རྟའུ་རྫོང་།

[page 565]

ཤར་རོང་དགོན་གྱི་ལོ་རྒྱུས།

[page 566] ཤར་རོང་དགོན་ནི་རབ་བྱུང་བཅུ་གསུམ་པ་ཙམ་གྱི་ནང་དུ་ཐོག་མར་ཆགས། གྲུབ་མཐའ་རྙིང་མ་བ་ཡིན། དེང་སང་རྟའུ་རྫོང་ཤར་རོང་ཤང་གི་ཁོངས་སུ་གཏོགས།

ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱིས་རབ་བྱུང་བཅུ་གསུམ་པ་ཙམ་གྱི་ནང་དུ་སྙུང་གནས་ལྷ་ཁང་ཞིག་ཐོག་མར་ཕྱག་བཏབ་པར་མཛད།། གདན་རབས་དང་པོ་ལྕམ་བླ་འགྱུར་མེད་རྒྱལ་མཚན་ནི་ལྕམ་པ་གྲོང་བར་སྐུ་འཁྲུངས། དེང་སང་རྟའུ་རྫོང་གསེར་ཁ་ཤང་གི་ཁོངས་སུ་གཏོགས། དགུང་ལོ་བཅོ་ལྔ་བཞེས་སྐབས་ནས་བཟུང་།

ལྷ་ས་དང་སྨིན་གླིང་སོགས་གྲྭ་ས་ཆེ་ཁག་རྣམས་སུ་གྲྭ་སར་བྱོན་ཞིང་བླ་མ་མང་དུ་བསྙེན་ནས་རིས་མེད་གྲུབ་མཐའ་ཀུན་གྱི་གཞུང་ལུགས་སྤྱི་ལ་ཐོས་བརྩོན་སློབ་གཉེར་ཡུན་རིང་མཛད་དེ་མཁས་པར་གྱུར།

དེ་ནས་ཕྱིར་རང་ཡུལ་དུ་བྱོན་ཞིང་གཡུ་ཁོག་གནས་ལུང་ཞེས་པའི་དབེན་ཁྲོད་དུ་ཐུན་བཞིའི་རྣལ་འབྱོར་ལས་ནམ་ཡང་མི་འདའ་བའི་སྒྲུབ་པ་ཡུན་རིང་གནང་། ཤར་རོང་ཁོག་ཏུ་ལོ་རེར་ཐེངས་རེ་ཟུང་ཙམ་བྱོན་ཞིང་ཆོས་འཁོར་བསྐོར་བར་བརྟེན།

ས་དེའི་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་མཆོད་གནས་སུ་བསྐུར་ཞིང་མཐུན་རྐྱེན་དང་ཞབས་ཏོག་གང་ལེགས་སྦྱར་བར། བླ་མས་གནས་དེར་ལྷ་ཁང་ཞིག་བཏབ་ན་བསྟན་པ་དང་སེམས་ཅན་ལ་འཕྲལ་ཕུགས་ཀྱི་ཕན་བདེ་ཡོད་པར་དགོངས་ནས་སྙུང་གནས་ལྷ་ཁང་ཞིག་ཐོག་མར་ཕྱག་བཏབས་མཛད།

ས་དེར་གནས་སྒོ་མང་དུ་ཕྱེ་བ་དང་སྦྲ་གུར་ཕུབ་ནས་ཆོས་འཁོར་ཐེངས་མང་བསྐོར་བ་སོགས་གྱི་མཛད་འཕྲིན་བླ་ལྷག་དུ་འབར་མཐར་ཡང་སྲིད་སྤྲུལ་སྐུ་ཤར་རོང་དུ་སླར་ཡང་འབྱོན་རྒྱུ་ཡིན་པ་སོགས་ལུང་བསྟན་ཞལ་ཆེམས་ལྟར་དབེན་གནས་དེར་དགོངས་པ་རྫོགས།

གདན་རབས་དང་སྐུ་ཕྲེང་གཉིས་ཀ་གཉིས་པ་ཡིན་པའི་སྤྲུལ་སྐུ་གཞན་ཕན་དོན་གྲུབ་ནི་རབ་བྱུང་བཅུ་བཞི་པ་ཙམ་གྱི་ནང་དུ་གཡ་ཁོག་ཏུ་ཡབ་ཡུམ་རིགས་རིས་བཟང་བའི་ཁྱིམ་དུ་སྐུ་འཁྲུངས།

བླ་མ་དེ་ཕྱི་ཚུལ་གྱི་སྤྱོད་པར་གཞིགས་ན་སྔགས་འཆང་ཁྱིམ་པའི་རྟེན་དུ་སྣང་ཡང་ནང་རྒྱུད་ཀྱི་རྟོགས་པ་མཐོ་ཞིང་ནུས་མཐུ་ཆེ་བ་ཞིག་ཡིན་པར་མ་ཟད་སྟོབས་འབྱོར་མངའ་ཐང་ཅན་ཞིག་ཡིན་པར་ངེས།

ཁོང་གི་སྐུ་ཚེ་སྨད་ཙམ་དུ་རོང་གྲོང་བའི་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་སྐུལ་བ་དང་མཐུན་རྐྱེན་གང་ལེགས་སྦྱར་བའི་སྔོན་འགྲོའི་ཆ་རྐྱེན་བཟང་པོས་སྣ་དྲངས་ཏེ།

སྔར་གྱི་སྙུང་གནས་ལྷ་ཁང་གི་ཉེ་འདེབས་སུ་ཤར་རོང་དགོན་པ་རྟེན་དང་བརྟེན་པ་བཅས་གསར་བཞེངས་མཛད་དེ་ཤར་རོང་བཀྲ་ཤིས་ཆོས་གླིང་ཞེས་མཚན་གྱི་ཅོད་པན་གསོལ། དེར་བརྟེན་དགེ་འདུན་པ་མི་ཉུང་བ་ཞིག་མ་བསྡུས་རང་འདུས་བྱུང་།

གཞན་ཡང་ཁོང་གི་དགོན་བདག་གི་འགན་བཞེས་པའི་སྐབས་སུ་སྲུང་མ་དམ་ཚིག་ལ་གནས་པར་བྱེད་པ་སོགས་གསང་སྔགས་ཀྱི་གྲུབ་པ་བརྙེས་པའི་རིག་འཛིན་ཆེན་པོ་ཡིན་པའི་རྟགས་[page 567] མཚན་མང་དུ་སྟོན་པས་གྲགས་སྙན་གྱི་རྒྱལ་མཚན་མངོན་པར་བསྒྲེངས་མཐར་སྐུ་གཤེགས་སོ།

གདན་རབས་དང་སྐུ་ཕྲེང་གཉིས་ཀ་གསུམ་པ་ཡིན་པའི་སྤྲུལ་སྐུ་པདྨ་ནོར་བུ་ནི་ཡབ་སྒོ་འཛིན་ཚེ་དབང་རྡོ་རྗེའི་སྲས་སུ་ལྕགས་ཕོ་བྱི་བའི་ལོར་སྐུ་འཁྲུངས། བྱིས་པའི་དུས་ནས་འར་བ་གཏེར་ཆེན་གྱིས་སྤྲུལ་སྐུ་གཞན་ཕན་དོན་གྲུབ་ཀྱི་ཡང་སྲིད་འཕྲུལ་བྲལ་ཡིན་པར་ངོས་བཟུང་ཞིང་ན་བཟའ་གསོལ་ཏེ་ཁྲི་ཁ་ར་བཀོད།

རྗེས་སུ་གསེར་ཁའི་བླ་སྤྲུལ་རྣམས་ཀྱི་འགོ་འཛིན་མཛད་འོག་རྫོགས་ཆེན་དུ་གྲྭ་སར་བྱོན་ནས་མཁན་པོ་གཞན་དགའ་སོགས་བླ་མར་བསྟེན་ནས་གྲུབ་དབང་རྫོགས་ཆེན་པའི་ཆོ་གའི་ཕྱག་བཞེས་ཀུན་ལ་སྦྱང་བ་རྒྱ་ཆེ་བར་མཛད།

དེ་ནས་ཕྱིར་རང་དགོན་དུ་ཕྱག་ཕེབས་ཏེ་བསྟན་པའི་བདག་པོའི་འགན་བཞེས་ཏེ་གདན་རབས་གོང་མའི་ཕྱག་བཞེས་མ་ལུས་པ་རྒྱུན་ཆགས་སུ་སྐྱོང་བ་མ་ཟད་ཡོན་བདག་གིས་མཐུན་རྐྱེན་གྱ་ནོམ་པ་སྦྱར་བ་དང་བླ་མའི་ཐུགས་བསྐྱེད་སྨོན་ལམ་གཉིས་ཟུང་འབྲེལ་བྱས་ཏེ་དགོན་པ་དེར་དོངས་སྤྲུགས་དང་བཀའ་བརྒྱུད་སྒྲུབ་མཆོད་ཀྱི་ཆོ་ག་གསར་དུ་བཙུགས་པ་སོགས་ཀྱི་མཛད་འཕྲིན་སྤེལ་ཏེ་དགོན་པ་དེ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཅུང་ཕྱིན་ནས་བླ་སེར་ཡང་ལྔ་བཅུ་ལྷག་ཡོད་པར་གྱུར།

གཞན་ཡང་བླ་མ་དེའི་གདན་ས་འཛིན་པའི་སྐབས་སུ་ཨ་ཚབ་སྤྲུལ་སྐུ་པདྨ་བསྟན་འཛིན་གདན་དྲངས་ཏེ་རིན་ཆེན་གཏེར་མཛོད་ཀྱི་དབང་རྫོགས་པར་གནང་བར་བསྐུལ། དེ་ལྟར་མཛད་པ་འང་ཆེ་ཆེར་རྒྱས་བཞིན་པའི་སྐབས་སུ་དུས་ཀྱི་ཟིང་འཁྲུགས་ཀྱི་འཐབ་རྩོད་དང་ཐུག་སྟེ།

རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་བྱི་བའི་ལོར་རོང་བྲག་རྫོང་གི་བཙོན་ཁང་དུ་སྐུ་གཤེགས་སོ། གདན་རབས་དང་སྐུ་ཕྲེང་བཞི་པ་སྤྲུལ་སྐུ་མཁྱེན་རབ་ནི་བོད་རབ་བྱུང་བཅུ་དྲུག་པའི་མེ་ལུག་ལོར་ཡབ་སྒོ་འཛི་གནམ་སྲས་དང་ཡུམ་བདེ་ལྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

སྐུ་ན་ཆུང་དུས་ནས་སྤྲུལ་སྐུ་པད་མ་ནོ་བུའི་ཡང་སྲིད་དུ་ངོས་བཟུང་ཞིང་ཁུ་བོ་བླ་མ་རིག་ཁོའི་མདུན་ནས་ཡི་གེ་ཕྱི་མོར་ལེགས་པར་བསླབ། རབ་བྱུང་བཅུ་དྲུག་པའི་ཁྱི་ཡི་ལོར་ཤར་རོང་བཀྲ་ཤིས་ཆོས་གླིང་དུ་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་སྤེལ། ད་ལྟ་གསེར་ཐར་བླ་རུང་ནང་བསྟན་སློབ་གླིང་དུ་གྲྭ་སར་བཞུགས་ཡོད།

དེ་ལྟར་གདན་རབས་དེ་དག་གི་སྐུ་དུས་སུ་བླ་མ་རྣམ་རྒྱལ་དང་བླ་མ་མཁྱེན་རྩེ། ཁ་ཉ་སྤྲུལ་སྐུ་དཔལ་འབྱོར་འདི་ལྕིབ་ཉ་དགོན་པའི་བླ་མ་ཞིག་གི་ཡང་སྲིད་ཡིན་པར་བཤད།

བླ་མ་མཛད་ཚུལ་ཁྲིམས་སོགས་བླ་རབས་རིམ་པར་བྱོན་ནས་བསྟན་བདག་རྣམས་དང་བླ་སློབ་ཟུང་འབྲེལ་གྱི་སྒོ་ནས་དབེན་གནས་དེ་ཉིད་ཀྱི་སྒྲུབ་པའི་བསྟན་པ་ཟམ་མ་ཆད་པར་བསྲིངས་ཡོད་པ་ལགས་སོ།།

རྟེན་གསུམ་དང་དུས་མཆོད་ཡོན་གྱི་འབྱུང་ཁུངས་སོགས་ཀྱི་སྐོར་ནི། སྒོ་འཛི་གཏེར་སྟོན་གྱིས་གཏེར་ནས་དྲངས་པའི་ཐུབ་པ་སོགས་གསེར་སྐུ་དང་། སྟོན་པ་དང་འོད་དཔག་མེད། བྱམས་པ། གུ་རུ་རྩེག་ཚད་མ་བཅས་ཀྱི་གཙོར་བྱས་པའི་འཇིམ་སྐུ་མང་པོ་བཞུགས།

རྡོར་སེམས་སོགས་ཀྱི་གསེར་ཐང་དང་གུ་རུའི་ཐང་མོ་ཆེ་སོགས་ཐང་ཁ་དང་རས་གཞི་མང་དུ་བཞུགས། བཀའ་འགྱུར་དང་བསྟན་འགྱུར། རིན་ཆེན་གཏེར་མཛོད། རྙིང་མ་རྒྱུད་འབུམ་སོགས་གསུང་འབུམ་མང་དུ་མཆིས། རྒྱུ་ཟངས་གསེར་ལས་གྲུབ་[page 568] པའི་བཀའ་གདམ་མཆོད་རྟེན་དང་སྐུ་གདུང་མཆོད་རྟེན་སོགས་ཡོད།

ཤང་ཤང་སྦབ་ཆིལ་དང་ཧོར་སྦབ་སོགས་སྦབ་ཆིལ་དང་ཉིན་ཕྱེད་ཙམ་གྱི་ལམ་བར་དུ་སྒྲ་ཐོས་པའི་འཁར་རྔ་ཁྱད་མཚར་ཅན། སིལ་སྙན་གཉིས། དུང་དམར་ཆ་གཉིས། རྒྱ་གླིང་ཆ་གསུམ། ཕུར་ཀུང་བཅོ་ལྔ། གོས་ཆེན་ཐག་གྲུབ་ཀྱི་འཆམ་གོས་ཞྭ་ནག་སྒྲོ་གོར་དང་ལྡན་པ་ཆ་ཉི་ཤུ། དངུལ་གྱི་མཎྜལ། དངུལ་གྱི་མཆོད་ཀོང་། ཏིང་ཕོར། ཏིང་ཤགས།

སྨན་རག གཏོར་ཆ། བུམ་པ། སྤོས་ཕོར། འཕན་གདུགས་རྒྱལ་མཚན་དྲ་བ་དྲ་ཕྱེད་བླ་བྲེ་ཡོལ་བ། ས་གདན། འཚོགས་ཟངས། ཟོ་ཁྲ་སོགས་མཆིས། འདུ་ཁང་གཅིག་དང་ཇ་ཁང་གཅིག་གྲྭ་ཤག་བཞི་བཅུ་ལྷག དུང་འཁོར། མཆོད་རྟེན་སོགས་མང་དུ་ཡོད་པ་ལགས་སོ།

དགོན་པར་ལོ་འཁོར་མོར་རྒྱུན་ཆགས་སུ་གྱུར་ཡོད་པའི་ཚེས་དུས་མཆོད་ནི་དོངས་སྤྲུགས་འཆམ་དང་སྦྲགས་མ་དང་བསྙེན་གནས། བླ་མ་མཆོད་པ། གནས་བརྟན། ཆོས་སྐྱོང་རྒྱུན་བཅོལ། བཀའ་བརྒྱུད་སྒྲུབ་མཆོད་བཅས་འཚོགས་རྒྱུ་མཆིས་སོ།

དགོན་པའི་གཏོང་སྒོ་སོགས་ཀྱི་ཡོན་གྱི་འབྱུང་ཁུངས་ནི་བསྟན་བདག་དང་བླ་རབས་རིམ་བྱོན་གྱིས་མཆོད་ཐེབས་གནང་བའི་ཕྱག་རྒྱུ་དང་། ཤི་བོའི་དགེ་རྩའི་རྒྱུ་ནོར། འགྱེད་ཡོན་ཁང་སྦྱར་བའི་རྒྱུ་ནོར་བཅས་ནི་དགོན་པའི་དཔལ་འབྱོར་གྱི་འབྱུང་ཁུངས་གཙོ་བོར་ཡིན་པས།

ལས་ཐོག་གི་དགེ་བསྐོས་དང་སྤྱི་གཉེར་བས་བདག་གཉེར་བྱས་ཤིང་དགེ་འདུན་པའི་འཚོ་རྟེན་དུ་ཚོགས་པའི་གཏོང་སྒོ་སོགས་ཀྱི་ཐད་ལ་འགྲོ་གྲོན་སྦྱར་བའི་ལམ་ལུགས་སུ་ཆགས་ཡོད།

མ་གཞི་དབེན་གནས་དེ་ཆགས་ཡུལ་ནི་རི་མཐོ་ལུང་ཟབ་དང་ཤིང་ས་ཤིང་ཡུལ་ཡིན་སྟབས་ཚོང་ལས་དང་འབྲོག་ར་སོགས་གང་ཡང་མེད་པར་མ་ཟད་ས་ཞིང་མོའུ་བཅུ་ལྷག་ཙམ་ལས་མེད་གཉེར་བས་རྨོ་བཀོལ་སོ་ནམ་བྱས་ཏེ་ཆོས་ར་རེ་ཟུང་འཚོགས་བྱེད་ཀྱི་རྟེན་སོ་བྱེད་དགོས་པའི་སྲོལ་རྒྱུན་དུ་སྣང་།

པས་དགོན་པའི་ཕྱོགས་གང་ཐད་ཀྱི་ཆ་རྐྱེན་ཅུང་ཞན་པ་ཡིན། དགོན་པའི་མ་རྩའི་རྒྱུ་ནོར་སྒོར་མོར་གཞལ་ན་ཁྲི་ཚོ་གཅིག་གཉིས་ཙམ་ལས་མེད་པར་སེམས་སོ། དགོན་པའི་ཁྲི་བ་དང་དབུ་མཛད། དགེ་བསྐོས་དགུན་ཆོས་ཀྱི་འགྲོ་གྲོན་ཚང་མ་གཏོང་སྒོ་བྱེད་རྒྱུའི་གཙོ་འགན་བཞེས་དགོས

མཆོད་དཔོན་སོགས་ཀྱི་འགན་བཞེས་པའི་གོ་རིམ་ནི་དགོན་པ་གཞན་དང་གཅིག་མཚུངས་ཡིན། ཤར་རོང་བཀྲ་ཤིས་ཆོས་གླིང་ནི་རྫོགས་ཆེན་དགོན་པའི་དགོན་ལག་གི་གྲས་སུ་གཏོགས་སོ།། དགོན་པ་དེ་དང་ཐག་མི་རིང་བའི་ཆེན་ལུང་བའི་ཉེ་འདབས་སུ་ལྕི་བ་ཉ་དགོན་པའི་དགོན་ཤུལ་ཡོད།

དགོན་པ་དེ་དུས་རབས་དང་རབ་བྱུང་ནམ་ཞིག་གི་ནང་དུ་ཐོག་མར་ཆགས་པ་དང་ནམ་ཞིག་ལ་འཇིག་པ། རྒྱུ་རྐྱེན་ཅི་ཞིག་གིས་ཉམས་ཆག་སོང་བ་ཡིན་པ་སོགས་ཀྱི་ལོ་རྒྱུས་གཏན་ནས་མ་རྙེད་མོད། འོན་ཀྱང་བླ་མ་རྣམ་དཀར་དང་བླ་མ་ཨུ་རྒྱན།

དབུ་མཛད་ཚུལ་ཁྲིམས་བཅས་ཀྱི་གསུངས་པ་ལྟར་ན་ལྕིབ་ཉ་དགོན་པར་བར་སྐབས་ཤིག་ན་སྤྲུལ་བའི་གང་ཟག་འགའ་བྱོན་ནས་བསྟན་པ་སྐྱོང་སྟེ་མཛད་འཕྲིན་རྒྱས་ཤིང་མཁན་པོ་དྲུག་བྱོན་མྱོང་བ་དང་། ཁ་ཉ་སྤྲུལ་སྐུ་དཔལ་འབྱོར་ལྕིབ་ཉ་དགོན་པའི་བླ་མ་ཞིག་གི་ཡང་སྲིད་སྤྲུལ་སྐུ་ཡིན་པ།

དགོན་པ་གཉིས་ཀ་ནང་ཕན་ཚུན་འབྲེལ་ཟབ་ཆེ་ཚུལ་སོགས་ཀྱི་ལོ་རྒྱུས་[page 569] མང་པོ་ངག་རྒྱུན་དུ་གསུངས་རྒྱུ་ཡོད་ན་ཡང་ཁོང་རྣམ་པ་བྱིས་པ་ཡིན་དུས་ནས་ལྕིབ་ཉ་དགོན་པའི་དགོན་ཤུལ་གྱི་རྩིག་ཆག་དང་གྱང་རལ་ཙམ་ལས་མཐོང་རྒྱུ་མེད་ཅེས་གསུངས་པར་གཞིག་ན་དགོན་པ་དེ་སྔ་རབས་ཤིག་ནས་སྟོངས་སོང་བར་སེམས་སོ།།

ད་ལྟའི་གནས་ཚུལ། གངས་ལྗོངས་རྒྱལ་བསྟན་གྱི་ཉི་མ་ཆུ་ལྷའི་ཕག་ཏུ་ཡིབ་ནས་མི་ལོ་བཅུ་ཕྲག་གསུམ་ཙམ་གྱི་དུས་སུ་ཡུན་ནང་དུ་དབེན་གནས་དེའི་རྟེན་དང་བརྟེན་པ་ཐམས་འབྱུང་བཞིར་ཐིམ་ནས་དགོན་ཤུལ་ས་ཕུང་རྡོ་ཕུང་ཙམ་དུ་གྱུར།

ཕྱིས་སུ་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་ཤར་རིའི་རྩེ་མོ་ནས་ཉི་གཞོན་གྱི་འོད་རླབས་མཚེར་ཚེ། རྟའུ་རྫོང་སྲིད་གཞུང་གིས་དགོན་པ་ཉམས་གསོ་བྱེད་པར་ཆོག་མཆན་བཀོད་པའི་སྔོན་འགྲོའི་ཆ་རྐྱེན་བཟང་པོ་གནང་འོག སྤྲུལ་སྐུ་མཁྱེན་རབ་དང་བླ་མ་ཀརྨ། དབུ་ཟུར་ཚུལ་ཁྲིམས།

བླ་མ་ཨུ་རྒྱན་སོགས་དབུ་བཞུགས་མཛད་ཅིང་སྣེ་ཁྲིད་པའི་འོག་ཏུ་རྒྱ་ཆེའི་བླ་སེར་རྣམ་པ་དང་དད་ལྡན་མང་ཚོགས་ཀྱིས་མཉམ་དུ་ཧུར་བརྩོན་རང་བཞིན་གྱི་ནུས་ཤུགས་གང་ལེགས་འདོན་སྤེལ་བྱས་ཏེ།

ཤར་རོང་བཀྲ་ཤིས་ཆོས་གླིང་ཉམས་གསོ་བྱེད་རྒྱུའི་རྨང་རྐང་ལེགས་པར་འདིང་ཞིང་འདུ་ཁང་དང་ནང་རྟེན་གཙོ་བོ་འགའ་སྐྱར་བཞེངས་ལེགས་པར་གྲུབ་ཟིན་ཏེ། གདན་རབས་གོང་མའི་ཕྱག་བཞེས་མ་ལུས་པ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བའི་ཆོས་མཐུན་གྱི་མཛད་སྤྱོད་འབའ་ཞིག་གནང་མུས་སུ་མཆིས་པ་ལགས་སོ།། འཕྲིན་དགའ་ནས།

རྭ་ཤེལ་དགོན་གྱི་ལོ་རྒྱུས།

རྭ་ཤེལ་དགོན་པ་ནི་རབ་བྱུང་བཅུ་གཅིག་པ་ཙམ་གྱི་ནང་དུ་ཐོག་མར་ཆགས། གྲུབ་མཐའ་རྙིང་མ་བ་ཡིན། དེང་སང་རྟའུ་རྫོང་གསེར་ཁ་ཤར་གི་ཁོངས་སུ་གཏོགས།

རབ་བྱུང་བཅུ་གཅིག་པ་ཙམ་གྱི་ནང་དུ་གྲུབ་ཆེན་ཧཱུཾ་རལ་བའི་རིགས་སྲས་རྒྱལ་སྲས་གར་དབང་གིས་ཡབ་ཀྱི་ལུང་བསྟན་དང་སོག་བཟའ་རག་ཤེས་ཀྱིས་མཐུན་རྐྱེན་གང་ལེགས་སྦྱར་བར་བརྟེན།

རྭ་ཤེལ་ལུང་བའི་ནང་དུ་སྔར་གྱི་བཀའ་བརྒྱུད་པའི་དགོན་པ་སྟོངས་ཤུལ་ཞིག་ཏུ་རྭ་ཤེལ་དགོན་པའི་འདུ་ཁང་སོགས་རྟེན་བརྟེན་པ་རིམ་གྱིས་བཞེངས་པའི་རྨང་རྐང་གཏིང་ཚུགས་པར་བཏིང་།

དེ་ནས་རྒྱལ་སྲས་གར་དབང་སྐུ་ཕྲེང་རིམ་བྱོན་དགོན་པའི་བསྟན་བདག་དང་སོག་བཟའ་རང་ཤེས་དགོན་པའི་ལྷ་སྡེར་གཏན་འཇགས་སུ་གྱུར་བའི་སྲོལ་དུ་ཆགས།

དེ་ནས་དགོན་པའི་བསྟན་བདག་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་དང་དེ་མིན་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཉུང་བསྡུས་དང་། བླ་རབས་རིམ་བྱོན། རུ་ཤེལ་དགོན་པའི་བསྟན་པ་སྐྱོང་ཚུལ་སོགས་འགོད་པ་དང་། རྒྱལ་སྲས་གར་དབང་ནི་རབ་བྱུང་བཅུ་པའི་སྨད་ཙམ་དུ་ཡབ་ཡུམ་གྲུབ་པའི་དབང་ཕྱུག་གི་སྲས་སུ་སྐུ་འཁྲུངས།

ཡབ་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་ནས་ཐུན་མིན་གསང་སྔགས་ཀྱི་སྐོར་ལ་བུམ་པ་གང་བཤོས་[page 570] ཀྱི་ཚུལ་གསན་བསམ་ཡུན་རིང་མཛད་མཐར་གྲུབ་པའི་གོ་འཕང་མཐོན་པོར་གཤེགས།

དེ་ནས་ཡབ་ཀྱིས་བཀས་སྐུལ་ལུང་བསྟན་ལྟར་སོག་བཟའ་རག་ཤེས་ཀྱིས་མི་ཤུགས་དངོས་ཤུགས་འདོན་པ་མཉམ་དུ་རྭ་ཤེལ་དགོན་པ་ཕྱག་བཏབ། བླ་མ་དེ་རྫུ་འཕྲུལ་ལ་རང་དབང་ཐོབ་པས་པདྨ་འོད་འབར་གྱི་སྐུར་བཞེངས་ནས་གནས་བདག་རྡོ་རྗེ་དབང་ཕྱུག་དམ་ལ་བཏགས་ཤིང་སྲུང་མར་བཀུག་པ་སོགས་ཆོ་འཕྲུལ་སྣ་ཚོགས་སྟོན་ཏེ།

དགུང་ལོ་དྲུག་ཅུ་ཡས་མས་ཀྱི་སྟེང་དུ་སྐུ་གཤེགས། སྐུ་ཕྲེང་གཉིས་པ་སྤྲུལ་སྐུ་གར་དབང་ནི་འབའ་ཁོག་ཏུ་འབའ་ཐང་རྫོང་གི་མངའ་ཁོངས་ཡིན་སྐུ་འཁྲུངས། སྐུ་ཆུང་དུས་ནས་དགོན་པས་ཡང་སྲིད་སྤྲུལ་སྐུར་སླུས་ཏེ་ཁྲི་ཁར་བཀོད།

དེའི་རྗེས་རྫོགས་ཆེན་དུ་གྲྭ་སར་བྱོན་ནས་མཁན་སྤྲུལ་དུ་མའི་མདུན་ནས་ཐོས་བརྩོན་ཡུན་རིང་མཛད་མཐར་མཁས་པར་གྱུར་ཏེ། རང་དགོན་དུ་ཕྱིར་ཕེབས་ཏེ་བསྟན་བདག་གི་འགན་ཡོངས་སུ་ཐུགས་ཁུར་བཞེས་ཤིང་། གདན་རབས་གོང་མའི་ཕྱག་བཞེས་དང་རྫོགས་ཆེན་པའི་ཆོས་རྒྱུད་ཟུང་འབྲེལ་བྱས་ནས་བསྟན་པ་སྐྱོང་བ་མ་ཟད།

ངག་རྒྱུན་ལྟར་ན་ཁོང་གིས་དགོན་འགོ་རྫོགས་ཆེན་དགོན་པར་ཕུལ་ཏེ་རྫོགས་ཆེན་དགོན་ལག་སྨད་ཀྱི་དགོན་སྡེ་བཅུ་གསུམ་གི་གྲས་སུ་གཏོགས་པར་བྱས། དགུང་ལོ་བདུན་ཅུ་ལྷག་འཚོ། སྐུ་ཕྲེང་གསུམ་པ་སྤྲུལ་སྐུ་དོན་གྲུབ་ནི་རབ་བྱུང་བཅུ་གསུམ་པའི་སྨད་ཙམ་དུ་ཡབ་སྒོ་སྤྲེས་རིགས་དང་ཡུམ་ཁུ་གྱིས་རིགས་སུ་སྐུ་འཁྲུངས།

ཁོང་ཚེ་སྟོད་དུ་རྫོགས་ཆེན་དུ་གྲྭ་སར་བྱོན་ཏེ་འགྱུར་མེད་ཐེག་མཆོག་བསྟན་འཛིན་སོགས་མཁན་སྤྲུལ་མང་པོའི་གམ་ནས་གྲུབ་དབང་རྫོགས་ཆེན་པའི་ཆོ་གའི་ཕྱག་བཞེས་མ་ལུས་པར་སྦྱང་བ་ཡུན་རིང་མཛད་མཐར་ཕྱིར་རང་དགོན་དུ་ཕེབས་ཏེ། བསྟན་བདག་གི་འགན་འཁྲི་བཞེས་ནས་འདུན་ཁྲིམས་ལྟར་གདན་རབས་འཛིན་པའི་འོས་འགན་བསྒྲུབ།

སྐུ་ཚེ་སྨད་དུ་གངས་ལྗོངས་མཁས་དབང་གོ་ཤུལ་མཁན་པོ་ཀུན་བཟང་བསོད་ནམས་རྭ་ཤེལ་དགོན་པར་གདན་དྲངས་ནས་འདུལ་བ་གཞི་གསུམ་གྱི་ཆོ་ག་གསར་དུ་བཙུགས་ཏེ་བླ་མ་རྒྱ་མཚོ་ནོར་བུ་དང་བླ་མ་ཀུན་བཟང་རིན་ཆེན་རྟོགས་ལྡན་སྐལ་བཟང་ཤེས་རབ་སོགས་གསུང་ལས་སྐྱེས་པའི་བུ་སློབ་མང་དུ་སྐྱེས་བསྲིངས་བྱས་པ་དང་།

ལྕག་ལ་རྒྱལ་པོའི་དབུ་བླར་གྱུར་བ་སོགས་ཀྱི་མཛད་འཕྲིན་ལྷང་ངེ་བར་གྱུར་མཐར་དགུང་ལོ་དྲུག་ཅུ་ལྷག་གི་སྟེང་དུ་སྐུ་གཤེགས། དེ་ནས་ཉི་ཤུ་ལྷག་གི་རིང་ལ་ཡང་སྲིད་མ་འཁྲུངས། གདན་རབས་བཞི་པའི་བསྟན་བདག་གི་འགན་བླ་མ་ཀུན་བཟང་རིན་ཆེན་གྱིས་མཛད།

སྐུ་ཕྲེང་བཞི་པ་གདན་རབས་ལྔ་པ་སྤྲུལ་སྐུ་པདྨ་འགྱུར་མེད་ནི་ཡབ་འབའ་ལི་རིགས་དང་ཡུམ་ཁུ་གྱིས་རིགས་སུ་རབ་བྱུང་བཅོ་ལྔ་པའི་སྟོད་དུ་སྐུ་འཁྲུངས། སྐུ་ཆུང་དུས་སུ་རྫོགས་ཆེན་རིན་པོ་ཆེས་སྤྲུལ་སྐུ་དོན་གྲུབ་ཀྱི་ཡང་སྤྲུལ་དུ་ངོས་བཟུང་ཞིང་དགོན་པའི་གསེར་ཁྲིར་མངའ་གསོལ།

དེ་ནས་བླ་མ་རྒྱ་མཚོ་ནོར་བུའི་མདུན་ནས་ཡི་གེ་ཕྱི་མོ་ལེགས་པར་བསླབ་སྟེ། དགུང་ལོ་ཉི་ཤུའི་སྟེང་དུ་རྫོགས་ཆེན་གྲྭ་སར་བྱོན་ནས་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་སོགས་བླ་སྤྲུལ་མང་དུ་བསྟེན་ཏེ།

གྲུབ་དབང་རྫོགས་ཆེན་པའི་ཕྱི་ནང་གསང་བའི་ཆོ་གའི་ཕྱག་བཞེས་ཀུན་ལ་ཐོས་བསམ་ཡུན་རིང་མཛད་པས་མཁས་དང་གྲུབ་པའི་ས་མཐོར་གཤེགས་ཏེ། རྫོགས་ཆེན་རིན་པོ་ཆེའི་ནང་ཐུགས་ཀྱི་[page 571] སྲས་གཅིག་པུར་ལྟར་གྱུར་སྟེ།

བླ་མཆན་བྱས་ཤིང་འབྲུག་ཡུལ་དང་ལྷ་ལྡན་སོགས་ས་ཁུལ་མང་པོར་ཆིབས་ཁ་སྒྱུར་མཐར། བཀའ་དྲིན་གསུམ་གྱི་རྩ་བའི་བླ་མའི་རྭ་ཤེལ་དགོན་པའི་བསྟན་བདག་ལ་བསྐོས་བཞག་གནང་བ་ལྟར་རང་དགོན་དུ་བྱོན་ནས།

བླ་མ་བདེ་ཆེན་དང་ཁོང་རྣམ་གཉིས་ཀྱིས་གདན་སར་སྐྱོང་ཞིང་ཉན་ཤུལ་འཇིགས་མེད་བསྟན་འཛིན་འོད་གསལ་སོགས་གསུང་ལས་སྐྱེས་པའི་བུ་སློབ་མང་དུ་སྐྱེས་བསྲིངས་མཛད་པ་སོགས་ཀྱི་འཕྲིན་ལས་བླ་ལྷག་ཏུ་འབར་ཏེ། དགུང་ལོ་དོན་གསུམ་བཞེས་སྦས་དགོངས་པ་རྫོགས།

དགོན་པའི་གདན་བས་དྲུག་པ་ནི་རག་ཤེས་སྤྲུལ་སྐུ་ཀུན་བཟང་རིག་རྩལ་གྱིས་བསྟན་བདག་མཛད།

སྤྲུལ་སྐུ་པདྨ་འགྱུར་མེད་ཀྱི་ཡང་སྲིད་སྐུ་ཕྲེང་ལྔ་བ་གདན་རབས་བདུན་པ་རྭ་ཤེར་སྤྲུལ་སྐུ་མཁྱེན་རྩེ་ནོར་བུ་ན་ཡབ་རྒྱ་ཚོགས་རིགས་དབང་རྒྱལ་དང་ཡུམ་གམ་བཟའ་ཚེ་རིང་སྐྱིད་ཀྱི་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལོར་སྐུ་འཁྲུངས།

སྐུ་ཆུང་དུས་ནས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་པདྨ་འགྱུར་མེད་ཀྱི་སྐུའི་སྤྲུལ་སྐུའི་ཡང་སྲིད་དུ་ངོས་བཟུང་ཞིང་མཚན་གསོལ།

དེ་ནས་ཉན་ཤུལ་སྤྲུལ་སྐུ་འཇིགས་བྲལ་བློ་གྲོས་དང་རག་ཤེས་སྤྲུལ་སྐུ་ཀུན་བཟང་རིག་རྩལ་རྣམ་གཉིས་ཀྱི་མདུན་ནས་ཡི་གེ་ཕྱི་མོ་ནས་གཏེར་གསར་གྱི་ཆོས་སྐོར་ཡོངས་རྫོགས་བར་གསན་སྦྱངས་མཛད། དགུང་ལོ་བཅོ་བརྒྱད་སྟེང་དུ་རྫོགས་ཆེན་དུ་གྲྭ་སར་བྱོན་ནས་མཁན་པོ་ཐུབ་བསྟན་སྙན་གྲགས་དང་མཁན་པོ་ངག་དབང་ནོར་བུ།

མཁན་པོ་ཡོན་ཏན་མགོན།

རྫོགས་ཆེན་སྤྲུལ་སྐུ་སྐལ་བཟང་སོགས་བླ་སྤྲུལ་མང་པོར་སྔོན་རྗེས་སུ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་བསམ་མང་དུ་མཛད་རྗེས་སུ་རང་དགོན་དུ་བྱོན་ནས་བདག་གི་འགན་བཞེས་ཏེ་ལོ་ཤས་སོང་རྗེས་དུས་འཁྲུག་བྱུང་སྟེ་འགལ་རྐྱེན་བར་ཆད་གང་མང་འཕྲད་ཀྱང་མ་ཚུགས་ཏེ་འཚོ་ཞིང་བཞེས་ཏེ།

མིག་སྔར་རྭ་ཤེལ་དགོན་པའི་བསྟན་བདག་དང་ཆབ་གྲོས་རྟའུ་རྫོང་གི་རྒྱུན་ལས་ཨུ་ཡོན། རྫོང་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་སོགས་ཀྱི་འགན་བཞེས་ཏེ། ཞབས་པད་བརྟན་བཞིན་པ་ལགས་སོ།།

མཚན་ལྡན་བསོད་ནམས་རྒྱལ་མཚན་གྱི་སྤྲུལ་པའི་རྣམ་རོལ་དུ་གྲགས་པ་བླ་མ་ཀུན་བཟང་རིན་ཆེན་ནི་རག་ཤེས་ཀྱི་རིགས་སུ་སྐུ་འཁྲུངས། ཁོང་གིས་སྤྲུལ་དོན་འགྲུབ་ཐུན་མོང་མིན་པའི་བླ་མར་བསྟེན་ནས་རྒྱུད་སྡེ་ཕྱི་ནང་ཀུན་དང་ཁྱད་པར་དུ་གཏེར་ཆོས་རྒྱལ་གླིང་བའི་གཏེར་ཆོས་ཡོངས་རྫོགས་གཅེས་ནོར་དུ་གསན།

