ཀ་བཞི་དགོན་གྱི་ལོ་རྒྱུས།
དེང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་། ཀ་བཞི་ཤང་། ཀ་བཞི་ཡུལ་ཚོའི་ཁོངས་སུ་གཏོགས་པ། ཀ་བཞི་ཞེས་པའི་དོན་ནི་གཉིས་ཏེ། གཅིག་ནི་བོད་སིལ་བུའི་སྐབས་སུ་ཀ་བཞི་དཔོན་པོ་ལྷུན་གྲུབ་ཀྱི་སྡེ་རིས་སུ་གཏོགས་པས་རུ་སྡེ་ཡོངས་ཀྱི་མིང་ལ་ཀ་བཞི་བྱ།
དེའི་དགོན་པ་ཡིན་ཕྱིར་ཀ་བཞི་ཟེར་ལ། གཉིས་ནི་རྒྱལ་དབང་བསོད་ནམས་རྒྱ་མཚོའི་ལུང་བསྟན་ལྟར་ཐོག་མར་འདུ་ཁང་ཀ་རིང་བཞི་ཅན་ཞིག་བཞེངས་པ་ལ་གཞི་བྱས་ཏེ་དགོན་པ་འདི་ཆགས་པས་དེ་ཡིས་ཀྱང་ཀ་བཞི་ཟེར། དགོན་འདི་ཇི་ལྟར་བྱུང་བའི་ལོ་རྒྱུས་ནི། སྔོན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དངོས་སློབ།
དགའ་ལྡན་ཁྲི་བཞི་ཞྭ་ལུ་བ་ལེགས་པ་རྒྱལ་མཚན་(བོད་རབ་བྱུང་དྲུག་པའི་ཤིང་ཡོས་སྤྱི་ལོ་༡༣༧༥ལོར་འཁྲུངས་ཤིང་རབ་བྱུང་བརྒྱད་པའི་ལྕགས་རྟ་སྤྱི་ལོ་༡༤༥༠ལོར་འདས)ལ་རྗེ་ཉིད་ཀྱི་ལུང་བསྟན་པ་ལྟར་ཁམས་སུ་ཕེབས་ནས་ལྡན་ཀ་ཆོས་གཉིས་ཕྱག་བཏབ་པར་གྲགས་ལ། 《དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ》ལས།
“འཇམ་པའི་དབྱངས་བཀྲ་ཤིས་དཔལ་ལྡན་པ་དང་ཞྭ་ལུ་བ་ལེགས་པ་རྒྱལ་མཚན་སོགས་ཀྱི་གསུང་ལས་སྐྱེས་པ་གཞུང་ལུགས་རབ་འབྱམས་ལ་མི་འཇིགས་པའི་སྤོབས་པ་མཆོག་ཏུ་དགེ་བ་ཉག་རོང་རྡོ་རྗེ་རྒྱལ་མཚན་གྱིས་བཏབ། ”ཅེས་དང་། 《དཔལ་ལྡན་ཆོས་སྐྱོང་རྟོགས་བརྗོད》ལས།
“གྲུབཐོབ་ཉག་སེས་བཏབ་ནས་རྒྱལ་དབང་བསོད་ནམས་རྒྱ་མཚོས་བསྐྲུན་པའི་རྟེན་གཏོར་བཞུགས་ངེས་པའི་ཆོས་གྲྭ་ཆེན་པོ”ཞེས་ཀྱང་གསུངས། རྗེའི་སློབ་མ་དར་ཆེན་དྲུག་གི་ཡ་གྱལ་ལྡན་མ་མཁན་ཆེན་ཡོན་ཏན་དཔལ་གྱིས་ཆོས་རྒྱུན་ལེགས་པར་སྤེལ་ཏེ་བསྟན་པ་ཤིན་ཏུ་རྒྱས་པར་མཛད།
རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་[page 217] མཚོ་མཆོག་ལྡན་ཆོས་འཁོར་དགོན་དུ་ཕེབས་སྐབས། བྱང་འཕྲུ་དམར་རྒྱལ་བོའི་གདུང་རིགས། ཤར་རྨ་ཆེན་སྤོམ་རའི་འཕྲུལ་སྲས། ཀ་བཞི་དཔོན་ཇོ་རོག་གིས་གོང་ས་མཆོག་གི་བཀའ་བློན་མཛད་པ་ལ། རྒྱལ་དབང་ཉིད་ནས་བཀའ་ཤེར་བུམ་སོགས་གནང་ནས།
ཁོང་གིས། ཁྱེད་ཤར་རྨ་ཆེན་སྤོམ་རའི་བླ་བུ་ཡིན་པས་བྱང་རྫ་རྒྱལ་ཞེས་པའི་ས་ཕྱོགས་དེར་སོང་ན་ཆོས་སྲིད་གཉིས་ཀ་དར་ཞིང་རྒྱས་པ་ཞིག་ཡོང་གསུངས་ནས། བྱང་དུ་འགྲོ་དགོས་པའི་བཀའ་དང་། རྟེན་གྱི་གཙོ་བོར་རྗེ་དགེ་ལེགས་མའི་སྐུ་དང་། ཉིད་ཀྱི་ཤངས་ཁྲག་གིས་བྲིས་པའི་དཔལ་ལྡན་དམག་ཟོར་རྒྱལ་མོའི་ཞལ་ཐང་།
ཙན་དན་ལས་གྲུབ་པའི་རྡོ་རྗེ་དྲག་ལྡན་གྱི་སྐུ། ཉིད་ཀྱིས་ཕྱག་ནས་མཛད་པའི་རྒྱལ་པོ་དྲག་ལྡན་གྱི་ཞལ་ཐང་། ཆོས་རྒྱལ་ཞལ་ཐང་། མགོན་པོ་དང་ཆོས་རྒྱལ་གྱི་དར་ནག་སོགས། རྟེན་གསུམ། མཆོད་ཆས། ཆོས་སྐྱོང་གི་སྤྱན་གཟིགས། ལྡན་ཆོས་འཁོར་དགོན་ནས་བླ་མ། གྲྭ་ཚང་བཅས་འདྲ་གཉིས་སུ་བགོས་ཏེ་བྱང་དུ་བཏང་།
དུས་ནི་རྒྱལ་དབང་མཆོག་དགུང་ལོ་སོ་དྲུག་བཞེས་པ་རབ་བྱུང་བཅུ་པའི་ས་སྟག་(སྤྱི་ལོ་༡༥༧༨)ལ་ཨ་མདོར་ཕེབས་པའི་སྐབས་འདི་ཙམ་ན་ཨེ་ཡིན་སྙམ་ནའང་ཁ་ཚོན་བཅོད་པའི་སྤོབས་པ་མེད་དོ།
ཀ་བཞི་དཔོན་ཇོ་རོག་དང་ཨ་ཕོ་ཚང་བས་དུད་ཚང་བདུན་བྱང་རྫ་རྒྱལ་རྡོ་རྗེ་འཕེན་ཕྱུག་གི་གཡོན་ངོས་སུ་སླེབས་ཏེ་གནས་གཞི་ཆགས་པའི་རྨ་རང་དུད་བདུན་མ་ཞེས་གྲགས་ཤིང་། དགོན་པའང་སྦྲ་དགོན་མཛད་ནས་དེར་ལོ་འགའ་དང་། གྱུ་གྱུ། རྭ་མཆོག མདུན་ལུང་། བ་བོར། འོམ་བུ། ཡག་གཞུང་སོགས་ལའང་ལོ་འགའ་བཞུགས།
དེ་སྐབས་བླ་གྲྭ་མང་དུ་འཕེལ་བ་ཐང་ཆེན་རབ་འབྱམས་པས་དབུ་བླ་མཛད་དེ་དགོན་ལུང་འོམ་བུ དུ་དགོན་ས་བཏབ་པས་འདུ་ཁང་དང་གྲྭ་ཤག་མང་དུ་བཞེངས། ད་ལྟ་དགོན་ཤུལ་གྱི་གྱང་རལ་དང་མ་ཎིའི་རྡོ་སྤུངས་ཆེན་པོ་ཡོད། ཆོས་རྗེ་ངག་དབང་ལྷུན་གྲུབ་རྒྱ་མཚོ་དེར་ཕེབས་ཏེ་གནས་བདག་ལ་བསང་མཆོད་དང་།
བཀའ་བསྒོ་མཛད་ཅིང་དགོན་སྡེ་གཉིས་ལ་མཐུན་རྐྱེན་བཀའ་དྲིན་བསྩལ། དེ་ཕྱིན་གྲྭ་ས་ལ་ཕེབས་ཏེ་ཐོས་བསམ་སྒོམ་གསུམ་དང་གདན་ས་གསུམ་ནས་དགེ་བཤེས་ཀྱི་མཚན་རྟགས་བཞེས་པ་བཅུ་ཕྲག་ལྷག་བྱུང་བས་ཀ་བཞིའི་རྒྱལ་མཚན་བཅུ་གསུམ་ཞེས་ཡོངས་སུ་གྲགས། དཔོན་ཇོ་རོག་གི་རྒྱུད་ལ་ཕྱིས་བོད་ཐོབ་དང་། རྒྱ་ཐོབ། སོག་ཐོབ་གསུམ།
