མཆོད་རྟེན་དགོན་གྱི་ལོ་རྒྱུས།
གསེར་མཆོད་རྟེན་དགོན་ནམ་དཔལ་ཆོས་འཁོར་གླིང་གི་དགོན་པ་འདི་ཕྱག་འདེབས་མཛད་མཁན་བླ་མ་དམ་པ་ཨོ་རྒྱན་ནོར་བུ་ནི་སྐུ་ཆུང་ངུའི་དུས་ནས་མཁས་གྲུབ་ཀརྨ་ཆགས་མེད་དང་རིག་འཛིན་ཀུན་བཟང་ཤེས་རབ་གཉིས་བླ་མར་བསྟེན། མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱང་བ་གནད་སྨིན་མཛད།
ལྷག་པར་གནམ་ཆོས་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་ཟབ་གཏེར་གྱི་སྐོར་དང་བརྩམས་པ་རྡོ་རྗེའི་སྙིང་པོ་བཅས་ཀྱི་སྨིན་བྱེད་དབང་གྲོལ་བྱེད་ཀྱི་ཁྲིད། རྒྱབ་བརྟེན་གྱི་ལུང་བཅས་རྫོགས་པར་གསན་ནས་ཐུན་མིན་རྫོགས་ཆེན་གྱི་སྐོར་རྣམས་ཐུགས་ཉམས་སུ་བསྟར།
དེ་ནས་ཁོང་གི་བླ་མ་གཉིས་མ་བགྲོས་ཞལ་མཐུན་དུ་ཁྱེད་གྱིས་གསེར་མགོན་པོ་འབྲོང་རིའི་ཤར་ཕྱོགས་སུ་རྒྱལ་བ་དཔལ་ཡུལ་བའི་ལུགས་ཀྱི་ཆོས་སྡེ་ཞིག་གསར་འཛུགས་བྱེད་ནུས་ན་བསྟན་འགྲོ་ལ་སྨན་པའི་སྐྱེས་བུ་དམ་པ་རེ་ཟུང་མི་རབས་འགའ་ཞིག་ལ་རྒྱུན་མི་[page 319] འཆད་པར་འབྱུང་ཞེས་ལུང་བསྟན་པ་ལྟར། སླར་གསེར་ལྗོངས་སུ་ཆིབས་བསྒྱུར་མཛད་དེ་དབལ་ཤུལ་རོག་ཟའི་དཔོན་གཉན་ནེ་ཞེས་པའི་དབུ་བླར་གྱུར། ཡོན་མཆོད་གཉིས་ཐུགས་ཡིད་མཐུན་པའི་ཚེ།
དཔོན་འབངས་ཀུན་གྱིས་བླ་མའི་བཀའ་དང་ལེན་མཛད་ནས་གསེར་སྲིབ་སྐྱིད་ཤར་ལུང་པར་ཆོས་སྡེ་འདིའི་རྨང་གཞིར་གྱུར་པའི་རི་ཁྲོད་ཞིག་ཐོག་མར་ཕྱག་བཏབ་མཛད།
དུས་ཚོད་སོགས་ཡིད་གཏད་ཁེར་ངེས་མི་གསལ་ཡང་ཀུན་བཟང་ཤེས་རབ་དང་ཆགས་མེད་སོགས་བླ་མར་བསྟེན་ཚུལ་གྱིས་རྗེས་སུ་དཔག་ན་རབ་བྱུང་བཅུ་གཅིག་པའི་ནང་ཡིན་པར་གོར་མ་ཆགགྲྭ་བཅུ་ཕྲག་གཅིག་ལྷག་གིས་རི་ཁྲོད་བཟུང་སྟེ་རྩེ་གཅིག་ཏུ་འོད་གསལ་རྫོགས་ཆེན་གྱི་ལམ་ལ་བརྩོན་པས་གདེངས་བཞིའི་དྲོད་ཚད་ཐོབ་པའི་རྟོགས་ལྡན་རྣལ་འབྱོར་གྱི་དབང་ཕྱུག་དུ་མ་བྱུང་བར་གྲགས།