དགུང་ལོ་སོ་བརྒྱད་སྟེང་དུ་གདན་རབས་བཞི་འགན་ཐུགས་ཉམས་སུ་བསྟར་ནས་རྩ་བའི་བླ་མའི་གཙོ་བྱས་གདན་རབས་གོང་མའི་ཕྱག་བཞེས་མ་ལུས་མཐར་ཆགས་སྐྱོང་བ་མ་ཟད། སྐུ་ནུབ་སྟག་སྤྲུལ་དང་ཉན་ཤུལ་འཇིགས་ཁོ། ཨུ་ཁུའི་རིག་འཛིན། པདྨ་ཆོས་དར། ཆོས་མ་ངག་དབང་བློ་གྲོས་སོགས་བུ་སློབ་སྐར་ཚོགས་གསོ་སྐྱོང་གནང་སྟེ།

དགུང་ལོ་དྲུག་ཅུ་ལྷག་ཟིན་སྐབས་སྐུ་གཤེགས། སྐུ་ཕྲེང་གཉིས་པ་ཀུན་བཟང་རིག་རྩལ་ནི་ཡབ་སྨུག་རོང་འར་བ་གཏེར་སྟོན་དང་ཡུམ་ཟམ་པ་ཁ་བ་དབང་ཆེན་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ཆུ་ཁྱི་ལོར་སྐུ་འཁྲུངས། སྐུ་བྱིས་པ་ནས་གཞོན་ནུའི་བར་བླ་མ་འཕགས་པ་[page 572] དང་བླ་མ་རིག་འཛིན། སྐུ་ནུབ་སྤྲུལ་སྐུ་ཀུན་བཟང་རང་གྲོལ་སོགས་བླ་མར་བསྟེན་ནས་ཡི་གེ་ཕྱི་མོ་དང་ཆོས་རྒྱལ་གླིང་བའི་གཏེར་ཆོས་གཙོར་བྱས་པའི་ཟབ་གཏེར་མང་དུ་གསན།

དགུང་ལོ་ཉེར་བརྒྱད་སྟེང་དུ་རྫོགས་ཆེན་གྲྭ་སར་བྱོན་ནས་མཁན་པོ་ཐུབ་བསྟན་སྙན་གྲགས་དང་མཁན་པོ་ངག་དབང་ནོར་བུ་བླ་མར་བསྟེན་ནས་གྲུབ་དབང་རྫོགས་ཆེན་པའི་ཕྱག་བཞེས་ལ་སྦྱང་བ་ནན་པོ་མཛད།

དགུང་ལོ་སོ་གཅིག་སྟེང་དུ་རང་དགོན་དུ་ཕེབས་ཏེ་ཟུར་བླའི་འགན་ཡོངས་སུ་བཞེས་ནས་བཀའ་ལུང་དབང་གསུམ་གྱི་ཆོས་རྒྱུད་སྤེལ་ཞིང་ཉན་ལམ་བླ་མ་མཐུ་སྟོབས་དང་བླ་མ་ཆོས་འཕེལ། སྐུ་ནུབ་འགྲོ་རིག གུ་འབུམ་བདེ་བླག་ཀུན་ལྡན། རྭ་ཤེལ་སྤྲུལ་སྐུ་མཁྱེན་རྩེ་ནོར་བུ། ཉན་ཤུལ་བླ་མ་བསྟན་སྲུང་། ནང་སྐོར་བཀྲ་ཤིས་དཔལ་ལྡན།

སོག་བཟའ་བླ་མ་དཔལ་ལོ། བླ་མ་པ་པ་ཆོས་ཉིད། བླ་མ་ཐེག་མཆོག ཨ་འགྲོ་རིན་ཆེན་རྣམ་རྒྱལ་སོགས་བླ་སྤྲུལ་ཆེ་ཁག་དུ་མ་གསུང་ལས་སྐྱེས་པའི་བུ་སློབ་དུ་གྱུར། དེ་ནས་ཁོང་གི་གྲགས་སྙན་མདོ་སྨད་མི་ཉག་གི་ཡུལ་གྲུ་ཀུན་ལ་ཁྱབ་པར་གྱུར་མཐར་རབ་བྱུང་བཅུ་དྲུག་པའི་ཆུ་ཕག་ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

སྐུ་ཕྲེང་གསུམ་པ་ཡེ་ཤེས་ཚུལ་ཁྲིམས་ནི་ཡབ་བཀྲ་ཤིས་དོན་གྲུབ་དང་ཡུམ་འཇམ་དབྱངས་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་བྱི་ལོར་སྐུ་འཁྲུངས། ཉེ་ཆར་བེ་ལོ་རི་ཁྲོད་བླ་མ་དགེ་ཁོའི་དྲུང་ནས་ཡི་གེ་འབྲི་ཀློག་ལ་སྦྱོང་བཞིན་པའི་སྐབས་སོ།།

རྫོགས་ཆེན་མཁན་པོ་ཨ་སྨོན་གྱི་ཡང་སྲིད་སྤྲུལ་སྐུ་འཇིགས་མེད་བསྟན་འཛིན་འོད་གསལ་ནི་རབ་བྱུང་བཅོ་ལྔ་བའི་ཤིང་བྱ་ལོར་ཉན་ཤུལ་དུ་སྦྲ་ཆུང་ཚང་ལ་སྐུ་འཁྲུངས། སྐུ་ཁྱེའུའི་དུས་སུ་བླ་མ་ཅོག་སྟེང་ཚང་གིས་ཡི་གེ་ཐིལ་དང་ལྡན་པའི་མཁན་པོ་ཨ་སྨོན་གྱི་ཡང་སྤྲུལ་དུ་ངོས་བཟུང་།

དེ་ནས་ཁུ་བོ་ཡེས་མདུན་ནས་ཡི་གེ་ཕྱི་མོ་སྦྱངས། དགུང་ལོ་བཅུ་གསུམ་སྟེང་དུ་རྫོགས་ཆེན་གྲྭ་སར་བྱོན་ནས་རྫོགས་ཆེན་རིན་པོ་ཆེ་དང་མཁན་པོ་གཞན་དགའ།

ཨ་བུ་ལྷ་སྒང་སོགས་མཁན་སྤྲུལ་དུ་མ་བླ་མར་བསྟེན་ནས་གྲུབ་དབང་རྫོགས་ཆེན་པའི་ཕྱག་བཞེས་ཀྱི་གཙུག་ལག་ཀུན་གྱི་པདྨོ་རྣམ་བར་གྲོལ་བས་མཁས་པའི་གྲལ་དུ་སྙེགས་ཏེ་མཁན་ཁྲི་ནོར་བུ་མར་མངའ་གསོལ།

དགུང་ལོ་ཉི་ཤུ་ལྷག་གི་སྟེང་དུ་རང་ཡུལ་དུ་ཆིབས་ཁ་སྒྱུར་ཞིང་སྔོན་རྗེས་སུ་བླ་མ་གོ་ཚོགས་རྣམ་གཉིས་ཀྱི་མདུན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱང་བ་ཟབ་མོར་མཛད། དགུང་ལོ་སུམ་ཅུ་ལྷག་གི་སྟེང་དུ་རྭ་ཤེལ་དགོན་པའི་ཁྲི་བ་དང་བསྟན་བདག་གི་འགན་གཅིག་ལྕོགས་སུ་གདན་རབས་དྲུག་པ་ཡིན

བཞེས་པ་དང་དུས་མཚུངས་སུ་བྲག་མཁར་དགོན་དང་ཉན་ལམ་དགོན་པའི་ཁྲི་བའི་འགན་ཡང་བཞེས་པར་བརྟེན། དགོན་ཁག་གསུམ་པོའི་འབུད་རྡུང་དཀྲོལ་གསུམ་དང་གར་ཐིག་དབྱངས་གསུམ་སོགས་གཙོ་བྱས་པའི་ཆོས་རྒྱུད་སྤེལ་བར་མཛད་རྗེས་རླབས་ཆེན་གནང་ཞིང་དགུང་ལོ་དོན་གསུམ་སྟེང་དགོངས་པ་རྫོགས་སོ།།

ཟུར་བླ་རིག་འཛིན་གྱི་ཡང་སྤྲུལ་འཇིགས་མེད་མདོ་སྔགས་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ནི་ཡབ་འཇང་རིགས་ཚེ་དབང་ནོར་བུ་དང་ཡུམ་ཕྲུག་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་[page 573] ཤིང་བྱ་ལོར་སྐུ་འཁྲུངས།

སྐུ་ཆུང་དུས་སུ་རྫོང་གསར་མཁྱེན་རྩེ་དང་རྫོགས་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་ཟུར་བླ་རིག་འཛིན་གྱི་ཡང་སྤྲུལ་དུ་ངོས་བཟུང་ཞིང་དགུང་ལོ་དྲུག་གི་སྟེང་དུ་ཁྲི་ཁར་བཀོད། དེ་ནས་སྔོན་རྗེས་སུ་རག་ཤེས་སྤྲུལ་སྐུ་ཀུན་བཟང་རིག་རྩལ་དང་མཁན་པོ་ཐུབ་བསྟན་སྙན་གྲགས། འཇིགས་བྲལ་བྱང་ཆུབ་རྡོ་རྗེ།

སྤྲུལ་སྐུ་སྐལ་བཟང་སོགས་མཁན་སྤྲུལ་མང་དུ་བསྟེན་ནས་གཏེར་གསར་གཙོར་བྱས་པའི་རྙིང་མའི་ཆོས་སྐོར་སྤྱི་ལ་སྦྱང་བ་མང་དུ་མཛད་པ་དང་བཀའ་ལུང་དབང་གསུམ་མང་དུ་མནོས། མིག་སྔར་རྭ་ཤེལ་དགོན་པའི་ཟུར་བླའི་འགན་འཁྲི་ཐུགས་ཉམས་སུ་བསྟར་ནས་བཞུགས་ཡོད་པ་མ་ཟད།

ཁོང་གིས་ལོ་རབས་བདུན་ཅུ་བ་ནས་བཟུང་སྔོན་རྗེས་སུ་དམངས་གཉེར་དགེ་རྒན་ལོ་མང་པོར་མཛད་དེ་མི་རིགས་སློབ་གསོ་རྒྱས་སྤེལ་གཏོང་བར་བྱས་རྗེས་མི་དམན་པ་གནང་ཡོད་པ་ལགས་སོ།།

པདྨ་འགྱུར་མེད་ཀྱི་གསུང་གི་ཡང་སྲིད་སྤྲུལ་སྐུར་གྲགས་པའི་སྤྲུལ་སྐུ་བདེ་ལེགས་ཀུན་ལྡན་ནི་ཡབ་གུ་འབུམ་རྣམ་རྒྱལ་དང་ཡུམ་ཨ་སྐྱབས་བཀྲ་ཤིས་ལྷ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་སྟག་ལོར་སྐུ་འཁྲུངས།

དགུང་ལོ་བཅུ་བདུན་སྟེང་དུ་རྫོགས་ཆེན་གྲྭ་སར་བྱོན་ནས་མཁན་སྤྲུལ་མང་དུ་བསྟེན་ནས་སྦྱང་བ་ཡུན་རིང་མཛད་མཐར་རང་དགོན་དུ་བྱོན་ཞིང་དེང་གི་བར་དུ་ཞབས་པད་བརྟན་བཞིན་པ་ལགས་སོ།། དེ་ལྟར་གོང་དུ་བཤད་པའི་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་དང་བླ་མ་རྒྱ་མཚོ་ནོར་བུ་དང་རྟོགས་ལྡན་བསྐལ་བཟང་ཤེས་རབ། བླ་མ་བདེ་ཆེན།

ཟུར་བླའི་རིག་འཛིན། བླ་མ་ཆོས་འཕེལ་སོགས་བླ་རབས་ལྟར་ཟམ་མ་ཆད་པར་བྱོན་ཞིང་བླ་སྤྲུལ་ཉི་ཟླ་ཟུང་དུ་འབྲེལ་ཏེ། རྭ་ཤེལ་དགོན་པའི་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་རྣམ་དཀར་དགེ་བའི་མཛད་བཟང་མུ་མཐུད་རྒྱུན་ཆགས་སུ་བསྲིངས་ཡོད་པ་ལགས་སོ།།

དེ་ནས་བགྲང་བྱ་ཉག་མ་དེ་དག་གི་རིང་དུ་དགོན་བདག་རིམ་བྱོན་དང་བླ་རབས་རིམ་བྱོན་གཙོ་བྱས་པའི་རྒྱ་ཆེའི་དགེ་འདུན་པ་དང་དད་ལྡན་ཡོན་བདག་རྣམས་ཀྱིས་རྣམ་དཀར་བསོད་ནམས་ཀྱི་ཞིང་སར་བསགས་པའི་རྟེན་བརྟེན་པའི་གྲངས་ཀ་རགས་བསྡུས་ཞིག་འགོད་པ་ལ། ཐུབ་པ་ཁྲིམས་ཐར་མ་དང་(ལི་མ)ཐུབ་པ་རྒྱ་གར་མ་(ལི་མ)།

ཚེ་དཔག་མེད་ཁྲུ་གང་གི་ཚད་(ལི་མ)། བྱམས་སྐུ་རྒྱ་ནག་མ། ཐུབ་པ་ལུས་ཚད་མ། གནས་བརྟན་བཅུ་དྲུག དམ་ཅན་སེང་གཞོན་རྒྱ་ནག་མ་སོགས་གསེར་སྐུ་བཞི་བཅུ་ལྷག་ཙམ་ཡོད་པ་དང་། རྒྱུ་འཇིམ་བཟོ་ལས་གྲུབ་པའི་ཐོག་རྩེག་གཅིག་ཅན་གྱི་གུ་རུ་གཙོ་འཁོར་གསུམ་གཙོ་བྱས་པའི་སྟོན་པ་གཙོ་འཁོར་གསུམ་དང་། སྤྱན་རས་གཟིགས། བྱམས་པ།

མགོན་པོ་སོགས་ཤིན་ཏུ་མང་། གསེར་དངུལ་བྲ་མའི་བྲིས་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་དང་སྨན་བླ་ལྷ་བདེ་གཤེགས་མཆེད་བརྒྱད་གྱི་གཙོར་བྱས་པའི་བཀའ་ཐང་ལྟར་གྱི་གུ་རུ་འཁྲུངས་རབས་དང་། བདེ་ཆེན་ཞིང་ཐང་། ལྟུང་གཤེགས། སོར་བྱང་སྔགས་སྡོམ་གྱི་རས་གཞི། རྗེ་འབངས་ཉེར་ལྔ། ཕག་མོ་ཟབ་ཐིག་གི་ཐང་ཁ།

གཏེར་ཁ་གཉིས་ཀྱི་བཀའ་སྲུང་སྐོར་གྱི་ཐང་ཁ་ཆ་ཚང་། རྟ་ཕྱག་ཁྱུང་གསུམ། མ་ནིང་སྡེ་ལྔ། རྒྱལ་ཆེན་སྡེ་བཞི། རིགས་དྲུག་ཚུལ་སོགས་རས་གཞི་དང་ཐང་ཁ་གྲས་ལས་འདས་པ་ཡོད། བཀའ་འགྱུར་ཆ་གཅིག་དང་[page 574] བསྟན་འགྱུར་ཆ་གཅིག རྙིང་མ་རྒྱུད་འབུམ། རིན་ཆེན་གཏེར་མཛོད། ཀློང་ཆེན་མཛོད་བདུན།

སྒྲུབ་ཐབས་ཀུན་འདུས། མི་ཕམ་བཀའ་འབུམ། གྲུབ་ཆེན་ཧཱུཾ་རལ་བའི་གཏེར་ཆོས་ཆ་ཚང་། ཆོས་རྒྱལ་གླིང་བའི་གཏེར་ཆོས་ཆ་ཚང་། སྙིང་ཐིག་གི་ཆོས་སྐོར་ཆ་ཚང་སོགས་མང་དུ་བཞུགས། རིན་ཐང་བྲལ་བའི་བཀའ་གདམས་མཆོད་རྟེན་གཉིས་ཀྱི་གཙོར་བྱས་པའི་རྒྱུ་ས་རྡོ་ལས་གྲུབ་པའི་མཆོད་རྟེན་བརྒྱ་དང་ལྔ་བཅུ་ཡོད།

རྒྱ་བལ་ཤང་ཤང་གི་གྲུབ་པའི་རྒ་ཤེས་སྦབ་ཆིལ་དང་བལ་བོ་རྒྱ་མདུད་མ་{གུ་འབུམ་བླ་མས་ཐེབས་བཞག་གནང་}། རིན་བསྟན་རོལ་མོ་ཧོར་སྦབ་ཁམས་གསུམ་ཟིལ་གནོད། དྲ་དཀར་ཉི་མ་ཤར་འདྲ་སོགས་ཆ་བཞི་བཅུ་ཙམ། ཤང་ཤང་སིལ་སྙན་སོགས་ཆ་ལྔ།

ཤིང་ཙན་དན་ཡིན་ལ་གསེར་དངུལ་པྲ་ར་རིན་པོ་ཆེའི་པྲ་ཚོམ་བཏབ་པའི་རྒྱ་གླིང་གཙོར་བྱས་པའི་རྒྱ་གླིང་ཆ་བཞི། དུང་དམར་ཆ་བཞི། སྤོས་ཕོར་ཆ་གཅིག བཀའ་མའི་སྒྲུབ་ཁག་གི་མཆོད་ཆ་ཚང་གཅིག (གསེར་དངུལ་དྲ་མ་ཡིན)དེ་མིན་རྒྱུན་སྤྱོད་བྱེད་རྒྱུའི་མཆོད་ཆ་ཚང་གཅིག ཨ་ཙ་རའི་རྐང་གླིང་གཙོའི་བྱས་པའི་རྐང་གླིང་ཆ་བཞི།

ལིའི་ཏིང་ཕོར་ཆེན་པོ་སྟོང་ཕྲག་གཅིག གུ་འབུམ་བླ་མའི་ཐེབས་བཞག་གནང་བའི་གསེར་སྐྱེམས་ཀྱི་ཆས་དངུལ་ཀུང་སུམ་ཅུ་གཙོར་བྱས་པའི་མཆོད་ཀུང་ཉིས་བརྒྱ་ཙམ་ཡོད། གོས་རྒྱན་བཞི་ལས་གྲུབ་པའི་འཆམ་གོས་འབག་ཆ་ཚང་ཡོད། རིན་ཐང་ཆེ་བའི་ཤྭ་གདན་གཉིས་ཡོད། རྒྱ་ནག་ས་གདན་རིང་ཆ་བཅུ་སོགས་ཡོད། ཚོགས་ཟངས་ཆེ་ཆུང་བདུན་ཡོད།

རྔ་ཆེ་ཆུང་བཅུ་ལྷག་ཙམ་སོགས་མང་བས་མཆོད་པའི་ཡོ་བྱད་ཀྱིས་ཧ་ཅང་ཕྱུག་པའི་དགོན་པ་ཞིག་གོ གཞན་ཡང་ཐོག་རྩེག་གཉིས་ཅན་གྱི་འདུ་ཁང་གཅིག་དང་རྒྱུ་མཛོད་ཁང་། ཇ་ཁང་། གྲྭ་ཤག་བདུན་ཅུ་ལྷག འཁོར་ཁང་སོགས་མང་དུ་མཆིས་སོ།།

རྭ་ཤེལ་དགོན་པར་ལོ་འཁོར་མོར་རྒྱུན་འཇགས་སུ་གྱུར་ཡོད་པའི་ཚེས་དུས་མཆོད་ནི་ཐོས་གྲོལ་ཉིན་བརྒྱད་དང་བཀའ་ཆོས་ཉིན་གསུམ། ཐུགས་རྗེ་ཆེན་པོ་ཉིན་གསུམ། དབྱར་ཆོས་ས་ཐིག་ཆོག་དང་བཅས་པ་ཉིན་བཞི། དོང་སྦྲུག་ཉིན་བདུན། ཐང་མོ་ཆེ་ཉིན་གཅིག སྤྱོད་འཇུག་ཉིན་གཉིས། ཞིང་སྒྲུབ་ཉིན་བརྒྱད། སྤྱི་སྲུང་ཉིན་བཞི།

དབྱར་གནས་ཟླ་བ་ཕྱེད་གཉིས། རྩིས་སྤྲོད་ཆེན་པོ་ཉིན་གཅིག་ཚེས་བཅུ་འཆམ་དང་བཅས་པ་ཉིན་བརྒྱད། ཚེས་བཅུ་ཉེར་ལྔ་དགུན་ཆོས་དང་བཅས་པ་ཟླ་གཅིག དགུ་གཏོར་དང་གསོལ་ཁ་རྒྱུན་འདོན། ཡོན་ཁ་བཅས་འཚོགས་པའི་སྲོལ་རྒྱུན་མཆིས་སོ།།

དགོན་པའི་ཡོན་གྱི་འབྱུང་ཁུངས་དང་འགན་བཞེས་པའི་གོ་རིམ་ནི།

ཡོན་གྱི་འབྱུང་ཁུངས་གཙོ་བོ་ནི་བླ་བྲང་ཁག་སོ་སོ་ནས་མཆོད་ཐེབས་གནང་བ་དང་དད་ལྡན་མང་ཚོགས་ཀྱིས་ཤི་བོར་དགེ་རྩ་བསྔོ་ཆེད་སོགས་སུ་ཕུལ་བའི་མཆོད་ཐེབས་རྣམས་དགོན་གཞུང་ཐུན་མོང་གི་དཔལ་འབྱོར་གྱི་མ་གདན་དུ་གཏན་བཞག་བྱས་པའི་སྲོལ་རྒྱུན་ཙམ་ལས་དགོན་པར་བདག་དབང་གི་ས་ཞིང་དང་ཕྱུགས་ར་སོགས་མེད།

མ་གདན་དཔལ་འབྱོར་གྱི་སྡོམ་འབོར་སྒོར་མོར་གཞལ་ན་སྒོར་ཁྲི་ཕྲག་ཆ་ཤས་ཡོད་པར་སྙམ། ལས་ཐོག་དགེ་བསྐོས་ཀྱིས་མ་གདན་གྱི་དཔལ་འབྱོར་ལ་ཕྱོགས་ཡོངས་ནས་བདག་གཉེར་དང་ཉར་ཚགས་ནན་པོ་བྱེད་རྒྱུ་[page 575] དང་ལས་ཐོག་གི་གཉེར་བས་དགེ་བསྐོས་ལག་ནས་དངུལ་གོར་སོགས་རྒྱུ་ནོར་འོས་འཚམ་ཞིག་བླངས་ཏེ་རྩ་བས་རྩིས་སྤྲད་ལོ་མས་གཏོང་སྒོ་ཞེས་པ་ལྟར་སྒོ་ཞེས་པ་ལྟར་ཚོང་དང་བུན་གཏོང་བ་སོགས་ཀྱི་ལས་ཀར་འབད་དེ་ཁེ་སྤོགས་དང་བུན་སྐྱེད་ཀྱིས་དགོན་པའི་ཆོས་འཚོགས་སོ་སོར་ཚོགས་པའི་གཏོང་སྒོ་སྦྱར་བའི་སྲོལ་རྒྱུན་ཆགས་ཡོད།

དགེ་འདུན་པ་ནི་ཡོན་ཁ་སོགས་བརྟེན་ནས་འཚོ་བའི་ལུགས་ཡིན། དགོན་པའི་བསྟན་བདག་དང་ཁྲི་བ་གཉིས་དམིགས་གསལ་གྱི་སྐབས་སུ་མ་གཏོགས་འགན་གཅིག་ལྕོགས་ཡིན་པ་སེམས། མཁན་པོ་དང་དབུ་མཛད། དགེ་བསྐོས། གཉེར་བ། མཆོད་དཔོན། འཆམ་དཔོན་སོགས་ཀྱི་ཐོབ་ཐང་དགོན་སྡེ་གཞན་དང་གཅིག་མཚུངས་ཡིན།

རྭ་ཤེལ་དགོན་པ་ཡུལ་དགོན་གཞན་དང་འབྲེལ་ཚུལ་ནི དགོན་པ་དེ་རྫོགས་ཆེན་དགོན་པའི་དགོན་ལག་སྨད་ཀྱི་དགོན་སྡེ་བཅུ་གསུམ་གྱི་གྲས་སུ་གཏོགས་ལ། རྭ་ཤེལ་དགོན་དང་ཉན་ལམ་དགོན། བྲག་མཁར་དགོན་བཅས་ནི་ཕན་ཚུན་འབྲེལ་ཟབ་ཆེ་སྟེ་བླ་སྤྲུལ་ནང་ཕན་ཚུན་བྱོན་རིས་དང་བཞུགས་རིས།

ཆོས་འཁོར་སྐོར་རིས་སྲོལ་རྒྱུན་ཡོད་པ་ཙམ་ལས་དགོན་དང་དགོན་ལག་གི་ཁྱད་པར་ཡོད་པ་མ་ངེས། དགོན་པའི་གྲྭ་རྒྱུན་ནི་སོག་བཟའ་རག་ཤེས་ནས་འོང་། གྲྭ་གྲངས་ཉིས་བརྒྱ་ལ་ཟིན་པ་ཙམ་ཡོད། རུ་ཤེལ་དགོན་པའི་དེང་གི་གནས་ཚུལ་ནི་ལོ་རབས་ལྔ་བཅུ་དང་དྲུག་ཅུ་བའི་ནང་གཡོན་ཐལ་གྱི་བསམ་པའི་ཕྱོགས་ལྷུང་གིས་དྲངས་ཏེ།

ཆོས་ལུགས་ཕྱོགས་ལ་མདུང་རྩེ་གཙོ་བོར་གཏད་པའི་སྐབས་སུ་རྭ་ཤེལ་དགོན་པ་ཡང་ཕྱི་ཁོག་ནང་རྟེན་ཐམས་ཅད་ཞིག་རལ་སོང་ཞིང་སྐྱོ་སྣང་གནས་སུ་གྱུར། ཕྱིས་སུ་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་ཚེ།

རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི་ལོར་རྭ་ཤེལ་དགོན་པ་ཉམས་གསོ་བྱེད་ཆོག་པའི་ཆོག་མཆན་ཐོབ་པར་བརྒྱུད་དེ་དགོན་བདག་བདག་སྤྲུལ་སྐུ་མཁྱེན་རྩེ་ནོར་བུ་དང་ཟུར་བླ་འཇིགས་མེད་མདོ་སྔགས་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ། གསུང་སྤྲུལ་གུ་འབུམ་བདེ་ལེགས་ཀུན་ལྡན། རག་ཤེས་སྤྲུལ་སྐུ་ཀུན་བཟང་རིག་རྩལ།

ཉན་ཤུལ་བླ་མ་བསྟན་སྲུང་། སྤྱོད་པ་སྤྲུལ་སྐུ་ཐུབ་བསྟན། འགག་ཚའི་བླ་མ་གཡུ་རྒྱལ། ཉི་མ་འོད་ཟེར། ཐུབ་བསྟན། ཐེག་ལེ། རོང་པ་རིག་ཁོ་སོགས་བླ་སྤྲུལ་དུ་མ་དབུ་བཞུགས་མཛད་འོག

རྒྱ་ཚའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱིས་ཧུར་བརྩོན་རང་བཞིན་གྱི་སྒོ་ནས་ཇུས་ཤུགས་མཉམ་དུ་འདོན་ནས་ཁང་རྟེན་དང་བརྟེན་པ་ཐམས་ཅད་སྔར་ལྟར་བཞེངས་ཤིང་གདན་རབས་གོང་མའི་ཕྱག་བཞེས་མ་ལུས་ཉམས་གསོ་མཛད།

མིག་སྔར་བླ་སེར་དྲུག་ཅུ་ལྷག་གིས་ཆོས་མཐུན་གྱི་མཛད་སྤྱོད་གནང་མུས་སུ་ཡོད་པ་མ་ཟད་དགོན་པ་རང་ཁ་རང་གསོའི་ཐབས་ལམ་འཚོལ་ཆེད། ཡོན་ཁའི་དངོས་རྫས་ཀྱི་བརྒྱ་ཆ་བདུན་ཅུ་དགེ་འདུན་པར་དུས་ཐོག་ཏུ་བགོ་བ་དང་།

བརྒྱ་ཆ་སུམ་ཅུ་དགོན་གཞུང་ལ་མ་དངུལ་ཐེབས་རྩར་བཞག་པའི་ལམ་ལུགས་གསར་བ་བཙུགས་ཡོད་པ་ལགས་སོ།། འཕྲིན་དགའ་ནས།

གོང་ཐར་དགོན་གྱི་ལོ་རྒྱུས།

[page 576] གོང་མཐར་དགོན་པ་ནི་རྟའུ་རྫོང་ཁང་སར་ཤང་གི་མངའ་ཁོངས་སུ་རབ་བྱུང་བཅུ་གཉིས་པ་ཙམ་གྱི་ནང་དུ་ཐོག་མར་ཆགས། གྲུབ་མཐའ་རྙིང་མ་བ་ཡིན།

བོད་རབ་བྱུང་བཅུ་གསུམ་པ་ཙམ་གྱི་ནང་དུ་དགོན་པ་ཐོག་མར་འདེབས་མཁན་བླ་མའི་སྐུ་ཕྲེང་ངམ་གདན་རབས་གཉིས་པར་གྲགས་པའི་བླ་མ་ཆོས་འགྲུབ་གོང་ཐར་ས་ཆ་སྐུ་འཁྲུངས། བླ་མ་སྐུ་ཚེའི་སྟོད་དུ་གནས་ནང་སོགས་སུ་གྲྭ་སར་བྱོན་ནས་ཐོས་བསམ་མཛད།

སྐུ་ཚེའི་སྨད་དུ་གདན་ས་སྐྱོང་ཞིང་ཡོན་བདག་སོགས་ཀྱིས་མཐུན་སྐྱེན་སྦྱར་བར་བརྟེན། འདུ་ཁང་རྒྱ་བསྐྱེད་གཏོང་ཞིང་ནང་རྟེན་འགའ་ཡང་གསར་བཞེངས་མཛད་དེ་འདུལ་འཛིན་པ་བཅུ་ཕྲག་ཙམ་ཞིག་ཡོད་པའི་ནང་ནས་བླ་མ་ཤཱཀྱ་རྒྱལ་མཚན་གདན་ཚབ་ཏུ་མངའ་གསོལ་རྗེས་སུ་སྐུ་གཤེགས། བླ་མ་དེ་རྩེས་ས་རིས་ལ་ཤིན་ཏུ་མཁས།

གདན་རབས་གསུམ་པ་བླ་མ་ཤཱཀྱ་རྒྱལ་མཚན་ནི་རབ་བྱུང་བཞི་པ་ཙམ་གྱི་ནང་དུ་ཨ་བླ་ཤེས་ཐ་གྲོང་བར་(བྲག་འགོ་རྫོང་གི་མངའ་ཁོངས་ཡིན་)སྐུ་འཁྲུངས།

བླ་མ་དེ་ནི་སྐུ་ན་ཆུང་དུས་ནས་སྒོམ་མཉམ་བྲག་ཕུག་ཏུ་སྒྲུབ་པ་ཉམས་ལེན་ལ་གཞོལ་ཞིང་མི་ལོ་བཅུ་ཕྲག་འགའི་རིང་ལ་བློ་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་ནས་བོད་གངས་ཅན་གྱི་ལྷ་སྐལ་སྤྱན་རས་གཟིགས་ལ་གསོལ་བ་དྲག་ཏུ་བཏབ་ཅིང་བསྙེན་པ་བཟླས་པས་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་འཛིན།

ངག་རྒྱུན་ལྟར་ན་བླ་མ་མཚམས་ལ་བཞུགས་ཡོད་པའི་སྐབས་སུ་གྲུབ་ཆེན་ས་ར་ཧ་བས་རྡོ་རྗེ་འཆང་གི་གསེར་སྐུ་(ལི་མ་)གཅིག་དངོས་གྲུབ་ཀྱི་ཚུལ་དུ་གནང་ཡོད་པ་ཕྱིས་སུ་དགོན་པར་དངོས་སུ་མཇལ་རྒྱུ་ཡོད་པར་བཤད།

སྐུ་ཚེའི་སྨད་དུ་གདན་ས་སྐྱོང་ནས་སེར་སྐྱ་མང་ཚོགས་ཀུན་ལ་མ་ཎི་ཐེངས་མང་གསུང་ནས་སྐུ་ཁྲིམས་དང་རྔོན་ཁྲིམས་སོགས་གཏན་འཁེལ་མཛད་པ་དང་། རང་གི་ཐུགས་སྐྱེད་སྨོན་ལམ་དང་ཡོན་བདག་གིས་མཐུན་སྐྱེན་སྦྱར་བར་འབྲེལ། བྲག་འགོ་དང་གནས་ནང་། རྟའུ། ཁུག་ཆ།

མགར་མཐར་སོགས་ས་ཁུལ་དུ་མ་ཎི་དུང་འཁོར་མང་པོ་གསར་བཞེངས་མཛད། ཁྱེའུ་དཔལ་ལྡན་གོང་ཐར་བླ་མ་ཆོས་འགྲུབ་ཀྱི་ཡང་སྲིད་སྤྲུལ་སྐུར་ངོས་བཟུང་ཞིང་དགོན་པའི་ཁྲི་ཁར་བཀོད་པ་སོགས་ཀྱི་མཛད་འཕྲིན་རྨད་དུ་བྱུང་སྟེ་དགུང་ལོ་བདུན་ལྷག་བཞེས་སྐབས་སུ་གཤེགས་སོ།།

གདན་རབས་བཞི་པ་གོང་ཐར་སྤྲུལ་སྐུ་དཔལ་ལྡན་ནི་རབ་བྱུང་བཅོ་བའི་མགོ་ཙམ་ལ་ཨ་ནས་གུར་འབུམ་ཚང་གི་ཁྱིམ་དུ་སྐུ་འཁྲུངས། བྱིས་པའི་དུས་སུ་བླ་མ་ཤཱཀྱ་རྒྱལ་མཚན་མདུན་ནས་ཡི་གེ་ཕྱི་མོ་སྦྱང་བ་ཙམ་གྱི་ཚེགས་མེད་དུ་མཁྱེན།

དེ་ནས་གནས་ནང་གྲྭ་སར་བྱོན་ཏེ་བླ་མ་མང་དུ་བསྟེན་ཞིང་རྒྱུད་སྡེ་ཕྱི་ནང་ཀུན་ལ་སྦྱང་བ་ཡུན་རིང་དུ་མཛད་མཐར་རང་དགོན་དུ་ཕྱིར་ཕེབས་ཏེ་གདན་ཞུགས་ཏེ་གདན་རབས་གོང་མའི་ཕྱག་བཞེས་སྐྱོང་བ་མ་ཟད། བླ་མ་དེ་སྟོབས་འབྱོར་དང་མངའ་ཐང་།

སྙན་གྲགས་ཆེན་པོར་གྱུར་ནས་ཁང་ལྡིང་གཏེར་ཆེན་དང་ཤུག་ཆང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ་རྣམ་གཉིས་ཀུན་བཟང་མཆོད་པའི་[page 577] སྤྲིན་གྱི་བར་བརྟེན་ནས་སྔོན་རྗེས་སུ་དགོན་པརགདན་དྲངས་ཞིངཆོས་འཁོར་བསྐོར་དུ་གསོལ་བ་དང་།

སྐུ་ཚ་བྱང་ཆུབ་རྡོ་རྗེ་དང་ཁོང་རྣམ་གཉིས་ཀྱིས་དགེ་འདུན་པ་བཅུ་ཕྲག་གསུམ་ལ་ཟིན་པ་ཙམ་གྱིས་དབུ་བཞུགས་མཛད་དེ། མ་ཎི་ལོ་སྒྲུབ་དང་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་ཟླ་མཚམས་ཀྱི་ཆོ་ག་བཙུགས རབ་བྱུང་བཅུ་དྲུག་པའི་ས་མོ་ཡོས་ཀྱི་ལོར་སྐུ་གཤེགས་སོ།།

གདན་རབས་ལྔ་པ་ཐུབ་བསྟན་སྐལ་བཟང་རྒྱ་མཚོ་ནི་རབ་བྱུང་བཅུ་དྲུག་པའི་ལོར་ཡབ་རྒྱན་ལོ་དང་ཡུམ་བྱང་ཆུབ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ཆུང་དུས་ནས་གདན་རབས་གོང་མའི་སྐུ་ཚ་བྱང་ཆུབ་རྡོ་རྗེས་ཡང་སྲིད་སྤྲུལ་སྐུ་འཚོལ་ཞོབ་བྱེད་པར་བརྒྱུད་དེ།

གནས་ནང་སྤྲུལ་སྐུ་དང་ཨ་པཾ་གཏེར་སྟོན་སོགས་ཀྱིས་གོང་ཐར་བླ་མ་དཔལ་ལྡན་གྱི་ཡང་སྲིད་སྐུ་ཕྲེང་བཞི་པར་ངོས་བཟུང་ཞིང་དགོན་པར་ཁྲི་ཁར་བཀོད།

དེ་ནས་ཡབ་ཀྱི་དྲུང་དུ་ཡི་གེ་འབྲི་ཀློག་མཐར་ཕྱིན་པ་སྦྱང་ཞིང་དགུང་ལོ་བཅུ་གཅིག་སྟེང་དུ་གནས་ནང་ལ་གྲྭ་སར་བྱོན་ནས་སྟོང་སྐོར་སྤྲུལ་སྐུ་བཤད་སྒྲུབ་རྒྱ་མཚོ་དང་ཤུག་ཆང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ་སོགས་བླ་མར་བསྟེན་ནས་བྱང་གཏེར་སྐོར་གྱི་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་མན་ངག་བཅས་པར་གསན།

དགུང་ལོ་བཅོ་ལྔའི་སྟེང་དུ་རང་དགོན་དུ་བྱོན་ཞོང་བསྟན་བདག་གི་འགན་འཁྲི་བཞེས་མཐར། དུས་ཀྱི་འཕོ་འགྱུར་བྱུང་བར་འབྲེལ་ཁོང་གིས་སྔོན་རྗེས་སུ་རྟའུ་རྫོང་དམངས་ཆེན་རྒྱུན་ཨུའི་ཀྲུའི་རིན་གཞོན་པ་དང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ།

རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་འགན་རིམ་པར་བཞེས་ཏེ་འཚོ་ཞིང་ཞབས་པད་བརྟན་བཞིན་པ་ལགས་སོ།། དེ་ནས་གོང་དུ་བཤད་པའི་བསྟན་བདག་དེ་དག་གི་སྐུ་རིང་ལ་བླ་མ་རྗེས་ཚེ་དང་བླ་མ་རྟ་མགྲིན་ཚེ་རིང་། སྐུ་ཚ་བྱང་ཆུབ་རྡོ་རྗེ། བླ་མ་སྐལ་བཟང་ཐར། བླ་མ་ཡེ་ཤེས་ཚེ་རིང་།

ཡེ་ཤེས་རྡོ་རྗེ་སོགས་བླ་རབས་ལྟར་བྱོན་ནས་གདན་བསྟན་བདག་རིམ་བྱོན་དང་ཕན་ཚུན་བླ་སློབ་ཟུང་དུ་འབྲེལ་ཏེ་མི་ལོ་སུམ་བརྒྱ་ལྷག་གི་རང་བཞིན་ལྡན་ནོ།།