སྡེ་དགེའི་མངའ་འོག་ཏུ་གཏོགས་པའི་ཟུར་ཐོབ་བཅས་ཐོབ་མིང་བཞི་ཡོད་ཀྱང་། ཆོས་འཁོར་དགོན་སོགས་ཀྱང་ཀ་བཞིའི་དཔོན་གྱི་བདག་སྐྱོང་གནང་ཏེ། ངོར་མཁན་ཆེན་དཔལ་ཆོས་སྐྱོང་རབ་བྱུང་བཅུ་གསུམ་པའི་ས་སྦྲུལ་(སྤྱི་༡༧༤༩)ལོར་ཆོས་སྡེ་བསམ་གྲུབ་དགོན་དུ་ཕེབས་སྐབས་《རྟོགས་བརྗོད》ལས།
“ཁྱད་པར་ཆོས་སྡེ་གཙུག་ལག་ཁང་དེ་བགྲེས་ཆེ་བ་དང་སྟེང་ཁང་ཀ་བཞི་དཔོན་གྱི་གཟིམས་ཁང་ཡིན་སྟབས། བསམ་པ་མི་མཐུན་པའི་སོ་སོར་ཁག་གི་བྱ་བྱེད་དཀའ་འདུག་པས། ངེད་རང་གིས་དམ་ཅན་སྲུང་མར་འཕྲིན་ལས་བཅོལ་ནས་གསར་དུ་བསྐྲུན་ན་མཐར་ཕྱིན་མི་ཕྱིན།
གེཊ་དང་བར་བཅོད་བླ་མ་དགོན་སྡེ་བཅས་དང་ཁྱད་པར་དུ་ཀ་བཞིའི་དཔོན་ཁག་སོགས་ལ་ཡོད་མེད་ཞིབ་ཏུ་བརྟགས་པར། བསམ་དོན་ཐམས་ཅད་ལྷུན་གྱིས་འགྲུབ་པ་དང་། བཀྲ་ཤིས་བདེ་ལེགས་རྒྱ་ཆེན་པོ་འབྱུང་[page 218] བའི་ལུང་གསལ་བོར་ཕེབས་དོན་ལྟར། གེཊ་སེལ་གྱི་རིམ་གྲོ་དང་།
ཁྱད་པར་ཀ་བཞི་དཔོན་ཁག་ལ་ངེད་རང་གིས་ཁེ་དང་རྒྱལ་ཁ་མི་ལ་ཐོངས་གསུངས་པ་ལྟར། ངེད་རང་དང་བླ་དགོན་ཐམས་ཅད་ཀྱིས་རྣམས་གྲངས་བཟང་བ་རྟ་མཛོ་བཅས་དགུ་ཚན་གསུམ་དང་། ཁང་ཚབ་སྔར་དཔོན་པོའི་སྒར་གྱི་ཁང་བ་ཕྱག་འདུད་སོགས་བཟབ་པར་ཕུལ།
ཕོ་བྲང་དེའི་ནང་ན་ཀ་བཞི་དཔོན་ཇོ་རོག་ཐུ་ཨ་ནི་རྒན་མོའི་རུས་པ་རྩིས་གཞུང་ལྟར་བཞག་འདུག་པ་མཐོང་ནས་བསྔོ་སྨོན་སོགས་བགྱིས་ནས་རི་མགོ་མཐོ་པོའི་སའི་སྤེལ་ལེགས་པ་ཞིག་ཏུ་སྤོར་བཅུག་ཀྱང་།
ཀ་བཞིའི་དཔོན་ཁག་གི་ཡབ་སྲས་རྣམས་ལ་ཉེས་སྐྱོན་མི་འོང་བའི་ཁག་ཁུར་ལྟ་བུས་ཐམས་ཅད་བདེ་འཇགས་ཀྱིས་རྗེས་སུ་ཡི་རངས་བྱས། ”གསུངས། འདིའི་བར་རྒྱལ་བ་བསོད་ནམས་རྒྱ་མཚོ་ནས་བཟུང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་དགོན་བདག་མཛད་ནས་ཐུགས་བཞེས་རྒྱ་ཆེར་མཛད།
ཡིན་ནའང་ས་ཁུག་པོ་དང་ལམ་ཐག་རིང་བའི་སྟབས་ཀྱིས་ཆིབས་བསྒྱུར་གནང་མ་ཐུབ། ཕྱིས་སུ་ཆབ་མདོའི་ལྕགས་ར་ངག་དབང་འཕྲིན་ལས་སེར་ཤུལ་དགོན་པའི་དབུ་བླར་ཕེབས་ཤིང་། དེ་ནས་ཀ་བཞིའི་དབུ་བླ་གནང་སྟེ་དཔལ་གསང་བ་འདུས་པའི་བླ་བརྒྱུད་ཁ་སྐོང་སོགས་བརྩམས།
ཆོས་ཁྲིམས་དག་ཐེར་དང་ཐུགས་ཁུར་ཟབ་མོ་གནང་བས་བཅའ་ཡིག་སེར་ཁོ་མ་ཞེས་གོས་སེར་ཁ་བཞི་ཙམ་གྱི་སྟེང་དུ་འབྲུ་ཚས་བྲིས་པའི་བཅའ་ཡིག་ཐམ་ཀ་དང་བཅས་པ། སྐུ་རྟེན་དུ་མིང་རྒྱལ་རབས་ཀྱི་གོང་མ་ཞུན་ཏི་སྐབས་སུ་བཟོས་པའི་ལི་ནག་ལས་གྲུབ་པའི་སྟོན་པའི་སྐུ་མཐོ་ཚད་ཅན་བྱིན་རླབས་ཀྱི་ཚན་ཁ་འབར་བ་སོགས་གནང་བ་དང་།
བསྟན་པ་ཡུན་རིང་བསྐྱངས་ཏེ་དགོན་པའི་མཚན་ཡང་རྨད་བྱུང་དགའ་ལྡན་བྱང་ཆུབ་ཆོས་འཕེལ་གླིང་ཞེས་གསོལ། དཔོན་ཇོ་རོག་འདས་རྗེས་དཔོན་ཨ་བསམ་ཞེས་པ་ཞིག་དཔོན་ཐོབ་ལ་ཡོད་སྐབས། དཔོན་བློན་ནང་འགལ་གྱི་འཁྲུགས་ཟིང་ཅུང་བྱུང་བ་ལ་བརྟེན་ནས་དགོན་པའང་གྱུ་གྱུ་མཛོ་ལུང་དུ་སྤོས།
ཐོག་མར་སྦྲ་དགོན་དང་དེ་ནས་འདུ་ཁང་དང་གྲྭ་ཤག་ཀྱང་བཞེངས་ཏེ་བཞུགས་སྐབས། དགེ་བཤེས་རྒྱལ་མཚན་ཐོགས་མེད་དང་བླ་མ་མཁས་མཆོག་རྣམ་གཉིས་སྐུ་ན་ཕྲ་མོ་ཡིན་པས་དབྱར་གནས་མཁན་པོ་ངག་དབང་ལྷུན་གྲུབ་ཀྱིས་དགོན་བདག་གནང་སྟེ་དབྱར་གནས་པ་སོགས་རྒྱལ་བསྟན་ཡུན་རིང་བསྐྱངས།
དེ་རྗེས་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེ། འཇམ་དབང་བློ་བཟང་རྒྱ་མཚོ། འཇིགས་མེད་འཕྲིན་ལས་བསྟན་འཛིན་རྒྱ་མཚོ་སོགས་སྐུ་ཕྲེང་གསུམ་གྱིས་བདག་བསྐྱངས་གནང་སྟེ་ཐུགས་ཁུར་རྒྱ་ཆེན་མཛད། བླ་མ་མཁས་མཆོག་དགུང་ལོ་སུམ་ཅུ་ཙམ་ལོན་པ་རབ་བྱུང་བཞི་བའི་ཤིང་བྱི་(སྤྱི་ལོ་༡༨༦༤)ལོར།
ཉག་རོང་མགོན་པོ་རྣམ་རྒྱལ་གྱིས་དགོན་སྡེ་རྣམས་ཉག་ཁོག་ཏུ་བཙན་ཤེད་ཀྱིས་དེད། དེའི་དགོན་ཤུལ་གྱི་གྱང་རལ་ད་ལྟ་མཇལ་རྒྱུ་ཡོད། མགོན་པོ་རྣམ་རྒྱལ་རང་ལོ་རེ་བདུན་པའི་ཤིང་གླང་(སྤྱི་ལོ་༡༨༦༥)ལོར་ལྔ་ལམ་དུ་གྱུར་པས་སྡེ་དགོན་རྣམས་ཡར་འཁོར་ཏེ་ད་ལྟའི་དགོན་གནས་འདིར་སྦྲ་དགོན་མཛད་ནས་བཞུགས།
