དཀྱིལ་ལུང་དགོན་གྱི་ལོ་རྒྱུས།
དགོན་པ་ཐོག་མར་འདེབས་པ་པོ་ནི་འབོས་བློ་ལྡན་ཤེས་རབ་ཀྱི་སྤྲུལ་བའི་རྣམ་རོལ་དུ་གྲགས་པ་འཇིགས་མེད་དཔའ་བོ་རྡོ་རྗེར་མཁའ་འགྲོ་བརྡ་ལུང་ལྟར་ས་འོམ་བུའི་རྔམས་རམ་དཀྱིལ་ལུང་དུ་བོད་རབ་བྱུང་བཅུ་བཞི་པའི་དགའ་བ་ཞེས་པ་ཆུ་ཕོ་འབྲུག་གི་ལོར་རི་ཁྲོད་ཅིག་གསར་བཏབ་མཛད།
བུ་སློབ་མང་དུ་འདུས་ནས་རྫོགས་པ་ཆེན་པོ་སྙིང་ཐིག་གི་བཀའ་སྲོལ་སྤྱི་དང་ཁྱད་པར་རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་ཆོས་དང་རིག་འཛིན་ཉི་མ་གྲགས་པའི་གཏེར་ཆོས་སོགས་ཟབ་གཏེར་གྱི་དབང་ལུང་ཁྲིད་མན་ངག་དང་བཅས་པའི་ཆོས་ཁྲིད་ཟབ་མོ་སྤེལ་བའི་སྲོལ་ལེགས་པར་བཙུགས་རྫོགས་ཆེན་དགོན་པའི་དགོན་ལག་ཏུ་གྱུར།
རྫོགས་ཆེན་རྩེ་ལས་སྣ་ཚོགས་རང་གྲོལ་དང་སྒོ་གཏེར་རིག་འཛིན་ནོར་བུ་གཉིས་བསྟན་པའི་རྒྱལ་ཚབ་ཏུ་མངའ་གསོལ། ཁོང་རྣམ་གཉིས་ཀྱི་སྐུ་རིང་ལ་ཡོང་བདག་གི་འབྱོར་པ་བགྱིས་ཏེ་འདུ་ཁང་རྟེན་དང་བརྟེན་པ་བཅས་བཞེངས།
རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་ཀྱི་རྒྱུན་བསྲིངས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་དོ།
[page 332] གདན་རབས་གཉིས་པ་འཇིགས་མེད་དཔའ་བོ་རྡོ་རྗེའི་ཡང་སྲིད་ཟིལ་གནོན་སྐྱེས་མཆོག་དང་རྫོགས་ཆེན་རྩེ་ལས་སྣ་ཚོགས་རང་གྲོལ་གྱི་ཡང་སྲིད་པདྨ་ཐུབ་བསྟན་རྣམ་རྒྱལ། སྒོ་གཏེར་རིག་འཛིན་ནོར་བུའི་ཡང་སྲིད་ཀུན་བཟང་འོད་ཟེར།
གཏེར་སྟོན་བདུད་འཇོམས་རྡོ་རྗེའི་དག་སྣང་ཡེ་ཤེས་དྲྭ་བའི་སྟོད་ཆ་ལས། ཡུལ་དེ་དང་མི་རིང་ཉེ་བའི་སཿདཔལ་ཨ་རྱ་དྰེ་ཝའི་རྣམ་རོལ་གརཿཁོང་དགེ་བཙུན་ཐོག་གི་མིང་ཅན་འབྱུངཿཞེས་ལུང་བསྟན་པ་ལྟར། དཔལ་ཨརྱ་དྰེ་ཝེའི་སྤྲུལ་བའི་རྣམ་རོལ་ཨ་དྲིས་མཁན་པོ་ཐོགས་མེད།