དེ་ནས་དགོན་པའི་སྐུ་གསུང་ཐུགས་རྟེན་དང་ཚེས་དུས་མཆོད། ཡོན་གྱི་འབྱུང་ཁུངས། ཡུལ་དགོན་གཞན་དང་འབྲེལ་ཚུལ་བཅས་རགས་རིམ་འགོད་པ་ལ། བླ་མ་ཤཱཀྱ་རྒྱལ་མཚན་དངོས་གྲུབ་ཀྱི་ཚུལ་དུ་གནང་བའི་རྡོ་རྗེ་འཆང་ལི་མ་(ཕྱིས་སུ་ཉ་མཚོ་དགོན་པས་ཁྱེར)སོགས་སྐུ་འགའ་དང་།

བླ་མ་ཤཱཀྱ་རྒྱལ་མཚན་གྱི་ཐུགས་རྟེན་སྤྱན་རས་གཟིགས་ཕྱག་བཞི་པ་ཤིན་ཏུ་རྩ་ཆེན་ཞིག་དང་སྤྱན་རས་གཟིགས་དང་གུ་རུ། ཐང་སྟོང་རྒྱལ་པོ་རྩེག་ཚད་མ། གུ་རུ་མཚན་བརྒྱད་ལུས་ཚད་མ་སོགས་འཇིམ་སྐུ་མང་། ཞི་ཁྲོ་དམ་པའི་རིགས་བརྒྱ་དང་གུར་དྲག བསམ་ལྷུན་སོགས་ཀྱི་ཐང་རྙིང་མང་།

རྙིང་མ་རྒྱུད་འབུམ་དང་ཀློང་ཆེན་མཛོད་བདུན། དགོངས་པ་ཟང་ཐལ། སྙིང་ཐིག་དུམ་གཉིས། སྙིང་ཐིག་ཡ་བཞི་སོགས་མང་དུ་བཞུགས། བླ་མ་ཤཱཀྱ་རྒྱལ་མཚན་གྱི་སྐུ་གདུང་མཆོད་རྟེན་(གཟུངས་གསེར་ཡིན་ཞིང་གོང་ཐར་བླ་མ་དཔལ་ལྡན་གྱིས་བཞེངས)སོགས་ཐུགས་རྟེན་དུ་བཞུགས། གཞན་ཡང་དགོན་པའི་འདུ་ཁང་ཆེ་ཆུང་གཉིས་དང་འཁོར་ཁང་།

[page 578] གྲྭ་ཤག་བཅུ་ལྷག་གཙོ་བྱས་པའི་སྒྲོས་ལེགས་ལ་སྤུས་ཚད་བཟང་ཞིང་རིན་ཐང་ཆེ་བའི་རོལ་མོ་སོགས་མཆོད་རྫས་ཆ་ཚང་བ་གཞན་གྱི་དགོན་པ་ཆུང་ངུ་དང་འདྲ་བ་ཡོད་པ་ལགས་སོ།།

དགོན་པའི་ལོ་འཁོར་མོའི་དུས་མཆོད་ནི་མ་ཎི་ལོ་སྒྲུབ་ཀྱི་རྨ་གཞིའི་སྟེང་དུ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་ཟླ་མཚམས་དང་ཐོས་གྲོལ་གནས་སྟོང་། སྙུང་གནས་ཆ་བརྒྱད་སོགས་འཚོགས་རྒྱུ་མཆིས་སོ།

ཡོན་གྱི་འབྱུང་ཁུངས་ནི་དགོན་པར་དབང་བའི་ས་ཞིང་གི་རྒྱ་ཁྱོན་མོའུ་སུམ་ཅུ་ལྷག་ཡོད་པ་དེ་དགོན་པའི་ལས་ཐོག་གི་ཆེད་གཉེར་མི་གསུམ་གྱི་གྱིས་ལག་ལེན་བྱེད་དགོས་པའི་ལམ་སྲོལ་ཆགས་ཡོད།

ཆེད་གཉེར་མི་གསུམ་གྱིས་དགོན་གཞུང་ནས་ས་བོན་སོགས་ཀྱི་རྒྱུ་གདན་(སྒོར་མོ་སྟོང་ཕྲག་ཆ་ཤས་ཀྱི་རིན་ཡོད་པ་སྙམ)བླངས་ཤིང་ལོ་གསུམ་རེར་རྨོ་བཀོལ་སོ་ནམ་རང་སྟོབས་རང་སྤེལ་བྱས་ནས་ཐོག་སྐྱེད་ཀྱིས་མ་ཎི་ལོ་སྒྲུབ་པའི་འཚོ་རྟེན་དང་ཐོས་གྲོལ་གནས་སྟོང་སོགས་ཀྱི་ཚོགས་པའི་གཏོང་སྒོ་བྱེད་དགོས་པའི་སྲོལ་རྒྱུན་ཆགས་ཡོད།

ཡོན་ཁའི་དངོས་པོ་དགེ་འདུན་པ་དུས་ཐོག་ཏུ་བགོ་བ་ཙམ་ལས་གཞན་གྱི་ལམ་ལུགས་མ་མཆིས་སོ།། དགོན་པར་རྟེན་བཞེངས་དང་འཛུགས་བསྐྲུན་སོགས་ཀྱི་ཐད་ལ་དགོནཔའི་བསྟན་བདག་རིམ་བྱོན་གྱི་ཐོག་མཐའ་བར་གསུམ་དུ་ཐུགས་སྐུར་བྱེད་དགོས་པ་སེམས་སོ།། དགོན་པ་ཆོས་རྒྱུད་ཀྱི་ཐད་ནས་གནས་ནང་དགོན་པའི་དགོན་ལག་དང་སྲིད་དབང་གི་ཐད་ནས་ཉ་མཚོ་དགོན་པའི་དགོན་ལག་ཏུ་གཏོགས་སོ།།

དེང་གི་གནས་ཚུལ་ནི་དགོན་པ་དེ་ངོ་རྒོལ་བཞི་པ་དང་རིག་གནས་གསར་བརྗེ་འི་སྐབས་སུ་ཕྱི་ཁོག་དང་ནང་རྟེན་ཐམས་བཅད་འབྱུང་བཞིར་ཐིམ་པར་གྱུར། ཕྱིས་སུ་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་ཚེ།

རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་ཁྱི་ཡི་ལོར་རྟའུ་རྫོང་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པར་བརྒྱུད་དེ་དགོན་བདག་སྤྲུལ་སྐུ་ཐུབ་བསྟན་སྐལ་བཟང་རྒྱ་མཚོ་དང་རྣམ་རྒྱལ་རྡོ་རྗེ་རྣམ་གཉིས་དབུ་བཞུགས་མཛད་འོག

རྒྱལ་ཆེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་རྣམས་ཀྱི་མཉམ་དུ་མི་ཤུགས་དངོས་ཤུགས་མཉམ་འདོན་བྱས་ནས་འདུ་ཁང་རྟེན་དང་བརྟེན་པ་ཞེངས་པ་ལེགས་པར་གྲུབ་པར་མ་ཟད། སྔར་མེད་ཀྱི་བཀའ་འགྱུར་དང་བསྟན་འགྱུར། རིན་ཆེན་གཏེར་མཛོད་སོགས་གསུང་འབུམ་མང་དུ་བླུས་ཡོད།

མིག་སྔར་དགེ་འདུན་པ་སུམ་ཅུ་ལྷག་ཙམ་གྱི་སྔར་གྱི་ཆོ་གའི་ཕྱག་བཞེས་མ་ལུས་པའི་ཆོས་རྒྱུན་མཐར་ཆགས་སུ་སྐྱོང་བར་ལེགས་སོ།། འཕྲིན་དགའ་ནས།

གཡུ་མཁར་དགོན་གྱི་ལོ་རྒྱུས།

གཡུ་མཁར་དགོན་པ་ནི་རབ་བྱུང་བཅུ་གཉིས་ཙམ་གྱི་ནང་དུ་ཆགས། གྲུབ་མཐའ་རྙིང་མ་བ་ཡིན། དེང་སང་རྟའུ་རྫོང་རྒྱ་གྲོང་ཤང་གི་ཁོངས་སུ་གཏོགས། དེ་ཡང་ངག་རྒྱུན་ལྟར་ན་གནས་དེ་རུ་བོན་བླ་གཡང་སྲུང་རྒྱལ་མཚན་གྱིས་ཕྱག་བཏབ་མཛད་ཅིང་བོན་གྱི་ཆོས་རྒྱུད་སྤེལ་བའི་རི་ཁྲོད་ཅེས་ཡོད་པར་[page 579] གྲགས།

ཕྱིས་སུ་རབ་བྱུང་བཅུ་གཉིས་པའི་ནང་རྒྱ་སྤྲུལ་ལུང་རིག་གི་གླིང་བ་དང་གཡུ་ཁོག་དཔོན་ཝ་ཤུལ་ཀརྨ་ཉིན་གྲགས་རྣམ་གཉིས་བླ་དཔོན་ཉི་ཟླ་ཟུང་དུ་འབྲེལ་ཏེ་སྔ་གྱི་རི་ཁྲོད་དེ་གཡུ་ཁོག་རལ་གྲི་ཐང་སྟོད་དུ་གནས་སྤོས་ཤིང་གཡུ་ཁོག་ཐེག་ཆེན་ཆོས་འཁོར་གླིང་རྟེན་དང་བརྟེན་པ་ཐམས་བཅད་བཞེངས་ཏེ་རབ་གནས་མེ་ཏོག་ཐོར་བར་མཛད།

གནས་བདག་རྡོ་རྗེ་གཡུ་ཁྲོམ་གྱི་རྟེན་མཁར་རིན་ཆེན་གཡུའི་ས་གྲུབ་པ་ཡིན་སྟབས་གཡུ་མཁར་དགོན་ཞེས་མིང་ཆགས།

གདན་རབས་བྱོན་ཚུལ་བསྟན་པ་སྐྱོང་ཚུལ། དེ་ལྟར་དགོན་པ་དེར་གདུང་རབས་དང་དཔོན་རབས། སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་བཅས་ཀྱིས་མཉམ་དུ་གདན་ས་སྐྱོང་བའི་སྲོལ་རྒྱུན་ཆགས་ཡོད་པ་ཉུང་བསྡུས་ཤིག་རིམ་གྱིས་འགོད་ན། དགོན་པའི་གདན་རབས་དང་པོ་རྒྱ་སྤྲུལ་ལུང་རིག་གླིང་བ་ནི། རིག་འཛིན་ཉི་གྲགས་ཀྱི་གཏེར་ལུང་ལས།

བྱའམ་ཁྱི་ཡི་ལོ་པ་གསང་རྨི་ཅནཿདེ་ནི་རྩེ་བའི་ཆོས་བདག་སྐྱེས་བུ་ཡིནཿཞེས་དང་རིག་འཛིན་གསང་སྔགས་གླིང་པའི་གཏེར་ལུང་ལས།

སྐྱེ་མཐའ་མཧཱ་ཙི་ནི་རིགསཿཤེས་རབ་ཆེ་ཞིང་བྱང་སེམས་ལྡནཿལས་ཀྱི་རིག་ས་རྟགས་འཆང་བ་འབྱུངཿཞེས་སོགས་དྲི་མེད་རྡོ་རྗེ་ལུང་གིས་ཟིན་པ་ལྟར་རབ་བྱུང་བཅུ་གཅིག་པའི་མཇུག་གམ་ཡང་ན་རབ་བྱུང་བཅུ་གཉིས་པའི་འགོ་ཙམ་དུ་རརྒྱ་རིགས་དཀྱུས་མའི་དུད་ཁྱིམ་དུ་སྐུ་འཁྲུངས་བྱིས་པའི་དུས་ནས་སྐྱེས་ཐོབ་ཀྱི་ཤེས་རབ་གཞན་ལས་ཁྱད་དུ་འཕགས།

དགུང་ལོ་བདུན་ནས་བཅུའི་བར་ཡི་གེ་ཕྱི་མོར་སྦྱངས་པ་ནང་བྱན་ཆུད་པར་མཛད།

དེ་ནས་རྫོགས་ཆེན་དགོན་དུ་གྲྭ་སར་བྱོན་ཞིང་རྫོགས་ཆེན་རིན་པོ་ཆེ་སོགས་ཐུན་མིན་གྱི་བླ་མར་བསྙེན་ནས་གཞུང་ཆེན་བཅུ་གསུམ་དང་རྒྱུད་སྡེ་ཕྱིན་ནང་ཀུན་ལ་ཐོས་བརྩོན་ལྷོད་མེད་བསྐྱེད་མཐར་མཁས་བཙུན་བཟང་བའི་ཡོན་ཏན་གྱི་ཐུགས་རྒྱུད་ཕྱུག་པར་གྱུར་རྗེས།

རྫོགས་ཆེན་རིན་པོ་ཆེས་ཞལ་བཀོད་ལྟར་གཡུ་ཁོག་ཏུ་ཆིབས་སྒྱུར་གནང་ནས་དཔོན་ཀརྨ་དབང་གྲགས་དང་ཁོང་ཁོང་རྣམ་གཉིས་ཀྱིས་གཙོ་འགན་བཞེས་ཏེ། གཡུ་མཁར་དགོན་པ་བཞེངས་ཤིང་གྲུབ་དབང་རྫོགས་ཆེན་པའི་ཆོ་གའི་ཕྱག་བཞེས་སྤེལ་ཏེ་སློབ་ཚོགས་བསྐྱངས།

དེ་ནས་བཟུང་ཁོ་ཉིད་བསྟན་པའི་བདག་པོར་གྱུར་ཞིང་དགོན་པ་དེར་དོང་སྤུགས་ངན་སོང་སྦྱོང་བའི་མཆོད་ཆོ་ག་དང་སྒྱུ་འཕྲུལ་ཞུང་བའི་མཆོག་ཆོག ཁྲོ་བའི་མཆོག་ཆོག རོང་ཟོམ་ལུགས་ཀྱི་ཕུར་བའི་སྒྲུབ་མཆོད།

གནས་བརྟན་མཆོད་ཆོག་བཅས་བཀའ་མའི་སྒྲུབ་ཁག་ལྔ་བཙུགས་ཏེ་མཛད་ཕྲིན་མཐར་ཆགས་སུ་གནང་མཐར་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་དུ་ཐུགས་གཏད། དེའི་སྐུ་ཚ་རྒྱ་ལྷ་མོ་ཚེ་རིང་གདན་སར་བྱོན་ཏེ་དགོན་པ་སྤྱི་ལ་ཐུགས་ཁུར་མཛད་དེ་གདན་རབས་བསྐྱངས་པ་དང་དམིགས་གསལ་དོང་སྤྲུགས་ངན་སོང་སྦྱོང་བའི་མཆོད་ཆོག་གི་ཁྲི་བ་མཛད།

དེའི་སྐུ་ཚ་རིག་འཛིན་རྣམ་རྒྱལ་ལམ་དབོན་པོ་རིང་ཐོ་ནི་རྒྱ་བླ་བྲང་དུ་སྐུ་འཁྲུངས། ཁོང་གིས་དགོན་བདག་དང་དོང་སྦྲུགས་ཁྲི་བ་མཛད་གདན་རབས་གོང་མའི་ཕྱག་བཞེས་བསྐྱངས་མཐར་སྐུ་གཤེགས། དེའི་སྐུ་ཚ་ཐུབ་བསྟན་བྱང་ཆུབ་རྡོ་རྗེའམ་རྒྱ་ཆོས་རིགས་ནི་རབ་བྱུང་བཅོ་ལྔའི་ནང་དུ་རྒྱ་བླ་བྲང་ཚང་དུ་སྐུ་འཁྲུངས།

སྐུ་གཞོན་ནུའི་དུས་སུ་རྫོགས་ཆེན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རིག་འཛིན་རྣམ་རྒྱལ་གྱི་[page 580] ཡང་སྲིད་སྤྲུལ་སྐུར་ངོས་བཟུང་། དགུང་ལོ་ཉེར་གཉིས་སྟེང་དུ་གཡུ་མཁར་དགོན་དུ་ཁྲི་འདོན་མངའ་གསོལ་མཛད།

དེ་ནས་སྐུ་ཚ་འཇམ་དབྱངས་དང་ཁོང་ཞིང་ཆེན་རྣམ་གཉིས་ཀྱིས་བསྟན་བདག་དང་དོང་སྤྲུགས་ཁྲི་བ་མོས་མོས་སུ་མཛད་རྗེས། རབ་བྱུང་བཅུ་དྲུག་སྒྱུར་པའི་བྱེད་ཅེས་པ་ས་མོ་ཕག་གི་ལོར་སྐུ་གཤེགས།

རྒྱ་བླ་བྲང་དུ་ཡབ་ནག་རྟ་འཇིག་ཚེ་དང་ཡུམ་རྒྱ་འབའ་ལོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པའི་རྒྱ་འཇམ་དབྱངས་ནི་ད་ལྟ་ལ་གཡུ་མཁར་དགོན་པའི་བསྟན་བདག་གི་འགན་བཞེས་ཏེ་ཞབས་པད་བརྟན་བཞིན་པ་ལགས་སོ།། དཔོན་རབས་ལ་བསོད་ནམས་དབང་འདུས་དང་ཀརྨ་སྙན་གྲགས།

དཔོན་བླ་དགེ་འདུན་རྒྱ་མཚོ་ཁོང་གི་དཔོན་པོ་དང་བསྟན་བདག་བླ་མ་གཅིག་ལྕོགས་བྱས་པའི་སྐབས་སུ་གཡུ་མཁར་དགོན་པ་ཅུང་ཉམས་པར་ཕྱིན་ཡོད་སྟབས། ལུགས་གཉིས་ལ་ཐབས་མཁས་མཛངས་སྤྱོད་རྨད་དུ་བྱུང་བའི་བླ་མ་དེས་ལོ་ཁོག་མ་དང་གཡུ་ཁོག་བའི་བར་འཁྲུག་རྩོད་ཞོད་འཇགས་སུ་བཏང་ཞིང་ཞི་བདེ་ཡི་རྣམ་པར་སྒྱུར།

གཡུ་མཁར་དགོན་པར་ཆོས་ཁྲིམས་ནན་གྱིས་བསྡམས་པ་དང་དགེ་ཚུལ་སློང་གི་སྡོམ་པ་འབོགས་གནང་མཛད་པ། དགོན་པའི་བཤད་སྒྲུབ་གྲྭ་རྒྱ་བསྐྱེད་བཏང་ཞིང་བཤད་གྲྭ་བ་དང་སྒྲུབ་གྲྭ་བ་ལ་གླ་ཕོག་སྤྲོད་པའི་ལམ་ལུགས་བཙུགས་པ། དགོན་པར་རྟེན་བཞེངས་མང་དུ་མཛད་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་བསྒྲུབས། བསོད་ནམས་རྒྱལ་མཚན།

དབང་ཆེན་བདུད་འདུལ་བཅས་ཝ་ཤུལ་གཡུ་ཁོག་གི་སྔ་གཞུག་དཔོན་པོ་རྣམས་ཀྱིས་དགོན་པའི་བླ་སྤྲུལ་རྣམས་དང་མཉམ་དུ་དགོན་པར་ལྟ་སྐྱོང་ཞབས་ཞུ་མི་དམན་པར་མཛད་ཡོད་པ་ལགས་སོ།། དེ་ནས་དགོན་པའི་སྤུལ་སྐུ་རིམ་བྱོན་ནི་གདན་ས་དེར་བཞུགས་པའི་མཁས་ཤིང་གྲུབ་པའི་བྱ་བ་མ་ལུས་བློ་གྲོས་ཀྱི་དཀྱིལ་འཁོར་ཆེན་པོ་རྒྱལཔའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་རྣམ་པར་ཐལ་བ་ནི།

གསེར་ཐང་རྫོང་རིག་གནས་ཁང་གི་ཨ་ཁུ་བསོད་ནམས་ཉི་མའི་བརྩམས་བསྒྲིགས་གནང་ཟིན་སྟབས་འདིར་མ་བཀོད། རྟ་ནག་བླ་མ་མདོ་སྔགས་ཀྱི་ཡང་སྲིད་སྤྲུལ་སྐུ་ཚེ་གཅེས་ནི་རབ་བྱུང་བཅོ་ལྔ་བ་ཙམ་གྱི་ནང་དུ་སྐུ་འཁྲུངས།

ཁོང་གིས་གཡུ་མཁར་དགོན་པའི་གདན་ས་སྐྱོང་ཞིང་སྒྲུབ་ཁག་ལྔའི་ནང་ཚན་སྒྱུ་འཕྲུལ་ཞིང་བའི་མཆོད་ཆོག་གི་ཁྲི་བའི་འགན་འཁྲི་ཐུགས་ཉམས་སུ་བསྟར། དེ་ནས་བཟུང་ཉིད་ཡང་སྤྲུལ་རིག་མཆོག་རྡོ་རྗེ་(རབ་བྱུང་བཅོ་ལྔ་པའི་སྨད་དུ་སྐུ་འཁྲུངས།

རབ་བྱུང་བཅུ་དྲུག་པའི་ཆུ་སྟག་ལོར་སྐུ་གཤེགས)དང་རྒྱ་མོ་ཚེ་རིང་གི་ཡང་སྲིད་རྒྱ་ཤུལ་ཆེ་མཆོག་རྡོ་རྗེ་(དེང་སང་གནད་ས་སྐྱོང་ཞིང་ཁྲི་བའི་འགན་བཞེས་བཞིན་འཚོ་)རྣམ་གཉིས་སྒྱུ་འཕྲུལ་ཞིང་བའི་མཆོག་ཆོག་གི་ཁྲི་བ་བྱས་པའི་སྲོལ་ཆགས།

ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱི་ཡང་སྲིད་ཨ་ཚ་བ་སྤྲུལ་སྐུ་པདྨ་བསྟན་འཛིན་ནི་རབ་བྱུང་བཅོ་ལྔ་བའི་སྟོད་དུ་གཡུ་ཁོག་ཨ་ཚ་བ་ཚང་དུ་སྐུ་འཁྲུངས། བྱིས་པ་ཆུང་དུས་ནས་ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་བཟུང་། དེ་ནས་གདན་ས་སྐྱོང་ཞིང་སྒྲུབ་ཁག་ལྔའི་ནང་གསེས་ཁྲོ་བོ་མཆོད་ཆོག་གི་ཁྲི་བ་མཛད།

དེ་ནས་བཟུང་ཉིད་ཀྱི་ཡང་སྲིད་པདྨ་འགྱུར་མེད་རབ་བྱུང་བཅུ་དྲུག་པའི་ཐོག་མ་མེ་མོ་ཡོས་ཀྱི་ལོ་སྐུ་འཁྲུངས། རབ་བྱུང་དེའི་ཤིང་བྱ་ལོར་སྐུ་གཤེགས་དང་རྒྱ་ཤུལ་སྤྲུལ་[page 581] སྐུའི་གཉིས་པ་སངས་རྒྱས་བཟང་པོའི་ཡང་སྲིད་སྤྲུལ་སྐུ་ཆོས་གྲགས་རྒྱ་མཚོ་རབ་བྱུང་བཅོ་ལྔ་བའི་ནང་དུ་འཁྲུངས། དེའི་ཡང་སྲིད་འགྱུར་མེད་ཐུབ་བསྟན་རྒྱ་མཚོ་བཅས་སྤྲུལ་སྐུ་སྐྱེ་ཕྲེང་རིམ་བྱོན་རྣམ་གཉིས་ཀྱིས་ཁྲོ་བོ་མཆོད་ཆོག་གི་ཁྲི་བ་བྱས་པའི་སྲོལ་ཆགས།

མཆེན་སྣང་སྤྲུལ་སྐུ་མི་ཕམ་རྒྱལ་མཚོ་ནི་བྲག་འགོ་ས་ཁུལ་དུ་སྐུ་འཁྲུངས། བྱིས་པའི་དུས་ནས་རྫོགས་ཆེན་རིན་པོ་ཆེའི་ཐུབ་བསྟན་ཆོས་ཀྱི་རྗེས་ངོས་བཟུང་ཞིང་གཡུ་མཁར་ཐེག་ཆེན་ཆོས་འཁོར་གླིང་གི་གསེར་ཁྲིར་མངའ་གསོལ། དེ་ནས་གདན་ས་སྐྱོང་ཞིང་ཁོང་ཉིད་དང་རྒྱ་ཤུལ་དཔོན་པོ་གཡུ་རིས་ཞིང་ཆེན། ཁ་རོང་སྤྲུལ་སྐུ།

བླ་མ་གསལལ་ཐོབ་སོགས་ཀྱིས་སྔ་གཞུག་ཏུ་སྒྲུབ་ཁག་ལྔའི་ནང་གསེས་ཕུར་བ་སྒྲུབ་མཆོད་ཀྱི་ཁྲི་བ་མཛད། ཁར་བ་ཡེ་ཤེས་རྡོརཇེའི་ཡང་སྲིད་ཁར་བ་པདྨ་བསྟན་འཛིན་ནི་རབ་བྱུང་བཅོ་ལྔ་པའི་རྣམ་འཕྱང་ཞེས་པ་ས་ཕོ་ཁྱིའི་ལོར་གཡུ་ཁོག་ཏུ་སྐུ་འཁྲུངས། བླ་མ་ངག་དབང་ནོར་བུས་སྐུ་བདག་མཛད།

ཁོང་གིས་གདན་ས་སྐྱོང་བ་དང་ཆབས་ཅིག་སྤྲུལ་སྐུ་ཚུལ་ཁྲིམས་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་དང་རྒྱལ་ཆེ་བ་བླ་མ་མཁྱེན་རབ་སོགས་སྒྲུབ་ཁག་ལྔའི་ནང་གསེས་གནས་བརྟན་མཆོད་ཆོག་གི་ཁྲི་བ་བྱོན།

གཞན་ཡང་གོང་སྤྲུལ་པདྨ་རྒྱས་པ་(ཁོང་གིས་ཕྱག་རྒྱུ་འབོར་ཆེན་འགྲོ་གྲོན་གཏོང་ནས་བཤད་སྒྲུབ་གྲྭ་རྒྱ་བསྐྱེད་བྱས་)ཧོར་བླ་གཞན་ཕན་སྐུ་ཕྲེང་རིམ་བྱོན་དང་སྤྲུལ་སྐུ་བསོད་ནམས་སེང་གེ། ངེ་ལོ་བ་འགྱུར་མེད་ཀུན་མཆོག་ངེས་ལོ་བ་ཆོས་དཔལ་བཟང་པོ་སྐུ་ཕྲེང་རིམ་བྱོན།

གཡུ་ཁོག་བྱ་བྲལ་གྱི་ཡང་སྲིད་མཉམ་མེད་རང་བྱུང་རྡོ་རྗེ་(དེང་སང་གཡུ་མཁར་དགོན་པའི་བསྟན་བདག་གི་འགན་བཞེས་ནས་བཞུགས། )རིག་འཛིན་ཟླ་བ་སོགས་སྤྲུལ་སྐུ་སྐྱེ་ཕྲེང་རིམ་བྱོན་དང་ཤེས་རབ་བཟང་པོ་དང་མཁན་པོ་དོན་གྲུབ་དབང་རྒྱལ། མཁན་པོ་པདྨ་ཐེག་མཆོག མཁན་པོ་རིག་བྱེད་རྡོ་རྗེ། མཁན་པོ་ཨ་ཚ་བ་ཆེ་ལྷ།

བླ་མ་ཀུན་མཁྱེན། མཁན་པོ་སྨན་ལྷ། མཁན་པོ་དོན་གྲུབ་ཚེ་རིང་སོགས་གདན་སར་བྱོན་ཞིང་གཡུ་མཁར་ཐེག་ཆེན་ཆོས་འཁོར་གླིང་གི་གསང་སྔགས་སྔ་འགྱུར་བའི་བཀའ་གཏེར་སྤྱི་དང་བྱེ་བྲག་གི་བཤད་སྒྲུབ་འཁོར་ལོ་གཉིས་ཀྱི་ཕྱག་སྲོལ་རྒྱུན་འཛིན་མཐའ་འཁྱོངས་སུ་གནང་བ་ལགས་སོ།།

བཤད་སྒྲུབ་ཀྱི་སྲོལ་ཆགས་ཚུལ། དེ་ཡང་ཆོས་སྡེ་དེར་ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་ཚུལ་ནི།

དགོན་པ་ཕྱག་འདེབས་པ་པོ་གྲུབ་ཆེན་ལུང་རིག་གླིང་བས་བཀའ་མའི་སྒྲུབ་ཁག་ལྔ་བཙུགས་པ་ནས་བཟུང་དེང་གི་བར་དུ་འོད་གསལ་རྫོགས་པ་ཆེན་པོ་སྒོམ་སྒྲུབ་ཉམས་ལེན་གྱི་ཕྱག་བཞེས་གཙོ་བོར་མཛད་པའི་སྒྲུབ་གྲྭ་ཡོད་པ་དང་། དགོན་པ་ཐོག་མར་ཆགས་སྐབས་བཤད་གྲྭ་མཚོན་པ་ཙམ་ཡོད་པར་པར་སེམས།

ཕྱིས་སུ་དཔོན་བླ་དགེ་འདུན་རྒྱ་མཚོའི་བསྟན་བདག་མཛད་སྐབས་བཤད་གྲྭ་རྒྱ་སྐྱེད་བཏང་ཞིང་འདུལ་བ་མདོ་རྩ་བ་དང་སྤྱོད་འཇུག རྒྱལ་སྲས་ལག་ལེན། སྡོམ་གསུམ། མཛོད་བདུན་སོགས་ཀྱི་འཆད་ཉན་སྤེལ། དེ་ནས་བཟུང་བྱ་བྲལ་ཆོས་དབྱིངས་རང་གྲོལ་དང་། ཤེས་རབ་བཟང་པོ། གོང་སྤྲུལ་པདྨ་རྒྱས་པ། ནག་རྟ་མདོ་སྡེ།

ཨ་ཚབ་པདྨ་བསྟན་འཛིན། མཁན་པོ་རིག་བྱེད་རྡོ་རྗེ། ཨ་ཆེ་བ་ཚེ་ལྷ། མཁན་པོ་སྨན་ལྷ་སོགས་མཁན་སྤྲུལ་བར་མ་ཆད་པར་བྱོན་ཞིང་བཤད་སྒྲུབ་གྲྭ་སོ་སོ་བསྐྱངས་པའི་སྲོལ་རྒྱུན་[page 582] གཏན་འཇགས་སུ་ཡོད་པ་ལགས་སོ།།

དགོན་པའི་ཕྱི་ཁོག་ནང་རྟེན་དང་མཆོད་རྫས་སྐོར། དེ་ཡང་གཡུ་མཁར་དགོན་པ་ཆགས་ནས་བགྲང་བུ་ཉག་མ་དེ་དག་གི་རིང་ལ་སྐལ་ལྡན་ལས་ཅན་རྣམས་ཀྱིས་བསོད་ནམས་ཀྱི་ཞིང་སར་བསགས་པའི་རྟེན་དང་བརྟེན་པའི་གྲངས་ཀ་མདོ་ཙམ་བརྗོད་ན། དགོན་པའི་ཕྱི་ཁོག་ལ་འདུ་ཁང་དང་བཤད་སྒྲུབ་གྲྭ་ཁང་།

དཔོན་པོ་དང་བླ་སྤྲུལ་རིམ་བྱོན་གྱི་བླ་བྲང་ཁང་། རྒྱུ་མཛོད་ཁང་། སྤྱི་ཁང་། གཉེར་ཁང་། ཇ་ཁང་། འཁོར་ཁང་། གྲྭ་ཁང་སོགས་མཆིས། ནང་རྟེན་ལ་སྟོན་པ་དང་གུ་རུ་རྩེག་ཚད་མ། དུས་གསུམ་སངས་རྒྱས། གུ་རུ་མཚན་བརྒྱད། འོད་དཔག་མེད། རྡོར་སེམས། སྤྱན་རས་གཟིགས་དང་། དུས་མཆོད་བདེ་ཆེན་ཞིང་སྒྲུབ། དབྱར་གནས།

དགུན་ཆེན་འཆམ་སྦྲགས། སྤྱི་སྲུངས་སོགས་འཚོགས་རྒྱུ་མཆིས་སོ།།

ཡོན་གྱི་འབྱུང་ཁུངས་དང་འགན་བཞེས་པའི་གོ་རིམ་སོགས་ཀྱི་སྐོར། དེ་ཡང་གཡུ་མཁར་དགོན་པའི་དཔལ་འབྱོར་གྱི་ཡོངས་ཁུངས་ནི། དགོན་པའི་བསྟན་བདག་(དཔོན་རབས་དང་གདུང་རབས། སྤྲུལ་སྐུ་སྐྱེ་ཕྲེང་རིམ་བྱོན)རིམ་བྱོན་གནང་བའི་ཐབས་བཞག་རྒྱུ་རྩ་དང་།

དགོན་པའི་ལྷ་སྡེར་གྱུར་བའི་ཝ་ཤུལ་ལ་གཡུ་ཁོག་པ་དང་ཝ་ཤུལ་གཡུ་ཉི་བ། ཝ་ཤུལ་ཆུ་བར་པ། ཝ་ཤུལ་ཆུ་དམར་བ། ཝ་ཤུལ་བན་ཐམ། ཀེ་འཕེན་གེགས་ཐ་མ་བཅས་ཀྱི་དབུལ་ཕྱུག་མི་སྙོམས་པའི་དུད་ཁྱིམ་བརྒྱ་ཕྲག་འགས་ཤི་བོའི་དགེ་རྩ་འགྱེད་ཡོན་ཁ་སོགས་ལ་ཕུལ་བའི་མཆོད་ཐེབས་ཀྱི་རྒྱུ་རྩ།

རོང་འབྲོག་བར་དུ་སིལ་ཚོང་གཉེར་བའི་ཁེ་སྤོགས་ཡིན། ངག་རྒྱུན་ལ་སྤྱི་བ་རེ་ལ་དངུལ་རྡོ་ཚད་བརྒྱ་ཞེས་པར་བརྟག་ན་དགོན་གཞུང་ཐུན་མོང་ལ་སྒོར་མོ་འབུམ་ཕྲག་ཆ་ཤས་ཀྱི་རིན་ཐང་གི་མ་གདན་རྒྱུ་རྩ་ཡོད་པར་སེམས།

དེ་དག་སྤེལ་གཉེར་གྱི་ལམ་ལུགས་ཆགས་ཚུལ་ནི་དགེ་འདུན་པའི་བསླབ་པའི་གོ་རིམ་ལྟར་གྱི་དགེ་འདུན་པ་རེ་རེ་ལོ་གསུམ་ར་ལ་རེས་མོས་ཀྱི་སྤྱི་ཆེན་དང་འཚེ་འབར་སྤྱི་བ། བཤད་སྒྲུབ་སྤྱི་བ་གསུམ་བསྐོས་ཏེ་དགོན་པའི་མཁོ་སྤྲོད་དང་འགྲོ་སོང་དང་ཡོང་སྒོ་སོགས་ལ་བདག་གཉེར་དང་ཞིབ་བཤེར་བྱས་ཏེ།

དགོན་གཞུང་སྐྱོང་བ་དང་རང་རང་གི་ལས་འགན་ཐོག་འབབ་འབྲེལ་གྱི་གཏོང་སྒོ་བྱས་པའི་ལམ་ལུགས་རྒྱུན་ཆགས་ཡོད་པར་ངེས། དགོན་པར་ཐོག་མཐའ་བར་གསུམ་གཟིགས་སྐྱོང་མཛད་དེ་མཛད་རྗེས་འབུར་ཐོན་གནང་མཁན་རྣམས་དགོན་བདག་དང་།

གྲྭ་ས་གོང་མ་དང་བཤད་སྒྲུབ་གྲྭ་ནས་ལོ་ངེས་ཅན་ཞིག་ཐོས་བསམ་སྒོམ་སྒྲུབ་མཛད་པར་བླ་མ་དང་མཁན་པོའི་མཚན་གསོལ། ཆོ་གའི་ཕྱག་ལེན་དང་འདོན་རྟ་དབྱངས། འབུང་རྡུང་བཀྲོལ་བ་སོགས་ལ་མཁས་པར་དབུ་མཛད་ཀྱི་མཚན་གསོལ། དགོན་གཞུང་སྤྱི་ལྷ་ལྷག་བསམ་ཆེ་བར་དགེ་བསྐོས་ལ་བསྐོས།

དཀྱིལ་འཁོར་ཐིག་ཚད་དང་གཏོར་བཟོ་རྩལ་སོགས་ལ་མཁས་པར་མཆོད་དཔོན་བསྐོས་པ་སོགས་ཀྱི་ལམ་ལུགས་ཆགས་ཡོད་པ་ངེས་སོ།།

དགོན་པ་ཉམས་ཆགས་བྱུང་ཚུལ། ཧ་ལམ་རབ་བྱུང་བཅུ་བཞི་པ་ཙམ་གྱི་ནང་ཀེ་འཕེན་ལེ་ཁོག་མ་དང་ཝ་ཤུལ་གཡུ་ཁོག་འཁྲུག་རྩོད་དྲག་པོ་བྱུང་བའི་རྐྱེན་གྱིས་གཡུ་མཁར་དགོན་པར་ཕྱོགས་ཡོངས་ནས་ཤུགས་[page 583] རྐྱེན་ངེས་ཅན་ཐེབས་ཡོད་པ་རེད།

ངོ་རྒོལ་བཞི་པ་དང་རིག་གནས་གསར་བརྗེའི་སྐབས་སུ་དགོན་པར་གྱོང་གུད་དང་ཉམས་ཆག གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་རེད།

ད་ལྟའི་གནས་ཚུལ། དེ་ཡང་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་སྐབས་ཤར་ཚེ། རྟའུ་རྫོང་མི་དམངས་སྲིད་གཞུང་གིས་རབ་བྱུང་བཅུ་དྲུག་པའི་ཁྲག་སྐྱུག་ཅེས་པ་ཆུ་མོ་ཕག་གི་ལོར་གཡུ་མཁར་དགོན་ཉམས་གསོ་བྱེད་རྒྱུར་ཆོག་མཆན་བཀོད་པར་བརྒྱུད།

ཨ་ཚབ་སྤྲུལ་སྐུ་པདྨ་འགྱུར་མེད་དང་ཁོང་གིས་དགོན་པ་ཉམས་གསོ་བྱས་པར་མཛད་རྗེས་རླབས་ཆེན་གནང་། རྒྱ་ཤུལ་བླ་མ་འཇམ་དབྱངས། སྤྲུལ་སྐུ་ཆེ་མཆོག་རྡོ་རྗེ། མཁན་པོ་སྨན་ལྷ། ཐུབ་གཅེས་སོགས་བླ་སྤྲུལ་ཆེ་རིམ་པ་མང་ཙམ་གྱིས་དབུ་བཞུགས་མཛད་ཅིང་ཐུགས་ཟབ་བཞེས་གནང་འོག

རྒྱ་ཆེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱིས་མི་ཤུགས་དང་དངོས་ཤུགས། ངལ་ཤུགས་འབོར་ཆེན་འདོན་ནས་དགོན་པའི་འདུ་ཁང་བཤད་སྒྲུབ་གྲྭ་ཁང་། སྟོན་པ་དང་གུ་རུ་སོགས་ནང་རྟེན་གཙོ་བོ་ཉམས་གསོ་འཕྲིན་ལས་ཀྱི་དབུ་བཙུགས་ཏེ། ལོ་ཤས་ཀྱི་རིང་ལ་ཧུར་ཐག་གི་འབད་འབུངས་བྱེད་པར་བརྒྱུད་དེ་ལེགས་གྲུབ་བྱུང་ཡོད་པ་རེད།