ཁོང་གི་སྐུ་ཚ་སྒོ་ཆེན་དབུ་རྒྱན་བསོད་ནམས་ལ་རི་ཁྲོད་སྟོང་མི་ཉན་པའི་ཞལ་ཏ་དུ་མ་མཛད་དེ་སླར་བླ་མ་རྣམ་གཉིས་ཀྱི་གདན་སར་ཕེབས་ནས་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ།
དེ་ནས་གདན་རབས་གསུམ་པ་སྒོ་ཆེན་དབོན་རྒན་གྱི་དགོན་པའི་བསྟན་བདག་གི་འགན་བཞེས་ཏེ་དགུང་གྲངས་བཞི་བཅུ་ཙམ་ལ་སླེབས་བར་དུ་མཚམས་བསྙེན་སྒྲུབ་ཁོ་ནར་འབད། དེ་ནས་རྒྱལ་བ་དཔལ་ཡུལ་བའི་ལུགས་ཀྱི་ཆོས་བཀའ་ཕལ་མོ་ཆེའི་དབང་ལུང་གི་རྒྱུན་མདོ་ཁམས་ཀྱི་ཡུལ་གྲུ་ཀུན་ཏུ་རྒྱ་ཆེར་སྤེལ།
མཐར་དགུང་གྲངས་བདུན་ཅུ་ཙམ་ལ་སོན་སྐབས་སྒོ་ཆེན་དབོན་ཆུང་ལ་བསྟན་དགོན་གྱི་འགན་གཏད་ནས་ཕྱོགས་ཕྱོགས་སུ་ཆ་འཕྲིན་བཏང་སྟེ་སློབ་ཚོགས་གྲངས་ཀྱི་མི་ཆོད་པ་ལྟ་བུ་ཞིག་ལ་ཁྲོམ་དབང་ཞིག་བསྐུར་ཏེ་བསྔོ་སྨོན་གྱི་མཇུག་རྫོགས་མ་ཐག་གཟིམ་མལ་དུ་བྱོན་ནས་ཆོས་སྣམ་མནབས་ཏེ་ཞབས་དཀྱིལ་དང་ཕྱག་མཉམ་བཞག་མཛད་དེ་སྐུ་གཤེགས་སོ།
ཞག་བདུན་གྱི་རྗེས་སུ་ཡུལ་མི་རྣམས་ཀྱིས་གདུང་མཇལ་སྐབས་སྐུ་གདུང་གྲུ་གང་ཙམ་དུ་གྱུར། སྐུ་གདུང་ཞུགས་ལ་སྦྱང་སྐབས་ཉེ་འཁོར་ཐམས་ཅད་འཇའ་འོད་དང་ཐིག་ཕྲན་གྱི་གང་བ་དང་རིང་བསྲེལ་བབས་པ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་ངོ་།
དེ་ནས་གདན་རབས་བཞི་པ་སྒོ་ཆེན་དབོན་ཆུང་ནི་མི་གཞི་བཟང་ཞིང་ཀུན་སྤྱོད་ཞིབ་པས་ཀུན་གྱིས་སྤྱི་བོར་བཀུར། གནམ་ཆོས་ཀྱི་ཆོས་སྡེ་རྣམས་རྩལ་དུ་བཏོན་ནས་དབང་ལུང་གི་བརྒྱུད་པ་རྣམས་ས་ཁྱབ་རྡོ་ཁྱབ་ལྟ་བུར་སྤེལ། བླ་མ་རིག་བཟང་དང་། རྡོ་རྗེ་འཛིན་པས་བསོད་ནམས་རྣམ་རྒྱལ་རོག་ཟའི་གྲུབ་ཐོབ་དཔལ་དགེ།
སྒོ་ཆེན་པདྨ་རིག་འཛིན་སོགས་ལ་རི་ཆོས་གསུམ་དང་ནང་ཆོས་རྣམས་རྫོགས་པར་སྦྱང་བཅུག་སྟེ་བླ་མ་རིག་བཟང་ཁྲི་འདོན་མཛད་དེ་ཁོང་བསྙུན་གཞི་མེད་པའི་ཚུལ་གྱིས་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།