དབོན་པོ་ཨུ་རྒྱན་ཉི་མ་མཐུ་དཔལ་སོགས་མཁས་གྲུབ་གསེར་རིའི་ཕྲེང་བ་བར་མ་ཆད་པར་རིམ་གྱིས་བྱོན་ནས་གྲུབ་དབང་རྫོགས་པ་ཆེན་པོ་སྙིང་ཐིག་གི་བཀའ་སྲོལ་ཡོངས་རྫོགས་ཀྱི་དབང་ལུང་ཁྲིད་གསུམ་གྱི་ཆོས་རྒྱུན་ཟམ་མ་ཆད་པར་སྤེལ་བས་གསང་སྔགས་ཀྱི་བསྟན་པ་ཡར་ཚེས་ཟླ་བ་གཞོན་ནུའི་རྗེས་སུ་བསྙེགས།
གདན་རབས་གསུམ་པ་པདྨ་ཐུབ་བསྟན་རྣམ་རྒྱལ་གྱི་ཡང་སྲིད་གྲྭ་ཡབ་རྫོགས་སྤྲུལ་དང་དབོན་པོ་ཨུ་རྒྱན་ཉི་མའི་ཡང་སྤྲུལ་ཚེ་འཕེལ། ཆེ་བའི་རིག་འཛིན་ཆེན་པོ་ཡང་སྤྲུལ་རྫོགས་ཆེན་རིག་ཆུང་། སྐྱེས་མཆོག་མ་སྤྲུལ་ཡོན་ཏན་རྒྱ་མཚོ། དབོན་པོ་དགེ་སྟོབས། མཁན་པོ་བློ་གྲོས་བཟང་པོ།
མཁན་པོ་རིག་ལོ་སོགས་མཁས་ཤིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ནས་གདན་ས་བསྐྱངས་ཏེ། དཀྱིལ་ལུང་བཤད་སྒྲུབ་ཆོས་འཁོར་གླིང་གི་བཤད་སྒྲུབ་ཀྱི་བསྟན་པ་སླར་ཡང་ཇེ་རྒྱས་སུ་གཏོང་བའི་རྣམ་པར་དཀར་བའི་མཛད་འཕྲིན་བཟང་པོ་ཕྱོགས་ཀྱི་བུ་མོ་མཐའ་རུ་འཛེགས།
གསུང་ལས་སྐྱེས་པའི་བུ་སློབ་ནམ་མཁའི་སྐར་ཚོགས་བཞིན་བྱུང་བར་གྲགས།
དེ་ལྟར་སྐྱེས་ཆེན་དམ་པ་རིམ་བྱོན་གྱིས་བཞེངས་པའི་རྟེན་དང་བརྟེན་པའི་གྲངས་ཀ་རགས་བསྡུས་ཙམ་ཞིག་བཀོད་ན། འདུ་ཁང་གཅིག་དང་སྒྲུབ་ཁང་གཅིག་ཡོད། རྟེན་གྱི་གཙོ་བོ་ནི་གསེར་ཟངས་ལས་གྲུབ་པའི་ཐུབ་པ་གཙོ་འཁོར་གསུམ་གནས་བརྟན་བཅུ་དྲུག་མཁན་སློབ་ཆོས་གསུམ། རིགས་གསུམ་མགོན་པོ། ཚེ་ལྷ་རྣམས་གསུམ།
ཀུན་མཁྱེན་ཡབ་སྲས་ཀྱི་སྐུ་སོགས་མཆིས་སོ། སྟོན་པའི་སྐྱེ་རབས་དང་བདེ་ཆེན་ཞིང་བཀོད། སྒྲོལ་མ་ཉེར་གཅིགགུ་རུ་མཚམ་བརྒྱད་རྒྱལ་ཆེན་སྡེ་བཞི་སོགས་ཀྱི་རས་གཞི་དང་ཞལ་ཐང་དུ་མ་མཆིས་སོ། བཀའ་གདམས་མཆོད་རྟེན་དང་མཆོད་རྟེན་ཆ་བརྒྱད་སོགས་ཀྱང་མཆིས་སོ། རྒྱལ་བའི་བཀའ་འགྱུར་དང་དགོངས་འགྲེལ་བསྟན་བཅོས།
རིན་ཆེན་གཏེར་མཛོད། ཀློང་ཆེན་མཛོད་བདུན། སེམས་ཀློང་མན་ངག་གི་སྡེ་བཅོ་བརྒྱད་དང་། ཀློང་དགུ་མན་ངག་རྒྱུད་སྡེ་བཅུ་བདུན་སོགས་མང་།