མིག་སྔར་དགོན་པ་དེར་བླ་སེར་བརྒྱ་དང་ལྔ་བཅུ་ལྷག་གིས་སེམས་རྒྱུད་ཆོས་དང་འབྲེལ་ཞིང་གདན་རབས་གོང་མའི་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་ཆོ་གའི་ཕྱག་བཞེས་མ་ལུས་པར་ཉམས་གསོ་དང་རྒྱུད་འཛིན། དར་སྤེལ་བཅས་བྱེད་པའི་མཛད་འཕྲིན་སྤེལ་བའི་ཆོས་མཐུན་འབའ་ཞིག་གནང་མུས་སུ་མཆིས་པ་ལགས་སོ།། འཕྲིན་དགས་བྲིས།

བྲག་ཐོག་དགོན་གྱི་ལོ་རྒྱུས།

བྲག་ཐོག་དགོན་པ་ནི་རབ་བྱུང་བརྒྱད་པ་ཙམ་གྱི་ནང་དུ་ཆགས། གྲུབ་མཐའ་རྙིང་མ་བ་ཡིན། དེང་སང་རྟའུ་རྫོང་བྲག་ཐོག་ཤང་གི་ཁོངས་སུ་གཏོགས། འདྲ་བྲག་ཐོག་དགོན་པ་ནི་ངག་རྒྱུན་ལ་གཞིགས་ན་ཧ་ལམ་བརྒྱད་དགུ་ཙམ་གྱི་ནང་དུ་ཐོག་མར་ཆགས། དགོན་པ་ཕྱག་འདེབས་པ་པོའི་མཚན་ངེས་གཏན་མ་གསལ།

འོན་ཀྱང་གནས་དེར་ཐོག་མར་རྒྱལ་བ་བཀའ་བརྒྱུད་པའི་ཆོས་བརྒྱུད་འཛིན་པའི་རི་ཁྲོད་ཅིག་ཡོད་པར་ངེས། ཕྱིས་སུ་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་ལས་མཆེད་པའི་སློབ་ཚོགས་ཀྱིས་རི་ཁྲོད་དེར་གཟིགས་སྐྱོང་དང་རྒྱ་བསྐྱེད་བཏང་བ་འབྲེལ། དགོན་པའི་ཕྱག་བཞེས་མ་ལུས་པའི་ཕྱག་སྲོལ་ཐམས་ཅད་བཀའ་རྙིང་འདྲེས་མར་གྱུར།

མ་ཟད་འདྲ་བྲག་ཐོག་དགོན་པ་རྫོགས་ཆེན་དགོན་པའི་དགོན་ལག་གི་གྲས་སུ་རྩིས་ཡོད་པར་བཤད། བླ་རབས་རིམ་བྱོན་ནི་ཨུ་རྒྱན་འཕྲིན་ལས་དང་བླ་མ་ཨ་ཁོ། རིག་འཛིན་དགོན་པོ། རྣམ་རྒྱལ། ཆོས་འཕེལ། བསྟན་འཛིན་གྲགས་པ། ཀུ་ཉི་ཡོན་ཏན། རིག་འཛིན་འཕྲིན་ལས། བསྟན་འཛིན་བཟང་པོ་སོགས་བླ་རབས་དང་མཁན་རབས་གཅིག་[page 584] རྗེས་གཉིས་མཐུད་དུ་བྱོན་ཞིང་གནས་དེར་གདན་ས་མཛད་ནས་བྲག་ཐོག་དགོན་པའི་རྟེནབཞེངས་དང་ཆོས་རྒྱུན་ཟམ་མ་ཆད་བསྲིངས་པ།

ཆོས་ར་འཛུགས་གཉེར་བྱས་པ་སོགས་ཀྱི་ཐད་ཐད་ལ་རྣམ་དཀར་དགེ་བའི་བསོད་ནམས་ཀྱི་ཚོགས་རླབས་ཆེན་བསགས་ཡོད་པ་ལགས་སོ།། བྲག་ཐོག་དགོན་པའི་བླ་རབས་དང་མཁན་རབས་རིམ་བྱོན་རེ་རེའི་རྣམ་ཐར་དང་འཁྲུངས་ཚུལ་འདས་ཚུལ།

དེ་དག་གི་མཛད་འཕྲིན་སོགས་ཀྱི་ལོ་རྒྱུས་བརྗོད་ཐབས་ཡེ་ནས་བྲལ་བ་མ་ཟད་ངག་རྒྱུན་ཚད་མཐུན་ཙམ་ཡང་སྨྲ་མི་ནུས་པའི་གནས་སུ་གྱུར་ཡོད་པ་ལགས་སོ།། སྔ་ཆོད་ལྟར་ན་བྲག་ཐོག་དགོན་པར་ལྕགས་རྒྱལ་པོས་གཙོ་སྐྱོང་གནང་བའི་ལུགས་སྲོལ་ཆགས་ཡོད།

དགོན་པའི་མཆོད་གཞིས་ལ་དུད་གྲངས་དྲུག་ཅུ་ལྷག་ཡོད་ཅེས་བཀོད་པར་བརྟགས་ན་དགེ་འདུན་པའི་གྲངས་ཀའང་བཅུ་གྲངས་ཆ་ཤས་ཡོད་པར་སེམས་སོ།། དགོན་པའི་ཕྱིའི་རྟེན་བཞེངས་ལ་གཙུག་ལག་ལྷ་ཁང་དང་མཆོད་རྟེན།

གྲྭ་ཤག་སོགས་མཆིས་པ་དང་ནང་རྟེན་ལ་རྒྱུ་གསེར་ཟངས་ལས་གྲུབ་པའི་མཁན་སློབ་ཆོས་གསུམ་ལུས་ཚད་མ་དང་གཞན་གསེར་སྐུ་གཉེར་ལྔ་བཞུགས། འཇིམ་བཟོ་ལ་རྡོར་སེམས་སོགས་མང་། བཀའ་འགྱུར་དང་བསྟན་འགྱུར། མཛོད་བདུན། རྙིང་ཐིག་ཡ་བཞི་སོགས་གསུངས་འབུམ་བཞུགས། དེ་མིན་གསེར་དངུལ་མཆོད་ཆ་དང་ཟངས་རག་གི་མཆོད་ཆ། འཆམ་གོས།

འཕེན་གདུགས་རྒྱལ་མཚན་དྲ་བ་དྲ་ཕྱེད་བླ་བྲེལ་སོགས་མཆོད་རྫས་མང་དུ་བཞུགས་ཡོད། དགོན་པའི་ཚེས་དུས་མཆོད་ནི་བོད་ཟླ་བཞི་པའི་ནང་དུ་སྙུང་གནས་དང་ཞིང་སྒྲུབ་འཚོགས་རྒྱུ་དང་། བོད་ཟླ་དྲུག་པའི་ནང་དབྱར་ཆོས་འཚོགས་རྒྱུ།

བོད་ཟླ་བཅུ་གཉིས་པའི་ནང་དུ་དགུང་ཆོས་འཚོགས་རྒྱུ་སོགས་ཀྱི་ལུགས་སྲོལ་ཆགས་ཡོད་པ་ལགས་སོ།། དགོན་པའི་བླ་སེར་གྱི་བསླབ་པའི་གོ་རིམ་ལྟར་དུས་མཆོད་རེ་རེ་ལ་འགན་ཁུར་བླ་སེར་བཞི་རེ་རིས་མོས་སུ་བསྐོས་བཞག་བྱེད་པའི་སྲོལ་རྒྱུན་ཆགས་ཡོད།

དགེ་འདུན་པ་ནི་འགྱེད་ཡོན་ཁ་དང་གྲོང་ཆོག་སོགས་ལ་འཚོ་རྟེན་དུ་བྱས་ནས་བཞུགས་ཡོད། རིག་གནས་གསར་བརྗེ་བྱས་པའི་སྐབས་སུ་བྲག་ཐོག་དགོན་པའི་རྟེན་དང་བརྟེན་པ་ཐམས་བཅད་རྩ་བརླགས་དུ་སོང་། ཁྲག་སྐྱུག་ཅེས་པ་ཆུ་མོ་ཕག་གི་ལོར་རྟའུ་རྫོང་སྲིད་གཞུང་གིས་བྲག་ཐོག་དགོན་ཉམས་གསོ་བྱེད་རྒྱུ་ཆོག་མཆན་བཀོད་པར་བརྟེན།

རྒྱ་ཆེའི་བླ་སེར་དད་ལྡན་མང་ཚོགས་ཀྱིས་མཉམ་དུ་ནུས་ཤུགས་བཏོན་ནས་འདུ་ཁང་དང་ནང་རྟེན་གཙོ་བོ་རྣམས་ཧ་ལམ་སྔར་ལྟར་བཞེངས་པ་ལེགས་གྲུབ་སྟེ། བླ་སེར་ཉུང་ཤོས་ཞིག་གིས་དབྱར་དགུན་དུས་མཆོད་རེ་ཟུང་ཙམ་འཚོགས་བཞིན་བཞུགས་སོ།། འཕྲིན་དགའ།

སེང་གེ་དགོན་གྱི་ལོ་རྒྱུས།

སེང་གེ་དགོན་པ་ནི་དུས་རབས་དང་རབ་བྱུང་གང་གི་ནང་བཏབ་པ་མི་གསལ། གྲུབ་མཐའ་རྙིང་མ་བ་ཡིན། དེང་སང་རྟའུ་རྫོང་གྲོང་གཉིས་ཤང་གི་མངའ་ཁོངས་སུ་གཏོགས། དེ་ཡང་སེང་གེ་དགོན་པ་ཕྱག་[page 585] འདེབས་པ་པོ་དང་དུས་རབས་དང་རབ་བྱུང་གང་གི་ནང་དུ་ཐོག་མར་ཆགས་པ་ཡིན་པ་སོགས་ཀྱི་ལོ་རྒྱུས་འཚོལ་ཞིབ་བྱེད་རྒྱུ་མ་རྙེད།

འོན་ཀྱང་འདྲ་ཡུལ་གྲུབ་མཐའ་གཞན་གྱི་དགོན་པ་མ་ཆགས་གོང་ནས་དགོན་འདི་ཆགས་ཡོད་ཅེས་གསུངས་པར་བརྟག་ན་གནའ་སྔ་རབས་ནས་དགོན་རྙིང་ཞིག་ཡོད་པར་ངེས་སོ།། གཞན་ཡང་ངག་རྒྱུན་ལྟར་ན་གཏེར་ཆེན་བདུད་འདུལ་གླིང་བ་འདྲ་ཡུལ་དུ་ཞབས་ཟུང་གསེར་གྱི་འཁོར་ལོ་སྒྱུར་ཞིང་གནས་སྒོ་དང་གཏེར་སྒོ་མང་དུ་ཕྱེ་སྟེ་སྒྲུབ་གནས་མཛད་སྐབས་སྒེང་དགོན་པ་ཕྱག་བཏབ་པར་གྲགས།

བྲག་རི་མཐོ་ཞིང་བརྗིད་ཉམས་ཆགས་ལ་སྒེང་འགྱིང་སྟབས་ཀྱི་གཟུགས་དབྱིབས་མངོན་པའི་འདབས་སུ་ཆགས་ཡོད་པས་སྒེང་དགོན་པ་ཞེས་པའི་མཚན་ཆགས། ཕྱིས་སུ་རབ་བྱུང་བདུན་པའི་ནང་སྐོར་ལ་དགོན་པའི་གྲུབ་མཐའ་བོན་རྙིང་འདྲེས་མར་གྱུར།

དེར་བརྟེན་སྡེ་ཚ་དགོན་པའི་གཏོར་ཆེན་ཆོས་རྒྱལ་གླིང་བ་སོགས་སེང་གེ་དགོན་དུ་བྱོན་ནས་བཀའ་ཆོས་བཀླག་ལུང་དང་རྙིང་ཐིག་ཟབ་ཆོས་ཀྱི་དབང་ལུང་མན་ངག་ཟབ་ཁྲིད་དང་བཅས་པའི་བདུད་བརྩི་དང་ཆོས་ཀྱི་སྦྲང་ཆར་ཟེགས་མ་ཡུན་རིང་དུ་འབེབས་པར་མཛད་པས་དགོན་པ་གཉིས་པོ་མ་བུ་དགོན་ལྟ་བུའི་འབྲེལ་བ་ཆགས་པར་མ་ཟད་སྡེ་ཆ་དགོན་པའི་དགོན་ལག་གི་ནང་ཚན་དུ་གཏོགས།

དེ་ནས་སྡེ་ཆ་བླ་མ་དཔལ་ཆེན་སོགས་སྔ་གཞུག་ཏུ་སེང་གེ་དགོན་པར་བྱོན་ཞིང་ཆོས་རྒྱལ་གླིང་བའི་གཏེར་ཆོས་སོགས་ཀྱི་དབང་ལུང་མན་ངག་གི་ཆོས་ཁྲིད་མང་དུ་གནང་བར་མཛད།

དགོན་པའི་གདན་རབས་སམ་བསྟན་བདག་ལ་ཨ་པིང་གདུང་རྒྱུད་རིམ་བྱོན་དང་སྤྲུལ་སྐུ་མཐུ་སྟོབས་སྐུ་ཕྲེང་རིམ་བྱོན་བྱོན་ཞིང་སྒོན་སྒྲུབ་བསྟན་པ་ཐུགས་ཉམས་སུ་བསྟར་བའི་སློབ་རྒྱུད་ཟམ་མ་ཆད་བར་བསྐྱངས་པ་ལགས་སོ།། གཞན་ཡང་སེང་གེ་ཆ་དགོན་པའི་བླ་སྤྲུལ་རྣམས་སེང་གེ་དགོན་དུ་བྱོན་ནས་ཆོས་རྒྱལ་གླིང་བའི་གཏེར་ཆོས་སོགས་རྙིང་མའི་བཀའ་གཏེར་གྱི་སྨིན་གྲོལ་དང་ཆོ་གའི་གཟིགས་སྐྱོང་གནང་ཡོད་པར་སེམས་སོ།།

དགོན་པའི་ཕྱི་ཁོག་འདུ་ཁང་ཀ་རིང་གཉིས་ཅན་དང་ཇ་ཁང་། གྲྭ་ཤག་སོགས་མཆིས། ནང་རྟེན་ལ་སྟོན་པ་དང་གུ་རུ་(ལི་མ་)། མགོན་པོ་སོགས་གསེར་སྐུ་དང་འཇིམ་སྐུ་བཅུ་ལྷག་སྐུ་རྟེན་དུ་བཞུགས་པ་དང་། ཆོས་རྒྱལ་གླིང་བའི་གཏེར་ཆོས་ཆ་ཚང་དང་ཞི་ཁྲོ་བཅུད་དྲིལ། ཕུར་བ་སྲུང་ཟློག་སོགས་གསུང་རྟེན་དུ་བཞུགས།

སྐུ་གདུང་མཆོད་རྟེན་སོགས་ཐུགས་རྟེན་དུ་བཞུགས། གཞན་ཡང་སྒྲོས་གཙང་ལ་སྤུས་ལེགས་པའི་མཆོད་རྫས་མང་དུ་མཆིས། དགོན་པའི་ཚེས་དུས་མཆོད་ནི་སྙུང་གནས་དང་བདེ་ཆེན་ཞིང་སྒྲུབ། དབྱར་ཆོས་འཆམ་དང་སྦྲགས་མ། དབྱར་གནས། དགུན་ཆོས་བཅས་འཚོགས་རྒྱུ་བཅས་མཆིས་སོ།

དགོན་པའི་དཔལ་འབྱོར་གྱི་ཡོངས་ཁུངས་ནི་བསྟན་བདག་རིམ་བྱོན་གྱིས་གནང་བའི་ཐེབས་བཞག་དང་དད་ལྡན་མང་ཚོགས་ཀྱིས་དགེ་རྩར་ཕུལ་བའི་མཆོད་ཐེབས་ཙམ་དུ་ངེས། དགོན་པ་ཐུན་མོང་ལ་མ་གདན་རྒྱུ་རྩ་སྒོར་ཁྲི་གཅིག་གཉིས་ཀྱི་རིན་ལས་མེད། བཅོས་སྒྱུར་སྔོན་དུ་བླ་གྲྭ་སོ་ལྔ་སོགས་ཡོད།

དེ་དག་ཡོན་ཁ་དང་གྲོང་ཆོག་གིས་[page 586] འཚོ་རྟེན་དུ་བྱས་བཞུགས་པའི་སྲོལ་རྒྱུན་དུ་ལགས་སོ།། རིག་གནས་གསར་བརྗེའི་སྐབས་དགོན་པར་གཏོར་བརླག་ཚབས་ཆེན་ཐེབ་སོ།། ད་ལྟ་དགོན་པ་དེར་ཆོག་མཆན་ཐོབ་མེད། འཕྲིན་དགའ།

སྐུ་ནུབ་དགོན་གྱི་ལོ་རྒྱུས།

སྐུ་ནུབ་དགོན་པ་ནི་རབ་བྱུང་བཅུ་གསུམ་པ་ཆུ་མོ་བྱའི་ལོར་ཐོག་མར་ཆགས། གྲུབ་མཐའ་རྙིང་མ་བཡིན། དེང་སང་རྟའུ་རྫོང་གསེར་ཁ་ཤང་གི་ཁུངས་སུ་གཏོགས། དགོན་པ་ཐོག་མར་འདེབས་མཁན་ནི། ལུང་བསྟན་ལས།

རྗེ་ཡི་སྤྲུལ་པ་མདོ་སྔགས་མིང་ཅན་ནིཿཤ་མདངས་དཀར་ལ་རྒྱག་པ་ངང་རྒྱུད་རིང་༔རྩལ་དང་སྤྱོད་པ་མ་ངེས་སྣ་ཚོགས་སྟོནཿསྐུ་རྒྱབ་སྨེ་བའི་རིན་ཆེན་དོ་ཤལ་ཡོད།

རྟེན་འབྲེལ་འགྲིག་གྱུར་བཀའ་རྒྱ་རྫོགས་པར་གྱིསཿཞེས་གསུངས་པ་ལྟར་སྤྲུལ་པའི་གཏེར་ཆེན་སྔགས་འཆང་མདོ་སྔགས་རྒྱ་མཚོའི་རིགས་སྲས་ཆེ་བ་མཉམ་མེད་ཚེ་དབང་ནོར་བུ་སྐུ་འཁོར་ཞབས་འབྲིང་དང་བཅས་ད་ལྟའི་སྐུ་དགོན་པའི་ས་དེར་ཕེབས་སྐབས་དེར་དགོན་པ་བཞེངས་རྒྱུའི་རྟེན་འབྲེལ་རྣམས་འགྲིགས་ཏེ་དགོན་པ་ཐོག་མར་བཏབས་སོ།། དེ་ལྟར་དགོན་པ་ཕྱག་འདེབས་མཁན་གངས་ལྗོངས་ཁམས་ཕྱོགས་སུ་སྙིགས་དུས་འགྲོ་བ་འདུལ་བར་མཆོག་ཏུ་བསྔགས་པ་མཉམ་མེད་ཚེ་དབང་ནོར་བུ་ནི།

རབ་བྱུང་བཅུ་གཉིས་པ་ཙམ་གྱི་ནང་དུ་སྐུ་འཁྲུངས་ཤིང་གཏེར་ཆེན་སངས་རྒྱས་གླིང་པའི་ཡང་སྤྲུལ་དུ་གྲགས། ཐུགས་སྲས་ཀུན་བཟང་རྣམ་རྒྱལ་སོགས་བླ་མར་བསྟེན་ནས་གསང་སྔགས་སྨིན་གྲོལ་ལམ་གྱི་རིམ་པར་སྦྱང་བ་མང་དུ་མཛད། སྐུ་ཚེ་སྨད་དུ་ཡོན་བདག་རྣམས་ཀྱིས་མཐུན་རྐྱེན་སྦྱར་བ་དང་།

དད་ལྡན་མང་ཚོགས་ཀྱིས་ངལ་རྩོལ་གྱི་ནུས་ཤུགས་འདོན་པའི་སྔོན་འགྲོའི་ཆ་རྐྱེན་འོག སྐུ་ནུབ་དགོན་པའི་རྟེན་བརྟེན་པ་བཅས་ཐོག་མར་ཕྱག་བཏབ་པར་མཛད་ནས་ལོ་ཤས་སོང་རྗེས་ཐུགས་སྲས་ཀུན་བཟང་རྣམ་རྒྱལ་གྱི་ཡང་སྲིད་སྐུ་ཕྲེང་གཉིས་པ་སྐུ་ནུབ་སྟག་སྤྲུལ་བསྟན་བདག་ཏུ་མངའ་གསོལ།

རབ་བྱུང་བཅུ་གསུམ་པའི་སྨད་ཙམ་དུ་སྐུ་གཤེགས།

དགོན་པ་འདེབས་པའི་དུས་ནི་དེ་ཡང་གྲྭ་རྒན་རྣམས་ཀྱི་ངག་རྒྱུན་དང་སྟག་སྤྲུལ་སྐུ་ཕྲེང་བཞི་པའི་ཞལ་གསུང་ཁུངས་དག་ལུང་དག་ལ་གཞིགས་ན།

རབ་བྱུང་བཅུ་གསུམ་པའི་ཆུ་མོ་བྱའི་ལོར་དགོན་པ་ཐོག་མར་ཆགས་ཡོད་པར་ངེས་སོ།། དགོན་པའི་མཚན་དོན་ནི་དེ་ཡང་ངག་རྒྱུན་ལྟར་ན་མཉམ་མེད་ཚེ་དབང་ནོར་བུས་དགོན་པ་བཞེངས་སའི་ས་མིག་ཐོག་མར་འཚོལ་སྐབས་སུ་གཟིམ་ལམ་དུ་སྟོན་པ་ཐུབ་པའི་དབང་པོའི་ཞལ་ནུབ་ཕྱོགས་སུ་གཟིགས་ནས་བཞུགས་ཡོད་པ་རྨིས་པར་འབྲེལ།

འདུ་ཁང་གི་སྒོ་ཡང་ནུབ་ཕྱོགས་སུ་བཏད་ཡོད་པས་རྒྱུ་མཚན་གྱིས་སྐུ་ནུབ་དགོན་ཞེས་དགོན་པའི་ལྷ་སྡེ་དང་བཅས་པར་མིང་དེ་སྐད་ཆགས། མཚན་གཞན་དུ་སྐུ་ནུབ་ཡོན་ཏན་རིན་ཆེན་འཕེལ་རྒྱས་གླིང་ཞེས་བྱའོ།

དགོན་པའི་གྲུབ་མཐའ་དང་ཆོས་རྒྱུད་ནི། སྐུ་ནུབ་དགོན་པ་ནི་ཐོག་མར་ཆགས་པ་ནས་ད་ལྟའི་གྲུབ་[page 587] མཐའ་གསང་སྔགས་འགྱུར་བ་ཡིན། ཆོས་རྒྱུད་ནི་གྲུབ་དབང་རྫོགས་ཆེན་པའི་ཕྱག་བཞེས་མ་ལུས་དང་ཁྱད་པར་རིག་འཛིན་ཆོས་རྒྱལ་གླིང་བའི་གཏེར་ཆོས་སྐོར་དང་།

འོད་གསལ་སྙིང་ཐིག་གི་མན་ངག་ཉུང་བཅུད་རྣམས་ཐུགས་ཉམས་སུ་བསྟར་བའི་ལུགས་སྲོལ་ཆགས་ཡོད།

བསྟན་དགོན་གྱི་བདག་པོའི་སྐུ་ཕྲེང་རིམ་བྱོན་དང་སྐྱེས་བུ་དམ་པ་གཞན་བྱོན་ཚུལ་ནི། ཀུན་བཟང་རྣམ་རྒྱལ་ནི་དགོས་ལུང་ལས།

ཁྱེའུ་ཆུང་སྤྲུལ་པ་རྣམ་རྒྱལ་མིང་ཅན་ནིཿསྐུ་ཁྱོན་དྭངས་ལ་ཤ་མདངས་དམར་བ་ཅནཿབསྟན་འཛིན་སྐྱེ་བུ་སྨེ་བ་ལྷུན་གྲུབ་དབྱིབསཿངང་རྒྱུད་རིང་ལ་བར་ཆད་མ་བྱུང་ན༔སྐལ་ལྡན་དེ་ལ་བཀའ་རྒྱ་རྫོགས་གར་གྱིསཿཞེས་དྲི་མེད་རྡོ་རྗེ་ལུང་གིས་ཟིན་པ་ལྟར་བཀའ་རྒྱས་བཏབ་པའི་གཏེར་ཆོས་ཡོངས་རྫོགས་གཏད་ཅིང་བསྟན་པའི་བདག་པོར་དབང་སྐུར་བའི་སྐྱེས་ཆེན་དམ་པ་ཞིག་ཏུ་སེམས་སོ།། སྐུ་ཕྲེང་གཉིས་པ་ཀུན་བཟང་ཆོས་གྲུབ་རྒྱ་མཚོའམ་འཇིགས་མེད་ཆོས་མཆོག་རྒྱ་མཚོ་ནི།

རབ་བྱུང་བཅུ་གསུམ་པའི་སྨད་ཙམ་དུ་ཧོར་རྒ་དག་རྩེས་པར་སྐུ་འཁྲུངས། བྱིས་པ་ཡིན་དུས་ཕ་མ་གཉིས་ལྷ་ལྡན་དུ་གནས་མཇལ་ཁྲིད་པར་བརྟེན། རིག་འཛིན་འཇིགས་མེད་གླིང་བས་འཇིགས་མེད་ཆོས་མཆོག་རྒྱ་མཚོ་ཞེས་མཚན་གྱི་ཅོད་པན་གསོལ།

ཕྱིས་སུ་གྲུབ་པའི་དབང་ཕྱུག་མཉམ་མེད་ཚེ་དབང་ནོར་བུས་རང་གི་རྩ་བའི་བླ་མ་ཐུགས་སྲས་ཀུན་བཟང་རྣམ་གྱི་ཡང་སྲིད་སྐུ་ཕྲེང་གཉིས་པ་སྤྲུལ་སྐུར་ངོས་བཟུང་ཞིང་སྐུ་ནུབ་དགོན་པའི་བསྟན་བདག་ཏུ་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་ཟབ་རྒྱས་སྤེལ།

ཁོང་གྲུབ་པའི་གང་ཟག་ཅིག་ཏུ་ངེས་ཏེ་བསྟན་བདག་འགན་བཞེས་ནས་གདན་ས་སྐྱོང་བའི་སྐབས་སུ་མགར་ཐར་དགོན་པའི་བོད་ཀྱི་ལས་ཚབ་པས་ས་དེར་དགོན་པ་བཏབ་པ་དང་རྒྱ་བསྐྱེད་གཏོང་མི་མཆོག་ཅེས་བཀའ་ཕབ་པ་ལྟར་བྱེད་པ་མ་ཚད། དགོན་བླ་མ་བཙོན་དུ་བཅུག་པའི་སྐབས་སུ་བླ་མ་སྟག་ཅིག་སྤྲུལ་ནས་ཡོད་པར་ཀུན་གྱིས་མཐོང་།

ད་གཟོད་བཙོན་ལས་གྲོལ་བར་བྱས་ཤིང་མཐོལ་བཤགས་བྱས་པ་དང་། མ་ཟད་ས་དེར་དགོན་པ་འཛུགས་སྐྲུན་གང་མོས་བྱེད་ཆོག་པའི་ཆོག་མཆན་བཀོད་པ་དང་། མགར་ཐར་དགོན་པའི་མཆོད་གཞིས་སམ་ལྷ་སྡེ་ཚ་ཉག་ཤོག་ཁའི་ནང་གྲྭ་བ་བསྡུ་རུབ་བྱེད་ཆོག་རྒྱུར་བྱས།

དེ་བརྟེན་སྐུ་ནུབ་དགོན་པས་མགར་ཐར་དགོན་པར་ལོ་རེར་ཇ་བག་གཉིས་རེ་དཔྱ་ཁྲལ་གྱི་ཚུལ་དུ་མཇལ་རྒྱུའི་སྲོལ་ཆགས། དེ་ནས་བཟུང་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་ལ་སྐུ་ནུབ་སྟག་སྤྲུལ་གྱི་མཚན་ཆགས། གཞན་ཡང་བླ་མ་དེ་ལྕག་ལ་རྒྱལ་པོའི་དབུ་བླའི་གྲས་སུ་གྱུར་ཏེ།

རྒྱལ་པོའི་ཆབ་འབངས་སུ་གཏོགས་པའི་དུད་ཁྱིམ་ཉི་ཤུ་བླ་མར་མཆོད་གཞིས་ཐེབས་ཕུལ་ཞིང་། ཆུ་མདའ་ཡན་ཆོད་བཞི་ཚེས་མན་ཆོད་ཀྱིས་སྟེང་དུ་རང་དབང་རང་ཆེ་བྱས་ནས་བསྡད་ཆོག་རྒྱུའི་བཀའ་ཤོག་ཐམ་ལྡན་གནང་། དེ་ལྟར་མཛད་ཕྲིན་བླ་ལྷག་ཏུ་འབར་ཞིང་གྲགས་དཀར་གྱི་བ་དན་ཁམས་ཕྱོགས་སུ་མངོན་པར་བསྒྲེངས་མཐར།

གཏེར་ཆེན་ཆོས་རྒྱལ་གླིང་བའི་ཆོས་བཀའི་ཡན་ལག་ཏུ་མཁོ་བའི་གཏེར་ཆོས་མི་ཉུང་བ་ཙམ་བཏོན་རྗེས་དགོངས་པ་རེ་ཞིག་ཆོས་དབྱིངས་སུ་བསྡུས་སོ།།

སྐུ་ཕྲེང་གསུམ་པ་ཀུན་བཟང་རིག་འཛིན་རྣམ་རྒྱལ་ནི། རབ་བྱུང་བཅུ་བཞི་པའི་ནང་དུ་སྨྱུག་རོང་[page 588] ཁོག་ཏུ་སྐུ་འཁྲུངས།

ཁོང་ཉིད་གདན་སར་ཕེབས་པར་འབྲེལ་གདན་རབས་གོང་མའི་ཕྱག་བཞེས་མུ་མཐུད་དུ་བསྐྱངས་སོ།། དུས་གསུམ་སྒྲིབ་མེད་དུ་མཁྱེན་ཞིང་གྲུབ་པའི་སྤྱོད་ཚུལ་སྣ་ཚོགས་མངའ་བའི་དམ་པའི་སྐྱེ་བུ་ཞིག་ཏུ་ངེས་སོ།། སྐུ་ཕྲེང་བཞི་པ་ཀུན་བཟང་གང་ཤར་རང་གྲོལ་ལམ་ཀློང་གསལ་དྲི་མེད་རྡོ་རྗེ་ནི་རབ་བྱུང་བཅོ་ལྔ་བའི་ཤིང་ལུག་ལོར་སྨུག་རོང་ཁོག་ཏུ་སྐུ་འཁྲུངས།

དགུང་ལོ་གསུམ་གྱི་སྟེང་དུ་སྐུ་ནུབ་དགོན་པར་ཁྲི་འདོན་མངའ་གསོལ་མཛད། དགུང་ལོ་ལྔ་ནས་ཉི་ཤུའི་བར་གོ་ཤུལ་ཀུན་བཟང་བསོད་ནམས་དང་ཚོགས་ཤུལ་ནོར་བུ་བསྟན་འཛིན། རང་ཐ་རྒྱལ་སྲས་བསོད་ནམས་སྟོབས་རྒྱལ་སོགས་ལ་ཐོས་བསམ་བྱས།

དགུང་ལོ་ཉི་ཤུའི་སྟེང་དུ་རྫོགས་ཆེན་དུ་གྲྭ་སར་ཆིབས་སྒྱུར་ཞིང་མཁན་པོ་བསོད་ཆེན་དང་མཁན་པོ་གཞན་འགའ། མཁན་ཆེན་རིན་ཆེན་གྲགས་པ་སོགས་བླ་མར་བསྟེན་ནས་གྲུབ་དབང་རྫོགས་ཆེན་པའི་ཕྱག་བཞེས་མ་ལུས་དང་ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོའི་སྨིན་གྲོལ་སྐོར་དང་། ཀུན་མཁྱེན་རོང་ཀློང་རྣམ་པར་མཛད།

དགུང་གྲངས་ཉེར་ལྔའི་སྟེང་དུ་རང་དགོན་དུ་ཕེབས་ཤིང་བསྟན་པའི་བདག་པོའི་འགན་འཁྲི་ཐུགས་ཉམས་སུ་བཞེས་པ་ནས་བཟུང་།

ཁོང་གིས་ཕྱོགས་ནས་དགོན་པའི་འཛུགས་སྐྲུན་སོགས་ཕྱོགས་ཡོངས་ལ་ཐུགས་ཁུར་ཟབ་བཞེས་གནང་ཞིང་ཡོན་བདག་རྣམས་ཀྱིས་འབྱོར་བའི་མཐུན་རྐྱེན་འབོར་ཆེན་མཆོད་ཐེབས་སྦྱར་བའི་སྔོན་འགྲོའི་ཆ་རྐྱེན་བཟང་པོར་བརྟེན། སྔོན་རྗེས་སུ་འདུ་ཁང་ཕྱི་ནང་དང་ལྡན་པ་ཆེ་ཆུང་གཉིས་དང་ཀུན་དགའ་ར་བ་བཅས་གསར་བཞེངས་མཛད།

སློབ་མ་རྣམས་ཀྱིས་ཡང་ཡང་བསྐུལ་བར་འབྲེལ། སྐུ་ནུབ་ཡོན་ཏན་རིན་ཆེན་འཕེལ་རྒྱས་གླིང་དུ་ཆོས་འཚོགས་གསུན་གསར་དུ་བཙུགས། སྐུ་ཕྲེང་ལྔ་བ་ནི་རབ་བྱུང་བདུན་པར་ཆུ་སྤྲུལ་ལོར་ཁྲི་འདོན་མངའ་གསོལ་མཛད།

མིག་སྔར་རྫོགས་ཆེན་ནང་བསྟན་སློབ་གླིང་དུ་ལུང་རྟོགས་ཀྱི་ཡོན་ཏན་རང་རྒྱུད་ལ་བཞེས་བཞིན་པ་ལགས་སོ།། མཉམ་མེད་ཚེ་དབང་ནོར་བུས་དགོན་པ་ཐོག་མ་ཕྱག་བཏབ་པ་དང་། རྣལ་འབྱོར་དབང་ཕྱུག་ཆེན་པོ་གྲུབ་དབང་ཀུན་བཟང་དཔལ་འབྱོར་གྱིས་དགོན་པའི་བསྟན་པ་སྐྱོང་བ་བཀའ་དྲིན་ཤེན་ཏུ་ཆེ་བ།

ངག་རྒྱུན་ལྟར་ན་གོ་ཤུལ་མཁན་པོ་ཀུན་བཟང་བསོད་ནམས་ཀྱིས་དབྱར་གནས་ཀྱི་ཆོ་ག་གསར་དུ་བཙུགས་པ། མཁས་བཙུན་བཟང་གསུམ་གྱིས་ཕྱུག་པའི་བླ་མ་རིག་མཆོག་སོགས་སྐྱེས་ཆེན་དུ་མ་མུ་ཏིག་དར་ལ་བརྒྱུས་པ་བཞིན་བླ་རབས་ལྟར་བྱོན་ཡོད་པ་ཡིག་ཚོགས་མང་བར་འཇིགས་ནས་རེ་རེ་བཞིན་མ་བྲིས་སོ།།

དགོན་པའི་མཆོད་གཞིས་སམ་ལྷ་སྡེ་དང་གྲྭ་གྲངས་ནི། དུད་ཁྱིམ་བརྒྱ་ལྷག་གི་གྲུབ་པའི་ཚ་ཉག་སྡེ་བ་དང་། དུད་ཁྱིམ་ལྔ་བཅུ་ལྷག་ལས་གྲུབ་པའི་སྐུ་ནུབ་སྡེ་བ་གཉིས་ལས་བྱུང་བའི་བླ་གྲྭ་ནི་ངོ་རྒོལ་བཞི་པའི་སྔོན་དུ་གྲྭ་སེར་བརྒྱ་དང་སོ་ལྔ་ཡོད།

ལོ་གཅིག་ལ་ཆོས་འཚོགས་བརྒྱད་ཡོད་དེ་ཧོར་ཟླ་བཞི་པའི་ནང་སྙུང་གནས་ཉིན་བཅུ་དྲུག་[page 589] དང་། ཧོར་ཟླ་ལྔ་པའི་ནང་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་དབྱར་ཆོས་ཉིན་བཅུ་བཞི་ཡོད། སྙིང་ཐིག་བདེ་ཆེན་ཞིང་སྒྲུབ་ཉིན་བརྒྱད། ཧོར་ཟླ་དྲུག་པའི་ནང་ཐོས་གྲོལ་ཉིན་དྲུག

ཡང་གསང་བླ་མ་ཉིན་གསུམ། དྲུག་པའི་ཆེས་བཅུ་བཞི་ནས་བཟུང་ཨུ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་ལྟར་གྱི་དབྱར་གནས་ཉིན་ཞེ་ལྔ། ཧོར་ཟླ་བཅུ་པའི་ནང་དགུན་ཆོས་ཉིན་བདུན། ཧོར་ཟླ་བཅུ་གཉིས་པའི་ནང་ཟླ་བ་ཧྲིལ་པོར་དགུན་བཅའ་འཚོགས་ཏེ་ཉིན་རེར་ཐུན་བཞི་རེ་བཅད་རྒྱུ་དང་།

མཁན་སྤྲུལ་རྣམས་ནས་རང་གི་འོས་འགན་ཐོག་འབབ་འབྲེལ་གྱིས་འདོན་རྟ་དབྱངས་དང་བཅའ་རྡུང་འབུད་སོགས་དང་། རྒྱལ་སྲས་ལག་ལེན། སྤྱོད་འཇུག ཀུན་བཟང་བླ་མའི་ཞལ་ལུང་སོགས་ཀྱི་འཆད་ཉན་སྤེལ་བའི་སྒོ་ནས་འཚོགས་པའི་རྒྱུན་སྲོལ་གཏན་འཇགས་སུ་ཡོད་པར་མཆིས་སོ།།

གཞན་ཡང་གྲྭ་རྒན་ཚུལ་ལྡན་གཉིས་ཀྱིས་དགོན་གཞུང་གི་གསོལ་ཕོག་ཕུར་བའི་སྒྲུབ་གྲྭ་ཆུང་ངུ་དང་། སྐུ་ནུབ་དགོན་པའི་གྲྭ་སེར་ཕལ་ཆེ་གཏན་སྡོད་ཡིན་པས་མཁན་སྤྲུལ་རྣམས་ཀྱི་དུས་ངེས་མེད་དུ་བཤད་སྒྲུབ་ཆོས་ཀྱི་འཁོར་ལོ་བསྐོར་བར་བརྟེན། ཀློག་སྤོང་ལ་བརྩོན་མཁན་གྲྭ་སེར་མི་ཉུང་བ་ཡོད་པར་ངེས་སོ།།