དེ་ནས་གདན་རབས་ལྔ་པ་གཡུ་ཐོག་ཡོན་ཏན་མགོན་པོའི་རྣམ་སྤྲུལ་དུ་གྲགས་པའི་མཁས་དབང་བླ་མ་རིག་བཟང་ནི་རབ་བྱུང་བཅུ་བཞི་པའི་བགྲང་བྱ་ཉེར་གཅིག་པ་ཐམས་ཅད་འདུལ་ཞེས་པ་མེ་ཕག་སྤྱི་ལོ་༡༨༢༧ལ་ངོ་མཚར་བའི་རྟགས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། དེ་ནས་མི་རིང་བར་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དང་།
རྡོ་གྲུབ་སྐུ་འཕྲེང་གཉིས་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་སམ་གྲུབ་ཆེན་སྐུ་བར་སོགས་རྩོད་བྲལ་གྱི་མཁས་གྲུབ་དམ་པ་དུ་མའི་ཞབས་པད་ཡུན་[page 320] ཏུ་བསྟེན་ནས་རྒྱ་ཆེན་སྤྱོད་ཕྱོགས་དང་ཟབ་མོ་ལྟ་བའི་ཕྱོགས་ལ་མངའ་དབང་འབྱོར་བའི་མཁས་པའི་ཕ་རོལ་དུ་སོན་ཀྱང་སྦས་པའི་རྣལ་འབྱོར་བའི་ཚུལ་ལས་བླ་ཆེན་ལད་མོ་མི་མཛད། རིག་གནས་ཀྱི་སྐོར་སྤྱི་དང་བྱེ་བྲག་རྩིས་སྨན་གཉིས་བྱང་ཆུབ་པར་མཛད་དེ་རྩིས་གཞུང་ཆ་ལག་དང་བཅས་པ་མན་ངག་གི་ཟབ་ཁྱད་གཞན་ལས་ལྷག་པ་དང་།
དུས་ནད་ངོས་ཟིན་དཀའ་བའི་རིགས་ལ་སྨན་དཔྱད་ཀྱི་སྡེབས་སྦྱོར་སོགས་ཉམས་ཡིག་ངོ་མཚར་བ་དུ་མ་བཅས་དུས་འགྱུར་བར་དུ་གནས་སོ།
མཐར་སྐུ་གཤེགས་སྐབས་གམ་འཁོད་རྣམས་ལ་གཡུ་ཐོག་ཡིན་ཏན་མགོན་པོའི་ཞལ་གཟིགས་ཚུལ་སོགས་ཉམས་དགའ་བ་དང་གུས་འཕེལ་བའི་ཞལ་ཏ་གནང་ནས་གཞི་དབྱིངས་གདོད་མའི་སྦུབས་སུ་གཞི་སྣང་གི་བཀོད་པ་རེ་ཞིག་མཇུག་བསྡུས་སོ།
གདུང་བཞུ་སྐབས་གདུང་རྟགས་མཇམ་དཔལ་གྱི་སྐུ་རྙན་རང་བྱུང་ཞིག་བྱུང་བ་དང་དབལ་ཤུལ་ཨ་གྲག་གིས་དད་རྟེན་དུ་དུས་འགྱུར་བར་དུ་གནས་པ་ཀུན་གྱི་མཐོང་ངོ་།
གདན་རབས་དྲུག་པ་རྡོ་རྗེ་འཛིན་པ་བསོད་ནམས་རྣམ་རྒྱལ་ནི་རབ་བྱུང་བཅུ་བཞི་པའི་ལྕགས་སྤྲུལ་ལ་སྐུ་འཁྲུངས་མི་རིང་བར་བཀའ་བབས་བདུན་གྱི་མངའ་བདག་པདྨ་འོད་གསལ་མདོ་སྔགས་གླིང་བ་བླ་མར་བསྟེན་ནས་མདོ་སྒྱུ་སེམས་གསུམ་སོགས་སྔ་འགྱུར་གྱི་ཆོས་ཅི་རིགས་གསན།
ལྷག་པར་རྒྱུད་གསང་བ་སྙིང་པོ་གཞན་ལ་སྤེལ་དགོས་པའི་བཀའ་གནང་ཐོབ་ཏེ་ཐབས་ཤེས་ཀྱི་རྟེན་མཚོན་པའི་རྡོར་དྲིལ་ངོ་མཚར་བ་ཞིག་གནང་། སླར་རང་ཡུལ་དུ་ཕེབས་ནས་མདོ་ཁམས་ཀྱི་མཁས་པའི་དབང་པོ་དེ་ཉིད་ནི། སྔོན་བྱོན་གོང་མའི་གཏེར་ལུང་ལས། རྒོད་མའི་ཐང་དུ་ཤེས་རབ་མེ་ལྟར་འབར། ཞེས་རྡོ་རྗེའི་ལུང་གིས་སྔགས་པ་ལྟར།
