོའི་ངང་དུ་གནས་སོ། དགེ་འདུན་གྱི་ཞལ་གྲངས་ནི་བདུན་བརྒྱ་ལྷག་ཙམ་ཡོད།

དྲུག་པ་ཐེག་ཆེན་གླིང་གིས་བསྟན་པ་དང་འགྲོ་བའི་དོན་བྱེད་ཚུལ་མདོ་ཙམ་འགོད་ན། ཐེག་ཆེན་གླིང་འདིར་ད་ལྟར་བསྟན་པའི་གཞི་མ་སོ་ཐར་གྱི་ཚུལ་ཁྲིམས་ཀྱིས་རྒྱུད་གཏམས་པའི་ངུར་སྨྲིག་འཆང་བ་གྲྭ་བདུན་བརྒྱ་ལྷག་ཙམ་བཞུགས་ཡོད་ལ་དམ་པ་དེ་རྣམས་ཀྱིས་བླང་དོར་གྱི་བྱ་བ་ནི།

ཀུན་གཟིགས་པཎ་ཆེན་མཆོག་གིས་གནང་བའི་བཅའ་ཡིག་དང་། སྐྱབས་དགོན་ཡིད་བཞིན་ནོར་བུས་བསྩལ་བའི་བཅའ་ཡིག་དང་།

སྨན་ཤུལ་རིན་པོ་ཆེས་བསྩལ་བའི་བཅའ་ཡིག་སོགས་དང་ལྷག་ཏུ་དཔོན་ཚང་མཆོག་སྤྲུལ་གྱིས་བསྩལ་བའི་སྒྲིག་ཡིག་ལམ་སྒྲོན་ཆེན་མོ་ཞེས་གྲགས་པ་དེབ་ཐུང་པོད་བཅོ་བརྒྱད་ཡོད་པས་དེའི་ནང་བཞིན་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མིག་འབྲས་བཞིན་དུ་སྲུང་ནས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ངང་ནས་བསྟན་པ་དང་འགྲོ་བའི་དོན་ཆེར་མཛད་བཞིན་བཞུགས་པ་སོགས་མདོར་ན་རང་རང་གྱི་བླང་དོར་གྱི་གནས་ལ་རྨོངས་པའི་ངང་ནས་ཀུན་མཁྱེན་ཉི་མའི་གཉེན་གྱི་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ཏུ་ཡང་རིགས་གསུམ་གཅིག་གྱུར་རྒྱལ་གཉིས་པས་བསྲེགས་བཅད་བརྡར་བའི་གསེར་གྱི་ཞུན་མ་འདི་ཉིད་སྲིད་མཐར་མ་སྟོང་བར་དུ་ཉམས་མེད་བསྒྲེངས་བར་མཛད་པ་ཡིན་ནོ།

ཅེས་ཆོས་དང་སྲིད་ཀྱི་སྔོན་བྱུང་ལོ་རྒྱུས་འདི་ནི་དགེ་བའི་བཤེས་གཉེན་མཁན་ཆེན་ངག་དབང་ལེགས་འོང་པས་སྔར་ནས་སྦྱར་ཟིན་ཡང་། ད་ལྟར་མཁན་གདན་ཟུར་རྣམས་དང་དགེ་བའི་བཤེས་གཉེན་རྣམས་ཡུལ་དགོན་གཞན་དུ་བསྟན་པ་དང་འགྲོའི་དོན་དུ་ཕེབས་ཤུལ་དཀར་མཛེས་ཁུལ་ནས་ཙ་འཛིན་དང་ཟུར་བཀོད་འབྱོར་བྱུང་བས།

བདག་གི་དགེ་བའི་བཤེས་གཉེན་གྱིས་ལྗགས་ཙོམ་གནང་པའི་ཆོས་བྱུང་ནང་དུ་དཀར་མཛེས་ཁུལ་གྱིས་བཅད་འགའ་མི་ཚང་བ་དང་ལྷག་ཏུ་དགོན་འདིའི་དེང་གི་གནས་ཚུལ་མེད་པའི་རྐྱེན་གྱིས་བླ་མའི་གསུང་ལ་ཚིག་འགའ་ཟུང་གིས་ཁ་སྐོང་བ་དང་།