དགོན་པའི་ཚོགས་པའི་གཏོང་སྒོ་སོགས་ཡོན་གྱི་འབྱུང་ཁུངས་ནི། དེ་ཡང་དགོན་པའི་མ་རྩའི་རྒྱུ་ནོར་གྱི་འབྱུང་ཁུངས་ནི་ཞིང་སྒྲུབ་ལ་མ་འབྲི་བདུན་ཅུ་དང་མཛོ་མོ་བདུན། དབྱར་གནས་མ་འབྲི་བརྒྱད་ཅུ། མཛོ་མོ་གསུམ། ཚེ་འབར་མཆོད་ཀུང་ཁ་གསོ་བྱེད་དུ་མ་འབྲི་ལྷག་བཅས་དང་ཤ་འུ་གཤིས་དང་བར་སྨད། སག་ལེ་ནང་། ཞ་ལོག་ནང་།

སྨུག་རོང་ཁོག་སོགས་ནས་སྒྲོ་བ་དྲུག་ཅུ་རེ་དྲུག་འདེབས་སའི་རྒྱ་ཁྱོན་གྱིས་ཞིང་བཅས་ནི་དགོན་གཏན་འཁེལ་དུ་ཡོད། དེ་ལས་བྱུང་བའི་འཕེལ་གྲངས་དང་ཡོང་འབབ་ནི་དགོན་པའི་དཔལ་འབྱོར་གྱི་འབྱུང་ཁུངས་སུ་སེམས། དམིགས་གསལ་གྱི་ལག་ལེན་བྱེད་སྟངས་ནི་དགུན་བཅའ་མ་གཏོགས་ཆོས་འཚོགས་བདུན་ལ་གཉེར་ཁག་བདུན་ཡོད།

གྲྭ་གྲངས་མང་ཉུང་དང་ཆོས་འཚོགས་ཆེ་ཆུང་ལ་གཞན་ནས་གཉེར་ཁག་གི་ལག་ཏུ་དངུལ་གོར་དང་འབྲུ་རིགས། མར་ཆུར། ཇ་སོགས་ཀྱི་རྒྱུ་རྩ་གཏད་པར་གཉེར་བ་ཁག་གི་རྩ་བས་རྩིས་སྤྲས་དང་ལོ་མས་གཏོང་སྒོ་བྱེད་དགོས་པའི་སྲོལ་རྒྱུན་ཆགས་ཡོད། དགོན་པའི་མ་གདན་རྒྱུ་རྩའི་སྡོམ་འབོར་ཁྲི་དངུལ་བཅུ་ཕྲག་ལས་རྒལ་བ་ཡོད་པར་སྙམ།

དགོན་པའི་ཕྱི་ཁོག་གི་སྐོར་ནི། ཀ་རིང་བཅུ་དང་མཐའ་སོར་ཀ་ཐུང་གཉིས་འགྲིག་ཡོད་པའི་གཙུག་ལག་ཁང་ཆེ་བ་གཅིག་དང་ཀ་རིང་བཞིའི་མཐའ་སྐོར་དུ་ཀ་ཐུང་གཉིས་འགྲིག་ཡོད་པའི་གཙུག་ལག་ཁང་འབྲིང་བ་གཅིག ཀ་རིང་མེད་པའི་གཙུག་ལག་ཁང་ཆུང་བ་གཅིག ཀ་ཐག་བརྒྱད་ཅུ་ཅན་གྱི་སྤྱི་གཉེར་ཁང་གཅིག

ཀ་ཐག་ཉེར་བཞི་ཅན་གྱི་ཀུན་དགའ་ར་བ་གཅིག གྲྭ་ཤག་ལྔ་བཅུ། མཆོད་རྟེན་བཅུ་དགུ་སོགས་འཛུགས་བསྐྲུན་བྱས་ཡོད། ནང་རྟེན་ཡོ་བྱད་སྐོར་ནི། ཐུབ་སྐུ་རྒྱ་གར་ཤར་ལི་མ་གཉིས་དང་ཐུབ་སྐུ་རྒྱ་ནག་ལི་མ་གྲུ་གང་བ། ཐུབ་སྐུ་མདའ་ཚད་མ། གུ་རུ་གྲུ་གང་བ། ཆོས་རྒྱལ་ལི་མ། གུ་རུ་འཇའ་ཟེར་[page 590] མ། ཆབ་མདོ་མགར་ཆས་ཀྱི་གསེར་ཟངས་འཕགས་པའི་རིགས་གསུམ་མགོན་པོ་གསེར་སྐུ་ཆེ་ཆུང་བརྒྱ་ལྷག་དང་། རྒྱུ་འཇིམ་བཟོ་ལས་གྲུབ་པའི་སྟོན་པ་གཙོ་འཁོར་གསུམ་དང་འཕགས་པ་གནས་བརྟན་བཅུ་དྲུག་ཐུབ་པ་ལོངས་སྐུའི་ཆས་ཅན། གུ་རུ་སྣང་སྲིད་ཟིལ་གནོན་གཙོ་འཁོར་གསུམ། ཚེ་ལྷ་རྣམ་གསུམ། ཕྱག་རྡོར། གུ་དྲག་གཙོ་འཁོར་གསུམ།

ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོ་གཙོར་བྱས་པའི་ཆོས་སྐྱོང་སྐོར་ཐམས་ཅད་སོགས་མང་དུ་བཞུགས། རྒྱལ་གླིང་བའི་བཀའ་འགྱུར་རིན་པོ་ཆེ་དང་བསྟན་འགྱུར། སྔ་བདུན་སོགས་མང་ངོ་།། རིག་འཛིན་ཆོས་གླིང་བ་དང་ཀུན་བཟང་ཆོས་འགྲུབ་རྒྱ་མཚོ་སོགས་ཀྱི་སྐུ་གདུང་སོགས་ཐུགས་རྟེན་རྩ་ཆེན་མང་དུ་ཡོད།

གཞན་ཡང་རིག་འཛིན་ཀུན་བཟང་རྣམ་རྒྱལ་གྱིས་གཏེར་ནས་བཏོན་པའི་གནམ་ལྕགས་རྡོ་རྗེ་གྲུབ་གང་བ་དང་གཏེར་དུང་ཆ་གཅིག་སོགས་ཀྱི་གཙོ་བྱས་པའི་རྒྱ་རོང་རོལ་མོ་སྟོང་གུམ་འབྲུག་གྲགས་སོགས་རོལ་མོ་ཆ་སུམ་ཅུ་དང་། སིལ་སྙན་མ་ཎི་མ་སོགས་ཆ་ལྔ། འཁར་རྔ་སྤུས་ལེགས་གསུམ། ཟངས་རག་བཀྲ་མའི་དུང་དམར་ཆ་གསུམ།

དངུལ་རག་བཀྲ་མའི་རྒྱ་གླིང་ཆ་གཉིས། ཟངས་དངུལ་བཀྲ་མའི་རྐང་གླིང་ཆ་གསུམ། དངུལ་གཤིབ་མའི་དུང་དཀར་གཡས་འཁྱིལ་ཆ་གཅིག ཟངས་དངུལ་བཀྲ་མའི་སྤོས་ཕོར་ཆ་གཅིག དངུལ་སོགས་ཀྱི་མགར་བའི་མཆོད་ཆས་ཆ་གཉིས་སོགས་དང་། གོས་ཆེན་རྒྱན་བཞི་དང་འཇར་པན་རྒྱ་གསེར། པདྨ་བཅུད་ལྡན།

སྟག་ཚ་རྙིང་བ་སོགས་ཀྱིས་བཟོ་བའི་གདུགས་དང་རྒྱལ་མཚན། ཀ་འཕན། དྲ་བ་དྲ་ཕྱེད། བླ་དྲེས། ཁྲི་ཆས། མཆོད་ཁེབས། སྤོས་ཁེབས་སོགས་ཆ་ཚང་ཡོད། ཐོས་གྲོལ་དང་རྡོར་གཅོད། ཐར་མདོ། རྟ་གཟུངས། གདུགས་དཀར་སྲུང་འཁོར་སོགས་པར་ཤིང་ཡོད། འཚོགས་ཟངས་ཆེ་ཆུང་བཞི་དང་ཟོ་ཁྲ་བཅུ་སོགས་དང་ཏིང་ཕོར།

མཆོད་ཀུང་སོགས་མང་དུ་བཞུགས་ཡོད་པ་ལགས་སོ།།

དགོན་པ་ཆག་འཇིག་སོང་ཚུལ་ནི། ངོ་རྒོལ་བཞི་པ་དང་རིག་གནས་གསར་བརྗེ་ཞེས་པའི་སྐབས་སུ་དགོན་པ་དེ་ཡང་བོད་ཁམས་ཕལ་ཆེ་དང་གཅིག་མཚུངས་སུ་གྱུར་ཏེ། རྟེན་བརྟེན་པ་ཕལ་ཆེ་འབྱུང་བཞིར་ཐིམ། དེང་གི་གནས་ཚུལ་ནི། གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་ཇུས་བཟང་གི་ཉིན་གཞོན་སླར་ཡང་ཤར་བར་འབྲེལ།

ཞིང་རྟའུ་རྫོང་སྲིད་གཞུང་གིས་དགོན་པ་ཉམས་གསོ་བྱེད་ཆོག་པའི་ཆོག་མཆན་བཀོད་པར་བརྒྱུད། སྤྲུལ་སྐུ་གསུམ་དང་མཁན་པོ་བཞི། དབུ་མཛད། དགེ་བསྐོས་སོགས་དབུར་བཞུགས་རིམ་བར་མཛད་འོག་རྒྱ་ཆེ་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཡོངས་ཀྱིས་རྡོག་རྩ་གཅིག་ཏུ་སྒྲིམ་ཞིང་ནུས་ཤུགས་རྩལ་སྤྲུག་གི་སྒོ་ནས།

སྐུ་ནུབ་ཡོན་ཏན་རིན་ཆེན་འཕེལ་རྒྱས་གླིང་གི་གཙུག་ལག་ཁང་ས་རྡོའི་རྟེན་དང་བརྟེན་པ་རྣམས་ཧ་ལམ་བཞེངས་པར་གྲུབ་སྟེ། མིག་སྔར་དགེ་འདུན་པ་བཅུ་ཕྲག་ལྔ་ལྷག་གིས་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་གདན་རབས་གོང་མའི་ཆོ་གའི་ཕྱག་བཞེས་མ་ལུས་[page 591] ཉམས་གསོ་དང་བྱེད་པའི་ཆོས་ཀྱི་མཛད་སྤྱོད་འབའ་ཞིག་གནང་བཞིན་པ་ལགས་སོ།།

སྐུ་ནུབ་འོད་ཟེར་ནས་བྲིས།

སྐྱིད་སྣང་དགོན་གྱི་ལོ་རྒྱུས།

སྐྱིད་སྣང་དགོན་པ་ནི་བོད་རབ་བྱུང་བཅུ་པ་ཙམ་གྱི་ནང་དུ་ཐོག་མར་ཆགས། གྲུབ་མཐའ་རྙིང་མ་བ་ཡིན། དེང་སང་རྟའུ་རྫོང་བར་སྨད་ཀྲེན་གྱི་ཁོངས་སུ་གཏོགས།

ངག་རྒྱུན་ལྟར་ན་སྤྲུལ་པའི་གཏེར་སྟོན་ཆེན་པོ་རིག་འཛིན་གྲགས་གཉིས་པས་ཐོག་མར་ལྷ་ཁང་ཞིག་ཕྱག་བཏབ་མཛད་ཅིང་རྟེན་གྱི་གཚོ་བོར་གཡ་རུ་རིན་པོ་ཆེ་ཞིག་བཞེངས་ཡོད་པར་མདོ་མཁྱེན་རྩེའི་རྣམ་ཐར་དུ་གསུངས་ཡོད་པར་གསལ་བར་བཤད།

གདན་རབས་རིམ་བྱོན་གྱིས་བསྟན་པ་སྐྱོང་ཚུལ་ནི། མདོ་མཁྱེན་རྩེ་ཡེས་རྡོ་རྗེའི་སྲས་ཆེ་པ་རིགས་སྲས་ཤེས་རབ་མེ་འབར་བསྟན་བདག་ལ་ཁྲི་འདོན་མངའ་གསོལ་མཛད་ཀྱང་དགུང་ལོ་བདུན་གྱི་སྟེང་དུ་སྐུ་གཤེགས་སོ། དེའི་ཡང་སྲིད་མདོ་དྲི་མེད་དྲག་པོ་འོད་ཟེར་ནི་མགུ་ཐང་རྒྱལ་པོའི་སྲས་སུ་སྐུ་འཁྲུངས།

དགུང་ལོ་ཆུང་དུས་ནས་མདོ་རིན་པོ་ཆེ་རིགས་སྲས་ཤེས་རབ་མེ་འབར་གྱི་ཡང་སྲིད་འཁྲུལ་བྲལ་དུ་ངོས་བཟུང་ཞིང་ཁྲི་ཁར་བཀོད།

དེ་ནས་རྫོགས་ཆེན་དུ་གྲྭ་སར་བྱོན་ནས་བླ་སྤྲུལ་མང་པོའི་གམ་ནས་སྦྱངབ་ཡུན་མཛད་མཐར་རང་དགོན་དུ་བྱོན་ཞིང་སྐུ་ཚེ་སྨད་དུ་བསྟན་བདག་གི་འགན་བཞེས་ཏེ་གདན་རབས་གོང་མའི་ཕྱག་བཞེས་རྒྱུན་ཆགས་སུ་སྐྱོང་བ་དང་། ཤིན་ཏུ་ངོ་མཚར་བའི་མཆོད་རྟེན་ཞིག་གསར་བཞེངས་མཛད་པ་སོགས་ཀྱི་མཛད་འཕྲིན་རྨད་དུ་བྱུང་ངོ་།

དེའི་ཡང་སྲིད་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ་ནི་ཡབ་སྲས་རལ་གྲི་དང་ཡུམ་རིག་བྱེད་དབང་མོ་གཉིས་སྲ་སུ་སྐུ་འཁྲུངས། སྐུ་གཞོན་པུའི་དུས་ནས་ཨ་འཛོམ་སྒར་དུ་གྲྭ་སར་བྱོན་ནས་ཨ་འཛོམ་འབྲུག་རྒན་སོགས་ཐུན་མིན་བླ་མར་བསྟེན་ཞིང་ཁ་བཤད་ཆུ་ཡི་ལྦུ་བ་དེ། རྐྱེན་ཉོན་མོང་ཐུལ་བ་དཀའ་མོ་ཡིན།

ཞེས་གསུངས་པ་ལྟར་འོད་གསལ་རྫོགས་པ་ཆེན་པོའི་ཡང་གསང་མན་ངག་གི་སྙིང་པོ་གསན་ཡུན་རིང་མཛད་པས་གྲུབ་པའི་དབང་ཕྱུག་ཆེན་པོའི་སར་གཤེགས། དགུང་ལོ་སུམ་ཅུ་བཞེས་སྐབས་ཕྱིར་རང་དགོན་དུ་ཆིབས་སྒྱུར་ཞིང་།

སྐྱིད་སྣང་དགོན་པའི་བསྟན་པའི་བདག་པོའི་འགན་དབང་ཐུགས་ཉམས་སུ་བསྟར་ཞིང་དགོན་པར་ཕྱོགས་ཡོམས་ནས་གཙོ་སྐྱོང་གནང་ཞིང་གདན་རབས་གོང་མའི་ཕྱག་བཞེས་སྤེལ་བ་དང་དུས་མཚུངས་སུ་དགོན་པ་དེར་སྐུ་གདུང་ཁང་གསར་བཞེངས་ཉིད་ཀྱི་སྐུ་ཕྲེང་རིམ་བྱོན་དང་རྒྱལ་སྲས་རལ་གྲི། སྐུ་ཞབས་རྣམ་རྒྱལ།

སྤྲུལ་སྐུ་ཨ་བུ་སྐུ་ཕྲེང་རིམ་བྱོན་སོགས་ཀྱི་སྐུ་གདུང་ཡོད། མཛད་ཅིང་རབ་གནས་ཀྱི་མེ་ཏོག་ཐོར་བར་བྱས། བླ་མ་དེ་ཉིད་གསང་སྔགས་ཀྱི་ནུས་མཐུ་དང་གྲུབ་པའི་རྟགས་མཚན་གྱི་ཁྱད་ཆོས་གཟེངས་སུ་འཕགས་པས་སྙན་པའི་བ་དན་མི་ཉག་དང་རྒྱལ་རོང་།

གསེར་ཇར་སོགས་ཀྱི་ཡུལ་གྲུ་ཀུན་ལ་མངོན་པར་བསྒྲེངས་ཏེ་གསང་སྔགས་རྡོ་[page 592] འཛིན་པའི་ཁྱུ་མཆོག་ཆེན་པོར་གྱུར་ནས་དགུང་གྲངས་ཞེ་དགུར་འཚོ་སྟེ་སྐལ་བ་སྟག་གི་ལོར་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན། དེའི་ཡང་སྲིད་སྤྲུལ་སྐུ་ཐུབ་བསྟན་ཉི་མ་ནི།

ཡབ་ཨ་ཕང་གཏེར་ཆེན་དང་ཡུམ་དམ་ཚིག་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐལ་བ་ལུག་གི་ལོར་གསེར་ཐར་ས་ཁུལ་དུ་སྐུ་འཁྲུངས། བྱིས་པའི་དུས་ནས་ཕ་ཡབ་དང་རྫོགས་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེའི་ཡང་སྲིད་འཕྲུལ་མེད་ངོས་བཟུང་།

འོན་ཀྱང་སྐྱིད་སྣང་དགོན་པའི་བསྟན་བདག་ལ་ཁྲི་འདོན་མངའ་གསོལ་མཛད་མེད། རྗེས་སུ་དུས་ཀྱི་ཟིང་འཁྲུག་གི་སྐབས་སུ་འབར་ཁམས་བཙོན་ཁང་དུ་སྐུ་གཤེགས་སོ།། སྤྲུལ་སྐུ་ཨ་བུ་སྐུ་ཕྲེང་རིམ་བྱོན་གྱིས་སྐྱིད་སྣང་དགོན་པའི་བསྟན་པ་སྐྱོང་བར་ཐུགས་ཁུར་གནང་བའི་མཛད་རྗེས་མི་དམན་པར་བཞག

གཞན་ཡང་སྤྲུལ་སྐུ་རབ་བྱུང་གི་བསྟན་བདག་གི་འགན་བཞེས་པའི་སྐབས་སུ་གོ་མིན་ཏང་གིས་དགོན་པ་དེར་འགྲིམ་འགྲུལ་ས་ཚུགས་སུ་བྱས་པའི་རྐྱེན་གྱིས་དགོན་པ་ལྷ་སྡེ་དང་བཅས་པར་དཔྱ་ཁྲལ་དང་འུ་ལག་གི་ལས་འགན་ལྗིད་མོ་བཀལ་བར་མ་ཐེག་སྟེ་དགོན་པ་དེ་བཞུགས་ཁྲི་ལ་ཁར་གནས་སྤོས་བྱེད་དགོས་བྱུང་།

རྗེས་སུ་བླ་མ་དྲག་རིག་གི་སྐུ་དུས་སུ་བླ་མ་དཔལ་བཟང་གྲགས་པ་དང་ཁུ་གྱི་བསོད་ནམས་མགོན་པོ་ཁོང་རྣམ་པ་གསུམ་གྱིས་དབུ་བཞུགས་མཛད་འོག སྐྱིད་སྣང་དགོན་པ་སྔར་གྱི་དགོན་ཤུལ་དུ་སླར་ཡང་དགོན་གནས་སྤོས་ཤིང་རྟེན་དང་བརྟེན་པ་ཉམས་གསོ་དང་གསར་བཞེངས་མཛད།

དེ་ལྟར་མདོ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་བསྟན་བདག་གཙོ་བོ་དང་གཞན་བླ་སྤྲུལ་རྣམས་ཀྱིས་བསྟན་བདག་ཕལ་བ་ལྟར་བྱས་ནས་བསྟན་པ་སྐྱོང་བའི་སྲོན་རྒྱུན་ཡོད་པ་སྙམ། དགོན་པ་དེར་བླ་རབས་ལྟར་དུ་བྱོན་ཡོད་པའི་བླ་མ་ནི། བླ་མ་རྡོ་རྗེ་(གུ་རུའི་ཐང་མོ་ཆེ་དང་བླ་བརྒྱུད་ཡོངས་ཀྱི་ཐང་ཁ།

པདྨ་སྲིན་ཐག་གིས་གྲུབ་པའི་འཆམ་གོས་ཆ་སུམ་ཅུ་སོགས་ཐེབས་བཞག་མཛད)དང་། བླ་མ་རྒྱ་གོག་བླ་མ་ལི་གུས། བླ་མ་ཅོག་སྟེང་། མ་གྲོང་བླ་མ་ཆོས་འཕེལ་(བླ་མ་དེ་དགོན་པར་མཛད་རྗེས་ཆེ)། བླ་མ་པདྨ་རྒྱལ་མཚན། བླ་མ་དྲག་རིག རིག་བྱེད་དབང་མོའི་སྐྱེས་མཐར་འཛིན་པ་སྤྲུལ་སྐུ་ཐུབ་པ།

མཁན་པོ་མི་འགྱུར་སོགས་དེང་གི་བར་དུ་ཟམ་མ་ཆད་པར་བྱོན་ཞིང་སྤྲུལ་སྐུ་དང་བླ་མ་མཉམ་དུའམ་རེས་མོས་སུ་གདན་ས་སྐྱོང་ཞིང་གཏེར་སྟོན་ཉི་གྲགས་ཀྱི་ཆོས་རྒྱུད་དང་རྫོགས་ཆེན་པའི་ཆོས་རྒྱུད་འདྲེས་མར་སྤེལ་བའི་སྲོལ་རྒྱུན་ཆགས་ཡོད་པ་ལགས་སོ།།

རྟེན་གསུམ་སྐོར་ནི། བགྲང་བྱ་ཉག་མ་དེ་དག་གི་རིང་ལ་དགོན་པའི་བསྟན་བདག་གི་བླ་སྤྲུལ་རྣམས་དང་འབྱོར་ཕྱུག་ཅན་གྱི་ཡོན་བདག་ཚོས་སྔོན་རྗེས་སུ་རྣམ་དཀར་བསོད་ནམས་གྱི་ཞིང་སར་ཕུལ་བའི་རྟེན་དང་བརྟེན་པའི་གྲངས་ཀ་ཉུང་ཙམ་བཀོད་ན། ཐུབ་པ་(ལི་མ)དང་སྒྲོལ་མ་ཡིད་ཚོད་(ལི་མ)།

སྤྱན་རས་གཟིགས་(ལི་མ)མཁའ་སྤྱོད་མ་(གཏེར་མ)། ཚེ་དཔག་མེད། ཕུར་བ་རྡོ་རྗེ་གཞོན་ནུ་སོགས་གསེར་སྐུ་མང་པོ་དང་རྒྱུ་འཇིམ་བཟོ་ལས་གྲུབ་པའི་གུ་རུ་གསུང་འབྱོང་མ་དང་མཁན་སློབ་ཆོས་གསུམ། གུ་རུ་མཚན་བརྒྱད། སྒྲོལ་མ། ཐང་སྟོང་རྒྱལ་པོ་སོགས་མང་པོ་མཆིས། གསེར་ཐང་དཔག་བསམ་འཁྲི་ཤིང་དང་[page 593] གནས་བརྟན་བཅུ་དྲུག་ཆ་གསུམ་(མདོ་མཁྱེན་རྩེས་མཆོད་ཐེབས་གནང་བའི་ཆ་གཅིག་དང་རག་ཤེས་སྡེ་བས་མཆོད་ཐེབས་ཕུལ་བའི་ཆ་གཅིག དགོན་པས་བྲིས་པའི་ཆ་གཅིག་བཅས་ཡིན།) མཁན་སློབ་ཆོས་གསུམ་སོགས་དང་། གུ་རུའི་ཐང་མོ་ཆེ་དང་གུ་རུ་མཚན་བརྒྱད། རྗེ་འབངས་ཉེར་ལྔ་སོགས་ཀྱི་རས་གཞི་དང་ཐང་ཁ་མང་དུ་མཆིས།

བཀའ་འགྱུར་ཆ་གཉིས་དང་བསྟན་འགྱུར་ཆ་གཉིས། རྙིང་མ་རྒྱུད་འབུམ། རིན་ཆེན་གཏེར་མཛོད། མདོ་རིན་པོ་ཆེའི་གསུང་འབུམ་ཡོངས་རྫོགས་སོགས་པོད་མང་དུ་བཞུགས།

བཀའ་གདམ་མཆོད་རྟེན་དང་སྐུ་གདུང་ཁང་དུ་རྒྱུ་གསེར་ཟངས་ལས་གྲུབ་ཅིང་རིན་ཆེན་སྣ་ཚོགས་ཀྱི་ཕྲ་ཚོམ་བཏབ་པའི་སྐུ་གདུང་མཆོད་རྟེན་སོགས་ཐུགས་རྟེན་མང་དུ་མཆིས།

སྦབ་ཆིལ་སྐོར་ལ་མདོ་སྨད་མི་ཉག་ཡུལ་གྱི་དགོན་སྡེ་ཆེ་ཕྲ་ཀུན་གྱི་འགྲན་པའི་ཟླ་དང་བྲལ་བ་ཡིན་ཏེ་ཨ་སྨིན་སྦབ་ཆིལ་(གཏེར་མ་ཡིན་ངག་རྒྱུན་ལྟར་ན་གནས་མཆོག་ཞག་བྲག་ལྷ་རྩེས་གནང་བར་བཤད)དང་། རྟོགས་ལྡན་སྦབ་ཆིལ་རྒྱ་ཧོར་ཁ་སྤྲོད། ཤང་ཤང་སྦབ་ཆིལ་འཛམ་གླིང་གཡས་བཞག རྒྱ་སྦབ་འབྲུ་རིས་མ།

སྦབ་ཆིལ་འགྲོ་བ་འདྲེན་མཛད། སྦབ་ཆིལ་ཀླད་དཀར་མ། རྡོ་ཚེ་སྦབ་ཆིལ། ཤིང་བ་སྦབ་ཆིལ། ལིས་གུས་སྦབ་ཆིལ་སོགས་ཆ་བརྒྱ་ལ་ཉེ་བ་ཙམ་ཡོད། སིལ་སྙན་མ་ཎི་མ་དང་ཛ་ལན་ངྷ་ར། རལ་གྲི་སིལ་སྙན་སོགས་ཆ་ལྔ་ཡོད། གསེར་དངུལ་དྲ་མའི་དུང་དམར་དང་བློ་དགའ་དུང་དམར་སོགས་ཆ་བཞི། གསེར་རྒྱ་དངུལ་རྒྱ་སོགས་ཆ་བཞི།

གསེར་དངུལ་དྲ་མའི་རྐང་གླིང་སོགས་ཆ་གསུམ། དེ་མིན་གྱི་སྤོས་ཕོར་དང་བུམ་པ། མཎྜལ། རྔ། སྨད་རག མཆོད་ཀུང་། ཏིང་ཕོར། ཏིང་ཤགས། མཏོར་ཆ། དྲིལ་བུ་སོགས་ཆ་ཚང་དང་འཕན་གདུགས་རྒྱལ་མཚན། བླ་བྲེ། དྲ་བ་དྲ་ཕྱེད། འཆམ་གོས་ཆ་སུམ་ཅུ། འབག་སྣ་ཚོགས། ཚོགས་གདན། ཚོགས་ཟངས། ཟོ་ཁྲ། སྐྱོགས་ལ་སོགས་པ་ཡོད།

འདུ་ཁང་གཅིག་དང་སྐུ་གདུང་ཁང་གཅིག སྤྱི་ཁང་གཅིག ཇ་ཁང་གཅིག ཁང་ཚན་བཅུ་གསུམ། གྲྭ་ཤག་ལྔ་བཅུ་ལྷག མཆོད་རྟེན་དང་དུང་འཁོར་སོགས་མང་དུ་ཡོད།

དགོན་པའི་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ནི་མ་རིག་མུན་སེལ་ཉིན་བདུན་ལ་འཚོགས་རྒྱུ་དང་ཞི་ཁྲོ་ཉིན་བཅུ། བླ་མ་མཆོད་པ། སྙུང་གནས་ཆ་བརྒྱད། སྒྲུབ་མཆོད་ཉིན་བཅོ་ལྔ། ཞིང་སྒྲུབ་གླག་བླ་ཆོས་འགྲུབ་ཀྱིས་གསར་དུ་བཙུགས། རྡོར་སེམས། དགུན་ཆོས་འཆམ་དང་སྦྲགས་མ་ཉིན་བཅོ་ལྔ། ཚེས་བཅུ།

མཁན་པོ་ཐུབ་བསྟན་སྙན་གྲགས་དགོན་པར་ཕྱག་ཕེབས་ཏེ་ཟླ་བ་གཅིག་གི་རིང་ལ་ཆོས་འཁོར་བསྐོར་བའི་སྐབས་སུ་གསར་དུ་བཙུགས་པའི་ཕུར་བ་རྒྱུད་བླུག དམ་སྐོར། གསོལ་ཁ་རྒྱུན་འདོན་བཅས་འཚོགས་རྒྱུ་མཆིས་སོ།།

དགོན་པའི་ཡོན་གྱི་འབྱུང་ཁུངས་དང་དཔལ་འབྱོར་ལམ་ལུགས་ནི་བསྟན་བདག་དང་བླ་རབས་རིམ་བྱོན་གྱིས་མཆོད་ཐེབས་གནང་པའི་ཕྱག་རྒྱུ་དང་ཤི་བོའི་དགེ་རྩར་ཕུལ་བའི་རྒྱུ་ནོར། དགོན་པར་དབང་བའི་ས་ཞིང་(ས་ཞིང་གི་འབྱུང་ཁུངས་ནི་དགོན་པའི་ལྷ་སྡེ་རུ་གཏོགས་པའི་དུད་ཁྱིམ་ཞིག་གི་མི་ཚེ་ཁྱིམ་[page 594] ཚང་གིས་ཞིང་སྡོམ་འབོར་གྱི་མི་གཅིག་ཐོབ་སྐལ་དེ་དགེ་རྩའི་ཆེད་དུ་དགོན་པར་གཏན་ཕུལ་བྱེད་པའི་ལུགས་སྲོལ་ཆགས་ཡོད་པར་བཤད། )

ཡོན་ཐེབས་སྦྱར་བའི་དངོས་རྫས་བཅས་ཀྱི་རྨང་གཞི་བྱས་ཐོག་དགོན་པའི་དཔལ་འབྱོར་དང་ས་ཞིང་ཆེད་གཉེར་བའི་ལས་ཐོག་གི་སྤྱི་བ་དང་གཉེར་བས་ཕྱོགས་ཡོངས་ནས་དགོན་པ་ཐུན་མོང་གི་རྒྱུ་ནོར་བདག་གཉེར་དང་ལག་ལེན།

ས་ཞིང་རྨོ་སློག་དང་ཐོག་བརྔ་བའི་(ཞིང་བརྔ་པའི་སྐབས་སུ་ཞིང་འབྲོག་མང་ཚོགས་སླ་བ་བསྐོས་པའི་སྲོལ་ཡོད)ལས་འགན་ཁུར་བའི་ཡོང་འབབ་ཀྱིས་ཚོགས་པའི་གཏོང་སྒོ་དང་དགེ་འདུན་པའི་འཚོ་རྟེན་སོགས་བྱེད་རྒྱུའི་ལམ་ལུགས་རྒྱུན་ཆགས་སུ་ཡོདཔར་སེམས།

གཉེར་ཁ་ཁག་གི་དངུལ་རྩའི་ཡོངས་གྲངས་སྒོར་མོར་གཞལ་ན་(འབྲུ་རིགས་དང་ཇ། མར་ཆུར་དངུལ་གོར། ཚེ་འབར་རྟེན་སོའི་མཇོ་སོགས)ཁྲི་ཚོ་བཅུ་ལ་ཉེ་བ་ཙམ་ཡོད་པ་འདྲའོ།

ཡུལ་དགོན་གཞན་དང་འབྲེལ་བ་དང་དགོན་པར་འགན་བཞེས་པའི་གོ་རིམ། དགོན་པའི་གྲྭ་རྒྱུན་གྱི་འབྱུང་ཁུངས་སོགས་ནི། དགོན་པ་དེ་ཐོག་མར་ཆགས་པའི་དུས་སུ་ཡང་ཆོས་དགོན་པའི་དགོན་ལག་ཡིན་པར་མ་ཟད་གྲྭ་སར་ཡང་ཆོས་(བོད་ལྗོངས་མངའ་ཁོངས་སུ་གཏོགས)སུ་འགྲོ་བའི་སྲོལ་ཡོད།

ཕྱིས་སུ་རྫོགས་ཆེན་དགོན་འགོ་ཕུལ་ཏེ་རྫོགས་ཆེན་དགོན་པའི་དགོན་ལག་གི་གྲས་སུ་གཏོགས་ཏེ་གྲྭ་སར་རྫོགས་ཆེན་ལ་ཕེབས་པའི་སྲོལ་བཙུགས་པ་མ་ཟད། རྫོགས་ཆེན་མཁན་པོ་ཐུབ་བསྟན་སྙན་གྲགས་སྐྱིད་སྣང་དགོན་པར་ཞབས་ཟུང་གསེར་གྱི་འཁོར་ལོ་སྒྱུར་ཞིང་།

ཟླ་བ་གཅིག་གི་རིང་ལ་གཏེར་སྟོན་ཉི་གྲགས་ཀྱི་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་གནང་བའི་ཆོས་འཁོར་བསྐོར། བླ་མ་ལས་སྣེ་འགན་བཞེས་ཚུལ་ནི་ཐོས་བསམ་སྒོམ་སྒྲུབ་སོགས་དམིགས་གསལ་གྱི་མཛད་སྤྱོད་གང་རུང་མངའ་བར་བླ་མ་དང་མཁན་པོའི་མཚན་གསོལ་བ་དང་། འདོན་རྟ་དབྱངས་སོགས་ལ་མཁས་པ་དབུ་མཛད་ཀྱི་མཚན་གསོལ།

དགོན་པ་སྤྱི་ལ་ལྷག་བསམ་ཆེ་ཞིང་བློ་ཁོག་ཡངས་ཤིང་ཡིད་གཞུང་དྲང་བར་དགེ་བསྐོས་ཀྱི་མཚན་གསོལ། མཆོད་གཏོར་བཟོ་རྩལ་སོགས་ལ་མཁས་པ་མཆོད་དཔོན་གྱི་མཚན་གསོལ་བ་སོགས་ཀྱི་སྲོལ་རྒྱུན་ཆགས་ཡོད།

གྲྭ་རྒྱུན་ནི་བར་སྨད་གྲོང་འགོ་བ་(རྟའུ་རྫོང་བར་སྨན་ཀྲེན་གྱི་ཁོངས་སུ་གཏོགས)དང་གོག་རོ་མ་(དར་མདོ་རྫོང་ནག་ལུང་ཤང་གི་ཁོངས་སུ་གཏོགས། )ཤ་མ་ལུང་། གསེར་ཆུ་ཁ་བ་སོགས་ནས་གྲྭ་རྒྱུན་ཡོང་དགོས། གྲྭ་གྲངས་ཁྱོན་བརྒྱ་ཕྲག་ལྷག་ཡོད་པ་ལགས་སོ།།

དགོན་པར་གནོད་སྐྱོན་དང་ཉམས་ཆག་བྱུང་ཚུལ་ནི། རབ་བྱུང་བཅུ་དྲུག་པའི་མེ་ཕོ་བྱི་བའི་ལོར་དགོན་པ་མེ་སྐྱོན་ཕོག་སྟེ་དགོན་པ་ལ་ཕྱོགས་ཡོངས་ནས་དཔལ་འབྱོར་དང་རིག་དངོས་ཀྱི་གྱོང་གུད་དང་ཉམས་ཆག་ཚབས་ཆེན་ཐེབས།

ངོ་རྒོལ་བཞི་པ་དང་རིག་གནས་གསར་བརྗེའི་སྐབས་སུ་རིན་ཐང་བྲལ་བའི་རིག་དངོས་རྩ་ཆེན་རྣམས་གཞུང་ལེན་བྱས་པ་དང་། དེ་མིན་གྱི་རྟེན་དང་བརྟེན་པ་ཕལ་ཆེར་འབྱུང་བཞིར་ཐིམ་ཏེ་དགོན་ཤུལ་གྱང་རལ་རྩིག་ཆག་ཙམ་ལས་མཐོང་རྒྱུ་མེད་པར་གྱུར།

ད་ལྟའི་གནས་ཚུལ་ནི་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་བ་དང་རྟའུ་[page 595] རྫོང་སྲིད་གཞུང་གིས་སྐྱིད་སྣང་དགོན་པ་ཉམས་གསོ་བྱེད་ཆོག་པའི་ཆོག་མཆན་བཀོད་པའི་འགྲོའི་ཆ་རྐྱེན་བཟང་པོའི་འོག

སྤྲུལ་སྐུ་ཐུབ་པ་དང་སྤྲུལ་སྐུ་རིན་ཁོ་རྣམ་གཉིས་དབུར་བཞུགས་གནང་འོག རྒྱ་ཆེ་བླ་སེར་དང་དད་ལྡན་མང་ཚོགས་ཀྱིས་ཇུས་ཤུགས་མཉམ་འདོན་གྱི་སྒོ་ནས་འདུ་ཁང་ཆེ་ཆུང་སྔར་ལྟར་གསར་བཞེངས་མཛད།

ནང་རྟེན་གཙོ་བོར་གུ་རུ་སོགས་བཞེངས་པ་ལེགས་པར་གྲུབ་སྟེ་བླ་གྲྭ་བཅུ་ཕྲག་འགས་དུས་མཆོད་སོགས་སྔར་གྱི་རྒྱུན་མ་ལུས་སྐྱོང་བའི་ཆོས་མཐུན་མཛད་སྤྱོད་གནང་མུས་སུ་མཆིས་སོ།།

འཕྲིན་དགའ་ནས་བྲིས།

ལ་ཐང་དགོན་གྱི་ལོ་རྒྱུས།

ལ་ཐང་དགོན་ནི་རབ་བྱུང་བཅུ་གསུམ་པ་ཙམ་གྱི་ནང་དུ་ཐོག་མར་ཆགས། གྲུབ་མཐའ་སྔ་འགྱུར་རྙིང་མ་པ་ཡིན། དེང་སང་རྟའུ་རྫོང་ནག་བྲན་ཤང་གི་ཁོངས་སུ་གཏོགས། དགོན་པ་ཐོག་མར་འདེབས་ཚུལ་ནི།