དེ་ལྟར་རྒྱལ་དབང་བསོད་ནམས་རྒྱ་མཚོས་ལུང་བསྟན་པའི་གནས་སུ་རྟེན་འབྲེལ་གྱི་དབང་གིས་རེ་ཞིག་ཆགས་མ་ཐུབ་པར། ཆོས་ལུང་དང་། གྱུ་གྱུ་སོགས་སུ་གནས་སྤོར་ནས་བཞུགས་དགོས་བྱུང་། དེ་[page 219] སྐབས་ཆབ་མདོའི་ལྕགས་ར་ངག་དབང་དཔལ་ལྡན་རྒྱ་མཚོ་ཕེབས་ཏེ་གོང་ས་མཆོག་གིས་ལུང་བསྟན་པའི་འདུ་ཁང་ཀ་རིང་བཞི་ཅན་བཞེངས་དགོས་ཚུལ་གྱི་ཞལ་བཀོད་ཞིབ་རྒྱས་དང་། འདུལ་ཁྲིམས་དག་ཐེར་གྱིས་བསྟན་པ་སྐྱོང་ཚུལ། རྟེན་གྱི་སྐུ་རྟེན་དུ་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོའི
སྐབས་སུ་བཟོས་པས་སྒྲོལ་མའི་སྐུ་བྱིན་རླབས་ཁྱད་དུ་འཕགས་པ་མཐོ་ཚད་ལས་ལྷག་ཙམ་བཅས་གནང་ནས་མཁན་ཤུལ་མཁན་པོ་མཁན་ཁྲི་ལ་མངའ་གསོལ། འདིའི་ཡན་གྱི་མཁན་རབས་རྣམས་དགེ་བཤེས་རྒྱལ་མཚན་བཅུ་གསུམ་ཞེས་པའི་མཚན་རྟགས་བཞེས་པ་སོགས་མང་དུ་མཆིས་ཀྱང་།
འདི་གའི་ཆོས་འབྱུང་དེབ་ཐེར་ལ་དུས་ཀྱི་འཕོ་འགྱུར་གྱི་མི་འདོད་པའི་བར་གེགས་ཐེབས་པས་སྔར་མཇལ་བའི་དྲན་ཚོར་དང་ངག་རྒྱུན་ཙམ་མ་གཏོགས་ཕལ་ཆེ་བ་གནའ་གཏམ་ལྟ་བུ་ཞིག་ཏུ་འགྱུར་ལ་ཉེ། བློ་བཟང་མཁས་མཆོག་ཁོང་སྐུ་ན་ཕྲ་མོའི་དུས་ནས་ཆབ་མདོའི་ཞི་འཕགས་རྣམ་གཉིས་སོགས་མཁས་གྲུབ་ཀྱི་བླ་མ་མང་པོར་བསྟེན་ཅིང་།
སྤྱིར་རིག་པའི་གནས་ཆེན་ལྔ་དང་ཁྱད་པར་དུ་ཕར་ཕྱིན་དང་དབུ་ཚད་སོགས་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད། ཉིད་ཀྱིས་དགོན་འདིའི་མཁན་པོ་དང་། དབུ་མཛད། ཆོས་ཁྲིམས་སོགས་ཀྱི་ལས་འཛིན་ལོ་ཉི་ཤུ་ལྷག་ཙམ་མཛད། 《གནས་ཆུང་རྒྱལ་བོའི་བསྟོད་པ》ཞེས་པའི་མཇུག་བྱང་དུ། “ཀ་བཞིའི་དཔོན་བློ་བརྟན་ནས་བསྐུལ་ངོར།
བན་རྒན་བློ་ཁ་ཡངས་པའི་རླུང་གི་སྦྲུགས་པའི་ཨ་ར་དུང་གི་མན་ཚར་ཅན་མཁན་མིང་འཛིན་པ་བློ་བཟང་མཁས་མཆོག་གིས་མེ་རླུང་སྦྱོར་བའི་གཟའ་སྐར་བཟང་པོར་བྲིས་པ་དགེ་ལེགས་འཕེལ། ཞེས་གསུངས་བ་ལ་དཔགས་ན་དགུང་ལོ་མཐོན་པོར་བཞུགས་ནས་གཤེགས་པ་མངོན། དེའི་ཡང་སྲིད་ཀ་བཞི་རེ་ཆུང་ཚང་དུ་འཁྲུངས་པ་ཁྲིར་བཀོད།
ནར་སོན་སྐབས་སྔགས་འཆང་གི་བརྟུལ་བཞུགས་བཅངས་ནས་མགོ་ལོག་ཕྱོགས་སུ་ཕེབས། གཙང་གྲུབ་ཆེན་སོགས་མཁས་གྲུབ་ཀྱི་བླ་མ་དུ་མར་བསྟེན་ནས་གྲུབ་པ་བརྙེས་ཏེ་དགུང་ལོ་བཞི་བཅུ་ཙམ་ལ་ཞི་བར་གཤེགས། དེའི་ཡང་སྲིད་འོད་ཟེར་སྙིང་པོ་ནི།
དབུས་གཙང་ནས་བྱུང་བའི་བོད་པ་མི་རྒན་ཞེས་པ་ཞིག་གི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ལོར་འཁྲུངས་བོད་པ་སྤྲུལ་སྐུ་ཞེས་ཀྱང་ཟེར། ལབ་མཁའ་ལྡིང་ནམ་མཁའ་རྡོ་རྗེས་སྐུ་སྔ་མའི་ཡང་སྲིད་དུ་ངོས་འཛིན་གནང་ནས་ཁྲིར་བཀོད།
ཐོས་བསམ་སྒོམ་པས་བསྟན་པའི་རྒྱུན་བསྐྱངས་ཏེ་དགུང་ལོ་ཉེར་ལྔ་པའི་ས་ཕག་ལོ་ལ་སེར་ཤུལ་རྫོང་གི་བཙོན་ཁང་དུ་འདས། མཁན་ཤུལ་མཁན་པོས་མཁན་པོ་ལོ་འགའ་མཛད་ནས་བསྟན་པ་ལེགས་པར་བསྐྱངས་ཏེ་གཤེགས། དེ་རྗེས་མཁན་པོ་ཨ་ངག་ཁྲིར་འཁོད་དེ་ལོ་མང་པོར་ཆོ་ག་དང་། ཆོས་སྤྱོད།
གཞི་གསུམ་གྱི་ཉམས་ལེན་གནད་དུ་སྨིན་པ་སྤེལ་ཏེ་བརྩམས་ཆོས་ཀྱང་མ་དུ་མཛད། སྐུ་གཤེགས་རྗེས་གདུང་རུས་ལ་རིང་བསྲེལ་འཁྲུངས་པ་སོགས་དམ་པའི་རྣམ་ཐར་ཁྱད་དུ་འཕགས་པ་བྱུང་།
འདིའི་ཡན་གྱི་དགོན་པའི་དབུ་བླ་ཆབ་མདོའི་ལྕགས་ར་དང་ལབ་སྐྱབས་མགོན་སྐུ་ཕྲེང་གསུམ་དང་དབྱར་གནས་མཁན་པོ་ངག་དབང་ལྷུན་གྲུབ་སོགས་ཀྱིས་མཛད། དེ་རྗེས་ཀ་བཞི་ཨ་ཕོ་ཚང་གི་དགེ་སློང་གྲགས་རྒྱལ་ཞེས་པ་མཁན་པོའི་ཁྲིར་བཞུགས། ཁོང་ནི་གཞིས་དགོན་གཉིས་ཀར་འབྱོར་ཕྱུག་ཤིན་ཏུ་རྒྱས་པའི་ལབ་སྐྱབས་[page 220] མགོན་སྐུ་ཕྲེ་བཅུ་གཉིས་པ་དབང་ཆེན་དགྱེས་རབ་རྡོ་རྗེ་ལ་འབུལ་ཆེན་བཏེགས་ཤིང་ཀ་བཞི་དགོན་པའི་དབུ་བླའི་ཚུལ་དུ་བཀུར། རྒྱ་ནག་ལ་ཕེབས་ཏེ་ཆིང་གོང་མ་བདེ་སྐྱིད་རྒྱལ་བོ་ཡིན་པ་《ལབ་དགོན་པའི་ལོ་རྒྱུས》སུ་གསུང་། སྤྱི་ལོ་༡༦༦༢ནས་༡༧༢༢བར མཆོག་གི་སྟོན་པའི་སྐུ་དང་།
རྗེ་བདག་ཉིད་ཆེན་པོའི་སྐུ། སྒྲོལ་མའི་སྐུ་སོགས་ལི་མ་ཁྲུ་གང་ཅན་བཅུ་གསུམ་གྱི་གཙོས་སྐུ་རྟེན་ཉིས་བརྒྱ་ལྷག་དང་། དུང་དམར། འཁར་རྔ་སོགས་མཆོད་རྫས་འབོར་ཆེན་ཕུལ་བ་གདན་དྲངས་ཤིང་། རྒྱལ་བསྟན་ལ་བཀུར་བསྡི་རྒྱ་ཆེར་མཛད་དེ་གཤེགས།