དེང་གི་གནས་ཚུལ་མཇུག་མཐུད་བྱས་ནས་སློབ་མ་ཐ་ཤལ་བ་ཞིག་གིས་འདི་འབྲི་བའི་སྐབས་གྲྭ་རྒན་རབས་རྣམས་དང་དམངས་ཚོགས་རྒན་རབས་རྣམས་ཀྱི་ངག་རྒྱུན་དང་སྔོན་ཡོད་ཡིག་ཆ་དང་ཆོས་འབྱུང་སོགས་ལ་རང་གི་ནུས་པ་དང་མཐུན་པ་ཁུངས་གཏུགས་ཏེ་བྲིས་ན་ཡང་།

སྔོན་གྱི་གནས་ཚུལ་འདི་དུས་དང་ཡུལ་གྱིས་བསྐལ་བས་ཇི་མ་ཇི་བཞིན་མ་ཤེས་ཀྱང་རྫུན་གཏམ་དང་རང་བཟོ་ཆགས་སྡང་སོགས་སྤང་ཅི་ཐུབ་བྱས་ཡོད།།

གནམ་བསྐོས་པའི་ཚངས་པ་ཆེན་པའི་ལུང་གིས་པཎ་ཆེན་ཨེར་ཏི་ནིར་ཞེས་བསྔགས་ཤིང་། རྣམ་འདྲེན་ཟས་གཙང་སྲས་པོའི་རང་ལུགས་འཛིན་ཅིང་སྤེལ་བའི་ལྷག་བསམ་གྱི་སྙིང་སྟོབས་མཆོག་ཏུ་དགེ་བ་ཤཀྱའི་དགེ་སྦྱོང་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་པོར་འབོད་པའི་གཏམ།

ཀུན་གསལ་འཆི་མེད་ཀྱི་ལམ་དུ་མངོན་པར་མཛེས་པའི་སྣང་བྱེད་བདག་པོའི་འོག་རུལ་ཏུ་གནས་ཤིང་[page 151] རྒྱུ་བའི་སྐྱེ་རྒུ་སྤྱི་དང་། བྱེ་བྲག་བོད་དབུས་གཙང་སྨད་མདོ་ཁམས་སྒང་དྲུག།

མཚོ་སྔོན་ཕྱི་ནང་སོག་རིགས་བཅས་ཀྱི་སའི་ཆར་གནས་པའི་ཆོས་ཀྱི་གདན་ཁྲི་འཛིན་པའི་བླ་མ་མཁན་པོ་སློབ་དཔོན་ལས་སྣེ་རྣམས་དང་། གཞན་ཡང་སེར་སྐྱ་དཔོན་དམག་སོགས་མཆོག་དམན་བར་གསུམ་མཐའ་དག་གིས་གཉན་པར་བྱ་བ་ནི།

མདོ་སྨད་ཡུལ་གྱི་སའི་ཆ་རྫ་སྟོད་སེར་ཤུལ་ཁུལ་གྱི་དགོན་ཁག་གི་གཙོ་བོ་བཤད་སྒྲུབ་བསྟན་པའི་འབྱུང་འབྱུང་གནས་ཆོས་སྡེ་ཐུབ་བསྟན་དར་རྒྱས་གླིང་འདི་ཉིད་དུ་སྔར་ནས་དགེ་འདུན་གྱི་སྡེ་རྣམས་སྡོམ་བཙོན་བཤད་སྒྲུབ་འཁོར་གསུམ་གྱི་བྱ་བས་ཉིན་མཚན་ཁོར་ཡུག་ཏུ་དུས་འདའ་བས་མཁས་གྲུབ་ཉིས་ལྡན་གྱི་དམ་པ་མང་དུ་བྱུང་བ་སོགས་བོད་ལྗོངས་གདན་ས་རྣམས་དང་ཁྱད་པར་མ་མཆིས་པ་ལྟ་བུ།