དེ་ཡང་གསང་སྔགས་སྔ་འགྱུར་བསྟན་པའི་སྲོག་ཤིང་སྤྲུལ་པའི་གཏེར་སྟོན་ཆེན་པོ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུལ་ཅན་དངོས་གྲུབ་རྒྱལ་མཚན་གྱི་ཡང་སྲིད་སྐྱེས་ཕྲེང་བརྒྱད་པ་རིག་འཛིན་རྡོ་རྗེ་ཐོགས་མེད་རྩལ་ཞེས་པའི་བྱང་གཏེར་གྱི་ཆོས་རྒྱུད་ལས་མཆེད་པའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་དེ་ཉིད་ཡིན།

ཁོང་ནི་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་རྒྱུད་བསྐྱངས་པའི་དགོན་སྡེ་ཚང་མར་ཆིབས་བསྒྱུར་གནང་ཞིང་གསང་སྔགས་སྔ་འགྱུར་བའི་བསྟན་པ་སྤྱི་དང་ཁྱད་པར་བྱང་གཏེར་གྱི་ཆོས་རྒྱུད་འཛིན་སྐྱོང་སྤེལ་བར་མཛད་རྗེས་བླ་ལྷག་ཏུ་ཆེ་བར་བཞག

སྐུ་ཚེ་སྨད་རབ་བྱུང་བཅུ་གསུམ་པ་ཙམ་གྱི་ནང་དུ་ལ་ཐང་དུ་ཕེབས་པའི་སྐབས་སུ་ས་ཆ་དེའི་དད་ལྡན་མང་ཚོགས་ཀྱིས་མཆོད་གནས་སུ་བསྐུར་བ་དང་ཡོན་བདག་རྣམས་ཀྱིས་མཐུན་རྐྱེན་དང་ཞབས་ཏོག་གང་ལེགས་སྦྱར་བར་བརྟེན་ལ་ཐང་དགོན་པའི་རྟེན་དང་བརྟེན་པ་ཐོག་མར་ཕྱག་བཏབ་པར་མཛད་དེ་གསང་ཆེན་འཕེལ་རྒྱས་གླིང་ཞེས་མཚན་གྱི་ཅོད་པན་གསོལ།

ཕྱིས་སུ་ལ་ཐང་ཞེས་པའི་ས་མིང་དེ་དགོན་པའི་མིང་ལ་ཡོངས་གྲགས་སུ་ཆགས་སོ།།

དགོན་པའི་གདན་རབས་ནི། མ་གཞི་དགོན་དེར་ཉར་ཚགས་བྱས་ཡོད་པའི་དཔྱད་གཞི་ཡིག་ཆ་མེད་པ་དང་།

མི་རབས་རྒན་པ་རྣམས་ཕལ་ཆེར་ཕྱི་མའི་འཇིག་རྟེན་དུ་ཕྱིན་ཟིན་པའི་རྐྱེན་གྱིས་གདན་རབས་ཁ་གསལ་ཞིག་འབྲི་རྒྱུའི་ལོ་རྒྱུས་འཚོལ་ཞིབ་ཏུ་མ་འཁྱོལ་འོན་ཀྱང་ངག་རྒྱུན་ལ་གཞིགས་ན་རིག་འཛིན་རྡོ་རྗེ་ཐོགས་མེད་རྩལ་གྱིས་དགོན་པ་ཐོག་མར་ཕྱག་བཏབས་ཏེ་གདན་ས་མཛད་པའི་རྗེས་སུ་མདོ་མཁྱེན་རྩེ་ཡེ་ཤེས་རྡོ་རྗེ་གདུང་རྒྱུད་རིམ་བྱོན་གྱིས་དགོན་པ་དེར་ཕྱོགས་ཡོངས་ནས་གཟིགས་སྐྱོང་གནང་སྟེ།

དགོན་པ་འཛུགས་སྐྲུན་དང་རྒྱ་བསྐྱེད་བཏང་བ་སོགས་ཀྱི་ཐད་ལ་མཛད། དེའི་རྗེས་སུ་རབ་བྱུང་བཅུ་བཞི་པའི་སྨད་དུ་ས་ཆ་དེར་སྐུ་འཁྲུངས་པའི་སྤྲུལ་སྐུ་སྒྲ་[page 596] གཅན་འཛིན་གྲོལ་གྱིས་གདན་ས་མཛད། ཁོང་ནི་རྡོ་གྲུབ་ཆེན་དགོན་དུ་གྲྭ་སར་བྱོན་ནས་མཁན་པོ་དཀོན་མེ་དང་མཁན་པོ་དམ་ཆོས།

རྡོ་གྲུབ་རིན་པོ་ཆེ་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་མང་པོ་ཚུལ་བཞིན་དུ་བསྟེན་ནས་ཐུན་མོང་རིག་གནས་དང་ཐུན་མིན་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་རྣལ་འབྱོར་ཡངས་པའི་རྩའི་སྒོ་འབྱེད་དེ་མཁས་ཤིང་གྲུབ་པའི་སྐྱེ་བུ་ཆེན་པོའི་སར་གཤེགས།

དེ་ནས་ཕྱིར་ལ་ཐང་དགོན་པར་ཆིབས་བསྒྱུར་གནང་ཞིང་བསྟན་བདག་དང་ཁྲི་བའི་འགན་གཅིག་ལྕོགས་ལྟར་བྱས་ནས་མི་ལོ་བཅུ་ཕྲག་འགའི་རིང་ལ་དད་ལྡན་སློབ་ཚོགས་གྲངས་ལས་འདས་པ་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བར་མ་ཆད་པར་བསྐོར་ཞིང་རྣམ་དཀར་འཕྲིན་ལས་ཀྱི་མཛད་པའི་ནམ་མཁའི་མཐའ་དང་མཉམ་པར་བྱས་མཐར་སྐྱབས་རྗེ་དམ་པ་ཁོང་གི་སྙན་པའི་གྲགས་དཀར་མགར་ཐར་གྱི་ཡུལ་གྲུ་ཀུན་ལ་བསྒྲེངས་མཐར།

བོད་རབས་བྱུང་བཅུ་དྲུག་པའི་ལྕགས་ཕོ་བྱི་པའི་ལོར་བཙོན་ཁང་དུ་དགོངས་པ་རྫོགས་སོ།། སྤྲུལ་སྐུ་བློ་གྲོས་རྒྱལ་མཚན་ནི་རབ་བྱུང་བཅུ་དྲུག་པའི་ཤིང་མོ་ཕག་གི་ལོར་ལ་ཐང་དུ་སྐུ་བལྟམས།

སྐུ་ཆུང་ངུའི་དུས་ནས་མདོ་སྨད་ཕྱོགས་ཀྱི་གདན་ས་ཆེན་པོ་ཤར་བླ་བྲང་བཀྲ་ཤིས་འཁྱིལ་དུ་གྲྭ་སར་བྱོན་ནས་མི་ལོ་དུ་མའི་རིང་ལ་དགེ་བཤེས་དུ་མ་སློབ་དཔོན་དུ་བསྟེན་གཞུང་བཀའ་པོད་ལ་འབད་འབུངས་ལྷོད་མེད་ཀྱི་ཐོས་བསམ་ནན་དུ་མཛད་མཐར་མཁས་པའི་གོ་འཕང་མཐོན་པོར་གཤེགས་རྗེས་སུ།

ཕྱིར་རང་དགོན་དུ་ཕེབས་ནས་སྤྲུལ་སྐུ་སྒྲ་ཅན་འཛིན་གྲོལ་དང་ཁོང་རྣམ་གཉིས་ཀྱིས་གདན་རབས་གོང་མའི་ཕྱག་བཞེས་མུ་མཐུད་རྒྱུན་ཆགས་སུ་སྐྱོང་བའི་སྐབས་སུ་དུས་ཟིང་ཆེན་པོ་བྱུང་།

ཕྱིས་སུ་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་ཚེ་སྤྲུལ་པའི་སྐུ་མཆོག་བླ་གྲོས་རྒྱལ་མཚན་རིན་པོ་ཆེས་ལ་ཐང་དགོན་པ་ཉམས་གསོ་མཛད་པའི་དབུར་བཞུགས་གནང་ཞིང་རང་ཉིད་ཀྱི་ཕྱག་རྫས་འབོར་ཆེན་བཏང་ནས་དགོན་པ་སྔར་ལྟར་དང་ནང་གི་སྐུ་གསུང་ཐུགས་རྟེན་རྣམས་བཞེངས་པ་ལེགས་པར་གྲུབ་པ་མ་ཚད།

རྒྱ་ཆེའི་དད་ལྡན་མང་ཚོགས་ལ་སྟབས་བདེ་མཁོ་སྤྲོད་ཡོང་ཆེད་དུ་མདོ་སྡེ་སྐལ་བཟང་དང་གསེར་འོད་ས་བཅུ་མ། བཟང་སྤྱོད་སོགས་ལྡེབ་གྲངས་ཆིག་སྟོང་ལྔ་བརྒྱ་ལྷག་ཡོད་པའི་པར་ཤིང་བརྐོས་པ། ཁང་འཛུགས་གཉེར་མཛད་པ་སོགས་ཀྱི་གདན་རབས་གོང་མའི་ཕྱག་བཞེས་ཇི་བཞིན་དུ་བསྲིངས་པའི་མཛད་རྗེས་མངོན་གསལ་དོད་པོ་བཞག

གཞན་ཡང་གདན་ས་དེར་རྣལ་འབྱོར་བ་མར་ལོ་གྲགས་པ་དང་། ཐུབ་བསྟན་ཕུན་ཚོགས། པདྨ་རིག་འཛིན་སོགས་ཁྲི་བ་དང་བླ་རབས་རིམ་པར་བྱོན་ནས་བྱང་གཏེར་གྱི་ཆོས་རྒྱུད་དེང་གི་བར་དུ་བསྐྱངས་པའི་སྲོལ་རྒྱུན་ཡོད་པ་ལགས་སོ།།

དགོན་པའི་སྐུ་གསུང་ཐུགས་རྟེན་དང་ཚེས་དུས་མཆོད་ཀྱི་སྐོར་ནི། ཕྱི་ཁོག་ལ་འདུ་ཁང་གཅིག་དང་ཇ་ཁང་། རྒྱུ་

མཛོད་ཁང་། གྲྭ་ཤག་བཞི་བཅུ་ལྷག དུང་འཁོར། མཆོད་སོགས་ཡོད། ནང་རྟེན་ལ་ཐུབ་སྐུ་དང་གནས་བརྟན་བཅུ་

དྲུག་ང་འདྲ་མར་གྲགས་པའི་མདོ་མཁྱེན་རྩེ་རིན་པོ་ཆེའི་སྐུ་བརྙན་སོགས་ལི་གཏེར་དང་སྤྱི་བཏང་བའི་གསེར་སྐུ་

བཅས་སྡོམ་པའི་བརྒྱ་ལྷག་ཡོད་པ་དང་། ལོ་རྒྱུས་ཀྱི་རང་བཞིན་ལྡན་[page 597] ལ་བཟོ་བཀོད་ལེགས་ཤིང་སྤུས་ཀ་བཟང་བའི་ངོ་མཚར་ལྡན་ལྡན་པའི་འཇིམ་སྐུ་སྣ་ཚོགས་དང་། ལྡེབ་བྲིས་སྣ་ཚོགས། ཐང་ཁ་ཉིས་བརྒྱ་ལྷག་ཡོད།

གསེར་དངུལ་མཚལ་སྣག་གིས་བྲིས་པའི་བྱང་གཏེར་གྱི་ཆོས་སྐོར་ཡོངས་རྫོགས་གཙོ་བོར་བྱས་པའི་ཆོས་པོད་ཏི་བརྒྱ་ཕྲག་ཁ་ཤས་བཞུགས། སྦུག་ཆལ་སིལ་སྙན་རྒྱ་གླིང་དུང་དམར་འཕན་གདུགས་རྒྱལ་མཚན་དྲ་བ་དྲ་ཕྱེད་སོགས་མཆོད་རྫས་སྣ་ཚོགས་ཡོད།

དར་ཕྲུག་གོས་ཆེན་དང་ས་གདན་ཚོགས་ཟངས་སོགས་མཆིས་སོ།། དུས་མཆོད་ནི་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་སྒྲུབ་ཐབས་ལ་བརྟེན་པའི་མ་ཎི་བུམ་སྒྲུབ་དང་བཀའ་བརྒྱད་སྒྲུབ་མཆོད་ཆེན་མོ། དབྱར་གནས། སྙུང་གནས། ཆོས་སྐྱོང་རྒྱུན་བཅོལ། ཡོན་ཁ་སོགས་འཚོགས་པའི་ལུགས་སྲོལ་རྒྱུན་འཇགས་སུ་མཆིས་སོ།།

དགོན་པའི་ཆོས་རྒྱུད་དང་ཡོན་གྱི་འབྱུང་ཁུངས་ཀྱི་སྐོར་ནི། ལ་ཐང་དགོན་པ་ནི་ལྷ་ལྡན་རྡོ་རྗེ་བྲག་དགོན་པའི་ཆོས་རྒྱུད་ལས་མཆེད་པའི་སློབ་ཚོགས་ཀྱིས་ཕྱག་བཏབ་པའི་དགོན་ལག་ཞིག་ཡིན་སྟབས།

ངག་རྒྱས་ལྟར་ན་རྡོ་རྗེ་བྲག་དགོན་པའི་བླ་སྤྲུལ་ཆེ་ཁག་རྣམས་དགོན་གགནས་འདིར་བྱོན་ཞིང་ཆོས་འཁོར་ཟབ་རྒྱས་བསྐོར་མྱོང་བ་དང་།

ལ་ཐང་དགོན་པའི་གྲྭ་བ་རྣམས་རྡོ་རྗེ་བྲག་དགོན་པར་གྲྭ་སར་བྱོན་པའི་ལུགས་སྲོལ་ཆགས་ཡོད་པ་སོགས་ཀྱི་ལོ་རྒྱུས་མཆིས་སོ།། དགོན་པའི་རྟེན་བཞེངས་དང་ཚོགས་པའི་གཏོང་སྒོ་སོགས་ལ་སྦྱར་བའི་འགྲོ་གྲོན་ནམ་ཡོན་ཁའི་འབྱུང་ཁུངས་ནི་དགོན་པའི་བསྟན་བདག་རིམ་བྱོན་གྱིས་ཐེབས་བཞག་གནང་བའི་རྒྱུ་ནོར་དང་དགོན་པའི་ས་ཞིང་།

དགོན་པའི་ལྷ་སྡེ་དང་སྦྱིན་བདག་རྣམས་ཀྱི་འབུལ་བ་བཅས་ནི་དགོན་པའི་མཐུན་མོང་དཔལ་འབྱོར་གི་འབྱུང་ཁུངས་ཡིན། ཐུན་མོང་གི་དངུལ་རྩ་དེ་དག་ལས་ཐོག་གི་དགེ་བསྐོས་དང་སྤྱི་བ།

གཉེར་བ་སོགས་ཀྱིས་ལག་ལེན་དང་བདག་གཉེར་བྱས་ཏེ་དགོན་གཞུང་སྤྱིའི་འགྲོ་གྲོན་དུ་གཏོང་སྒོ་བྱས་དགོས་པའི་ལམ་ལུགས་སུ་ཆགས་ཡོད་པ་ལགས་སོ།། དགོན་པའི་དཔལ་འབྱོར་སྡོམ་འབོར་མི་དམངས་ཤོག་སྒོར་ལ་གཞལ་ན་སྒོར་མོ་ཁྲི་ཚོ་འགའ་ཡོད་པར་སེམས་སོ།།

དགོན་པའི་དགེ་འདུན་པ་རྣམས་ཡོན་གྱི་དངོས་པོར་བརྟེན་ནས་འཚོ་བ་ཙམ་དུ་ལགས་སོ།།

དགོན་པ་དེ་ཡུལ་དགོན་གཞན་དང་འབྲེལ་ཚུལ་ནི། ལ་ཐང་དགོན་པའི་མ་དགོན་ནི་ལྷ་ལྡན་རྡོ་རྗེ་བྲག་དགོན་པ་ཡིན། དགོན་ལག་གམ་བུ་དགོན་ནི་རྒྱལ་མོ་ཚ་བ་རོང་གི་རྟོ་འགུ་དགོན་པ་དང་མགུ་ཐང་རྒྱབ་དགོན་པ་སོགས་དགོན་སྡེ་ཁ་ཤས་ཡོད་དེ།

དགོན་པ་དེ་དག་གི་གྲྭ་བ་རྣམས་ལ་ཐང་དགོན་དུ་གྲྭ་སར་བྱོན་ནས་གར་ཐིག་དབྱངས་གསུམ་དང་བཅའ་རྡུང་དཀྲོལ་གསུམ། འདོན་རྟ་དབྱངས་སོགས་སློབ་སྦྱོང་བྱས་པའི་ལུགས་སྲོལ་རྒྱུན་འཇགས་སུ་ཡོད་པ་ལགས་སོ།།

དགོན་པ་ལ་ཉམས་ཆགས་བྱུང་ཚུལ་ནི། དགོན་པ་ཆགས་ནས་ཡུན་རིང་པའི་དུས་རབས་ནང་དུ་ཡུལ་གྲུ་དེར་ས་འགུལ་བྱུང་སྟེ་དགོན་པར་ཆག་འཇིག་ཐེབས། ཉག་རོང་དང་ལྕག་མའི་དམག་འཁྲུག་བྱས་སྐབས་དགོན་ཁོག་ལ་གནོད་འཚེ་ཚབས་ཆེན་ཐེབས་ཏེ་དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་བཟོས་པ་རེད།

ངོ་རྒོལ་བཞི་པའི་ལས་འགུལ་ཁྲོད་དུ་དགོན་པའི་རྟེན་དང་བརྟེན་པ་ཐམས་ཅད་འབྱུང་བཞིར་ཐིམ་ནས་[page 598] དགོན་ཤུལ་ས་ཕུང་རྡོ་ཙམ་དུ་གྱུར་ཞིང་། རྩ་འཇག་མས་ཤུག་གླུ་ལེན་པའི་དབེན་ཞིང་སྟོངས་པའི་གནས་ཞིག་ཏུ་གྱུར་ཡོད་པ་ལགས་སོ།།

ད་ལྟའི་གནས་ཚུལ་ནི། དེ་ཡང་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་བ་དང་རྫོང་མི་དམངས་སྲིད་གཞུང་གིས་ལ་ཐང་དགོན་པ་ཉམས་གསོ་བྱེད་རྒྱུའི་ཆོག་མཆན་ནང་བའི་སྔོན་འགྲོའི་ཆ་རྐྱེན་བཟང་པོའི་འོག གོང་དུ་བཤད་པ་ལྟར་སྤྲུལ་སྐུ་བློ་གྲོས་རྒྱལ་མཚན་དང་།

དེ་མིན་སྤྲུལ་སྐུ་ལུང་རྟོགས་བསྟན་འཛིན་བཟང་པོ་སོགས་དབུར་བཞུགས་མཛད་དེ་ཕྱག་རྫས་འབོར་ཆེན་ཐེབས་བཞག་གནང་བ་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ཀྱིས་ཧུར་བརྩོན་རང་བཞིན་གྱི་སྒོ་ནས་མི་ཤུགས་དང་དངོས་ཤུགས་གངལེགས་བཏོན་ནས་འདུ་ཁང་དང་དབྱར་གནས་ཁང་། པར་ཁང་། རྒྱུ་མཛོད་ཁང་སོགས་སྔར་ལྟར་བཞེངས་པར་མཛད།

ནང་རྟེན་རྙིང་བ་འགའ་འཚོལ་སྡུད་བྱས་པའི་རྨང་གཞིའི་སྟེང་དུ་གསར་བ་མི་ཉུང་བ་ཞིག་བཞེངས་པ་ལེགས་པར་གྲུབ། དགོན་པའི་ཉེ་འདེབས་སུ་བླ་མ་རྣམས་དཀར་གྱིས་ཕྱག་རྫས་འབའ་ཞིག་འགྲོ་གྲོན་དུ་བཏང་ནས་མཆོད་རྟེན་བརྒྱ་དང་ལྔ་བཅུ་དང་དར་ལྕོག་གྲངས་ཀྱི་མི་ལང་བ། ས་ཚྭ།

རྡོ་འབུམ་སོགས་མང་དུ་བཞེངསཏེ་དེའི་བླ་སྤྲུལ་རྣམས་ཀྱིས་ཆོས་ལུགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་བྱ་བ་ཞིག་དངོས་སུ་སྒྲུབ་བཞིན་ཡོད་པ་ལགས་སོ།།

མིག་སྔར་དགོན་པའི་ནང་དུ་དགེ་འདུན་པ་ཕྲག་ལྔ་ཙམ་གྱི་ཐུགས་མཐུན་ཁྲིམས་གཙང་གིས་སྒོ་ནས་གདན་རབས་གོང་མའི་ཕྱག་བཞེས་མ་ལུས་པ་མུ་མཐུད་རྒྱུན་ཆགས་སུ་སྐྱོང་ཞིང་སོར་བྱང་སྔགས་ཀྱི་ཉམས་ལེན་ལ་ལག་ལེན་ཚུལ་བཞིན་དུ་བྱེད་པའི་ཆོས་མཐུན་གྱི་མཛད་སྤྱོད་འབའ་ཞིག་གནང་མུས་སུ་མཆིས་པ་ལགས་སོ།། འཕྲིན་དགའ་ནས།

ཉི་འོད་དགོན་གྱི་ལོ་རྒྱུས།

ཉི་འོ་དགོན་ནི་རབ་བྱུང་བཅུ་གཅིག་པའི་ནང་ཐོག་མར་ཆགས། གྲུབ་མཐའ་རྙིང་མ་བ་ཡིན། དེང་སང་རྟའུ་རྗོང་གསེར་ཁ་ཤང་གི་ཁོངས་གཏོགས།

རབ་བྱུང་བཅུ་གཅིག་པའི་ནང་ཙམ་དུ་སྟོད་ཕྱོགས་ནས་ཕྱག་ཕེབས་པའི་བླ་མ་ར་པོ་ཀློང་ཡངས་ཀྱིས་ཐོག་མར་དགེ་འདུན་པ་ཙམ་གྱི་གཙོར་བཟུང་ཞིང་ཚེས་བཅུ་ཉེར་ལྔ་འཚོགས་རྒྱུའི་སྲོལ་བཙུགས་པ་མ་ཟད། གྲུབ་དབང་རྫོགས་ཆེན་པའི་ཕྱག་བཞེས་ལྟར་གར་གླིང་ཞི་ཁྲོའི་སྒྲུབ་མཆོད་གསར་དུ་བཙུགས་ཤིང་།

ཉི་འོད་བཤད་སྒྲུབ་བསྟན་པའི་ཆོས་གླིང་ཞེས་མཚན་གསོལ་བར་གྲགས་ཏེ། ལྕམ་པ་སྟོད་སྨད་ཀྱི་སྐལ་ལྡན་གྱི་གདུ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་དེ་སྐུ་གཤེགས་སོ། དེ་ནས་བསྟན་བདག་རིམ་པས་བསྟན་པ་སྐྱོང་ཚུལ་ནི།

དེའི་ཡང་སྤྲུལ་སྐུ་ཕྲེང་གཉིས་པར་གྲགས་པའི་མཚན་དངོས་མི་གསལ་ཞིང་མིང་འདོགས་ལ་རོང་མི་མཛོ་གླེན་ཞེས་པ་ནི་རྒྱལ་མོ་ཚ་བ་རོང་དུ་འཁྲུངས། ངག་རྒྱུན་ལྟར་ན་ངེས་དོན་བསྟན་འཛིན་བཟང་པོས་བླ་མ་ར་པོ་ཀློང་ཡངས་ཀྱི་ཡང་སྲིད་[page 599] དུ་ངོས་བཟུང་།

ཁོང་གིས་གདན་རབས་གོང་མའི་ཕྱག་བཞེས་མཐའ་འཁྱོངས་སུ་བསྲིང་བར་ཐུགས་ཉམས་སུ་བསྟར་ཞིང་ལྕམ་པ་སྡེ་ཤོག་ཏུ་བཞུགས་ནས་ཆོས་མཐུན་གྱི་མཛད་སྤྱོད་འབའ་ཞིག་བསྒྲུབས་པར་འབྲེལ། དགེ་འདུན་པ་བཅུ་ཕྲག་འགའི་དབུ་བཞུགས་སུ་གྱུར་བ་དང་། ཡོན་བདག་རྣམས་ཀྱིས་མཐུན་རྐྱེན་དང་ཞབས་ཏོག་གྱ་ནོམ་པར་སྦྱར་བར་བརྟེན།

བླ་མ་གསང་བ་འདུས་པའི་སྒྲུབ་མཆོད་གསར་དུ་བཙུགས་ཤིང་ཧོར་བླ་བསྟན་འཛིན་དང་བོན་པོ་ལུང་རྟོགས། དོམ་ལུང་བོན་པོ་བླ་མ་ཡེ་ཤེས་འོད་ཟེར་བཅས་གདན་ཚབ་ཏུ་མངའ་གསོལ་ནས་ལོ་ཤས་འདས་རྗེས་སུ་སྐུ་གཤེགས།

ཁོང་རྣམ་པ་གསུམ་གྱིས་གདན་ས་མུ་མཐུད་རྒྱུན་ཆགས་སུ་སྐྱོང་ཞིང་གཙུག་ཏོར་རྣམ་རྒྱལ་མའི་སྒྲུབ་མཆོད་དང་བདེ་ཆེན་ཞིང་སྒྲུབ་གསར་དུ་བཙུགས་པ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེར་སྤེལ་བ། ངག་རྒྱུན་ལ་གཞིགས་ན་དེ་དག་གི་སྐུ་དུས་སུ་འདུ་ཁང་ཞིག་ཕྱག་བཏབ་ཡོད་པར་གྲགས།

དེ་ནས་སྐུ་ཕྲེང་གསུམ་པ་གདན་རབས་བཞི་པ་འཇིགས་མེད་མཐུ་སྟོབས་རྡོ་རྗེ་ནི་རབ་བྱུང་བཅུ་བཞི་པའི་སྨད་ཙམ་དུ་རྒྱལ་མོ་ཚ་བ་རོང་གི་མངའ་ཁོངས་སུ་སྐུ་བལྟམས། བྱིས་པའི་དུས་ནས་རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེ་རོང་མོ་མཛོ་གླེན་གྱི་ཡང་སྲིད་དུ་ངོས་བཟུང་ཞིང་མཚན་གསོལ་ཏེ་དགོན་པའི་ཁྲི་ཁར་བཀོད།

དེ་ནས་རྫོགས་ཆེན་དང་ཞི་ཆེན་སོགས་སུ་གྲྭ་སར་བྱོན་ཞིང་མི་འགྱུར་ནམ་མཁའི་རྡོ་རྗེ་སོགས་བླ་སྤྲུལ་མང་པོའི་མདུན་ནས་རྙིང་ཆོས་སྐོར་གྱི་དབང་ལུང་མན་ངག་དང་བཅས་པ་མང་དུ་མནོས་མཐར།

རང་དགོན་དུ་བྱོན་ནས་དགོན་པའི་བསྟན་བདག་གི་འགན་ཡོངས་སུ་བཞེས་ཤིང་གདན་རབས་གོང་མའི་ཕྱག་བཞེས་མ་ལུས་རྒྱུན་ཆགས་སུ་སྐྱོང་ཞིང་། སྙིང་བླ་མ་མཆོད་པའི་སྒྲུབ་མཆོད་གསར་དུ་བཙུགས་པར་མ་ཟད།

བོན་པོ་ལུང་རྟོགས་ཀྱི་ཡང་སྲིད་སྤྲུལ་སྐུ་ཨུ་རྒྱན་དཔལ་འབྱོར་དང་ལྕམ་བླའི་ཡང་སྲིད་སྤྲུལ་སྐུ་པདྨ་ནོར་བུ་སོགས་ཉི་འོད་དགོན་པར་ཁྲི་འདོན་མངའ་གསོལ་མཛད། ཁོང་གི་རིགས་སྲས་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ་དང་འཇིགས་མེད་ཀུན་བཟང་ཆོས་ཀྱི་རྒྱ་མཚོ་རྣམ་གཉིས་ནི།

ས་སྐྱ་གོང་མ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་ཉི་འོད་དགོན་པའི་གདན་རབས་གོང་མའི་བླ་མ་གཉིས་ཀྱི་ཡང་སྲིད་དུ་ངོས་བཟུང་ཞིང་ཡི་གེ་ཐིག་དང་ལྡན་པའི་མཚན་གསོལ།

དེང་སང་ཉི་འོད་དགོན་པའི་གདན་རབས་ལྔ་བའི་བསྟན་བདག་གི་འགན་ཡོངས་སུ་ཐུགས་ཁུར་བཞེས་ནས་བཞུགས་ཡོད་པ་ལགས་སོ།། གཞན་ཡང་གདན་ས་དེ་ཉིད་དུ་བླ་མ་དཀོན་མཆོག་བཀྲ་ཤིས་དང་བསོད་ནམས་ཆོས་དཔལ། བདེ་སྐྱིད་མགོན་པོ། ཕན་བདེ། པདྨ་ཆོས་དར། བསོད་ནམས་ཡེ་ཤེས། འཇིགས་མེད་ཆོས་ལྡན་སོགས་བླ་རབས་ལྟར་བྱོན་ཡོད།

རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་དང་མཁན་པོ་ཐུབ་བསྟན་སྙན་གྲགས། རིག་འཛིན་འཇའ་ལུས་རྡོ་རྗེ། བླ་མ་རིག་མཆོག སྐུ་ནུབ་སྟག་སྤྲུལ་སོགས་སྔོན་རྗེས་སུ་ཉི་འོད་དགོན་པར་ཕེབས་ནས་སངས་རྒྱས་སྟོང་དབང་བཀའ་འགྱུར་བཀླག་ལུང་། སྙིང་ཐིག་ཡ་བཞི། སྙིང་ཐིག་དུམ་གཉིས།

བརདོ་དྲུག་ཁྲིད་སོགས་དབང་ལུང་མན་ངག་གི་ཆོས་འཁོར་གྱི་བདུད་རྩིའི་ཆར་པ་ཡང་ཡང་འབེབས་པར་བྱས་སོ།།

[page 600] དེ་ནས་ཉི་འོད་དགོན་པའི་སྐུ་གསུང་ཐུགས་རྟེན་དུས་མཆོད་དང་ཡོན་གྱི་འབྱུང་ཁུངས། དགེ་འདུན་པའི་སྒྲིག་ལམ། ཡུལ་དགོན་གཞན་དང་འབྲེལ་ཚུལ་སོགས་རིམ་གྱིས་འགོད་པ་གཤམ་གསལ།

ཐུབ་པ་དང་གུ་རུ་སོགས་གསེར་སྐུ་བཞི་བཅུ་ལྷག་དང་གུ་རུ་སོགས་གྱི་གསེར་ཐང་དང་རང་བཞིན་གྱི་ཐང་ཀ་བཅས་སྡོམ་འབོར་ཐང་རྙིང་ལྔ་བཅུ་ཙམ་ཡོད། བཀའ་གདམ་མཆོད་རྟེན་སོགས་ཐུགས་རྟེན་ཡོད། གཞན་ཡང་སྦབ་ཆིལ་ཆ་བཅོ་ལྔ་དང་སིལ་སྙན་ཆ་གཉིས། འཁར་རྔ་གཅིག དུང་དམར་ཆ་གསུམ། རྒྱ་གླིང་ཆ་གཉིས། རྐང་གླིང་ཆ་གཉིས།

དྲིལ་བུ་གཉིས། སྤོས་ཕོར་གཅིག་སོགས་དང་། བླ་སེར་ཉིས་བརྒྱ་ལྷག་ཤོང་བའི་གུར་མོ་ཆེ་གཅིག གུར་འབྲིང་གཉིས(གཅིག་སྤྲུལ་སྐུ་རྣམས་བཞུགས་ས་དང་གཅིག་ཤོས་རྒན་པ་རྣམས་བཞུགས་ས་ཡིན། )སྦྲ་གཉིས། རྒྱུ་མཛོད་ཁང་དང་ཇ་ཁང་གཏན་འཁེལ་དུ་ཡོད།

ལོ་གཅིག་གི་ཚེ་དུས་མཆོད་ནི་བདེ་ཆེན་སྒྲུབ་དང་སྙིང་ཐིག་བླ་མཆོད། གཙུག་ཏོར་རྣམ་རྒྱལ་མའི་སྒྲུབ་མཆོད། གར་གླིང་ཞི་ཁྲོ། བླ་མ་གསང་འདུས་ཀྱི་སྒྲུབ་མཆོད། སེང་མདོང་མའི་སྒྲུབ་མཆོད་སོགས་འཚོགས་རྒྱུ་མཆིས།

དགོན་པའི་ཡོན་གྱི་འབྱུང་ཁུངས་ནི་སྤྱིར་དགོན་པའི་ལྷ་སྡེ་ལྕམ་པ་སྟོད་(རྟའུ་རྫོང་གི་ཁོངས་སུ་གཏོགས)སྨད་(དར་མདོ་རྫོང་གི་ཁོངས་སུ་གཏོགས)གཉིས་ཀྱི་དུད་ཁྱིམ་ཕལ་ཆེ་འབྱོར་ལྡན་པ་ཤ་སྟག་ཡིན་སྟབས་དགོན་པར་ཐོག་མཐར་བར་གསུམ་དུ་མཆོད་ཐེབས་འབོར་ཆེན་ཕུལ་བས་དགོན་པའི་ཆ་རྐྱེན་ཡང་བཟང་པོ་ཡིན།

མཆོད་ཐེབས་ཕུལ་བ་རྒྱུ་ནོར་གྱི་སུམ་ཆ་གཉིས་ནི་དགེ་འདུན་པའི་འཚོ་རྟེན་ལ་དུས་ཐོག་ཏུ་བགོ་བཤའ་བྱས། སུམ་ཆ་གཅིག་ནི་དགོན་གཞུང་ཐུན་མོང་གི་དཔལ་འབྱོར་གྱི་ལག་ལེན་བྱེད་སྟངས་ནི་དགོན་པའི་རྒྱུ་བདག་གིས་དགོན་གཞུར་རྒྱུ་ནོར་ཡོངས་རྫོགས་ལ་གཅེས་སྤྲས་དང་བདག་གཉེར། རྩིས་སྤྲོད་ལེན་སོགས་བྱེད་དགོས་པ་དང་།

དགོན་པའི་བླ་སེར་ཚང་མ་བསླབ་པའི་གོ་རིམ་ལྟར་ལོ་གཉིས་རེར་ལས་ཐོག་གི་གཉེར་ཁག་ཁུར་ནས་དགོན་གཞུང་རྒྱུ་ནོར་གྱི་རྨང་གཞིར་བྱས་ཏེ་ཚོང་ལས་སོགས་གཉེར་བའི་ཁེ་སྤོགས་ཀྱིས་ཚོགས་པའི་གཏོང་གི་འགྲོ་གྲོན་བྱེད་པའི་ལམ་ལུགས་གཏན་འཇགས་སུ་ཡོད།

དགོན་པའི་དཔལ་འབྱོར་གྱི་སྡོམ་འབོར་མི་དམངས་ཤོག་སྒོར་ལ་གཞལ་ན་སྒོར་ཁྲི་ཚོ་(དངུལ་སྒོར་དང་མར། ཆུར་བ། ཇ། འབྲུ་རིགས། ཕྱུགས་ཟོག་སོགས)བཅུ་ཕྲག་ལས་རྒལ་བ་ཡོད། ཞར་བྱུང་དུ་དགོན་པའི་དགེ་འདུན་པའི་ཚོགས་སྒྲིག་ལམ་ནི།

གོང་བཞུགས་རྡོ་རྗེ་སློབ་དཔོན་གྱི་དབུ་བཟུང་ཞི་འདུས་པ་རྒྱ་མཚོ་ཀུན་ཞིང་དུལ་བག་ཡོད་གུར་ཆེན་མོའི་ནང་དུ་ཕེབས་ནས་རྒན་གཞོན་བསླབ་པའི་གོ་རིམ་ལྟར་གྲ་སྒྲིག་སྟེ། མགོ་ལོག་ཡག་གི་སྙེ་མ་ལྟ་བུ་དང་། རྒྱབ་ཨ་ལུང་གུག་པ་ལྟ་བུ། མདུན་རལ་གྲིལ་བཅད་པ་ལྟ་བུ་དགོས་པར་གཞིར་བཟུང་ཐོག

ཚོགས་འདོན་ལ་བྱང་འདྲེན་ཆེན་མོས་དབུ་འདྲེན་ཞིང་གྲྭ་མང་ཡོངས་ཀྱི་མཐའ་བརྟན་ནས་སྐྱབས་འགྲོ་སེམས་བསྐྱེད་ཀྱི་དབུ་འཛུགས། ཏིང་འཛིན་རྣམ་གསུམ་གྱི་གཞིར་བཟུང་། བསྙེན་སྒྲུབ་ཡན་ལག་བཞིའི་ཁོག་ཕུབ། བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་སྟེ། སྒོ་གསུམ་དཀྱིལ་འཁོར་གསུམ་དང་མ་བྲལ་ཞིང་[page 601] ཆོས་ལྷག་ཆད་མེད་པར་རྒྱས་བསྡུས་སྐབས་དང་བསྟུན་ནས་གསུང་དགོས། འདིར་བཞུགས་དགེ་འདུན་ཡོངས་རྫོགས་བླ་མ་གཅིག་གི་སློབ་མ། དཀྱིལ་འཁོར་གཅིག་ལ་བརྟེན་པ། དམ་ཚིག་གཅིག་ཏུ་འབྲེལ་བའི་རྡོ་རྗེ་སྤུན་གྲོགས་ཤ་སྟག་ཡིན་པས་ན།

ཕན་ཙུན་བསམ་སྦྱོར་ངན་པ་རིང་དུ་དོར་ཞིང་རྒན་བཀུར་གཞོན་སྐྱོང་སོགས་ཡ་རབས་ཀྱི་སྦྱོད་པ་འབའ་ཞིག་གིས་ཐུགས་རྒྱུད་ཕྱུག་པར་མཛད་དེ། ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་ཚོགས་སྒྲིག་ལམ་སྲུང་བར་སྙིང་ཁུངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ།

དགོན་པ་དེ་ཡུལ་དགོན་གཞན་དང་འབྲེལ་ཚུལ་ནི་རྫོགས་ཆེན་དགོན་གྱི་གྲས་སུ་གཏོགས། གྲྭ་རྒྱུན་ནི་ལྕམ་པ་སྟོད་སྨད་དང་དཔལ་ཤུལ། ཤན་བྲན་པ་བཅས་ནས་ཡིན། གྲྭ་གྲངས་བརྒྱ་ཕྲག་ལྷག་ཡོད་པར་ངེས།

དེང་གི་གནས་ཚུལ་ནི་ངོ་རྒོལ་བཞི་དང་རིག་གནས་གསར་བརྗེ་ཆར་སྤྲིན་དྲག་པོ་དཀྲིགས་པའི་ཁྲོད་དུ་ཉི་འོད་དགོན་པའི་རྟེན་དང་བརྟེན་པ་ཐོག་སེར་གྱིས་ལོ་ཐོག་བཅོམ་པ་བཞིན་མིང་མེད་བྱས། ཕྱིས་སུ་བསྟན་པའི་མེ་རོ་སླར་གསོ་བའི་སྐལ་བ་བཟང་པོའི་དུས་ཀྱི་སྣ་དྲངས་ཏེ།