དེ་ནས་ལབ་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་འཇམ་དབྱངས་བློ་བཟང་རྒྱ་མཚོས་དགོན་བདག་མཛད། དེ་སྐབས་མཁན་པོ་གྲགས་རྒྱལ་གྱི་ཡང་སྲིད་དེ་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་སྤྱི་ལོ་༡༩༣༥ལོར་ཧོར་འཇིགས་བཟང་ཚང་དུ་འཁྲུངས་པ་ལབ་སྐྱབས་མགོན་འཇམ་དབྱངས་བློ་བཟང་རྒྱ་མཚོ་ཉིད་ཀྱིས་ངོས་འཛིན་གནང་བ་དང་།
གྲུབ་ཐོབ་ལ་ལི་ཏའི་སྐྱེས་མཐར་བསྔགས། སྐུ་ན་ཕྲ་མོའི་དུས་ནས་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་བསྐྱངས། གྲྭ་ས་སེ་ར་བྱེས་ལ་ཕེབས་ཏེ་བཤད་སྒྲུབ་ཀྱི་འཆད་ཉན་སོགས་ཐོས་བསམ་གྱི་ལས་ལ་བརྩོན། དགུང་ལོ་ཉི་ཤུ་ཙམ་ནས་རྒྱ་གར་དུ་ཕེབས་ཏེ་འཆད་རྩོད་རྩོམ་གསུམ་གྱི་ཉིན་མཚན་འདའ་བར་མཛད།
དགུང་ལོ་ཉེར་ལྔ་བཞེས་པའི་ས་ཕག་(སྤྱི་ལོ་༡༩༥༩)ལ་རྒྱ་གར་དུ་གཤེགས། དེའི་ཡང་སྲིད་བསྟན་འཛིན་ཡོན་ཏན་རབ་བྱུང་བཅུ་དྲུག་པའི་མེ་རྟ་(སྤྱི་ལོ་༡༩༦༦)ལོར་འཁྲུངས་པ་ད་ལྟ་རྒྱ་གར་དུ་བཞུགས། དེ་རྗེས་མཁན་ཆེན་བཟང་པོ་ཁྲིར་བཞུགས།
ཁོང་ནི་བསྐྱེད་རྫོགས་ཀྱི་རྟོགས་པ་མངོན་དུ་གྱུར་ཅིང་སྦས་པའི་རྣལ་འབྱོར་གྱི་བརྟུལ་བཞུགས་འཛིན། ཆོས་སྐྱོང་གི་ཞལ་གཟིགས་པ་དང་མངོན་སྤྱོད་དྲག་ལས་ཀྱི་དབང་ལ་མངའ་བརྙེས། ལམ་རིམ་དང་ཆོ་ག་ཆོས་སྤྱོད་སོགས་ལེགས་པར་སྤེལ་བའི་འཕྲིན་ལས་བསྐྱངས་མཐར་(སྤྱི་ལོ་༡༩༣༠)གཤེགས།
དེའི་ཡང་སྲིད་ཐུབ་བསྟན་ངག་དབང་བསྟན་པ་འཕེལ་རྒྱས་ནི། ཡབ་ཀ་བཞིའི་དཔོན་གྲགས་པ་ཚེ་རིང་དགུང་ལོ་ཉེར་བདུན་དང་། ཡུམ་ངང་ལྷ་དགུང་ལོ་ཉེར་ལྔ་བ།
རབ་བྱུང་བཅུ་དྲུག་པའི་མེ་ཕག་(སྤྱི་ལོ་༡༩༤༧)ལོར་འཁྲུངས་པ་ལབ་མཁན་ཆེན་ཐུབ་བསྟན་འཇམ་དབྱངས་འཇིགས་མེད་རྣམ་རྒྱལ་གྱིས་ལྕགས་ཡོས་(སྤྱི་ལོ་༡༩༥༡)ལོའི་ཟླ་བ་བདུན་པའི་ཚེས་ཉེར་བདུན་ཉིན་ངོས་འཛིན་གྱི་ཕྱག་བྲིས་དམ་འབྱར་མ་གནང་ཞིང་གྲུབ་ཆེན་ནག་པོ་སྤྱོད་པའི་རྣམ་སྤྲུལ་དུ་བསྔགས།
དེ་རྗེས་མཁན་པོའི་ཁྲི་ལ་འཁོད་པའི་དགེ་སློང་ངག་དབང་ཆོས་འཕེལ་ནི། རྭ་ལོ་རྡོ་རྗེ་གྲགས་པའི་རྣམ་སྤྲུལ་ཡིན་པ་ལྕགས་རྭའི་རི་ལུང་གིས་བསྔགས། ལབ་མཁན་ཆེན་འཇམ་དབྱངས་ཉི་མ་འཇིགས་མེད་རྣམ་རྒྱལ་གྱིས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་དངོས་སུ་གཟིགས་ནས་གསོལ་འདེབས་ཀྱང་བརྩམས།
ཁོང་ནི་ཡབ་ཨ་རྒྱལ་དོན་གྲུབ་དང་ཡུམ་དགའ་ལོ་སྒྲོལ་མའི་སྲས་སུ་རབ་བྱུང་ལྔ་པའི་ལྕགས་སྤྲུལ་(སྤྱི་ལོ་༡༨༨༡)ལོར་འཁྲུངས། དགུང་ལོ་དགུ་པའི་ས་གླང་(སྤྱི་ལོ་༡༨༨༩)ལོར་ལབ་བསམ་གཏན་འཕེལ་རྒྱས་གླིང་གི་ཆོས་གྲྭར་ཞུགས། དེའི་ཡང་སྲིད་སྐལ་ལྡན་རྒྱ་མཚོ་ནི།
རབ་བྱུང་བཅུ་དྲུག་པའི་མེ་རྟ་(སྤྱི་ལོ་༡༩༦༦)ལོར་ཡབ་ཡོན་ཏན་རབ་རྒྱས་དང་། ཡུམ་དོན་གྲུབ་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་[page 221] བཅུ་གསུམ་ས་རྟ་སྤྱི་ལོ་༡༩༧༨ ལོར་རབ་ཏུ་བྱུང་།
ལབ་ཁྲི་པ་འཇམ་དབྱངས་བློ་གྲོས་རིན་ཆེན་གྱིས་སྐུ་སྔ་མའི་ཡང་སྲིད་དུ་ངོས་འཛིན་དང་དབང་ལུང་བཀའ་ཁྲིད་མང་དུ་བསྩལ། དེ་རྗེས་མཁན་པོ་སྒྲོན་ནེ་ཁྲིར་བཞུགས་ཏེ། འདུལ་བ་དང་ཆོ་ག་ཆོས་སྤྱོད་སོགས་ཀྱི་ཉམས་ལེན་གནད་དུ་སྨྲིན་པ་གནང་།
ཕྱག་རྩོམ་གྱི་འཕྲིན་ལས་སྤེལ་ཀྱང་ལོ་བཅུའི་གྱོང་ཆེན་སྐབས་བྱིན་ཟའི་གསོས་སུ་གྱུར། དེ་རྗེས་མཁན་པོ་ངག་དབང་བསྟན་དར་ཁྲིར་འཁོད་ཅིང་། འཆད་ཉན་གྱི་མཛད་འཕྲིན་རབ་ཏུ་རྒྱས་པར་མཛད། དེ་རྗེས་མཁན་པོ་དཔལ་ལྡན་ཁྲིར་འཁོད། ཆོ་ག་ཆོས་སྤྱོད་དང་ཐིག་རྡུལ་མཚོན།
གཞི་བསླབ་པ་གསུམ་གྱི་ཉམས་ལེན་སོགས་ལེགས་པར་སྤེལ་བའི་བཀའ་དྲིན་ཚད་མེད་བསྐྱངས་ཤིང་། མཐར་རབ་བྱུང་བཅུ་དྲུག་འི་ས་ཕག་ལོར་གཤེགས། དེའི་ཡང་སྲིད་བསྟན་འཛིན་རྡོ་རྗེ་ཡབ་བཟང་པོ་དང་ཡུམ་སྐལ་བཟང་ཆོས་སྒྲོན་གྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་མེ་རྟ་ལོར་འཕགས་ཡུལ་དུ་འཁྲུངས།