ཁུལ་འདི་སྐྱེ་འགྲོའི་བསོད་ནམས་ཞིང་མཆོག་བླ་ན་མ་མཆིས་པ་མཆོག་དམན་ཚང་མས་བསྙེན་བཀུར་ཕྱག་འོས་ཀྱི་གནས་སུ་གྱུར་ཅིང་། ངོས་ནས་ཀྱང་གོམས་པའི་འདེགས་འཇོག་གནང་། འདིར་བཀོད་ནས་མདོ་སྔགས་ཀྱི་ཟབ་ཆོས་དུ་མའི་འབྲེལ་པས་བསྐྱངས་ཤིང་ཏིང་ངེ་འཛིན་གྱི་སྲུང་འཁོར་དུ་བཅུག་ཟིན་པ་མ་ཟད།

བསྟན་པའི་ཙ་ལག་དམ་པ་ཆབ་མདོ་ལྕགས་ར་ཧོ་ཐོག་ཐུ་དང་། སྨན་ཤུལ་སྤྲུལ་པའི་སྐུ་གཉིས་ནས་གནང་བའི་བཅའ་ཡིག་དང་། རྒྱབ་དེབ་དཔོན་ཚང་སྤྲུལ་སྐུ་གོང་མའི་བཅའ་ཡིག་བཅས་ཀྱི་འབྲུ་དོན་ལ་མཆོད་མོས་ཀུན་གྱི་ཉམས་ལེན་སྙིང་པོར་སྨིན་པ་བྱ་བཞིན་ལ་བརྟེན།

བསྟན་པའི་རྒྱན་དུ་འགྱུར་ངེས་ཡོད་འདུག་པ་འདི་ཐད་སླད་ཆར་མི་ཉམས་གོང་འཕེལ་འབྱུང་ཆེད་ངོས་ནས་ཀྱང་དམིགས་བསལ་རྒྱབ་གཉེར་གྱི་ཐམ་ཀ་བྱིན་པ་ཡིན་པས།

དེའི་དོན་ལྟར་དགོན་གྲྭ་རྣམས་གནས་བཅའ་ཡིག་གཞིར་བཟུང་མདོ་སྔགས་ཟུང་འབྲེལ་གྱི་རང་ལུགས་ལྟ་སྒོམ་སྤྱོད་གསུམ་གཙང་བའི་འཇམ་མགོན་བླ་མའི་བཞེད་སྲོལ་ཇི་ལྟ་བ་མི་ཉམས་གོང་དུ་༏ཕེལ་ཞིང་།

མི་སྡེ་རྣམས་ཀྱང་བོད་རྒྱལ་གོང་མས་རིམ་ནས་སྲོལ་གཏོད་ལྷ་ཆོས་མི་ཆོས་གཙང་མའི་གཙང་མའི་ཁྲིནས་གཉིས་དྲང་པོའི་ལམ་བསྐྱང་ཏེ་བསྟན་འགྲོའི་ལེགས་ཚོགས་གྲོགས་སུ་སྨིན་པར་བགྱི་བ་ཡིན་ལུགས་སུ་སྤྱོད་པར།

ཁྱོད་གོང་མཁོད་མཆོག་དམན་ཚང་མས་ལུང་དང་མཐུན་པའི་བཀོད་དོན་དང་ལེན་བྱེད་པ་ལས་ཞི་དྲག་ཁྲལ་རིགས་འཕར་འགེལ་སོགས་ཁྲིམས་འགའ་ལོག་སྤྱོད་རིགས་སུ་ཐད་ནས་ཕྲ་མོ་ཙམ་ཡང་བགྱིས་ན་མི་འཐུས་ཤིང་།

ཚུལ་བཞིན་སྒྲུབ་པ་རྣམས་ལ་བསྟན་སྲུང་དམ་ཅན་རྒྱ་མཚོས་ཀྱང་སྲུང་སྐྱོབ་ཀྱི་གདོང་གྲོགས་གཡེལ་མེད་མཛད་པ་གདོན་མོ་ཟ་བ་བཅས་ཡིད་ཡུལ་དུ་བཅགས་པ་འཚལ།

ཞེས་གོ་བར་བྱ་བའི་ཡི་གེ་རབ་བྱུང་བཅུ་དྲུག་པའི་འཛིན་བྱེད་ཅེས་པ་མེ་བྱི་གནམ་ལོའི་སྨིན་དྲུག་ཟླ་བའི་གྲལ་ཚེས་དགེ་བར་དགོན་འདིའི་གནྡྷོ་ལའི་ཡང་སྟེང་ནས་བྲིས།།