གཡུང་དྲུང་བདེ་ལྡན་གླིང་ལོ་རྒྱུས།

གཡུང་དྲུང་བདེ་ལྡན་གླིང་ནི་དེང་ཐོག་སོག་པོའི་རི་རྩེ་དང་ཉེ་བའི་ཤ་བ་མཚོ་ཁ་བྱ་བ་ན་ཡོད་ཅིང་། དེར་ད་ལྟ་དགོན་ཤུལ་གྱང་ཧྲུལ་ཡོད། སྐབས་དེར་དུས་ཅུང་སྔ་བར་མངོན་ཏེ་བྱེ་བྲག་ངེས་པ་མ་བྱུང་། རྗེས་སུ་རྒྱུ་རྐྱེན་གང་ཞིག་ལས་བླ་མ་གདན་ཁྲི་བྱ་བར་མར་སྤོས།

དགོངས་རྩེ་གཡུང་དྲུང་ཚུལ་ཁྲིམས་བྱ་བ་གཙང་སྨན་རིར་ཡང་བླ་བྲང་ཡོད་པ་དེ་གདན་སར་བཞུགས་ཚེ། ནུབ་གཅིག་བླ་མའི་ཞབས་ལྷམ་ཝས་ཁྱེར། རི་ཞོལ་རྔུལ་ཆུའི་འགྲམ་གྱི་ད་ལྟའི་ཕྱེ་འབུར་དུ་བཞག་པས། རྟེན་འབྲེལ་དེར་འགྲིགས་ཏེ་རབ་བྱུང་བཅུ་གསུམ་པའི་མཇུག་ཙམ་ལ་གདན་ས་དེར་སྤོས།

དེ་ཡང་སྔོན་ས་ཆ་དེར་ཕྱེ་མའི་དེའུ་འབུར་མཆོད་རྟེན་འདྲ་བ་ལྔ་ཙམ་ཡོད་པས་ཕྱེ་འབུར་ཞེས་ས་མིང་ཆགས་ལ། རྫེས་དགོན་པར་ཡང་ཕྱེ་འབུར་གཡུང་དྲུང་གླིང་ངམ། ཕྱེ་འབུར་དགོན་དུའང་གྲགས་པ་བྱུང་། སྔ་གཞུག་ཏུ་གཡུང་དྲུང་བོན་ལུགས་མཛད་དོ།།

སྔོན་དགེ་འདུན་པ་དྲུག་ཅུ་བདུན་ཅུ་ཙམ་བཞུགས། སྤྲོ་སྣང་གྲུབ་ཐོབ་བླ་བྲང་ཡང་སྔོན་འདི་ལས་འཕྲོས་པའི་དགོན་ལག་ཏུ་བརྩི་ཡང་། སླད་ནས་ཕར་གྲྭ་ས་སོགས་མཛད་དེ་མ་དགོན་དུ་བརྟེན་པར་བཤད། རབ་བྱུང་བཅོ་ལྔའི་མཇུག་ས་རྟ་ལོ་ལ་པ་ཅོ་པའོ་དུང་བྱ་བས་ཐང་གཅིག་བཅོམ་ནས།

སླར་ཉི་ཤུ་རྩ་བཞིའི་རྒྱ་དམག་དང་དམར་དམག་རྙིང་པའི་འཁྲུག་རྩོད་ཀྱི་ཉམས་སྐྱོན་ཆེན་པོ་བྱུང་། རིམ་བཞིན་བླ་སེར་ཡང་ཉི་ཤུ་ཁ་ལྷག་ཏུ་བྲི། མཐར་བཞི་རྒོལ་ལ་རྩ་མེད་བཏང་བ་ཡིན། དེ་ལྟར་མི་ལོ་སུམ་ཅུ་ལྷག་འདས་པའི་ན་ཉིན་ལོའི་ཤིང་ཁྱི་ལ་གཞི་ནས་གཙུག་ལག་ཁང་བསྐྱར་དུ་གྲུབ།

རྟེན་བཞེངས་ཡང་ཕྲན་བུ་བྱས་དང་བྱེད་[page 517] མུས་སོ། སྤྱིར་འདི་སྐོར་གྱི་དགོན་པ་ཆེ་ཤེས་ཤིག་ལ་བརྩི་ཞིང་། སྔོན་རྟེན་གསུམ་སོགས་བཟང་པོ་འདུག་སྟེ། རོལ་མོ་རྐྱང་པ་ཡང་ཆ་སུམ་ཅུ་ལྷག་ཡོད་པས། གཞན་ཞིབ་ཏུ་ངེས་པ་མི་འདུག་ཀྱང་། ཕྱི་ནང་སྟོབས་འབྱོར་ཅན་འདུག་པར་མངོན།

ད་ལྟ་ནི་ཅི་ཡང་མ་ལུས། སྔོན་མའི་འཚོགས་པ་རྣམས་ཀྱང་། ཟླ་བ་དང་པོའི་མཉམ་མེད་དུས་ཆེན་དང་སྟོན་པའི་དུས་ཆེན། ཟླ་བ་གསུམ་པའའི་སྒྲུབ་མཆོད། ཟླ་བ་ལྔ་པའི་རྣམ་རྒྱལ་གཡང་སྒྲུབ། ཟླ་བ་བདུན་པའི་ཚེས་བཅུ། ཟླ་བ་བརྒྱད་པའི་བསྙུང་གནས་སོགས་སོ།། དེ་ལྟར་འཚོགས་པ་རྣམས་སུ་དགོན་སྤྱི་ནས་བཏང་སྒོ་བྱེད་ཅིང་།

འབྱོར་ལྡན་སྦྱིན་བདག་གི་མཆོད་འབུལ་ལས་ཐོབ་པ་གཞིར་གྱུར། གཞན་བླ་སེར་ཚོའི་རྒྱུན་གྱི་འཚོ་བ་ནི་རང་ཁྱིམ་ལ་བརྟེན་པ་དང་། རང་གི་ནུས་པས་སྒྲུབ་པ་གཙོ་བོར་མཛད་དོ།། །།