བྲག་དཀར་དགོན་པའི་ལོ་རྒྱུས།
བྲག་དཀར་དགོན་ཞེས་པའི་རྒྱུ་མཚན་ནི་ས་ཆ་འདིར་རིན་ཆེན་བྲག་དཀར་ཆོས་འབྱུང་གནས་རི་ཧ་ཅང་ངོ་མཚར་དང་ལྡན་པ་ཞིག་ཡོད་པས་མིང་དེ་ལྟར་བཏགས་སོ། རབ་བྱུང་བཅུ་བཞི་པའི་ཤིང་ལུག་ལོ་(སྤྱི་ལོ1835)ལ་བྱ་བྲལ་བསམ་པ་དོན་གྲུབ་ཚང་གིས་དགོན་པ་གསར་དུ་བཏབ།
ས་ཆ་ནི་དགོན་པའི་ལྷོ་ཕྱོགས་སུ་ནགས་རི་ཆེན་པོ་གཡུ་འབྲུག་སྔོན་མོ་གནམ་ལ་མཆོང་བ་ལྟ་བུ་དང་། དཀྱིལ་དུ་བྲག་དཀར་པོ་དོམ་གྱི་སྙིང་དཀར་ཕྱེས་པ་ལྟ་བུ། གཡས་སུ་ཕུན་ཚོགས་ཆོས་ཀྱི་གླིང་བ། གཡོན་དུ་བཀྲ་ཤིས་དར་རྒྱས་གླིང་། རྒྱབ་ཏུ་དཀྱིལ་འཁོར་སྟེང་། མདུན་དུ་ཏིང་འཛིན་བྲག་རི།
རྒྱབ་རི་ཆོས་ལ་སྒང་ཞེས་བྱའོ། སྔར་དགོན་འདིའི་གྲུབ་མཐའ་བཀའ་གདམས་ཡིན་ཡང་ཕྱིས་སུ་རི་བོ་དགེ་ལྡན་པའི་གྲུབ་མཐའ་ལ་བསྒྱུར། ད་ལྟའང་གྲུབ་མཐའ་དགེ་ལུགས་པ་ཡིན། བླ་རབས་གསུམ་ཡོད། གཅིག་བྱ་བྲལ་བསམ་པ་དོན་གྲུབ་ཡིན། གཉིས་དེའི་ཡང་སྲིད་བློ་བཟང་ཕུན་ཚོགས།
གསུམ་བློ་བཟང་ཕུན་ཚོགས་ཀྱི་ཡང་སྲིད་དེང་སང་གི་མཚམས་པ་བླ་མ་ཡོན་ཏན་ཕུན་ཚོགས་ཡིན། ཁོང་གི་ལོ་རྒྱུས་ཅུང་ཙམ་ཞུས་ན་དགུང་ལོ་བཅུ་དགུ་ཐོག་རབ་ཏུ་བྱུང་། ཉེར་གསུམ་ཐོག་སྔགས་ཆོག་ཞལ་འདོན་ཡོངས་རྫོགས་ཐུགས་ཐོག་ནས་དགོན་པ་ལ་རྒྱུགས་སྤྲད་སྐུ་གོང་མའི་གདན་ས་ལ་སློབ་མ་སུམ་ཅུ་ཙམ་ཁྲིད་ནས་གདན་ས་བསྐྱངས།
ཉེར་བརྒྱད་ཐོག་སློབ་མ་སེར་སྐྱ་ཕོ་མོ་བརྒྱ་དང་ཉི་ཤུ་ཙམ་ཁྲིད་ནས་ཐམས་ཅད་ཀྱི་རྐྱང་ཕྱག་འཚལ་ནས་ལྷ་ས་ལ་ཁྲིད་ནས་སོང་བར་མ་ཚད་བོད་ཀྱི་གནས་དང་རྒྱ་གར་བལ་བོ་བཅས་ལ་གནས་མཇལ་ཕུན་སུམ་ཚོགས་པ་མཛད་ནས་ཞོར་དུ་སློབ་མ་མང་པོ་བློ་ཁ་ཆོས་ལ་བསྒྱུར་བས་ཁོང་ནི་རྒྱལ་གཅེས་ཆོས་གཅེས་ཀྱི་མི་སྣའི་གྲས་སུ་ཚུད་ཡོད།
འགན་ཁུར་མཁན་སྐོར། བསྟན་བདག་གཅིག ཁྲི་བ་གཅིག དབུ་མཛད་གཅིག མགོན་བླ་གཅིག དགེ་སྐོས་གཅིག ཕྱག་མཛོད་གཅིག གཉེར་པ་གཉིས། འགན་ཁུར་མཁན་རྣམས་ནི་ལོ་གསུམ་སོང་རྗེས་[page 541] བརྗེ་རེས་བྱེད་སྲོལ་ཡོད། གྲྭ་པ་སུམ་ཅུ་ལྷག་ཙམ་ཡོད། ཁང་པའི་འཛུགས་སྐྲུན་སྐོར། གཙུག་ལག་ཁང་གཅིག