རྟའུ་རྫོང་སྲིད་གཞུང་གིས་དགོན་པ་ཉམས་གསོ་བྱེད་ཆོག་པའི་ཆོག་མཆན་ཐོབ་པར་བརྒྱུད་དེ། རིགས་སྲས་རྣམ་གཉིས་(ཐུབ་བསྟན་ཕྲིན་ལས་དང་ཀུན་བཟང་རྒྱལ་མཚན)དང་། མཁན་པོ་གསུམ། དབུ་མཛད། ཆོས་ཁྲིམས་བཅས་དབུར་བཞུགས་མཛད་འོག རྒྱ་ཆེའི་མཁན་པོ་གསུམ། དབུ་མཛད། ཆོས་ཁྲིམས་བཅས་དབུར་བཞུགས་མཛད་འོག

རྒྱ་ཆེའི་དགེ་འདུན་པ་བདུན་ཅུ་ལྷག་དང་ལྡན་མང་ཚོགས་བཅས་ཀྱིས་མཉམ་དུ་མི་ཤུགས་དང་དངོས་ཤུགས་འདོན་སྤེལ་བྱས་ནས་སྔར་མེད་ཀྱི་གཙུག་ལག་ཁང་དང་རྟེན་འགའ་ཡང་གསར་བཞེངས་མཛད་པར་ལེགས་གྲུབ་བྱུང་།

སྒྲུབ་མཆོད་རེ་ཟུང་ཙམ་མ་གཏོགས་གདན་རབས་གོང་མའི་ཕྱག་བཞེས་མ་ལུས་ཉམས་གསོ་མཛད་དེ་ཆོས་མཐུན་གྱི་མཛད་སྤྱོད་གནང་མུས་སུ་མཆིས་པ་ལགས་སོ།། འཕྲིན་དགས་བྲིས།

གནས་ཞོགས་དགོན་གྱི་ལོ་རྒྱུས།

གནས་ཞོག་དགོན་པ་ནི་རབ་བྱུང་བཅུ་གསུམ་པའི་ནང་དུ་ཆགས། གྲུབ་མཐའ་རྙིང་མ་པ་ཡིན། དེང་སང་རྟའུ་རྫོང་ལྕགས་རྐང་ཤང་གི་ཁོངས་སུ་གཏོགས།

དེ་ཡང་ཤར་གཏེར་གྱི་བདག་པོ་རིག་འཛིན་ཆོས་རྒྱལ་གླིང་བའི་ཆོས་རྒྱུད་ལས་མཆེད་པའི་གནས་ཞོགས་དགོན་པ་ནི་རབ་བྱུང་བཅུ་གསུམ་པའི་འགོ་ཙམ་ལ་མཁས་གྲུབ་ཀྱི་ཡོན་ཏན་མཆོག་ཏུ་མངའ་བའི་རོང་ཐའི་ཆེ་བརྒྱུད་དུ་གཏོགས་ཤིང་གསེར་ཁ་བླ་བྲང་དུ་སྐུ་འཁྲུངས་པའི་གསེར་ཁ་བླ་མ་སྟོབས་ཁོ་ཡིས་གནས་ཞོགས་དགོན་པའི་རྟེན་དང་བརྟེན་པ་ཐོག་མར་ཕྱག་བཏབ་པར་མཛད།

གཏེར་ཆེན་ཆོས་རྒྱལ་གླིང་བའི་གནས་སྒོ་ཕྱེ་བའི་ལྕགས་གདོང་བྲག་དཀར་ཞེས་པའི་གནས་མཆོག་ཁྱད་པར་ཅན་ཞིག་ཡོད་པའི་ཉེ་འདེབས་སུ་དགོན་པ་ཆགས་ཡོད་པའི་གནས་ཞོགས་[page 602] དགོན་པ་ཞིག་མིང་ཆགས།

གསེར་ཁ་བླ་མ་སྟོབས་ཁོ་ནི་འཁྲུངས་ཡུལ་དང་ལོ་ཚིགས་སོགས་མི་གསལ་རྒྱལ་སྲས་རོང་ཐ་བསོད་ནམས་སྟོབས་རྒྱལ་སོགས་ཐུན་མོང་གི་བླ་མར་བསྟེན་ནས་སྔ་འགྱུར་གསང་སྔགས་ཀྱི་ཆོས་སྐོར་དང་ཁྱད་པར་རིག་འཛིན་ཆོས་རྒྱལ་གླིང་བའི་ཟབ་གཏེར་ཕྱག་བཞེས་དང་བཅས་པར་སྦྱངས་བརྩོན་དཔྱིས་ཕྱིན་པར་བྱས་པས།

སྒོམ་སྒྲུབ་ལ་རང་དབང་འབྱོར་ཞིངབཅའ་རྡུང་དཀྲོལ་གསུམ་དང་འདོན་རྟ་དབྱངས། དཀྱིལ་འཁོར་ཐིག་ཚད་སོགས་ལ་ཤིན་ཏུ་མཁས་པའི་བླ་མ་ཞིག་ཏུ་ངེས།

ཁོང་གིས་སྐུ་ཚེ་སྨད་དུ་ལྕགས་གདོང་བྲག་དཀར་གྱི་གནས་འདེབས་སུ་སྒོམ་སྒྲུབ་ཏིང་འཛིན་ལ་རིག་པ་བཞོལ་མཐར་འཁོར་སློབ་འདུས་པ་དང་ཡོན་བདག་རྣམས་ཀྱིས་མཐུན་རྐྱེན་སྦྱར་བར་བརྟེན།

གནས་ཞོགས་དགོན་པ་རྟེན་དང་བཏེན་པ་བཅས་ཐོག་མར་བཞེངས་པ་མཛད་ཅིང་ཆོས་རྒྱུད་ཕྱག་བཞེས་དང་བཅས་པ་སྤེལ་ཏེ་བསྟན་བདག་གི་འགན་བཞེས་མཐར་སྐུ་ཚེ་མཐར་ཕྱིན་ནོ། དེའི་རྗེས་སུ་བདེ་ཆ་བདེ་ཆེན་བསམ་བཏན་ཆོས་འཁོར་གླིང་གི་རོང་ཐ་སྤྲུལ་སྐུ་བསྟན་འཛིན་ནོར་བུ་དང་རོང་ཐ་ཨ་བསོད་ཀྱི་ཡང་སྲིད་དཔལ་ཆེན་རྡོ་རྗེ།

རྒྱལ་སྲས་འཇམ་དབྱངས་བསྟན་འཛིན། མཆོག་སྤྲུལ་འཇམ་དབྱངས་བློ་གསལ་རྡོ་རྗེ།

རོང་ཐ་སྤྲུལ་སྐུ་དཀུན་མཆོག་རྒྱལ་མཚན་སོགས་རོང་ཐ་བླ་བྲང་གི་བླ་སྤྲུལ་རྣམས་གནས་ཞོགས་དགོན་པར་སྔ་གཞུག་ཏུ་བྱོན་ཞིང་བསྟན་བདག་མཛད་ཅིང་ཕྱོགས་ཡོངས་ནས་དགོན་པར་གཟིགས་སྐྱོང་གནང་འོག མཁན་པོ་བསོད་ནམས་ཆོས་འགྲུབ་དང་བླ་མ་ཚེ་རིང་རྡོ་རྗེ། མཆོག་ངུ་བླ་མ་ཀུན་བཟང་། བླ་མ་ཚེ་དབང་རིག་འཛིན།

སྐལ་བཟང་རྡོ་རྗེ། ཆོས་དབྱིངས་རྡོ་རྗེ་སོགས་བླ་རབས་ཟམ་མ་ཆད་པར་བྱོན་ཞིང་གླིང་ཟབ་གཉེར་གཙོ་བོར་གྱུར་བའི་སྒོམ་སྒྲུབ་ཉམས་བཞེས་ཚུལ་བཞིན་དུ་སྐྱོང་བའི་སྲོལ་རྒྱུན་དེང་གི་བར་དུ་མཆིས་སོ།།

གཞན་ཡང་སྟོན་པ་དང་གུ་རུ་སྣང་སྲིད་ཟིལ་གནོན། སྤྱན་རས་གཟིགས། འོད་དཔག་མེད། རྗེ་བཙུན་བྱམས་དགོན། ཞི་ཁྲོ་དམ་པ་རིགས་བརྒྱ། བདེ་ཆེན་ཞིང་བཀོད། རྒྱལ་ཆེན་སྡེ་བཞི་སོགས་སྐུ་རྟེན་དང་བཀའ་འགྱུར། སྙིང་ཐིག་ཡ་བཞི། གཏེར་གསར་ཆོས་སྐོར་ཆ་ཚང་སོགས་གསུང་རྟེན། སྐུ་གདུང་མཆོད་རྟེན་གཉིས་སོགས་ཐུགས་རྟེན།

སྦུག་ཆལ་རྒྱ་ཧོར་ཁ་སྤྲོད་དང་སིལ་སྙན། རྒྱལ་གླིང་། རག་གདུང་། དུང་། རྐང་གླིང་། མཆོད་ཀུང་། ཏིང་ཕོར། བུམ་པ། གཏོར་ཆ། འཕེན་གདུགས་རྒྱལ་མཚན། འཁར་རྔ། དཀྱིལ་འཁོར་རྒྱལ་ཆས་སོགས་མཆིས། དུས་མཆོད་ལ་སྙུང་གནས་དང་ཞིང་སྒྲུབ།

རོང་ཐ་སྟོབས་རྒྱལ་གྱིས་མཛད་པའི་བྱ་མ་ཀུན་འདུས་ཀྱི་སྒྲུབ་མཆོད་ཉིན་བརྒྱད་འཚོགས་རྒྱུ་མཆིས།

དཔལ་འབྱོར་གྱི་ཡོངས་ཁུངས་ནི་དགོན་པའི་ལྷ་སྡེ་ལྕགས་རྐང་སྨད་པའི་ཡོན་བདག་རྣམས་ཀྱིས་ཤི་བོའི་དགེ་རྩ་དང་ཡོན་ཁ་སོགས་ལ་མཆོད་ཐེབས་ཕུལ་བའི་རྒྱུ་རྩ་དང་དགོན་པའི་མཆོད་ཞིང་གི་ཡོང་འབབ་སོགས་ཀྱི་རྒྱུ་རྩ་རྣམས་དགོན་གཞུང་ལ་འགྲོ་གྲོན་དུ་སྦྱར་བའི་སྲོལ་རྒྱུན་ཡོད་པ་རེད།

དགོན་པ་དེ་བདེ་ཆ་དགོན་པའི་དགོན་ལག་ཏུ་གཏོགས། དམངས་གཙོ་བཅོས་སྒྱུར་གྱི་སྔོན་དུ་བླ་སེར་སུམ་ཅུ་ལྷག་ཡོད། ངོ་[page 603] རྒོལ་བཞི་པ་དང་རིག་གནས་གསར་བརྗེའི་སྐབས་སུ་དགོན་པའི་ཕྱི་ཁོག་ནང་རྟེན་ཚང་མར་གཏོར་བརླགས་དང་ཉམས་ཆག་ཚབས་ཆེན་ཐེབས་ཡོད་པ་རེད།

ཕྱིས་སུ་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེདཆོག་པའི་གོ་སྐབས་ཤར་ཚེ། རྟའུ་རྫོང་སྲིད་གཞུང་གིས་རབ་བྱུང་བཅུ་དྲུག་པའི་ཁྲག་སྐྱུག་ཅེས་པ་ཆུ་མོ་ཕག་གི་ལོར་གནས་ཞོགས་དགོན་ཉམས་གསོ་བྱེད་རྒྱུའི་ཆོག་མཆན་གནང་བ་བརྒྱུད་དེ། རོང་ཐ་སྤྲུལ་སྐུ་མཆོག་རྒྱལ་མཚན་དང་ཁྲི་པ་སྐལ་བཟང་རྡོ་རྗེ།

དབུ་མཛད་ཆོས་དབྱིངས་རྡོ་རྗེ་སོགས་ཀྱིས་དབུ་བཞུགས་མཛད་ཅིང་ཐུགས་ཁུར་ཟབ་གཞེས་གནང་འོག་རྒྱ་ཆེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱི་ལྷག་བསམ་རྣམ་དག་གི་སྒོ་ནས་ནུས་ཤུགས་བཏོན་ནས་འདུ་ཁང་དང་སྟོན་པ། མར་མེ་མཛད། འཇམ་དཔལ་དབྱངས། སྤྱན་རས་གཟིགས།

ཞི་ཁྲོད་དམ་པ་རིགས་བརྒྱ་སོགས་བཞེངས་པར་མཛད་དེ་ལེགས་པར་གྲུབ་ཟིན། མིག་སྔར་འདུས་སྡེ་བཅུ་ཕྲག་ལྷག་གིས་སེམས་རྒྱུད་ཆོས་དང་འགྲེལ་ཞིང་གདན་རབས་གོང་མའི་ཕྱག་བཞེས་བསྐྱངས་ཏེ་དབྱར་དགུན་དུས་མཆོད་རེ་ཟུང་འཚོགས་བཞིན་བཞུགས་པ་ལགས་སོ། འཕྲིན་དགའ།

བདེ་ཆ་དགོན་གྱི་ལོ་རྒྱུས།

བདེ་ཆ་དགོན་པ་ནི་རབ་བྱུང་བཅུ་གཅིག་པའི་མཇུག་ཙམ་དུ་ཆགས། གྲུབ་མཐའ་རྙིང་མ་པ་ཡིན། དེང་སང་རྟའུ་རྫོང་ལྕགས་རྐོང་ཤང་གི་ཁོངས་སུ་གཏོགས།

རིག་འཛིན་ཆོས་རྒྱལ་གླིང་བ་ཞེས་རྣམ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་ཉིད་ཀྱིས་རབ་བྱུང་བཅུ་གཅིག་པའི་མཇུག་ཙམ་དུ་བདེ་ཆ་དགོན་པའི་རྟེན་དང་བརྟེན་པ་ཐམས་ཅད་དགོན་བཞེངས་པར་མཛད་དེ་བདེ་ཆེནབསམགཏན་ཆོས་འཁོར་གླིང་ཞེས་མཚན་གྱི་ཅོད་པན་གསོལ།

བསྟན་བདག་ཏུ་གྱུར་བའི་གདུང་རྒྱུད་རིམ་བྱོན་གྱིས་གདན་ས་སྐྱོང་ཚུལ་དང་དེ་དག་གི་ཅོད་ཐར་རགས་བསྡུས། བདེ་ཆ་དགོན་པ་ཕྱག་འདེབས་པ་པོ་རིག་འཛིན་ཆོས་རྒྱལ་གླིང་ནི། བྱིས་པའི་དུས་ནས་བཤེས་གཉེན་དཀོན་མཆོག་གི་གམ་ནས་ཡི་གེ་འབྲི་ཀློག་བསླབ།

དེ་ནས་སྐྱབས་རྗེ་དམ་པ་ཉིད་དགུང་ལོ་སུམ་ཅུ་ལྷག་བཞེས་པའི་སྐབས་སུ་ཁོང་གི་འཁྲུངས་ཡུལ་ལྕགས་རྐོང་སྦ་གནས་སུ་ཞབས་ཟུང་གསེར་གྱི་འཁོར་ལོ་བསྒྱུར་ནས་སྒོམ་སྒྲུབ་ཉམས་བཞེས་མཛད་མཐར་སློབ་རྒྱུད་ཞབསའབྲིང་དང་བཅས་པས་བདེ་ཆ་དགོན་པ་ཐོག་མར་བཞེངས་ཏེ།

ཐུན་མིན་གྱི་ཆོས་རྒྱུད་སྦེལ་བར་མཛད་པས་མདོ་སྨད་ཏྲེ་ཧོར་ཁམས་པ་དང་ཉག་རོང་། མི་ཉག་འདྲ་ཡུ་ལ་སོགས་ཀྱི་རྙིང་དགོན་ཕལ་ཆེ་བའི་ནང་དུ་གཏེར་ཆོས་སྤེལ་བར་མཛད་རྗེས། བདེ་ཆ་བདེ་ཆེན་ཆོས་བསམ་གཏན་འཁོར་གླིང་དུ་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚུལ་མཛད།

རིང་ཐ་ཨ་བསོད་ཀྱི་ཡང་སྲིད་སྤྲུལ་སྐུ་དཔལ་ཆེན་རྡོ་རྗེ་ནི་ཡབ་རོང་ཐའི་རིགས་བསོད་ནམས་བཀྲ་ཤིས་དང་ཡུམ་རྒུ་བཟའ་ཡ་མ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གིས་སྔ་གཞུང་ཏུ་མཁན་བསོད་ནམས་[page 604] ཆོས་འགྲུབ་དང་འཇམ་དབྱངས་བློ་གསལ་རྡོ་རྗེ། དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ།

མཁན་ངག་དགའ་སོགས་བླ་མ་མང་དུ་བསྟེན་ནས་ཆོས་རྒྱལ་གླིང་བའི་གཏེར་ཆོས་གཙོ་བོར་གྱུར་བའི་རྙིང་ཐིག་ཆོས་སྐོར་ལ་སྦྱངས་པར་མཛད། དེ་ནས་ར་དགོན་དུ་གདན་ས་བསྐྱངས་ནས་ཆོས་གླིང་ཟབ་གཏེར་སྐོར་དང་བསྟན་འགྱུར་གྱི་ལུང་རྒྱུན་སྤེལ། སྐུ་ཚེའི་སྨད་དུ་ཁྲིད་སྐོར་དང་ཞལ་གདམ་གཏམ་ཚོགས་ཀྱི་སྐོར།

མགུར་གླུ་སོགས་ཀྱི་སྐོར་ལྗངས་རྩོམ་གནང་། བཞི་སྒོལ་སྐབས་སུ་སློབ་སྦྱོང་འཛིན་གྲྭར་ལོ་ཤས་བཞུགས་མཐར་གུ་ཡངས་གྲོང་དུ་སྐུ་གཤེགས། དེའི་ཡང་སྲིད་བློ་གྲོས་གཞན་ཕན་ཟླ་བ་ནི་ཡབ་སྔགས་འཆང་རྒྱན་ལོ་དང་ཡུམ་ཉི་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོར་སྐུ་བལྟམས།

བྱིས་པ་ཆུང་དུས་ནས་སྐྱབས་རྗེ་འཇམ་དབྱངས་བློ་གསལ་རྡོ་རྗེས་དཔལ་ཆེན་རྡོ་རྗེའི་ཡང་སྲིད་དུ་ངོས་བཟུང་ཞིང་སྐུ་བདག་མཛད། དེ་ནས་རིམ་གྱིས་རག་སྤྲུལ་ཀུན་བཟང་རིག་རྩལ་ཐོག་མེད་དང་འཇམ་དབྱངས་བསྟན་འཛིན།

གསེར་ཐར་མཁན་པོ་ཡིད་བཞིན་ནོར་བུ་བསྙེན་རྫོགས་ཀྱི་སྡོམ་པ་མནོས་སོགས་ཐུན་མིན་གྱི་བླ་མར་བསྟེན་ནས་ཡི་གེ་ཕྱི་མོ་ནས་མདོ་སྔགས་རིག་གནས་དང་བཅས་པའི་ཤེས་བྱ་རིག་གནས་ལ་ཐོས་བརྩོན་སློབ་གཉེར་མཛད་པས་མཁས་པར་གྱུར་ཏེ། རང་དགོན་དུ་ཕྱིར་ཕེབས་ཤིང་བདེ་ཆ་དགོན་པ་ཉམས་གསོ་བྱས་པར་དབུ་བཞུགས་གནང་བ་དང་།

དགོན་པ་དགོན་ལག་དང་བཅས་པར་དབྱར་གནས་འཛུགས་པ་སོགས་ཀྱི་འདུལ་བ་གཞིགསུམ་གྱི་ཆོས་རྒྱུན་སྤེལ་བར་བཀའ་དྲིན་ཚད་མེད་དུ་གནང་ནས་ཞབས་པད་བརྟན་བཞིན་པ་ལགས་སོ།

རོང་ཐ་རྒྱལ་སྲས་རྡོ་རྗེ་མགོན་པོའི་སྐུ་ཕྲེང་གསུམ་པ་མཆོག་སྤྲུལ་དཀོན་མཆོག་རྒྱལ་མཚན་ནི་ཡབ་དཔལ་ཆེན་རྡོ་རྗེ་དང་ཡུམ་དབང་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་འབྲུ་མང་པོ་ཞེས་པའི་ས་ཕོ་སྟག་གི་ལོར་སྐུ་བལྟམས། ཡབ་ཀྱི་དྲུང་ནས་ཡི་གེ་ཕྱི་མོ་དང་སྡོམ་གསུམ་སོགསལ་སྦྱངས།

དེ་ནས་རིམ་གྱིས་འཇམ་དབྱངས་བློ་གསལ་རྡོ་རྗེ་སོགས་བླ་མར་བསྟེན་ནས་ཆོས་གླིང་ཟབ་གཏེར་དང་སྙིང་ཐིག་དུམ་གཉིས། གདམ་ངག་མཛོད་སོགས་གསན་པར་མཛད།

བཞི་རྒོལ་སྐབས་ནས་བཟུང་མི་ཉག་བཙོན་ཁང་དུ་མི་ལོ་ཉི་ཤུ་ལྷག་ལ་བཞུགས་ཐར་རང་དགོན་དུ་བྱོན་ཞིང་བདེ་ཆ་དགོན་པ་ཉམས་གསོ་བྱས་པར་དབུ་བཞུགས་གནང་ནས་དགོན་པའི་ཕྱི་ཁོག་དང་རྟེན་བཞེངས་པར་ཐེབས་བཞག་དང་ཐུགས་ཁུར་ཟབ་བཞེས་གནང་།

མ་ཚད་བདེ་ཆ་དགོན་དང་ཉག་བྱམས་དགོན་སོགས་སུ་ཆོས་གླིང་ཟབ་གཏེར་གྱི་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བསྟན་པའི་སྲོག་རྩ་བཙུགས། ད་ལྟ་ཁོང་ཉིད་རྟའུ་རྫོང་ཆབ་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དགོན་པའི་དོ་དམ་ཚོ་ཆུང་གི་འགན་ཁུར་བ་བཅས་བཞིན་པ་ལགས་སོ།

རྒྱལ་སྲས་རྡོ་རྗེ་མགོན་པོའི་ཡང་སྲིད་སྤྲུལ་སྐུ་སྐལ་བཟང་གདན་སར་བྱོན་ཞིང་བདེ་ཆ་དགོན་བདེ་ཆེན་བསམ་གཏན་ཆེན་ཆོས་འཁོར་གླིང་དུ་འདུ་ཁང་རྒྱ་བསྐྱེད་གཏོང་ཞིང་སྐྱར་བཞེངས་མཛད།

གྲུབ་ཆེན་ནོར་བུ་ཆོས་དབྱིངས་ཀྱི་ཡང་སྲིད་འཇམ་དབྱངས་བློ་གསལ་རྡོ་རྗེ་ནི་ཡབ་རོང་ཐ་སྟོབས་རྒྱལ་དང་ཡུམ་ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་རྣམ་འགྱུར་[page 605] ཞེས་པ་ལྕགས་ཕོ་སྟག་གི་ལོར་སྐུ་བལྟམས།

དགུང་གྲངས་བདུན་གྱི་སྟེང་ཡང་སྲིད་འཁྲུལ་མེད་དུ་ངོས་བཟུང་ཞིང་བདེ་ཆ་དགོན་དུ་ཁྲི་འདོན་མངའ་གསོལ་བྱས། དེ་ནས་ཚོགས་ཤུལ་ནོར་བུ་བསྟན་འཛིན་དང་མཁན་བསོད་ནམས་ཆོས་འགྲུབ་སོགས་ཐུན་མིན་གྱི་བླ་མར་བསྙེན་ནས་ཆོས་གླིང་ཟབ་གཏེར་གཙོ་བོར་བྱས་པའི་སྔ་འགྱུར་བཀའ་གཏེར་སྤྱི་ལ་གསན་བསམ་ཡུན་རིང་མཛད།

བདེ་ཆ་དགོན་པའི་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་བསྟན་པ་འཛིན་སྐྱོང་སྤེལ་བར་བཀའ་དྲིན་བསུབ་ཏུ་མེད་པར་གནང་མཐར་ཁམས་ཝ་སེངྒེ་བྲག་ཏུ་སྐུ་ཚེ་མཐར་ཕྱིན་ནོ།

དེའི་ཡང་སྤྲུལ་རིག་འཛིན་འོད་གསལ་ནི་མཆོག་སྤྲུལ་དཀོན་མཆོག་རྒྱ་མཚོ་དང་ཡུམ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི་ལོར་སྐུ་བལྟམས་ཤིང་།

ཨོ་རྒྱན་གྱི་རྒྱལ་ཚབ་དུ་ལུང་གིས་དབུགས་དབྱུངས་གནང་ནས་རབ་བྱུང་བཅུ་བདུན་པའི་མེ་བྱི་ལོར་དཔལ་ལྡན་བདེ་ཆེན་དགོན་པའི་གསེར་ཁྲི་ལ་མངའ་གསོལ་མཛད་ནས་བཞུགས། གཞན་ཡང་ཤཱཀྱ་རྒྱལ་མཚན་དང་དཔལ་ཆེན་རྡོ་རྗེ།

བསྟན་འཛིན་ནོར་བུ་སོགས་གདུང་རབས་དང་སྐུ་ཕྲེང་ཟམ་མ་ཆད་པར་བྱོན་པ་དང་དུས་མཉམ་དུ་བདེ་ཆ་བླ་མ་གྲགས་པ་རྒྱལ་མཚན་དང་མཁན་བསོད་ནམས་ཆོས་འགྲུབ་སོགས་བླ་རབས་ལྟར་བྱོན་ཏེ་བདེ་ཆ་བདེ་ཆེན་ཆོས་འཁོར་གླིང་གི་ཆོས་གླིང་ཟབ་གཏེར་གཙོ་བོར་བྱས་པའི་བའི་བཀའ་གཏེར་སྨིན་གྲོལ་ཕྱག་བཞེས་བསྟར་བའི་སྲོལ་རྒྱུན་དེང་གི་བར་དུ་མཆིས་སོ།

རྟེན་གསུམ་གྱི་སྐོར། དེ་ཡང་དགོན་པ་ཆགས་ནས་སྐྱེས་ཆེན་དམ་པ་རིམ་བྱོན་གྱིས་བཞེངས་པའི་རྟེན་དང་བརྟེན་པའི་གྲངས་ཀ་མཚོན་ཙམ་འགོད་པ་ལ། དགོན་པའི་ཕྱི་ཁོག་ལ་འདུ་ཁང་དང་སྒྲུབ་ཁང་། སྤྱི་ཁང་། ཕུར་པ་ལྷ་ཁང་། ཇ་ཁང་། པར་ཁང་། གྲྭ་ཤག དུང་འཁོར། མཆོད་རྟེན་སོགས་མཆིས།

ནང་རྟེན་ལ་སྟོན་པ་མེ་ཐར་མ་ལི་མ་དང་གུ་རུ་སྣང་སྲིད་ཟིལ་གནོན་གཏེར་ཚེ་དཔག་མེད་གཏེར་མ། སྤྱན་རས་གཟིགས། སྟོན་པ་གཙོ་འཁོར་གསུམ། གུ་རུ་མཚན་བརྒྱད། སྐྱེ་རབས། མཛད་པ་བཅུ་གཉིས། རྒྱལ་ཆེན་སྡེ་བཞི། རིགས་དྲུག་ཆགས་ཚུལ་སོགས་གསེར་སྐུ་དང་འཇིམ་སྐུ། ཐང་ཁ།

རས་བཞི་སོགས་གྲངས་ལས་འདས་པ་སྐུ་རྟེན་དུ་བཞུགས་པ་དང་། འཛམ་བུ་ཆུ་གསེར་ལས་གྲུབ་པའི་གཏེར་འབུམ། བཀའ་བསྟན་འགྱུར་དང་། རིན་ཆེན་གཏེར་མཛོད། རྙིང་མ་རྒྱུད་འབུམ། ཆོས་རྒྱལ་གླིང་བའི་གཏེར་ཆོས་ཆ་ཚང་སོགས་གསུང་རྟེན་མང་དུ་བཞུགས།

རྒྱུ་གསེར་ཟངས་ལས་གྲུབ་ཅིང་རིན་ཆེན་སྣ་ཚོགས་ཀྱི་ཕྲ་ཚོམ་བཏང་བའི་ཆོས་རྒྱལ་གླིང་བའི་སྐུ་གདུང་མཆོད་རྟེན་སོགས་ཐུགས་རྟེན་དུ་བཞུགས། གཞན་ཡང་གཏེར་མ་དང་རྒྱ་བལ་གྲ་ཧོར་ཤང་ཤང་གིས་གྲུབ་པའི་རིན་ཐང་གཞལ་དུ་མེད་པའི་སྦུག་ཆལ་དང་སིལ་སྙན། འཁར་རྔ་གཏེར་མ་གཅིག་དང་གཞན་གཉིས།

གསེར་དངུལ་པྲ་མ་དང་གསེར་དངུལ་གྱིས་བཏུམས་པའི་རྒྱ་གླིང་དང་རག་གདུང་། རྐང་གླིང་། དུང་། སྤོས་ཕོར། བུམ་པ། ནས་བཟེད་སོགས་མཆིས། དངུལ་ལི་རག་ཟངས་ཀྱི་མཆོད་ཀོང་དང་ཏིང་ཕོར། ཏིང་ཤགས། གཏོར་ཆ། མནྡལ་སོགས་མཆིས། དཀྱིལ་འཁོར་རྒྱན་ཆོས་དང་འཕན་གདུགས་རྒྱལ་མཚན། བླ་བྲེ། འཆམ་གོས། འཚོགས་གདན། ཟོ་ཁྲ།

[page 606] སྐྱོག་སོགས་མཆོད་རྫས་དང་ཡོ་བྱད་མང་དུ་མཆིས་སོ།།

དགོན་པའི་དུས་མཆོད་དང་ཡོན་གྱི་འབྱུངཁུངས་སོགས་ཀྱི་སྐོར། བདེ་ཆ་དགོན་པར་ལོ་འཁོར་མོའི་དུས་མཆོད་ཀྱི་སྲོལ་ཆགས་ཚུལ་ནི། ཐུག་གྲོལ་སྨོན་ལམ་ཆེན་མོ་དང་ཐུགས་རྗེ་འཁོར་བ་དོང་སྤྲུགས། བདེ་ཆེན་ཞིང་སྒྲུབ། བདེ་སྨོན་ཆོས་ཁྲིད། བླ་མ་ཀུན་འདུས། ཡང་གསང་བླ་མའི་ཚེས་བཅུ་འཆམ་དང་སྦྲགས་མ། དབྱར་གནས།

སེང་གདོང་མའི་གཏོར་བ་ཟློག ཆོས་གླིང་ཟབ་གཏེར་གྱི་སྒྲུབ་པ་སོགས་འཚོགས་རྒྱུ་མཆིས་སོ། ཚོགས་པའི་གཏོང་སྒོ་སོགས་ཡོན་ཏན་གྱི་འབྱུང་ཁུངས་ནི་བསྟན་བདག་རིམ་བྱོན་གྱི་ཐེབས་བཞག་དང་ཤི་བོའི་དགེ་རྩ་སོགས་ལ་ཕུལ་བའི་ཡོན་ཁ།

ས་བོན་འབྲུ་ནས་སྒྲོ་བ་སུམ་ཅུ་འདེབས་སའི་ཞིང་ལས་ཐོན་སྐྱེད་བྱས་པའི་ཡོང་འབབ་སོགས་ཡིན། དགོན་གཞུང་ཐུན་མོང་ལ་དངུལ་རྩ་ཡོད་གྲངས་ནི་སྒོར་ཁྲི་ཚོ་འགའ་ཡོད་པར་སེམས།

སྤེལ་གཉེར་བྱེད་སྟངས་ནི་གོང་མ་རྣམ་གསུམ་དབུར་བཞུགས་འོག་ལས་ཐོག་དགེ་བསྐོས་དང་སྤྱི་གཉེར་བས་ལག་ལེན་བྱས་ནས་དགོན་པའི་ཕྱོགས་ཡོངས་ལ་འགྲོ་གྲོན་སྦྱར་བའི་ལམ་ལུགས་ཆགས་ཡོད་པར་ངེས། དགོན་པའི་དབུ་མཛད་དང་དགེ་བསྐོས། མཆོད་དཔོན།

འཆམ་དཔོན་སོགས་ཀྱི་འགན་བཞེས་པའི་གོ་རིམ་ནི་དགོན་སྡེ་གཞན་དང་གཅིག་མཚུངས་ཡིན་པ་ལགས་སོ།

ཡུལ་དགོན་གཞན་དང་འབྲེལ་ཚུལ་སོགས་ནི། བདེ་ཆ་དགོན་པའི་བླ་སྤྲུལ་རིམ་བྱོན་ཀཿཐོག་དང་རྫོགས་ཆེན་དགོན་པར་གྲྭ་སར་བྱོན་པར་བརྟག་ན་ཀ་རྫོགས་གཉིས་ཀྱི་ཆོས་རྒྱུད་འདྲེས་མར་སྤེལ་ཡོས་པར་ངེས།

གཏེར་ཆེན་ཆོས་རྒྱལ་གླིང་བའི་ཟབ་གཏེར་མཆེད་པ་ལས་བྱུང་བའི་དགོན་ལག་ནི་ར་ལི་སྨོན་འདུན་དགོན་དང་མི་ཉག་སྐུ་ནུབ་དགོན། གླག་བྲག་རྫོང་དགོན། རང་ཤེལ་དགོན། སྙན་ལམ་དགོན། གནས་གཞོས་དགོན། དཔལ་ལྡན་བྱམས་འབྱོར་དགོན། ར་ཁྲིད་བྱང་ཆུབ་གླིང་། བྲག་ཐོག་དགོན་ལསེངྒེ་དགོན། སྨུག་རོང་དཀར་ཆགས་དགོན།

འདྲ་སྨོང་སྐྱིད་དགོན། དཔལ་རི་དགོན་སོགས་དགོན་སྡེ་ཆེ་ཕྲ་དུ་མས་ཆོས་རྒྱལ་གླིང་བའི་ཟབ་གཏེར་སྨིན་གྲོལ་གྱི་ཆོས་རྒྱུད་དེང་གི་བར་དུ་ཕྱག་བཞེས་བསྟར་བའི་སྲོལ་རྒྱུན་གཏན་འཇགས་སུ་ཡོད་པ་ལགས་སོ།། བདེ་ཆ་དགོན་པར་བཅོས་བསྒྱུར་སྔོན་དུ་བླ་གྲྭ་བརྒྱ་ལྷག་མཆིས་སོ།།

དགོན་པར་འཕོ་འགྱུར་བྱུང་ཚུལ། དེ་ཡང་རབ་བྱུང་བཅུ་གཅིག་པའི་ནང་དུ་དགོན་པ་འཕེལ་རྒྱས་ཆེན་པོ་བྱུང་སྟེ་དགོན་ལག་མང་དུ་གྱེས། དེའི་རྗེས་སུ་ལྷ་སྡེ་ནང་འཁྲུགས་ཕོག་པའི་རྐྱེན་གྱིས་དགོན་པ་གཅིག་དགོན་པ་གཉིས་སུ་གྱེས་པ་སོགས་ཀྱི་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པ་རེད།

བཞི་རྒོལ་དང་རིག་གནས་གསར་བརྗེ་ཞེས་པའི་སྐབས་སུ་བདེ་ཆ་དགོན་པའི་རྟེན་དང་བརྟེན་པར་ཉམས་ཆག་ཚབས་ཆེན་ཐེབས་ཡོད་པ་ལགས་སོ།། ད་ལྟའི་གནས་ཚུལ། གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་ཚེ། རྟའུ་རྫོང་སྲིད་གཞུང་གིས་དགོན་པ་ཉམས་གསོ་བྱེད་པར་ཆོག་མཆན་ཐོབ་པར་བརྒྱུད་དེ། དཀོན་མཆོག་རྒྱལ་མཚན།

གཞན་ཕན་ཟླ་བ། འཇམ་དབྱངས་བསྟན་འཛིན། རིག་འཛིན་འོད་གསལ་བཅས་སྤྲུལ་སྐུ་རྣམ་[page 607] བཞི་དང་།

མཁན་པོ་ཆོས་དབྱིངས་སོགས་ཀྱིས་དབུ་བཞུགས་མཛད་དེ་ཐུགས་ཁུར་ཟབ་བཞེས་གནང་འོག་རྒྱ་ཆེའི་དགེ་འདུན་པ་དང་ལྡན་མང་ཚོགས་ཡོངས་ཀྱིས་མི་ཤུགས་དང་དངོས་ཤུགས་མཉམ་འདོན་བྱས་ཤིང་བདེ་ཆ་དགོན་པ་ཉམས་གསོ་ཕྲིན་ལས་ཀྱི་དབུ་བཙུགས་ཏེ། རྟེན་བརྟེན་པ་བཞེངས་ཏེ་རིམ་གྱིས་གྲུབ་པར་མཛད།

མིག་སྔར་དགེ་འདུན་པ་ལྔ་བཅུ་ང་བརྒྱད་ཀྱིས་ཐུགས་མཐུན་ཀྱིས་སྒོ་ནས་གདན་རབས་གོང་མའི་ཕྱག་བཞེས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བའི་ཆོས་མཐུན་གྱི་མཛད་སྤྱོད་འབབ་ཞིག་གནང་བཞིན་པ་ལགས་སོ། འཕྲིན་དགའ།

རྒྱལ་འཕགས་དགོན་གྱི་ལོ་རྒྱུས།

རྒྱལ་འཕགས་དགོན་པ་ནི་རབ་བྱུང་བཅུ་པའི་ནང་དུ་ཐོག་མར་ཆགས་གྲུབ་མཐའ་རྙིང་མ་པ་ཡིན། དེང་སང་རྟའུ་རྫོང་ཁུག་ཆ་ཤང་གི་ཁོངས་སུ་གཏོགས།

རབ་བྱུང་བཅུ་པའི་ནང་དུ་གཏེར་སྟོན་ཆེན་པོ་རིག་འཛིན་ཉི་མ་གྲགས་པའི་ཆོས་བདག་བླ་མ་བྱ་བཏང་གི་བརྟུལ་ཞུགས་འཛིན་པའི་རྣལ་འབྱོར་བ་ཞིག་བླ་མའི་ལུང་བསྟན་ལྟར་ཁམས་ཕྱོགས་ཀྱི་གནས་དེར་བྱོན་པར་འབྲེལ།

ས་དེའི་དཔོན་རིགས་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཞབས་ཏོག་དང་མཐུན་རྐྱེན་སྦྱར་ཏེ་སྐུལ་བ་དང་རེ་འདུན་བཅོལ་བར་བརྟེན། ཁོང་ཉིད་ཀྱིས་དེ་དག་གི་འདོད་བློ་སྐོང་ཕྱིར་དགོན་པ་ཐོག་མར་ཕྱག་བཏབ་སྟེ་རབ་གནས་ཀྱི་མེ་ཏོག་ཐོར་ཞིང་རྒྱལ་འཕགས་བཀྲ་ཤིས་ཆོས་གླིང་ཞིག་མཚན་གསོལ།