དགུང་ལོ་བཅུ་དགུ་བའི་ཤིང་བྱི་ལ་སྐུ་སྔ་མའི་ཡང་སྲིད་དུ་ངོས་འཛིན་མངའ་གསོལ་དང་། ད་ལྟ་འཕགས་ཡུལ་སེ་རའི་ཆོས་གྲྭར་བཞུགས། དེ་རྗེས་མཁན་པོ་འཇམ་དབྱངས་ཁྲིར་བཞུགས་ཏེ་འཆད་ཉན་གྱི་འཕྲིན་ལས་ལོ་འགའ་བསྐྱངས་ཤིང་དགུང་ལོ་བདུན་ཅུ་ལྷག་ཙམ་སོན་པ་རབ་བྱུང་བཅུ་དྲུག་པའི་ས་ཕག་ལ་སྤྱི་ལོ་༡༩༥༩ལོར
བཙོན་ཁང་དུ་འདས། དེ་དང་བསྟན་པ་ལ་སྐུ་དྲིན་ཤིན་ཏུ་ཆེ་བའི་འཇམ་དབྱངས་དགེ་ལེགས་ཕུན་ཚོགས་ནི། རབ་བྱུང་བཅོ་ལྔ་སའི་ས་སྟག་སྤྱི་ལོ་༡༨༧༨ ལོར་ཁམས་སྟོད་ལྷ་དགྲའི་ཀྲ་གུ་གྲོང་དུ་འཁྲུངས་ཤིང་མཚན་ལ་ནོར་ལུ་ཟེར། ཆུང་ངུ་ནས་ཇོ་བོ་སྨྲི་ཏི་ཛྙ་ནས་བཞེངས རབ་བྱུང་དང་པོའི་ལོ་སྐོར་དང་པོ་སྤྱི་ལོ་༡༠༣༠
པའི་འཛོམ་ཉག་མཆོད་རྟེན་དཔལ་གྱི་ལྷུན་པོའི་དྲུང་དུ་སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱིས་ཕྱག་བཏབ་པའི་བསམ་གྲུབ་བདེ་ཆེན་གླིང་དུ་བཞུགས་ནས་ཐོས་བསམ་དོན་དུ་གཉེར། དགུང་ལོ་ཉི་ཤུ་བའི་མེ་བྱ་སྤྱི་ལོ་༡༨༩༧ ལ་ངོར་ཨེ་ཝྃ་ཆོས་ལྡན་དུ་གྲྭ་སར་ཕེབས།
བསྙེན་པར་རྫོགས་པའི་མཚན་ལ་འཇམ་དབྱངས་དགེ་ལེགས་ཕུན་ཚོགས་གསོལ། ལམ་འབྲས་བུ་དང་བཅས་པའི་ཆོས་སྐོར་རྣམས་གསན་ནས་བསམ་གྲུབ་དགོན་ལ་སླར་ཕེབས་ཏེ། མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་པ་ལ་ཡུན་རིང་བཞུགས། ཉིད་ཀྱི་སྐུ་ཚེ་གང་པོར་མགོན་དཀར་ཡིད་བཞིན་ནོར་བུ་ཡི་དམ་དུ་བཟུང་བས་བསྙེན་པ་དུང་འགའ་གསུངས།
སྐབས་ཤིག་ཁོང་གི་སྐུ་རྣམས་ཀྱིས་གཞན་དང་འཁོན་རྩོད་ཤོར་བ་སོགས་ཀྱི་བཞུགས་མི་བདེ་བ་ཅུང་ཟད་བྱུང་བ་དགེ་བ་བསྒྲུབ་པའི་བར་ཆད་དུ་དགོངས། སྐུ་མཚམས་ལས་གྲོལསྐུ་མཚམས་ལས་གྲོལ་ཏེ་དགུན་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ཞིག་ལ་འབྲི་ཆུའི་དར་བུད་དེ་ཐོག་མར་སྒ་སྟོད་སྤང་ཤར་དགོན་དུ་ཕེབས།
རྡོ་མགར་སྤྲུལ་སྐུའི་དྲུང་དུ་ཟླ་ཤས་བཞུགས། དེ་རྣམས་རྣལ་འབྱོར་གྱི་སྤྱོད་པས་རྡོག་ཁྲས་དང་དཔེ་ཆ་རྣམས་སྣམས་རེ་ཁམས་སྟོད་ཤུལ་མའི་དགོན་དུ་ཟླ་འགའ་བཞུགས། ཡང་བ་རོང་དགོན་ཏུ་ཕེབས་ཏེ་མཁན་པོ་དཔལ་རབ་ཀྱི་ཤག་ཏུ་བཞུགས། ཁྲི་བ་སྙན་བློའི་དྲུང་ནས་ཆོས་ཚན་འགའ་གསན་ཅིང་ཡི་གེ་བྲིས་ཏེ་ཟླ་བ་ཁ་ཤས་བཞུགས།
གཏན་དུ་བཞུགས་པར་ཞུས་ཀྱང་གཅིག་པུ་སྒྲུབ་ལ་གོམས་པས་མ་གསན་པར་ཀ་བཞི་ལ་བྱོན། མ་མོའི་དྲེལ་དཀར་[page 222] ཕུག་ཏུ་ཟླ་འགའ་བཞུགས། དེར་རྐུན་མའི་གནས་བཅའ་བ་སོགས་བཞུགས་མི་བདེ་བར་ཅུང་བྱུང་བས་ཡར་ཉི་ཟླ་ཁ་མདོར་ཕེབས། མི་ཞིག་བྱུང་བ་ལ་རྟེན་འབྲེལ་བརྟག་དགོངས་ཏེ། ཁྱེད་སུ་ཡིན།
ས་འདིའི་མིང་ལ་ཅི་ཟེར་གསུངས་པས། དེས། ང་ལ་དར་རྒྱས་བཀྲ་ཤིས་དང་། ས་འདི་ས་ཉི་ཟླ་ཁ་མདོ་ཟེར། ཕ་གིའི་ཕུག་པ་ལ་སེ་བཙུན་སྒྲུབ་ཕུག་གམ་དམ་ཅན་ཕུག་པ་ཟེར་ཞིང་དམ་ཅན་རང་བྱོན་ཡོད།
སྔོན་བླ་མ་སེ་བཙུན་(འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དགུང་ལོ་བཅུ་དགུ་བའི་ཆུ་ཁྱི་སྤྱི་ལོར་༡༠༤༣ལོར་དབུས་སུ་ཕེབས་པའི་བར་ལོ་ཉེར་གཅིག་ལ་ཁམས་སུ་བཞུགས་པའི་རང་བསྟེན་པའི་བླ་མ)དང་དགེ་བ་ཚུལ་ཁྲིམས་སོགས་ཀྱི་སྒྲུབ་ཕུག་ཡིན་ཟེར་བ་ན།
ཕུག་པའི་མིང་གསན་མ་ཐག་དེར་བཞུགས་པའི་ཐུགས་སྤྲོད་དཔག་མེད་འཁྲུངས་ཤིང་རྟེན་འབྲེལ་ལེགས་པར་དགོངས། ཕྱིན་ཉིན་ཡང་ཕྱིང་བ་དཀར་བོ་ནག་ནོག་གི་དྲི་མ་མེད་པ་ཞིག་དང་ཞོ་ཟོ་བ་གང་འབུལ་མཁན་བྱུང་བས་རྟེན་འབྲེལ་ཁྱད་པར་དུ་བཟང་དགོངས་ནས་གནས་དེར་སྒྲུབ་པ་ལ་ཡུན་དུ་བཞུགས།
ཁོང་ནི་སྙན་པ་ཕྱོགས་མཐར་ཁྱབ་ཏེ་འབུལ་དངོས་དཔག་མེད་བྱུང་བ་ལས་ཉིད་ཀྱི་གསོལ་ཆོས་ཙམ་ལ་མ་གཏོགས་དགེ་རྩར་བཏང་སྟེ། མ་ཎི་དང་། ཡིག་བརྒྱ། ཐར་མདོ། ཞི་ཁྲོ་དམ་པ་རིགས་བརྒྱ། སྲིད་པ་འཁོར་ལོ། ཐུབ་པ་རིགས་དྲུག། ཕྱག་སྟོད་སྤྱན་སྟོང་།
མགོན་དཀར་ཡིད་བཞིན་ནོར་བུ་སོགས་རྡོ་ལ་བརྐོས་པས་ཡོན་གནང་ནས་བཞེངས་པའི་རིང་ཚད་སྤྱི་ཁྲུ་(Meter 公尺)གྱ་ལྔ་དང་། མཐོ་ཚད་སྤྱི་ཁྲུ་གསུམ། ཞེང་ལ་སྤྱི་ཁྲུ་བཞི་ཅན་དང་། བདུད་འདུལ་མཆོད་རྟེན་ཁང་བརྩེགས་བཞི་ཅན་སོགས་ད་ལྟ་དངོས་སུ་བཞུགས་ལ།