གསེར་ཁང་གཅིག གཉེར་ཁང་གཅིག ཇ་ཁང་གཅིག གྲྭ་ཤག་བཅོ་ལྔ་ཡོད། སྐུ་གསུང་ཐུགས་རྟེན་སྐོར། རྗེ་ཡབ་སྲས་གསུམ་གྱི་གསེར་སྐུ། ཇོ་སྟོན་རྗེ་གསུམ་སྨན་འདམ་སྐུ་གསུམ། ཞལ་ཐང་ཆེ་ཆུང་བཅོ་ལྔ་ཡོད། བཀའ་འགྱུར་ཆ་གཅིག རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་གཅིག ཤིང་ལས་བྱས་པའི་མཆོད་རྟེན་ཆ་བརྒྱད་གཅིག
ས་རྡོའི་མཆོད་རྟེན་ཆ་བརྒྱད་གཅིག་བཅས་ཡོད་དོ།།
རྟེན་གཙོ་རྩ་ཆེན་སྐོར། གསེར་དངུལ་ལས་གྲུབ་པའི་མཎྜལ་ཆ་གཅིག དངུལ་གྱི་ཆུ་གཏོར་གཏོང་ས་ཁྱད་པར་ཅན་གཅིག མཆོད་ཆ་དང་རོལ་ཆས་སྐོར། ཏིང་ཕོར་ཆ་བཅུ་གཅིག བུམ་པ་ཆ་གཉིས། ནང་མཆོད་ཆ་གཅིག མཎྜལ་ཆ་གཅིག དངུལ་ཀོང་ཆ་གཉིས། མཆོད་མེ་ཆུང་བ་བརྒྱ་མཆོད་ལྔ། གདུགས་རྒྱལ་མཚན་བ་དན་ཀ་འཕན་སོགས་མཆོད་རྫས་ཆ་ཚང་བ་ཡོད།
དུང་ཆོས་ཆ་ཚང་གཅིག དུང་ཆ་གཅིག སྦུག་ཆལ་ཆ་བརྒྱད། སིལ་སྙན་ཆ་གཅིག རྡོལ་དྲིལ་ཆ་གསུམ། ཌ་མ་རུ་ཆ་གསུམ། ལག་རྔ་ཆ་ལྔ། མཆོད་ལྔ་ཆ་གཅིག རྐང་གླིང་ཆ་གཅིག རྒྱ་གླིང་ཆ་གཅིག དུང་ཆེན་ཆ་གཅིག ཆོས་ར་འཚོགས་རྒྱུ་ནི་ཐང་དཀར་མའི་དགོན་པ་དང་འདྲ། འཆམ་རྒྱག་སྲོལ་མེད།
སློབ་གྲྭ་ནི་བཤད་གྲྭ་མེད་ཀྱང་སྒྲུབ་གྲྭ་ཞིག་ཡོད། དགོན་འདིའི་མ་དགོན་ནི་ལི་ཐང་དགོན་པ་ཡིན། དཔལ་འབྱོར་གྱི་འོང་ཁུངས་ནི་དགོན་འདིའི་སྦྱིན་བདག་ཚོའི་འབུལ་བ་ཁོ་ན་ཡིན་ནོ།། སྦྱིན་བདག་གི་དུད་གྲངས་ནི་ཉིས་བརྒྱ་དང་ལྔ་བཅུ་ཡོད། གདན་ས་འདིར་སྐྱེས་ཆེན་དམ་པ། བྱ་བྲལ་པདྨ་རིག་འཛིན་དང་དགེ་བཤེས་རྒྱ་མཚོ།
དགེ་བཤེས་བསྟན་པ་བློ་གྲོས་བཅས་སྐྱེས་ཆེན་མང་ཙམ་བྱོན་ཡོད། རྗེས་སུ་ངོ་རྒོལ་བཞིས་གཏོར་བརླག་བཏང་ནས་ཤུལ་མེད་བྱས།
དེང་སང་གི་གནས་ཚུལ། འདུ་ཁང་དང་སྲུང་མ་ཁང་གཉེར་ཁང་ཇ་ཁང་བླ་བྲང་ཁང་བཅས་བཞེངས་ཡོད། སྐུ་གསུང་ཐུགས་རྟེན་སྐོར་ལ་གསེར་སྐུ་ལྔ་བཅུ་ཙམ་དང་བཀའ་འགྱུར་ཆ་གཅིག་ཤིང་གི་མཆོད་རྟེན་བཅས་བཞུགས། མཆོད་རོལ་དང་མཆོད་རྫས་ཆ་ཚང་བ་གཅིག་འཛོམས་པར་མ་ཟད། ཆོས་ར་འཚོགས་རྒྱུའང་འགའ་ཤས་ཐོན་ཡོད།
སྦྱིན་བདག་གི་དུད་གྲངས་སུམ་བརྒྱ་ཡོད། གྲྭ་པ་ལྔ་བཅུ་ཡོད། དེང་སྐབས་འགན་འཁུར་མཁན་མཚམས་པ་བླ་མ་ཡོན་ཏན་ཕུན་ཚོགས་དང་བཀྲ་ཤིས་ཕུན་ཚོགས་བྱམས་པ་རྒྱ་མཚོ་ཚེ་རིང་ནོར་བུ་བཅས་ཡིན་ནོ།།
ཞེས་པ་འདི་ནི་ཟླ་སྤེལ་དང་རིག་བསྟན་གཉིས་ཀྱིས་གཞན་གྱི་ངག་རྒྱུན་ལྟར་ཞིབ་པར་བྲིས་པ་དགེའོ།