མདོ་ཁམས་ཟལ་མོ་སྒང་གི་ཉེ་ཆར། ཟོ་དོར་ལྷ་རྩེའི་ནུབ་ཕྱོགས། དབལ་ཤུལ་རོག་ཟའི་ས་དཀྱིལ་གསེར་རྒོད་མ་ཐང་དུ་སྐུ་གསུང་ཐུགས་ཀྱི་རྟེན་གང་ཡང་མེད་པའི་ཐོག་མར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཕྱི་སྒྲུབ་རྡོ་རྗེའི་ཕྲེང་བའི་ཡིག་ཆུང་ལས། རེ་ཆམས་ནག་པོའི་འཁྱིལ་ཁུག་ནས།
མི་དྲག་རྫོང་ཆེན་གནས་གཞི་འཆའ། ཞེས་པའི་ས་གནས་དེ་བཅོས་ཐབས་ལ་རབ་བྱུང་བཅོ་ལྔའི་བགྲང་བྱ་ཉི་ཤུ་འམ། སྤྱི་ལོ་༡༨༨༥ལོ་ལ་ད་ལྟའི་རང་རྫོང་གི་ཤར་ཕྱོགས་དཔའ་བོའི་རྡོ་རིང་སར་བླ་མ་རིག་བཟང་གིས་ཕུར་བའི་ལྷ་ཁང་ཞིག་བཞེངས་ནས། ལྷ་གྲངས་ཡོངས་རྫོགས་ཀྱི་རྡོ་སྐུ་ཁོང་གིས་ཕྱག་བཟོ་མཛད།
དེ་དུས་རོག་ཟ་ཡང་ཁག་གཉིས་སུ་བསྒོས་ནས། ཚོ་བ་ཕྱེད་ཀྱིས་ཕུར་བའི་རྡོ་འབུམ་བཞེངས། ཕྱེད་ཀྱིས་རྣམ་རྒྱལ་མཆོད་རྟེན་ཆུང་བ་ཞིག་བཞེངས། བླ་མ་རྣམས་ཀྱིས་འཁོར་ལོ་མང་པོ་བཞེངས་བ་དང་། ས་དེའི་ལ་ཐོག་ཏུ་གསེར་ལྗོངས་ཟོ་དོར་ཡོངས་རྫོགས་ཞལ་ཕྱོགས་པའི་གནས་དེར། ལོ་རེ་བཞིན་བསང་དར་ཀླུང་རྟ།
དགའ་སྟོན་རྟ་རྒྱུགས་སོགས་དུས་འགྱུར་བར་དུ་བྱེད་སྲོལ་ཡོད། མཆོད་རྟེན་དགོན་པའི་རྒྱབ་རི་ད་ལྟ་ཡང་རང་རྫོང་གི་འབྲེལ་ཡོད་ལས་ཁུངས་ཁག་གི་ཆོག་མཆན་ཐོབ་མཐར་སྐྱབས་རྗེ་དམ་པ་ཡིད་བཞིན་ནོར་བུའི་ས་གཞི་བྱིན་རླབས་མཛད་ནས་ལབ་རྩེ་སླར་གསོ་བྱས།
དེ་མིན་བསྟན་དགོན་གྱི་འགན་བཞེས་སློབ་ཚོགས་རྣམས་ལ་རྒྱལ་བ་དཔལ་ཡུལ་བའི་ལུགས་ཀྱི་དབང་ལུང་སོགས་ཀྱི་རྒྱུན་མ་ཉམས་པར་བསྐྱངས། ལྷག་པར་[page 321] རྡོ་གྲུབ་གསུམ་པ་འཇིགས་མེད་བསྟན་པའི་ཉི་མ་གཙོ་བོར་གྱུར་བའི་དམ་པ་དུ་མ་ལ་རྒྱུད་གསང་བ་སྙིང་པོའི་བཤད་རྒྱུད་རྒྱ་ཆེར་སྤེལ་བར་གྲགས་སོ། གདན་རབས་བདུན་པ་རོག་ཟའི་གྲུབ་ཐོབ་དཔལ་དགེ་ནི་རབ་བྱུང་བཅུ་བཞི་པའི་བགྲང་བྱ་སོ་གཅིག་པ་གསེར་འཕྱང་ཞེས་པ་མེ་བྱ་ལ་སྐུ་འཁྲུངས།