ཀ་བཞི་དགོན་འདིར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སུ་མ་ཎི་བུམ་སྒྲུབ་ཀྱི་སྒྲུབ་མཆོད་རྒྱུན་འཛུགས་མཛད་པ་འཛོམ་ཉག་བསམ་གྲུབ་དགོན་པའི་ལུགས་བཞིན་ཡིན་ཡང་། དེ་ལས་མཆོད་པ་རྒྱས་ཤིང་ཉིན་གྲངས་མང་བ་ད་ལྟའང་ལོ་རེ་བཞིན་མཆིས། དེ་དང་མགོན་དཀར་གྱི་བསང་དང་། ལྟ་རྟོགས་ཀྱི་མགུར་སོགས་ཕྱག་རྩོམ་གནང་།
སྐུ་ཚེ་དང་སྒྲུབ་པ་མཉམ་པས་དགུང་ལོ་དོན་གསུམ་དུ་སོན་པ། རབ་བྱུང་བཅུ་དྲུག་པའི་ལྕགས་ཕག་སྤྱི་ལོ་༡༩༥༠ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། དེའི་ཡང་སྲིད་ངག་དབང་ཡོན་ཏན་རྒྱ་མཚོ་ནི་ཡབ་ཚེ་རིང་ནོར་བུ་དང་ཡུམ་པདྨ་ལྷ་མོ་དགུང་ལོ་སོ་བདུན་ལོན་པ།
རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་སྤྱི་ལོ་༡༩༥༡ལོར་ཁམས་སྟོད་སྒ་ཀྲེ་གུའི་ཕལ་ཆེན་ཚང་དུ་འཁྲུངས།
ཆུ་འབྲུག་སྤྱི་ལོ་༡༩༥༢ལོའི་དགུན་ཁར་དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་བསམ་གྲུབ་དགོན་དུ་ཕེབས་སྐབས་སྐུ་སྔ་མའི་ཡང་སྲིད་དུ་ཐུགས་ཐག་བཅད་ནས་མཚན་ལ་ངག་དབང་ཡོན་ཏན་རྒྱ་མཚོ་ཞེས་གསོལ་བ་དང་བསམ་འགྲུབ་དགོན་པའི་ན་བཟའ་སྐུ་ཆས་ཕུལ།
ཡང་གོང་མ་རིན་པོ་ཆེ་སེར་ཤུལ་དགོན་དུ་ཕེབས་སྐབས་ཀ་བཞིའི་དཔོན་བློ་བཟང་དགྲ་འདུལ་གྱིས་བསྐྱར་དུ་ཞུས་པ་སྔ་མ་བཞིན་ལུང་བསྟན་བྱུང་བས་ཡིད་ཆེས་མོས་གུས་ཀྱི་པད་མོ་ལྷག་པར་རྒྱས། དགུ་ལོ་ལྔ་བཞེས་པའཆི་ཤིང་ལུག་སྤྱི་ལོ་༡༩༥༥ལོར་ཀ་བཞི་དགོན་དུ་ཁྲིར་བཀོད།
ལབ་ཁྲི་བ་རྗེ་བཅུན་འཇམ་དབྱངས་བློ་གྲོས་རིན་[page 223] ཆེན་གྱིས་སྒ་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐྱེས་མཐར་བསྔགས། དབུ་མཛད་རྡོ་རྗེ་འཛིན་པ་ཀུན་དགའ་ནི། ཡབ་པདྨ་ཚེ་སྐྱབས་དང་ཡུམ་སྒྲོལ་དཀར་གྱི་སྲས་སུ་ཁམས་སྟོད་སྣ་འཛོམ་ཉག་ཏུ་འཁྲུངས།
དགུང་ལོ་ཆུང་ངུའི་སྐབས་ནས་རབ་ཏུ་བྱུང་ཏེ་བསམ་འགྲུབ་དགོན་དུ་བཞུགས། དགུང་ལོ་ཞེ་དྲུག་ཙམ་ལ་ཞང་པོ་འཇམ་དབྱངས་དགེ་ལེགས་ཕུན་ཚོགས་ཀྱི་སྐུ་མདུན་དུ་ཕེབས། ལམ་བར་རྫ་ཆུའི་འགྲམ་དུ་ཕྱག་ཕྲེང་ལྷུང་བ་ལ། ཁོང་གིས། རྟེན་འབྲེལ་གྱི་དབང་གིས་ད་ཕ་ཡུལ་དུ་འཁོར་ཐུབ་པ་མི་འདུག་གསུངས།
དེ་ནས་ཀ་བཞི་དགོན་དུ་བགྲང་བྱ་འགའ་བཞུགས་ཤིང་བསྟན་པར་སྨན་པའི་མཛད་འཕྲིན་སྤེལ། དགུང་ལོ་ཞེ་བརྒྱད་ཙམ་སོན་པ་རབ་བྱུང་བཅུ་དྲུག་པའི་ས་བྱི་(སྤྱི་ལོ་༡༩༤༠)ལ་རྡོ་རྗེ་སེམས་དཔའི་བཞུགས་སྟབས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན། དེའི་ཡང་སྲིད་བློ་བཟང་ཐབས་མཁས་ནི།
ཡབ་བསྟན་པའི་ཉི་མ་དང་ཡུམ་པདྨ་ཆོས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་(སྤྱི་ལོ་༡༩༥༡)ལོར་འཁྲུངས་ཤིང་།
ཆུང་དུ་ནས་དམ་པའི་མཛད་བཟང་ལས་མ་འདས་པ་ཞིག་བཞུགས་ཀྱང་དུས་ངན་གྱི་དབང་གིས་དགུང་ལོ་བཅུ་དྲུག་བཞེས་པའི་མེ་རྟ་(སྤྱི་ལོ་༡༩༦༦)ལོར་སྐུ་གཤེགས་པས་མཛད་པའི་འཕྲིན་ལས་དེ་ཙམ་རྒྱས་ལོང་མ་བྱུང་། དེའི་ཡང་སྲིད་བསོད་ནམས་དོན་གྲུབ་ནི། ཡབ་ཚེ་རྡོ་དགུང་ལོ་ཞེ་གཅིག་དང་། ཡུམ་ཞེ་དགའ་དགུང་ལོ་སོ་གསུམ་བཞེས་པ།
རབ་བཅུ་དྲུག་པའི་མེ་ལུག་ལོར་འཁྲུངས། དགུང་ལོ་བཅུ་གསུམ་པའི་ས་ལུག་(སྤྱི་ལོ་༡༩༧༩)ལོར་ལབ་ཁྲི་ཆེན་རྗེ་བཙུན་འཇམ་དབྱངས་བློ་གྲོས་རིན་ཆེན་གྱི་དྲུང་ནས་རབ་ཏུ་བྱུང་བས་མཚན་ལ་བསོད་ནམས་དོན་གྲུབ་ཅེས་གསོལ།
དགུང་ལོ་ཉི་ཤུ་བའི་མེ་སྟག་སྤྱི་ལོ་༡༩༨༦ལོར་ལབ་ཁྲི་ཆེན་ཉིད་ཀྱི་སྐུ་དྲུང་དུ་བསྙེན་པར་རྫོགས་ཤིང་སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་ཡིན་པས་ངོས་འཛིན་གྱི་ཕྱག་བྲིས་ཐམ་ཀ་བཏབ་པ་བཅས་གནང་ཞིང་བཀའ་དྲིན་རྒྱ་ཆེར་བསྐྱངས།
དེ་ནས་རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་(སྤྱི་ལོ་༡༩༨༠)ལོ་ནས་རང་འགུལ་གྱིས་དགོན་པ་སླར་བཞེངས་མགོ་བརྩམས། ལྕགས་བྱ་(སྤྱི་ལོ་༡༩༨༡)ནས་ཤིང་བྱའི་བར་མཁན་པོ་ཆོས་ལྡན་ཁྲིར་བཞུགས། ཁོང་ནི་རབ་བྱུང་བཅོ་ལྔ་བའི་ཤིང་སྟག་(སྤྱི་ལོ་༡༩༡༥)ལོར་ཡབ་འཛི་སྟག་སྙན་གྲགས་ཀྱི་སྲས་སུ་འཁྲུངས།