དུས་ཀྱི་འཕོ་འགྱུར་ཆེན་པོའི་ཀླུང་ནག་དྲག་ཏུ་འཚུབ་པས་གངས་ལྗོངས་རྒྱལ་བའི་བསྟན་པ་བཤད་སྒྲུབ་ཀྱི་སྦྲང་ཆར་སིབ་སིབ་ཏུ་འཇོ་བའི་ཆུ་འཛིན་ཕྱོགས་ཀྱི་མཐའ་རུ་སྤྱུགས་པ་དང་སྦྲགས།
ཆོས་སྡེ་འདིའི་དགོན་པ་གཞན་དང་འདྲ་བའི་སྤུས་ཀ་གཙང་ལ་བཟོ་སྒྲོས་ལེགས་པའི་རིན་ཐང་གཞལ་དུ་མེད་པའི་སྐུ་གསུང་ཐུགས་རྟེན་དང་མཆོད་རྫས་རོལ་མོ་སོགས་ཚང་མ་གོང་ལེན་དང་གཏོར་བརླགས་སོང་ཚར། འདུ་ཁང་གྲྭ་ཤག་དང་བཅས་པ་ཞིག་ཤུལ་ས་ཕུང་རྡོ་ཕུང་ཙམ་དུ་གྱུར། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་[page 333] བའི་ནང་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་བཟང་པོ་ཤར་མ་ཐག་ཟིལ་གནོན་བཻ་རོ་དང་གྲྭ་རྒན་འགས་འདུ་ཁང་དང་བྱང་ཆུབ་མཆོད་རྟེན།
སྒྲུབ་ཁང་རྟེན་དང་བརྟེན་པ་བཅས་བསྐྱར་དུ་བཞེངས་ཏེ་དཀྱིལ་ལུང་བཤད་སྒྲུབ་ཆོས་འཁོར་གློང་གི་སྔ་སྲོལ་ཆོས་རྒྱུན་སྤེལ་བའི་འཕྲིན་ལས་ཀྱི་དབུ་བཙུགས། ཆོས་སྡེ་འདིའི་སྔོན་གྱི་སྤྲུལ་སྐུ་རྣམས་མི་བཞུགས་སྟབས།
ཟིལ་གནོན་བཻ་རོའི་སྲས་ཆེ་བ་བྱང་ཆུབ་རྡོ་རྗེ་བསྟན་པའི་རྒྱལ་ཚབ་ཏུ་མངའ་གསོ་(སྤྱིར་དགོན་པ་འདིའི་སྤྲུལ་སྐུ་ཡང་སྲིད་ངོས་འཛིན་ཚུལ་ནི་སྔོན་གྱི་ལུགས་སྲོལ་ལྟར་ན་རྫོགས་ཆེན་རིན་པོ་ཆེ་ལ་སྤྲུལ་སྐུ་འདས་འཁྲུངས་ཀྱི་ལུང་བསྟན་ཞུས་ནས་ཡང་སྲིད་ངོས་འཛིན་བྱས་པའི་སྲོལ་ཆགས་ཡོད་མོད།
འོན་ཀྱང་དེང་སང་ལག་ལེན་དེ་དོན་ཐོག་ཏུ་འཁྱོལ་མེད)ཁོང་ཉིད་གཙོ་བྱས་པའི་བླ་གྲྭ་བཞི་བཅུ་ལྷག་ཙམ་གྱིས་ཐུགས་མཐུན་ཁྲིམས་གཙང་གིས་སྒོ་ནས་དཀྱིལ་ལུང་བཤད་སྒྲུབ་ཆོས་འཁོར་གླིང་གི་སྔ་སྲོལ་གྱི་འོག་མིན་ཚོགས་ཆེན་འདུས་པའི་སྒྲུབ་མཆོད་དང་གཞི་གསུམ་ཆོ་གདུས་དྲན་ཚེས་བཅུ་ཆེན་མོ་སོགས་ལོ་འཁོར་མོའི་དུས་མཆོད་ཚང་མ་འཚོགས་བཞུགས་སོ།།