བྱིས་པའི་དུས་ན་ལུང་བསྟན་དང་གྲུབ་རྟགས་ལ་ཐོགས་པ་མེད་པས་ཀུན་གྱིས་ཚད་མར་བརྩི་ཞིང་གཙུག་ཏུ་བཀུར། གནམ་ཆོས་ཀྱི་རི་ཆོས་རྣམས་མཐར་ཕྱིན་རྗེས་དཔལ་སྤྲུལ་རིན་པོ་ཆེ་སོགས་དགེ་བའི་བཤེས་གཉེན་དུ་མ་བླ་མར་བསྟེན། གདམ་ངག་གི་བདུད་རྩིས་ཐུགས་རྒྱུད་ཕྱུག་པར་བྱས། བསྟན་དགོན་ལ་སྨན་པའི་བྱ་བ་དུ་མ་བགྱིས།
ལྷག་པར་ཀློང་ཆེན་སྙིང་ཐིག་གི་རྩ་རླུང་རྒྱུན་ཆད་ལ་ཉེ་བ་ལ་སྲོག་གི་ཟུངས་སྦྱིན་པར་གྲགས། མཐར་དགུང་གྲངས་དྲུག་ཅུའི་སྨད་ཙམ་གྱི་དགུན་དུས་ལ་ནམ་མཁར་མཇའ་དང་སྨུག་པ་འཐིབས། ས་གཞི་ལ་མེ་ཏོག་སྐྱེས་ཏེ་དགོངས་པ་རྫོགས་སོ།
དེ་ནས་གདན་རབས་བརྒྱད་པ་ནི་གོང་གསལ་གདན་རབས་ལྔ་བ་བླ་མ་རིག་བཟང་གི་སྤྲུལ་སྐུ་བླ་མ་འབྲུག་སྒྲ་ནི་དགུང་ཟླ་ར་བར་སྐུ་བལྟམས་པ་དང་དུས་མཚུངས་ནམ་མཁའ་ནས་འབྲུག་སྒྲ་གྲགས་བྱུང་བས་མཚན་ལ་འབྲུག་སྒྲ་གསོལ། ཉག་བླ་བསོད་རྒྱལ་དང་།
ཨ་དྲས་མཁན་པོ་ཐོགས་མེད་སོགས་བླ་མར་བསྟེན་ནས་མན་ངག་ཉམས་ལེན་གྱི་ཆོས་སྐོར་དུ་མ་ཞིག་ལ་གསན་སྦྱང་བྱས་ནས་རྟོགས་པའི་གདེང་ལྡན་གྱི་རྣལ་འབྱོར་བར་གྲགས།
དུས་འགྱུར་ལ་ཉེ་བའི་སྐབས་སུ་གམ་འཁོད་རྣམས་ལ་དུང་དཀར་མཁན་པོ་དམ་ལོ་དང་ངེད་གཉིས་མཁའ་འགྲོའི་དར་ཐག་གི་ལམ་ནས་ཞིང་གཞན་དུ་ཕེབས་པའི་ཉམས་སྣང་ཤར་ཚུལ་གསུངས། མི་རིང་བར་ཁོང་རྣམ་གཉིས་ཕྱོགས་མཚུངས་ལྟ་བུར་སྐུ་གཤེགས། ཁོང་གི་སྐུ་གདུང་ཡང་ཁྲུ་གང་ཙམ་དུ་གྱུར་བ་དང་།
རིང་བསྲེལ་ཁ་དོག་མི་འདྲ་བ་དུ་མ་བྱུང་བ་སོགས་ངོ་མཚར་བའི་རྟགས་དུ་མ་བྱུང་ངོ་།
དེ་ནས་རབ་བྱུང་བཅོ་ལྔ་པའི་ལྕགས་མོ་ཕག་གི་ལོར་༡༩༡༡དབལ་ཤུལ་དཔོན་ལྷ་སྲས་བསོད་ནམས་ནོར་བུས་བསྟན་འགྲོ་སྤྱིའི་ཕན་བདེ་བླ་རུ་སྤེལ་སླད་དང་བྱེ་བྲག་གསེར་ཐང་མི་དམངས་ཀྱི་བདེ་ལེགས་བྱུང་བའི་གཞི་སྩར་དམིགས་ནས་གསེར་རྒོད་རྒན་ཐང་དུ་རྣམ་རྒྱལ་མཆོད་རྟེན་ཆེན་མོ་ཞེས་གངས་ལྗོངས་འཛིན་མའི་ཁྱོན་ཀུན་སྙན་གྲགས་ཀྱི་དབྱར་རྔས་ང་རོས་ཁྱབ་པ་འདི་ཉིད་ཀྱི་རྟེན་དང་བརྟེན་པའི་རྣམ་པ་ཡོངས་རྫོགས་བཞེངས་གྲུབ་ཚེ་དགོན་པ་འདིའི་མཚན་ལ་ཐམས་བཅད་ཀྱི་མཆོད་རྟེན་དགོན་ཞེས་མིང་ཆགས་སོ།