ཆུང་ངུ་ནས་ཤེས་བྱ་རིག་པའི་མཛོད་ལ་སྦྱངས་པ་ཁོང་དུ་ཆུད་ཅིང་འཁོར་བར་ངེས་འབྱུང་དྲག་པོ་སྐྱེས་པས། མེ་ལས་ཚ་བའི་རྦ་རླབས་ཀྱི་ཁྲོད་ནས་ཀྱང་འགྱུར་བ་མ་བྱུང་།
བསྟན་པའི་མེ་རོ་གསོ་བའི་ཚེ་འདུལ་བའི་ཕྱག་ལེན་གྱི་སྐོར་འཆད་སྤེལ་གནང་བ་སོགས་བཀའ་དྲིན་བསྐྱངས་ཏེ་དགུང་ལ་དོན་དྲུག་པའི་ལྕགས་རྟ་(སྤྱི་ལོ་༡༩༩༠)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། བོད་ཤིང་གླང་སྤྱི་ལོ་༡༩༨༥ལོར་གོང་རིམ་ནས་ཆོག་མཆན་ཐོབ་སྟེ་དགོན་པའི་ཆོས་སྒོ་ཕྱེས། མཁན་པོ་དགེ་འདུན་ཡོན་ཏན་ཁྲིར་བཞུགས།
ཁོང་ནི་ཡབ་ཁོ་ནེ་དང་ཡུམ་མཚོའི་བློའི་སྲས་སུ། རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་སྤྱི་ལོ་༩༢༩ལོར་འཁྲུངས་ཤིང་ད་ལྟ་བསྟན་པའི་རྒྱལ་མཚན་འཛུགས་བཞིན་བཞུགས་ལགས། བོད་རབ་བྱུང་བཅུ་བདུན་པའི་ལྕགས་ལུག་སྤྱི་ལོ་༡༩༩༡ལོར་མཁན་པོ་རིན་ཆེན་རྡོ་རྗེ་ཁྲིར་བཞུགས།
ཁོང་ནི་ཡབ་ལྡན་མ་ཚེ་དབང་དང་ཡུམ་ཚེ་འཛོམས་གཉིས་ཀྱི་སྲས་[page 224] སུ་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་སྤྱི་ལོ་༡༩༣༣ལོར་འཁྲུངས། ད་ལྟ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དོན་དུ་གཉེར་ནས་ཁྲི་ལ་བཞུགས།
རབ་བྱུང་བཅུ་བདུན་པའི་ས་སྤྲེལ་སྤྱི་ལོ་༡༩༩༢ལོར་མཁར་ནང་མཆོག་སྤྲུལ་ཐུབ་བསྟན་འཇམ་དབྱངས་མཁྱེན་རབ་འཕྲིན་ལས་རབ་རྒྱས་དཔལ་བཟང་པོ་ཕེབས་ཏེ་འདུལ་ཁྲིམས་སོགས་ཀྱི་བཅའ་གཞི་དང་། ཆོས་རའི་ལྟ་དབྱངས། ཆོས་ཐེབས་སུ་བདོག་པ། ཁྱད་པར་དུ་དགེ་ཚུལ་སློང་བརྒྱ་ཕྲག་ལས་བརྒལ་བ་བསྒྲུབས་ཤིང་།
བློ་རྟགས་སོགས་ཀྱི་དཔེ་ཁྲིད་མཛད་པ་དང་། ཆོས་ཐོག་རེ་རེའི་ཞལ་འདོན་གྱི་ལུགས་སྲོལ་སྒྲིག་ལམ་སོགས་སེར་བྱེས་མཁས་སྙན་གྲྭ་ཚང་ལ་ཁུངས་བྱས་ནས་ཞལ་བཀོད་བཅའ་གཞི་མཛད། དཔེ་ཁྲིད་དགེ་རྒན་གཟིགས་སྐྱོང་མཛད། མཚན་ཉིད་ཇེ་རྒྱས་སུ་གཏོང་། མདོར་ན་ཆོས་སྲིད་གཉིས་ཀ་ནས་བཀའ་དྲིན་བསྐྱངས་པར་མ་ཟད།
ཚེ་ལྷ་རྣམ་གསུམ་གྱི་སྐུ་རྟེན་ཁྲུ་གང་བ་སུམ་ཅུ་བཅས་གནང་ཞིང་དགོན་འདིའི་དབུ་བཞུགས་སུ་བཀའ་དྲིན་བསྐྱངས། སྤྱིར་དགོན་སྡེ་འདི་ཉིད་ལ་སྔར་མཁན་ཐོག་རིམ་བྱོན་མ་གཏོགས། སྤྲུལ་སྐུ་ངོས་འཛིན་བྱེད་པའི་ལུགས་སྲོལ་མེད་ལ། ཕྱིས་སུ་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་ཆགས།
སྤྱི་ལོ་༡༩༤༧ལོར་ལ་ཀ་བཞི་རྒྱ་རང་ཨ་མཆོད་རྒྱ་ནག་ལ་ཕེབས་ནས། ལྕང་སྐྱ་ངག་དབང་མཆོག་ལྡན་གྱི་གཟིམས་ཆུང་གི་ནང་ནས་སྐུ་ཁྱད་པར་ཅན་བརྒྱ་ལྷག་ཙམ་བསླུ་རྒྱུ་བྱུང་། དེའི་མང་གི་ཐང་རྒྱལ་རབས་སྐབས་སུ་བཟོས་པའི་འབྲལ་སྤང་རྒྱལ་བ་ཤཱཀྱ་ཐུབ་པའི་སྐུ་བྱིན་རླབས་ཀྱི་ཚན་ཁ་འབར་བའང་ད་ལྟ་བཞུགས།
དེའི་ནང་ལ་ཡོད་པའི་དཔལ་ཆེན་རྟ་མཆོག་རོལ་བ་ཡང་གསང་དང་། གསང་སྒྲུབ། འཇིགས་བྱེད་བཅུ་གསུམ་པ། གཙུག་ཏོར་གདུགས་དཀར་མོ། ཐུགས་རྗེ་ཆེན་པོ་ཕྱག་སྟོང་། ཚེ་ལྷ་རྣམ་གསུམ་སོགས་སྲིད་ན་རྙེད་དཀའ་བ་མང་དུ་མཆིས་ཀྱང་ད་ལྟ་ཁ་ཤས་གཏོགས་སྤྱི་ལོ་༡༩༤༩ལོར་ལྷག་མེད་དུ་གཏོར།
དེ་འདྲའི་སྐུ་ཡོད་པ་ད་ལྟ་རྒྱ་ནག་ལ་ཡོང་ཧོ་དགོན་པ་མ་གཏོགས་མི་འདུག སྔར་སྐུ་འདྲ། སིལ་སྙན། སྦུབ་ཆས་སོགས་རྒྱ་ནག་གི་ཐོབ་ཡིག་དང་དཔང་རྟགས་ཡོད་མཁན་མང་དུ་མཆིས་ཀྱང་། དུས་ཀྱི་འཕོ་འགྱུར་གྱིས་ལྷག་མེད་གཏོར།
ད་ལྟར་དགེ་འདུན་བརྒྱ་ཕྲག་གཉིས་ལྷག་བཞུགས་ཤིང་། འདུ་ཁང་ཀ་རིང་བཞི་དང་ཀ་ཐུང་སོ་གཉིས་ཅན་གྱི་གཙོས་པའི་གཙུག་ལག་ཁང་དང་། རུང་ཁང་། འཁོར་ཁང་། གྲྭ་ཤག། གཞན་སྐུ་གསུང་ཐུགས་རྟེན་ནི། ཟངས་གསེར་ལས་གྲུབ་པའི་རྒྱལ་བ་ཡབ་སྲས་གསུམ་གྱི་སྐུ་མི་ཚད་ལས་ལྷག་དང་།
ལབ་ཁྲི་ཆེན་རྗེ་བཙུན་འཇམ་དབྱངས་བློ་གྲོས་རིན་ཆེན་གྱི་གསུང་འབུམ། ཐང་རྒྱལ་རབས་སྐབས་ཀྱི་རྗེ་དགེ་ལེགས་མའི་སྐུ། སྤྱན་རས་གཟིགས་དང་རྡོ་རྗེའི་འཇགས་བྱེད་སོགས་གཙོ་བོར་བཞུགས་པའི་བོད་བཟོས་ལི་མ་བྱིན་ལྡན་ཁྱད་འཕགས་གྲངས་མང་མཆིས་པ་དང་།
མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོའི་སྐབས་སུ་བཟོས་པའི་སྒྲོལ་མའི་སྐུ། ཆིང་རྒྱལ་རབས་ཀྱི་གོང་མ་ལྷ་སྐྱོང་སྐབས་སུ་བཟོས་པའི་ལྷ་མོ་ནོར་རྒྱུན་མ་སོགས་སྐུ་བརྙན་དང་། སྐུ་ཕྲེང་བཅུ་གསུམ་པ་གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་ཁོང་ཨ་མདོར་ཕེབས་སྐབས།
དགོན་སྡེ་འདི་ཉིད་ལ་རྟེན་གསུམ་ན་བཟའ་སྐུ་ཆས་སོགས་གནང་ནས་[page 225] བདག་སྐྱོང་མཛད།
སྐུ་ཕྲེང་བཅུ་བཞི་བ་གངས་ཅན་བསྟན་འགྲོའི་མགོན་པོ་ངག་དབང་བློ་བཟང་ལ་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་དེ་ཉིད་རྒྱ་ནག་ལ་ཕེབས་སྐབས་དགོན་སྡེ་འདི་ཉིད་ལ་ཐང་རྒྱལ་རབས་སྐབས་ཀྱི་སྐུ་གསང་བདེ་འཇིགས་གསུམ་དང་།
གོང་མ་ཏ་མིང་(མིན་)རྒྱལ་བོའི་སྐབས་ཀྱི་སྐུ་སྒྲོལ་མ་ཏ་མིང་འབྲི་དྲུག་མ་ཞེས་བྱིན་རླབས་ཀྱི་ཚན་ཁ་འབར་བ་སོགས་དང་། ཉིད་ཀྱི་སྐུ་ཤམ་བཅས་གནང་བའི་བདག་སྐྱོང་བསམ་བརྗོད་ལས་འདས་པ་གནང་ཤིང་། གཞུང་ལམ་ལ་ཧ་ཅང་ཀྱོག་པོ་ཡིན་བཏབ་ཆིབས་བསྒྱུར་མཛད་མ་ཐུབ།
རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་གནང་བའི་རྟེན་གསུམ་རྣམས་ད་ལྟའང་བཞུགས། ཁ་ཤས་བརླར་ཚར། ཡང་དགོན་སྡེ་འདི་ཉིད་ལ་སྐུ་དྲིན་ཤིན་ཏུ་ཆེ་བའི་བླ་མ་རྒྱལ་དབང་བསོད་ནམས་རྒྱ་མཚོ། རྒྱལ་དབང་བསྐལ་བཟང་རྒྱ་མཚོ། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ།
གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ལ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་དང་། ལབ་སྐྱབས་མགོན་སྐུ་ཕྲེང་བཅུ་པ་དབང་ཆེན་དགྱེས་རབ་རྡོ་རྗེ་ནས་བཟུང་སྐུ་ཕྲེང་གསུམ་དང་། སེར་ཤུལ་དཔོན་སྤྲུལ་ཐུབ་བསྟན་དགེ་ལེགས་བསྟན་པའི་ཉི་མ་དང་།
ལབ་ཁྲི་ཆེན་རྗེ་བཙུན་འཇམ་དབྱངས་བློ་གྲོས་རིན་ཆེན་དང་། མཁར་ནང་མཆོག་སྤྲུལ་ཐུབ་བསྟན་འཇམ་དབྱངས་མཁྱེན་རབ་འཕྲིན་ལས་རབ་རྒྱས་དང་། རྒྱལ་མཚན་རབ་ཡངས་སོགས་དམ་པ་དེ་རྣམས་དགོན་སྡེ་འདི་ཉིད་ལ་སྐུ་དྲིན་ཤིན་ཏུ་ཆེ་བའི་བླ་མ་རྣམས་ཡིན་ལ།
གོང་ས་ལ་སྐྱབས་མགོན་ཆེན་པོས་གནང་བའི་སྟོན་པ་གཙོ་འཁོར་གསུམ་གྱིས་གཙོས་པའི་ཞལ་ཐང་གྲངས་མང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་གྱིས་གནང་བའི་སྐྱབས་མཆོག་པཎ་ཆེན་སྐུ་ཕྲེང་གོང་རིམ་གྱི་ནམ་རྙིང་ཛར་བུ་བྱིན་རླབས་ཀྱི་ཚན་ཁ་འབར་བ། གཞན་ཡང་བོད་བཟོས་རོལ་མོ་དང་སིལ་སྙན་རྙིང་བ་སྤུས་ལེགས།
མིང་རྒྱལ་རབས་གོང་མ་ཞུན་ཏི་སྐབས་ཀྱི་རོལ་མོ་སོགས་སིལ་རོལ་གྲངས་མང་། འཁོར་ཆེན་གཉིས་དང་འཁོར་ཆུང་བརྒྱ་ཕྲག་འགའ། གཞན་ཡང་གསུང་རབ་གླེགས་བམ། མཆོད་རྫས་རྣམས་སྔར་ཡོད་སྲུང་སྐྱོང་དང་ཉམས་གསོ་གསར་བཞེངས་སོགས་བྱས་ཤིང་། བྱེད་བཞིན་པ་བཅས་རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱའོ། དཔྱད་གཞིའི་ཡིག་ཆའི་སྐོར་ནི།
《དེབ་ཐེར་སྔོན་པོ》དང་《ཆོས་འབྱུང་མཁས་པའི་དགའ་སྟོན》《དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ》《ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་རྟོགས་བརྗོད》《འཛོམས་ཉག་མཆོད་རྟེན་དཔལ་གྱི་ལྷུན་པོའི་དཀར་ཆག》《བསྟན་རྩིས་ཀུན་བཏུས》《བཀའ་གདམས་གསར་རྙིང་རྗེས་འབྲང་དང་བཅས་པའི་བླ་མ་བརྒྱུད་པའི་རྣམ་ཐར་ཀུན་བཏུས་ནོར་བུའི་དོ་ཤལ་ཞེས་བྱ་བ》ལྕགས་རྭ་ངག་དབང་འཕྲིན་ལས་ཀྱིས་མཛད་པའི་《གསང་འདུས་བླ་བརྒྱུད》བློ་བཟང་མཁས་མཆོག་གིས་མཛད་པའི་《གནས་ཆུང་རྒྱལ་པོའི་བསྟོད་པ》《གནས་ཆུང་རྒྱལ་བོའི་ཆེས་འབུལ》《སྡེ་དགེ་རྒྱལ་རབས》《ལབ་དགའ་ལྡན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་གི་ལོ་རྒྱུས་པད་མའི་དཔལ་གྱི་བདུད་རྩི་ཞེས་བྱ་བ》《ཀྲུང་གོའི་ལོ་རྒྱུས་དོན་ཆེན་ལོ་ཚིགས》《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རྒྱུས་དཔྱད་ཡིག་བདམས་བཏུས》[page 226] སོགས་ཁུངས་སུ་བྱས་ཤིང་། མཐོང་ཐོས་དྲན་པའི་བརྒྱུད་རིམ་བཅས་གོང་བསྒྲིགས་ཁུལ་ཙམ་ལགས་ཀྱང་། སྐྱེས་སྦྱངས་གོམས་པའི་བློ་རྩལ་ཤིན་ཏུ་དམན་པས་འགལ་འཁྲུལ་གྱི་རིགས་ངེས་པར་ཡོད་སྲིད་པ་མཁྱེན་ལྡན་དག་གིས་དགོངས་བཞག་དང་སྐྱོན་སེལ་གནང་བ་ཞུ་ཞུ།