དགོན་པ་འདི་ཐོག་མར་བླ་མ་དམ་པ་ཨོ་རྒྱན་ནོར་བུས་ཕྱག་བཏབ་མཛད་པ་ནས་ད་ལྟའི་བར་ལ་བླ་རབས་རིམ་བྱོན་གྱིས་བཞེངས་པའི་སྐུ་གསུང་ཐུགས་རྟེན་གྱི་མཚན་ཐོ་ཙམ་བཀོད་ན་འདུ་ཁང་ངམ་གཙུག་ལག་ཁང་གཅིག་དང་སྒྲུབ་གྲྭ་ཁང་དང་གྲྭ་ཤག་བཅུ་ཕྲག་གཉིས་ཙམ་དང་། རྟེན་གཙོ་ཐུབ་པ་གཙོ་འཁོར་གསུམ་དང་མཁན་སློབ་ཆོས་གསུམ།
ཕུར་བ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཡོངས་རྫོགས། བཟོ་རྩལ་ཕུལ་དུ་བྱུང་བའི་གསེར་བྲིས་ཀྱི་ཐང་ཁ་འབོར་ཆེན། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར།
རིན་ཆེན་གཏེར་མཛོད་ལྕགས་སྐོང་གཏེར་ཆེན་བདུད་འཇོམས་གླིང་སོགས་རྩོད་བྲལ་གཏེར་སྟོན་དུ་མའི་གཏེར་ཆོས་པོད་དུ་མ་དང་བཀའ་བརྒྱད་རྣམ་གཉིས་སོགས་ཀྱི་མཚོན་[page 322] གཏེར་རྙིང་གི་ཡིག་ཆ་སྣ་ཚོགས་བཅས་པོད་ཆིག་སྟོང་ལྷག་ཙམ་དང་།
བཀའ་གདམས་མཆོད་རྟེན་དང་ལི་གཏེར་གྱི་གསེར་སྐུ་མི་ཉུང་བ།
བླ་མ་རིམ་བྱོན་གྱི་སྐུ་གདུང་མཆོད་རྟེན་དུང་འཁོར་དང་རྡོ་འབུམ་སོགས་ཕྱག་སྐོར་ཀྱི་རྟེན་དུ་མ་དང་གཞན་མཆོད་རྫས་དུང་གླིང་སྦུབ་ཆས་འདར་སིལ་སོགས་དངོས་རྙིང་གི་རིགས་དང་དར་གདུགས་འཕན་གསུམ་དང་འཆམ་གོས་བཅས་དགོན་སྡེ་གཞན་རྣམས་དང་གཅིག་མཚུངས་ལྟ་བུར་ཡོད།
དགོན་པ་འདིའི་ཡོན་གྱི་འབྱུང་ཁུངས་གཙོ་བོ་ནི་དབལ་ཤུལ་རོག་ཟའི་དཔོན་གཉན་ནེ་ནས་བཟུང་ད་ལྟའི་བར་ལ་སྡེ་འབངས་ཡོངས་རྫོགས་ཀྱིས་དགོན་པའི་མཆོད་ཐེབས་ཡོངས་རྫོགས་དང་རྟེན་བཞེངས་སོགས་བྱ་བ་ཆེ་ཕྲ་ཀུན་ལ་མཐུན་རྐྱེན་ཅི་ནུས་སྒྲུབ་པའི་སྲོལ་བཟང་ད་ལྟའི་བར་དུ་གནས་སོ།། རྒྱུན་འཇགས་སུ་གྱུར་བའི་དུས་མཆོད་ཀྱི་རིམ་པ་ནི།
ཞིང་སྒྲུབ། དབྱར་གནས། བསྙུང་གནས། དགུ་སྒྲུབ། སོའི་ཁ་དང་སྟོན་ཁའི་སྤྱི་སྲུང་གསོར་ལ་ཁ་བ་རྒྱུན་སྡོད་བཅས་དང་།
ཆོས་རྒྱུང་གཞན་དང་འབྲེལ་བ་ནི་དབལ་ཤུལ་ཞོ་རོག་གི་དགོན་པ་འདི་ཐོག་མར་སྒོ་ཆེན་དགོན་པའི་བུ་དགོན་བཅུ་གསུམ་གྱི་ཡ་གྱལ་དུ་བསྒྲང་བར་སྐབས་སུ་སང་སང་དུང་དཀར་དགོན་པའི་དབོན་པོ་ཐེག་མཆོག་གི་སྐུ་རིང་ནས་བཟུང་དང་དམ་ཚིག་གི་འབྲེལ་འདྲིས་ཤིན་ཏུ་དམ་པོ་དུས་འགྱུར་གྱི་བར་གནས་སོ།
དེ་ནས་ངོ་རྒོལ་བཞི་དང་རིག་གནས་གསར་བརྗེ་སོགས་གྱི་དུག་རླུང་གིས་བོད་ཁམས་སྤྱིའི་ཆོས་སྡེ་རྣམས་དང་མཚུངས་པར་མིང་གི་ལྷག་མར་བྱས།
དེ་ནས་རབ་བྱུང་བཅུ་དྲུག་པའི་ཉག་མ་པ་ལྕགས་སྤྲེལ་ནས་རྒྱལ་བསྟན་ཡང་དར་གྱི་དབུ་བརྩམས་ཚེ་དཔལ་ཤུལ་རོག་ཟའི་དགོན་པ་འདི་མགོ་མེད་ཇ་སུག་ཏུ་གྱུར་སྐབས་སྔ་འགྱུར་བསྟན་པའི་སྲོག་ཤིང་མཁན་འཇིགས་མེད་ཕུན་ཚོགས་ཀྱི་ཞལ་ནས་ད་བར་སྐབས་ཤིག་ལ་སངས་རྒྱས་ཀྱི་བསྟན་པའི་ཉི་གཞོན་རེ་ཞིག་འཆར་སྲིད་ཀྱང་དབལ་ཤུལ་རོག་ཟའི་དགོན་པ་འདི་ལ་བླ་མ་དང་སྤྲུལ་སྐུ་གང་ཡང་མེད་པས་གནས་སྐབས་སྤྲུལ་སྐུ་མདོ་སྔགས་འདི་ཁྱེད་ཚོའི་རེ་འདུན་ལྟར་བསྟན་བདག་ཏུ་བཞག་གསུངས་པ་ལྟར་ཁོང་གིས་བསྟན་དགོན་གྱི་འགན་བཞེས།
འདུ་ཁང་དང་བཤད་གྲྭ་སྒྲུབ་གྲྭ་དུང་འཁོར་མཆོད་རྟེན་སོགས་རྟེན་དང་བརྟེན་པ་ཡོངས་རྫོགས་གསར་བཞེངས་དང་། དུང་དཀར་དགོན་པའི་མཁན་ཆེན་དཀོན་མཆོག་བློ་གྲོས་གདན་དྲངས་ཏེ་རབ་བྱུང་བཅུ་དྲུག་པའི་ཤིང་གླང་ལ་དབྱར་གནས་གསར་འཛུག་དང་སྡོམ་གསུམ་དང་མཁས་འཇུག་སོགས་དབྱར་ཆོས་ཀྱི་སྲོལ་གཏོད།
སྔར་སྲོལ་ལྟར་བདུད་འཇོམས་གླིང་བའི་ཕུར་བ་བདེ་སྙིང་གི་སྒྲུབ་གྲྭ་རྒྱུན་བཞག་དང་། ལས་གླིང་ཕུར་བའི་དགུ་སྒྲུབ་སོགས་མདོར་ན་བསྟན་དགོན་ལ་སྨན་པའི་མཛད་ཕྲིན་རྒྱས་བཞིན་པ་ལགས།
ཅེས་མཆོད་རྟེན་དགོན་པའི་གདན་རབས་རིམ་བྱོན་གྱི་མཛད་རྣམ་རགས་བསྡུས་འདི་གྲྭ་རྒན་སྒྲོས་སོང་རྣམས་ཀྱི་ངག་རྒྱུན་དང་དཔྱད་གཞིའི་ཡིག་ཆ་ཅི་རིགས་ལ་བརྟེན་ནས་དཀོན་མཆོག་བཀྲ་ཤིས་སུ་འབོད་པས་ཞིབ་བྲིས་བགྱིས་པ་དགེང་།