ངག་རྒྱུན་ལྟར་ན་ཁྲི་ཆེན་ཤེས་རབ་ལྷུན་གྲུབ་སོགས་བསྟན་པའི་བདག་པོར་མངའ་གསོལ་མཐར་བླ་མ་དེ་སྐུ་གཤེགས།

དེ་ནས་རྒྱལ་འཕགས་བཀྲ་ཤིས་ཆོས་གླིང་གི་བསྟན་བདག་གམ་གདན་ཐོབ་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཉུང་བསྡུས་དང་དེ་མིན་སྤྲུལ་སྐུ་རིམ་བྱོན།

བླ་རབས་རིམ་པར་བྱོན་ནས་གྲུབ་དབང་རྫོགས་ཆེན་པའི་ཕྱག་བཞེས་མ་ལུས་པའི་རྒྱུན་བསྲིངས་ཚུལ་བཀོད་པ་ལ་ཐོག་མར་བསྟན་བདག་གམ་གདན་ཐོབ་དང་པོ་ཁྲི་ཆེན་ཤེས་རབ་ལྷུན་གྲུབ་ནི་རབ་བྱུང་བཅུ་གཅིག་པའི་ནང་དུ་སྐུ་འཁྲུངས། འཁྲུངས་ཡུལ་སོགས་མི་གསལ།

སྐུ་གཞོན་ནུའི་དུས་ནས་གཏེར་སྟོན་ཉི་གྲགས་ཀྱི་སྒར་དུ་བོད་ལྗོང་ནག་ཆུ་ས་ཁུལ་དུ་གཏོགས་གྲྭ་སར་བྱོན་ཏེ་རིག་འཛིན་ཉི་མ་གྲགས་པ་སོགས་སྐྱེས་ཆེན་མང་པོ་བླ་མར་བསྙེན་ཞིང་གསང་སྔགས་ཀྱི་གཞུང་ལུགས་ཀུན་དང་ཁྱད་པར་དུ་ཉི་གྲགས་ཀྱི་ཆོས་སྐོར་ཡོངས་རྫོགས་ལ་གསན་བསམ་མང་དུ་མཛད་མཐར་རྟོགས་པ་ཀློང་ནས་བརྡོལ།

དེ་ནས་རང་དགོན་དུ་ཆིབས་ཁ་སྒྱུར་ནས་གདན་རབས་གོང་མའི་ཕྱག་བཞེས་སྐྱོང་། དེའི་སྐབས་སུ་ཁོང་གི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་རིག་འཛིན་ཉི་གྲགས་གཉིས་པ་ཁམས་ཕྱོགས་སུ་ཞབས་ཟུང་གསེར་གྱི་འཁོར་ལོ་སྒྱུར་བར་རྒྱལ་འཕགས་བཀྲ་ཤིས་ཆོས་གླིང་དུ་གདན་དྲངས་པར་བཀའ་ལུང་དབང་གསུམ་གྱི་ཆོས་འཁོར་ཟབ་[page 608] རྒྱས་བསྐོར་ནས་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། ངག་རྒྱུན་ལྟར་ན་ཁྲི་ཆེན་ཤེས་རབ་ལྷུན་གྲུབ་གོང་མའི་དབུ་བླར་གྱུར་ཏེ་ཐུབ་སྐུ་ལི་མ་དང་རྒྱ་ནག་མ། ཐམ་ཀ་ཏོག་སོགས་གནང་ཡོད་པར་གསུངས་སོ། སྐུ་ཕྲེང་གཉིས་པ་བླ་བྲང་སྤྲུལ་གླེན་ནི་རྒྱལ་འཕགས་བླ་བྲང་དུ་སྐུ་འཁྲུངས།

རྫོགས་ཆེན་དུ་གྲྭ་སར་བྱོན་ནས་ངེས་དོན་བསྟན་འཛིན་བཟང་པོ་སོགས་བླ་མར་བསྟེན་མཐར། ཕྱིར་དང་དགོན་དུ་བྱོན་ནས་བསྟན་བདག་གི་འགན་བཞེས་བླ་མ་དེ་མངོན་མཁྱེན་ལ་ཐོགས་པ་མེད་པ་ཞིག་ཡིན་པར་གསུངས་སོ།

སྐུ་ཕྲེང་གསུམ་པ་རབ་བྱུང་བཅུ་གསུམ་པ་ཙམ་གྱི་ནང་དུ་རྒྱལ་མོ་ཚ་བ་རོང་དུ་སྐུ་བལྟམས་པའི་ཚ་ཁོ་སྤྲུལ་སྐུ་ནི་སྐུ་ཆུང་དུས་ནས་བླ་བྲང་སྤྲུལ་གླེན་གྱི་ཡང་སྲིད་དུ་ངོས་བཟུང་ཞིང་རྒྱལ་འཕགས་དགོན་པའི་གསེར་ཁྲིར་མངའ་གསོལ།

དེ་ནས་རྫོགས་ཆེན་དུ་གྲྭ་སར་བྱོན་ནས་མི་འགྱུར་ནམམཁའི་རྡོ་རྗེ་སོགས་བླ་མར་བསྟེན་ནས་མདོ་སྔགས་ལམ་གྱི་རིམ་པར་སྦྱང་བ་མང་དུ་མཛད་མཐར་རང་དགོན་དུ་ཕྱིར་ཕེབས།

བླ་མ་འདིའི་གདན་ས་སྐྱོང་བའི་སྐུ་དུས་སུ་ཡོན་བདག་དང་དགོན་པའི་ལྷ་སྡེ་རྣམས་ཀྱི་ཞབས་ཏོག་དང་མཐུན་རྐྱེན་གང་ལེགས་སྦྱར་བར་བརྟེན་འདུ་ཁང་རྒྱ་བསྐྱེད་གཏོང་ཞིང་ཐོག་རྩེག་གསུམ་ཅན་གྱི་རྒྱལ་བ་བྱམས་པའི་སྐུ་བཞེངས།

སྐུ་ཕྲེང་བཞི་པ་བླ་བྲང་སྤྲུལ་རྒོད་མ་ནི་ཡབ་བྱམས་འགྲུས་དང་ཡུམ་པོག་པོག་གཉིས་ཀྱི་སྲས་སུས་སྐུ་འཁྲུངས། ཁོང་ལ་གྲུབ་རྟགས་དང་རྫུ་འཕྲུལ་ཡ་མ་ཟུང་སྣ་ཚོགས་སྟོན་རྒྱུ་ཡོད་ན་ཡང་མཛད་ཕྲིན་ཆེར་མ་རྒྱས་ཏེ་སྐུ་གཤེགས། དེ་ནས་བླ་བྲང་སྤྲུལ་སྐུའི་སྐུ་ཕྲེང་རྒྱུན་ཆད་ཡོད་པར་སེམས་སོ།

བསྟན་བདག་གམ་གདན་ཐོབ་གཉིས་པ་བླ་མ་ཀུ་ལུ་ཀུན་བཟང་ནི་རབ་བྱུང་བཅུ་གཅིག་པའི་རྩམ་གྱི་ནང་དུ་སྐུ་འཁྲུངས།

ཁོང་གིས་སྔོན་རྗེས་སུ་རྒྱལ་རོང་ནམ་མཁའ་ཚེ་དབང་མཆོག་གྲུབ་སོགས་བླ་མ་ཉེར་ལྔ་རྩམ་ལ་བསྟེན་ནས་ཐུན་མོང་དང་ཐུན་མོང་མིན་པའི་གཞུང་ལུགས་ཀུན་ལ་ཐོས་བརྩོན་སློན་གཉེར་ཡུན་རིང་མཛད་པས་མཁས་པའོ་གོ་འཕང་ཐོབ།

དེ་ནས་རང་དགོན་དུ་ཕེབས་ཏེ་གདན་རབས་འཛིན་ཞིང་བུ་སློབ་སྐྱེས་བསྲིངས་བྱེད་པ་བོད་ལྗོངས་དང་སྡེ་དགེ་ཉག་རོང་། རྒྱལ་རོང་། མི་ཉག་སོགས་ནས་གསུང་ལས་སྐྱེས་པའི་བུ་སློབ་མང་དུ་བྱུང་བ་སོགས་ཀྱི་གྲགས་དཀར་གྱི་སྙན་པ་ཕྱོགས་སུ་ཁྱབ་མཐར།

རྡོ་ར་དཀར་མོ་ཞེས་པའི་དབེན་ཞིང་ཉམས་དགའ་བའི་རི་སིལ་གྱི་བྲག་ཕུག་ཏུ་སྒྲུབ་པ་ཉམས་ལེན་ལ་གཞོལ་ཏེ་དགོངས་པ་རྫོགས།

སྐུ་ཕྲེང་གཉིས་པ་རི་ཁྲོད་སྤྲུལ་སྐུ་དངོས་གྲུབ་རྒྱ་མཚོ་ནི་འཁྲུངས་ཡུལ་མི་གསལ་རྫོགས་ཆེན་དུ་གྲྭ་སར་བྱོན་ནས་མཁན་པོ་བསོད་ཆེ་ཐུན་མིན་གྱི་བླ་མར་བསྙེན་ཞིང་ཐོས་འརྩོན་སློབ་གཉེར་ཡུན་རིང་མཛད་དེ་མཁས་པར་གྱུར་མཐར།

རང་དགོན་དུ་ཆིབས་ཁ་བསྒྱུར་ཞིང་བསྟན་བདག་གི་ལས་འགན་ཐུགས་ཉམས་སུ་བསྟ་བའི་དུས་སུ་དད་ལྡན་མང་ཚོགས་ཀྱིས་ཞབས་འདེགས་དང་མཐུན་རྐྱེན་སྦྱར་བའི་ཆ་རྐྱེན་འོག་ཏུ། སྔར་གྱི་གརྩུག་ལག་ཁང་གི་ཉེ་འདབས་སུ་འདུ་ཁང་རྟེན་དང་བརྟེན་པ་ཞིག་གསར་སྐྲུན་བྱས་ཤིང་རབ་གནས་རྒྱ་ཆེར་མཛད་པ་དང་།

དགོན་པའི་ལྷ་སྡེ་ཡོངས་ལ་རྔོན་ཁྲིམས་སོགས་གཏན་ཁེལ་བྱས་པ་མ་ཟད། སྔོན་རྗེས་སུ་བྲག་འགོ་རྒོད་ཚང་དང་གངས་ལྗོངས་མཁས་པའི་དབང་པོ་མི་ཉག་ཀུན་[page 609] བཟང་བསོད་ནམས་རྣམ་གཉིས་ཀུན་བཟང་མཆོད་པའི་སྤྲིན་གྱི་སྣེ་ལེན་དང་བཅས་གདན་དྲངས་ཏེ།

དགེ་འདུན་པར་ཆོས་དོན་འདུན་ཁྲིམས་གཏན་འབེབས་དང་དབྱར་གནས་ཀྱི་ཆོ་ག་གསར་དུ་བཙུགས་པ་སོགས་གདན་རབས་འཛིན་པའི་རྒྱུ་སྐར་གྱི་ཕྲེང་བ་ཀུན་གྱི་ནང་ནས་རི་བོང་འཛིན་པ་བཞིན་བརྗིད་པ་གྱུར་མཐར་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ།

སྐུ་ཕྲེང་གསུམ་པ་སྤྲུལ་སྐུ་ཆོས་ཉིས་རྒྱ་མཚོ་ནི་ཡབ་བརྩོན་འགྲུས་དང་ཡུམ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ནང་དུ་སྐུ་བལྟམས། སྐུ་ཆུང་སུས་ནས་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རི་ཁྲོད་སྤྲུལ་སྐུ་དངོས་གྲུབ་རྒྱ་མཚོའི་ཡང་སྲིད་དུ་ངོས་བཟུང་།

དེར་བརྟེན་རྫོགས་ཆེན་དུ་གྲྭ་སར་བྱོན་ནས་མཁན་པོ་ལྷ་རྒྱལ་དང་མཁན་པོ་ཐུབ་བསྟནསྙན་གྲགས་སོགས་བླ་མར་བསྟེན་ནས་སློབ་གཉེར་མཛད། ཕྱིས་སུ་ཕྱིར་རང་དགོན་དུ་ཕྱག་ཕེབས་ནས་བསྟན་བདག་གི་འགན་བཞེས།

བླ་མ་དེ་ལུགས་གཉིས་ལ་རྨད་དུ་བྱུང་ཞིག་བློ་དཀར་གཞུང་དྲང་ཞིག་ཡིན་ཡང་དགུང་ལོ་ཞེ་དགུའི་སྟེང་དུ་དུས་ཀྱི་ཟིང་འཁྲུག་གི་བར་ཆ་དང་འཕྲད་དེ་སྐུ་གཤེགས་སོ། དེའི་ཡང་སྲིད་ཀུན་བཟང་འཇིགས་མེད་ནི་མིག་སྔར་ཨ་འཛོམས་སྒར་དུ་གྲྭ་སར་བཞུགས་ཡོད།

དགོན་པའི་བསྟན་བདག་གམ་གདན་ཐོབ་གསུམ་པ་བླ་མ་ཨུ་རྒྱན་རྣམ་རྒྱལ་ནི་ངག་རྒྱུན་ལ་གཞིགས་ན་རྫ་ཆུ་ཁའི་སེར་ཤུལ་རྫོང་ཏྲེས་དཀར་དགོན་པའི་ཉེ་འདབས་སུ་སྐུ་འཁྲུངས་ཡོད་པར་སེམས།

བླ་མ་དེ་ནི་སྔོན་རྗེས་སུ་རྫོགས་ཆེན་སོགས་སུ་གྲྭ་སར་བྱོན་ཞིང་རྫ་དཔལ་སྤྲུལ་ཨུ་རྒྱན་འཇིགས་མེད་ཆོས་ཀྱི་དབང་བོ་དང་རྫོགས་ཆེན་རིན་པོ་ཆེ།

མདོ་མཁྱེན་རྩེ་ཡེ་ཤེས་རྡོ་རྗེ་འཕགས་པའི་གང་ཟག་མི་ཡི་གར་དུ་རོལ་ཞིང་གྲགས་སྙན་གཟེངས་སུ་མཐོ་བའི་སྐྱེས་བུ་ཆེན་པོ་མང་པོར་བླ་མར་བསྟེན་ནས་གསང་སྔགས་རྒྱུད་སྡེ་ཕྱི་ནང་ཀུན་ལ་སྦྱང་བ་མང་དུ་མཛད་མཐར་མཁས་པར་གྱུར།

དེ་ནས་རྫོགས་ཆེན་རིན་པོ་ཆེ་བླ་བསྐོས་ཀྱི་བཀའ་སློབ་ལྟར་རྒྱལ་འཕགས་བཀྲ་ཤིས་ཆོས་གླིང་དུ་ཆིབས་ཁ་སྒྱུར་ཞིང་མཁན་པོའི་འགན་འཁྲི་ཐུགས་ཉམས་སུ་བཞེས་དེའི་དུས་སུ་གདན་ཐོབ་གསུམ་པར་གྱུར་ཡོད་པར་སྙམ་ནས་ལོ་ཤས་རིང་ལ་གདན་རབས་སུ་གོང་མའི་ཕྱག་བཞེས་སྐྱོང་བར་ཐུགས་ཁུར་ནན་ཏན་མཛད་མཐར།

སྲིབ་ལུང་རི་ཁྲོད་དུ་ཕེབས་ནས་ཆོས་བརྒྱུད་སྤེལ་ཚུལ་སྲིབ་ལུང་དགོན་པའི་གདན་རབས་སུ་གསལ། དེ་ནས་བཟུང་བླ་མ་ཨུ་རྒྱན་རྣམ་རྒྱལ་སྐུ་ཕྲེང་རིམ་བྱོན་ནི་རྒྱལ་འཕགས་དགོན་པའི་གདན་ཐོབ་གསུམ་པ་དང་སྲིབ་ལུང་དགོན་པའི་བསྟན་བདག་གཙོ་བོའི་འགན་གཅིག་ལྕོག་བྱེད་པའི་སྲོལ་རྒྱུན་ཆགས།

སྐུ་ཕྲེང་གཉིས་པ་སྤྲུལ་སྐུ་འོད་གསལ་ཐེག་མཆོག་ནི་ཡབ་དཔལ་ལྡན་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆོ་ཕོ་སྤྲེལ་གྱི་ལོར་སྐུ་བལྟམས། སྐུ་ཆུང་དུས་ནས་རྫོགས་ཆེན་རིན་པོ་ཆེས་ཨུ་རྒྱན་རྣམ་རྒྱལ་གྱི་ཡང་སྲིད་སྤྲུལ་སྐུར་ངོས་བཟུང་ཞིང་གསེར་ཁྲིར་མངའ་གསོལ།

དེ་ནས་རྫོགས་ཆེན་དུ་གྲྭ་སར་བྱོན་ནས་མཁན་པོ་གཞན་དགའ་སོགས་རྩ་བའི་བླ་མར་བསྟེན་ཞིང་རྒྱུད་སྡེ་ཕྱི་ནང་གི་ནང་གི་ལམ་གྱི་རིམ་པ་དང་། ཁྱད་པར་དུ་གར་ཐིག་དབྱངས་གསུམ་ཆོ་[page 610] གའི་ཕྱག་བཞེས་ལ་སྦྱང་བ་དཔྱིས་ཕྱིན་པར་མཛད་མཐར།

རང་དགོན་དུ་ཕྱག་ཕེབས་ཏེ་བཞུགས་སྐབས་སུ་མཐོ་རིམ་བླ་སྤྲུལ་ཆེ་ཁག་དང་རྒྱ་ཆེའི་དགེ་འདུན་པ། དགོན་པའི་ལྷ་སྡེ་ཡོངས་ཀྱི་རེ་འདུན་ལྟར་དགོན་པའི་དབྱར་ཆོས་ཀྱི་སྒྲུབ་མཆོད་སོགས་ལ་འཆམ་མ་ལག་ཆ་ཚང་གསར་བཞག་མཛད་པ་སོགས་ཀྱི་མཛད་འཕྲིན་རྒྱས་མོད།

འོན་ཀྱང་ཁོང་གི་སྐུ་དུས་སུ་སྲིབ་ལུང་དགོན་པར་ཉམས་ཆག་ཚབས་ཆེན་ཐེབས། དགུང་ལོ་ང་ལྔའི་སྟེང་དུ་སྐུ་གཤེགས་སོ། སྐུ་ཕྲེང་གསུམ་པ་ཐུབ་བསྟན་འཕྲིན་ལས་རྒྱ་མཚོ་ནི་ཡབ་རྟ་མགྲིན་ཡེ་ཤེས་དང་ཡུམ་ལྷ་འཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཐོག་མ་མེ་མོ་ཡོས་ཀྱི་ལོར་སྐུ་འཁྲུངས།

བྱིས་པའི་དུས་ནས་རྫོགས་ཆེན་རིན་པོ་ཆེས་འོད་གསལ་ཐེག་མཆོག་གི་ཡང་སྤྲུལ་དུ་ངོས་བཟུང་དེ་ནས་དགུང་ལོ་བརྒྱད་ཀྱི་སྟེང་ནས་རིམ་དུ་ཁོ་བོ་བླ་མ་དཔལ་ལྡན་རྡོ་རྗེ་དང་སྤྲུལ་སྐུ་འཇམ་དབྱངས།

ཨ་འཛོམས་རྒྱལ་སྲས་སོགས་བླ་མར་བསྟེན་ནས་ཡི་གེ་ཕྱི་མོ་ནས་རྙིང་མའི་ཆོས་སྐོར་ཕལ་ཆེར་ལ་གསན་བསམ་རྒྱ་ཆེར་མཛད་དེ་མཁས་པར་གྱུར། ཁོང་གིས་དམངས་བཅོས་སྒྱུར་མ་བྱེད་སྔོན་དུ་སྲིབ་ལུང་དགོན་པའི་བསྟན་བདག་གཙོ་བོའི་ལས་འགན་བཞེས་རྗེས།

དུས་ཀྱི་ཟིང་འཁྲུགས་ཆེན་པོ་བྱུང་ཏེ་རྐྱེན་གང་གིས་ཀྱང་མ་ཐུག་འཚོ་ཞིང་བཞེས། ཕྱིས་སུ་གངས་ལྗོངས་རྒྱ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་བཟང་པོ་ཤར་ཚེ།

སྔར་གྱི་བླ་སྤྲུལ་རྣམས་མི་ཞུགས་པས་ཁོང་གིས་བསྟན་བདག་གཙོ་བོའི་འགན་བཞེས་ནས་རྒྱལ་འཕགས་བཀྲ་ཤིས་ཆོས་གླིང་ཉམས་གསོ་མཛད་པར་བཀའ་དྲིན་མི་དམན་པ་གནང་སྟེ་བཞུགས་བཞིན་པ་ལགས་སོ།།

དགོན་པའི་གདན་ཐོབ་གསུམ་པ་ཙམ་གྱི་ཐོབ་ཐང་མངའ་བླ་བྲང་ཟུར་བླ་དཔལ་ལྡན་གྱི་ཡང་སྤྲུལ་གདན་རབས་འཛིན་པ་ཀུན་གྱི་ནང་ནས་མཆོད་ཏུ་བསྔགས་པའི་བླ་བྲང་སྤྲུལ་སྐུ་རིག་ལྡན་དགའ་བ་ནི་ཡབ་ཚག་རིས་དང་ཡུམ་པད་ལོ་གཉིས་ཀྱི་སྲས་སུ་བལྟས་བཟང་པོ་དུ་མ་དང་བཅས་ཏེ་བལྟམས།

སྐུ་ཆུང་དུས་ནས་རྫོགས་ཆེན་རིན་པོ་ཆེས་ཟུར་བླ་དཔལ་ལྡན་གྱི་ཡང་སྲིད་དུ་ངོས་བཟུང་ཞིང་རྒྱལ་འཕགས་རྒྱལ་བླ་བྲང་དུ་མངའ་གསོལ། དེ་ནས་རྫོགས་ཆེན་དུ་གྲྭ་སར་ཆིབས་ཁ་སྒྱུར་ནས་སྔོན་རྗེས་སུ་གངས་ལྗོངས་མཁས་པའི་དབང་པོ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་དང་ཛོགས་ཆེན་མཁན་པོ་ཐུབ་བསྟན་སྙན་གྲགས།

མཁན་པོ་ལྷ་རྒྱལ་སོགས་སྐྱེས་ཆེན་དུ་མའི་ཞབས་པས་སྤྱི་གཙུག་ཏུ་བླངས་ཏེ་མདོ་སྔགས་རིག་གཞུང་སྤྱི་དང་ཁྱབ་པར་གྲུབ་དབང་རྫོགས་ཆེན་པའི་ཆོ་གའི་ཕྱག་བཞེས་མ་ལུས་པའི་ཚིག་གི་བཤད་པ་དང་། དོན་གྱི་དགོངས་འགྲེལ། སྙིང་པོ་ཉམས་བཞེས། ཆོ་གའི་པྱག་ལེན་ཕྲ་མོ་ཚུན་ཆད་ལའང་སྦྱང་བ་ཟབ་མོ་མཛད་དེ་མཁས་པར་གྱུར།

བླ་མ་དེའི་ཕྱོགས་གང་ཐད་ཀྱི་ཡོན་ཏན་ཁྱད་དུ་འཕགས་པས་རྫོགས་ཆེན་རིན་པོ་ཆེས་སམིགས་གསལ་གྱི་ཐུགས་གཙིགས་སུ་གནང་ཞིང་རྒྱལ་འཕགས་དགོན་པའི་བསྟན་པ་ཅུང་ཉམས་པར་གྱུར་ཡོད་པའི་སྐབས་དང་བསྟུན་ཏེ།

གཙང་བཀྲ་ཤིས་ལྷུན་པོ་གྱི་མགར་ཆས་ཡིན་པའི་སྤོས་ཕོར་ཆ་གཅིག་དང་རྒྱ་གླིང་ཆ་གཅིག་དེ་མིན་གྱི་རྡོ་དྲིལ་དང་དབུ་ཞྭ་པདྨ་མཐོང་གྲོལ། ཆོས་ཁྲིམས་སྐོར་གྱི་ཆབ་ཤོག་ཐམ་ལྡན་སོགས་[page 611] གནང་ནས་རྒྱལ་འཕགས་དགོན་པའི་བསྟན་པའི་བདག་པོར་བཀོད་བཞག་བསྩལ།

དེ་ནས་བླ་མའི་བཀའ་སློབ་ལྟར་བསྟན་བདག་གི་འགན་ཐུགས་ཉམས་སུ་བཞེས་ཏེ་གདན་རབས་གོང་མའི་ཕྱག་བཞེས་མ་ལུས་མུ་མཐུད་རྒྱུན་ཆགས་སུ་སྐྱོང་བ་དང་། དགེ་ཚུལ་སློང་གི་སྡོམ་རྒྱུད་སྤེལ་ཞིང་བཤད་གྲྭ་གསར་དུ་བཙུགས་ཏེ་འདུལ་བ་གཞི་གསུམ་གྱི་ལད་ལེན་དངོས་སུ་བསྟར།

རང་ཉིད་ཀྱི་ཕྱག་རྫས་ཁོ་ནའི་འགྲོ་གྲོན་བྱས་ཏེ་དགོན་པར་བཀའ་བསྟན་བཅོས་དང་འཕན་གདུགས་རྒྱལ་མཚན་བླ་བྲེ་སོགས་མཆོད་རྫས་མང་པོ་མཆོད་ཐེབས་སུ་གནང་བ་སོགས་ཀྱི་མཛད་འཕྲིན་རྒྱས། གཞན་ཡང་སྐྱབས་རྗེ་དམ་པ་དེ་ཉིད་གོ་མིན་ཏང་ལུའུ་ཅི་ཅན་སོགས་མཐོ་རིམ་དབང་འཛིནན་དཔོན་རིགས་དང་ལྕག་ལ་རྒྱལ་པོ་དབུ་བླར་གྱུར་ཏེ།

རྒྱལ་ཡུལ་དང་དར་མདོ་སོགས་ས་ཁུལ་དུ་སྐུ་འཁོར་ཞབས་འབྲིང་དང་བཅས་པ་སྔོན་རྗེས་སུ་ཐེངས་མང་ཆིབས་ཁ་སྒྱུར་བར་གུས་བཀུར་ཐེབས་པ་མ་ཚད། མ་བུ་ཆོས་མཛོད་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བརྒྱུད་རྒྱལ་འཕགས་དགོན་ལྷ་སྡེ་དང་བཅས་པས་དཔྱད་ཁྲལ་མི་དགོས་པ་མ་ཟད་དགོན་པར་རྒྱབ་སྐྱོར་ཡོད་པའི་ཐམ་ཀ་བླངས།

དེ་ལྟར་རླབས་ཆེན་གྱི་མཛད་རྗེས་བླ་ལྷག་ཏུ་འབར་ཏེ་གཞན་གྱི་འགྲན་ཟླ་དང་བྲལ་བར་ཉེ་བའི་སྐབས་སུ་དུས་ཀྱི་ཟིང་འཁྲུག་ཆེན་པོ་བྱུང་བས་ཁོང་ཉིད་འཐབ་རྩོད་ནན་པོ་ཐེབས་པས་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་བསྡུས་ཚུལ་བསྟན།

སྐུ་ཕྲེང་གསུམ་པ་བསོད་ནམས་རབ་བརྟན་ནི་ཡབ་ལྕམ་པ་ཨ་བསོད་དང་ཡུམ་ཨ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ད་སང་ཨ་འཛོམས་སྒར་དང་གསེར་ཐང་བླ་རུང་སྒར་སོགས་སུ་གྲྭ་སར་བྱོན་རྗེས་སུ་རང་དགོན་སུ་ཕེབས་ཏེ། དགོན་པའི་བསྟན་ཆས་ལ་ཞབས་འདེགས་ཞུ་བཞིན་པ་ལགས་སོ།།

གཞན་ཡང་དགོན་པ་དེར་སྤྲུལ་སྐུ་མང་དུ་བྱོན་ཡོད་པས་རེ་རེ་བཞིན་རྣམ་ཐར་བྲིས་ན་ཡི་གེ་མང་བར་དོགས་ནས་འདིར་མཚོན་པ་རྩམ་ཞིག་བཀོད་ན། མ་གཞི་དགོན་པ་དེའི་བླ་རབས་དང་སྤྲུལ་སྐུ་མང་ཆེ་བ་གཅིག་འདྲེས་ཡིན་པར་སྙམ།

སྲས་མོ་བདེ་ཆེན་ཡང་སྲིད་སྤྲུལ་སྐུ་འཇམ་དབྱངས་གསོ་དཔྱད་ལ་མཁས་དེའི་ཡང་སྤྲུལ་སྤྲུལ་སྐུ་ཐུབ་བསྟན་ཕྲིན་ལས་ཁོང་གི་རྣམ་ཐར་ཉི་འོད་དགོན་དུ་གསལ། བླ་མ་ཀུན་བཟང་ཆོས་རྒྱལ་གྱི་ཡང་སྲིད་ཏྲི་བུ་སྤྲུལ་སྐུ་ཀུན་བཟང་བསྟན་འཛིན་རྣམ་འབྱོར་བ་ཞིག་ཡིན།

དེའི་ཡང་སྲིད་ཨ་འཛོམས་རྒྱལ་སྲས་གྱིས་ངོས་འཛིན་གནང་བའི་སྤྲུལ་སྐུ་ཨུ་རྒྱན་མདོ་སྔགས་ནི་རིག་གཞུང་ཀུན་ལ་མཁས་ཤིང་ད་ལྟ་ཞབས་པད་བརྟན་བཞིན་པ་ལགས་སོ།

ཀུ་ལུ་དགེ་འདུན་ཚེ་རིང་གི་ཡང་སྲིད་རྫོགས་སྤྲུལ་སྐུ་དྲི་མེད་ཀྱིས་ངོས་འཛིན་གནང་བའི་སྤྲུལ་སྐུ་ཆོས་གྲགས་ནི་སྐུ་ཚེ་གང་བོ་བསྙེན་སྒྲུབ་ལ་ཞུགས་པའི་བླ་མ་ཞིག་གོ མཁན་པོ་དཔལ་བཟང་གི་ཡང་སྲིད་སྤྲུལ་སྐུ་དྲི་མེད་དང་ངག་དབང་ནོར་བུ་རྣམ་གཉིས་ཀྱིས་ངོས་འཛིན་གནང་བའི་སྤྲུལ་སྐུ་འཇིགས་མེད་ཀུན་བཟང་།

སྲིབ་ལུང་བླ་མ་ཚེ་དབང་དཔལ་འཛོམས་གྱི་ཡང་སྲིད་ཨ་སྐྱིད་བླ་མས་ངོས་འཛིན་གནང་བའི་སྤྲུལ་སྐུ་རིག་འཛིན་རྒྱ་མཚོ། ཁྲི་བ་བཙན་བླ་ཡེ་ཤེས་ཀྱི་ཡང་སྲིད་རྒྱལ་རྗེས་བྱ་བྲལ་བའི་ངོས་བཟུང་བའི་སྤྲུལ་སྐུ་ཨ་དཔལ། བླ་མ་དོན་ལྡན་གྱི་ཡང་སྲིད་སྤྲུལ་སྐུ་[page 612] གྲགས་པ།

བླ་མ་དཔལ་པོ་ལུང་རྟོགས་ཀྱི་ཡང་སྲིད་སྤྲུལ་སྐུ་ཨུ་རྒྱན་དཔལ་འབྱོར། ལྷ་བཟོ་ཚུལ་ཁྲིམས་རྒྱ་མཚོའི་ཡང་སྲིད་ཨ་པཾ་གཏེརསྟོན་གྱིས་ངོས་འཛཻན་གནང་པའི་སྤྲུལ་སྐུ་བསོད་ནམས་དབང་འཕེལ། སྤྲུལ་སྐུ་སངས་རྒྱས།

སྤྲུལ་སྐུ་ཐུབ་བསྟན་དཔལ་འབྱོར་ལྷ་བཟོ་སྤྱི་དང་ཁྱད་པར་དུ་འཇིམ་བཟོ་ལ་མཁས་སོགས་སྤྲུལ་རབས་དང་བླ་རབས་མང་དུ་བྱོན་ནས་དགེ་འདུན་པ་གཉིས་བརྒྱ་བརྒྱད་ཅུ་ལྷག་གི་དབུར་བཞུགས་ཏེ།

གྲུབ་དབང་རྫོགས་ཆེན་པའི་དབང་ལུང་མན་ངག་རྗེས་གནང་དང་བཅས་པའི་ཕྱག་སྲོལ་མ་ལུས་སྤེལ་བའི་རྣམ་དཀར་གྱི་མཛད་བཟང་ཕྱོགས་ཀུན་ལ་བ་ཁྱབ་པ་ལགས་སོ།།

ད་ནི་མུ་ཏིག་དར་ལ་བརྒྱུས་པ་བཞིན་བསྟན་བདག་རིམ་བྱོན་དང་། དེ་མིན་སྤྲུལ་སྐུ་རིམ་བྱན། བླ་མ་རིམ་བྱོན་བཅས་ཀྱིས་རྣམ་དཀར་བསོད་ནམས་ཀྱི་ཞིང་སར་བསྐྲུན་ཡོད་པའི་སྐུ་གསུང་ཐུགས་རྟེན་གྱི་རྣམ་གྲངས་ཉུང་རྩམ་བརྗོད་ན། སྟོན་པ་རྒྱ་ནག་མ་ཁྲུ་གང་བ་དང་ཐུབ་པ་ལི་མ།

གྱ་རུ་ལུས་ཚད་མ་གཙོ་འཁོར་གསུམ་སོགས་གསེར་སྐུ་ཉི་ཤུ་ལྷག་རྩམ་མཆིས་པ་དང་། རྒྱུ་འཇིམ་བཟོ་ལས་གྲུབ་པའི་སྟོན་པ་རྩེག་ཚད་མ་དང་བྱམས་པ་རྩེག་ཚད་མ། རྡོར་སེམས་རྩེག་ཚད་མ། གུ་རུ་མཚན་བརྒྱད་དང་གནས་བརྟན་བཅུ་དྲུག་སོགས་གསེར་ཐང་ཉི་ཤུ་ལྷག་སངས་རྒྱས་སྟོན་སྐུ་དང་སྐྱེ་རབས་དཔག་བསམ་འཁྲི་ཤིང་།

ཨུ་རྒྱན་སྐྱེ་རབས། རྗེ་འབངས་ཉེར་ལྔ། ཐུགས་རྗེ་ཆེན་པོ། ཞི་ཁྲོད་དམ་པ་རིགས་བརྒྱ། བཀའ་བརྒྱུད། བདེ་མཆོག་རྣམ་སྲས་རྟ་བརྒྱད། རྒྱལ་ཆེན་སྡེ་བཞི། རིགས་དྲུག་ཆགས་ཚུལ་སོགས་མང་དུ་མཆིས། བཀའ་གདམ་མཆོད་རྟེན་དང་བྱང་ཆུབ་སོགས་ཡོད། བཀའ་འགྱུར་ཆ་གཉིས་དང་བསྟན་འགྱུར་ཆ་གཅིག་དཔལ་སྤྲུལ་བཀའ་འབུམ།

སྒྲུབ་ཐབས་སོགས་པོད་བརྒྱ་ལྷག་ཡོད། སྦབ་ཆིལ་དགྲ་དཀར་དང་དྲ་ནག་རྒྱ་ཧོར་ཁ་སྤྲོད། བྲག་སྟེང་རོལ་མོ་སོགས་ཆ་སོ་ལྔ་དང་། ཧོར་གྱི་སིལ་ཆེན་དང་བྱ་ཤང་ཤང་། རྒྱ་ཡི་སིལ་སྙན་སོགས་ཆུ་བདུན། གསེར་གླིང་ཆ་གཉིས་རྒྱ་གླིང་བཙུན་མོ་སོགས་ཆ་བརྒྱད་ཡོད། དུང་དམར་ཆེ་ཆུང་ཆ་བཞི་ཡོད། རྐང་གླིང་ཆ་བརྒྱད་ཡོད།

རིན་ཆེན་བྲལ་བའི་སྤོས་ཕོར་ཆ་གཅིག་ཡོད། དངུལ་ཀུང་སུམ་ཅུ་ཡོད། ཚོགས་གཟུངས་ཆེ་ཆུང་དྲུག་འཆམ་གོས་འབག་དང་ལྡན་པ་སོ་བཞི་ཡོད། ཀ་འཕན་ཆ་བཞི། རྒྱལ་མཚན་ཆ་བཞི་ཡོད། དེ་མིན་ཏིང་ཕོར་དང་གཏོར་ཆ། སྨན་རག་བུམ་པ། གདུགས་བ་དན། གསེར་ཏོག་ས་གདན་སོགས་མང་ངོ་།

ཀ་ཐམ་སུམ་ཅུ་ཅན་གྱི་གཙུག་ལག་ཁང་གཅིག་དང་ཀ་ཐག་བཅུ་ཅན་གྱི་ལྷ་ཁང་གཅིག་གྲྭ་ཤག་བརྒྱ་ཕྲག་ལ་ཉེ་བ་རྩམ། སྤྱི་ཁང་། ཇ་ཁང་། དུང་འཁོར་སོགས་མང་ངོ་།

དགོན་པ་དེའི་ལོ་འཁོར་མོར་རྒྱུན་འཇགས་སུ་གྱུར་ཡོད་པའི་ཚེས་དུས་མོད་སོགས་ནི་བུམ་སྒྲུབ་ཆེན་མོ་ཉིད་བདུན་དང་ལྗིབ་ཉ་ཆོས་ཉིན་བཞི། མཆོད་འདུས་ཉིན་བདུས་ཉིན་བདུན། སྙུང་གནས་ཉིན་བཅུ་དྲུག་ཀུན་རིག་ཉིན་བདུན། སློབ་གྲྭ་ཉིན་ཞེ་ལྔ། དབྱར་ཆོས་ཉིན་བདུན། དབྱར་གནས་ཉིན་ཞེ་ལྔ། མ་ཎི་ཆོས་ཐོག་ཉིན་བཞི།

ཚེ་འབར་གཉེར། ཆོས་སྐྱོང་རྒྱུན་བཅོལ་སོགས་ཡོད་པར་[page 613] མཆིས་སོ།།

དགོན་པའི་ཚོགས་པའི་གཏོང་སྒོ་དང་དགོན་པར་འཛུགས་སྐྲུན་སོགས་ཀྱི་ཐད་ལ་ཡོན་གྱི་འབྱུང་ཁུངས་དང་བླ་མ་དབུ་མཛད་སོགས་ཀྱི་གོ་རིམ་དང་ཐོབ་ཐང་ནི། དགོན་པའི་བསྟན་བདག་རིམ་བྱོན་དང་བླ་བྲང་། དེ་མིན་སྤྲུལ་སྐུ་དང་བླ་མ་རིམ་བྱོན་སོགས་ཀྱིས་དགོན་པར་ཉམས་གསོ་དང་རྒྱ་བསྐྱེད།

སྒྲུབ་མཆོད་ས་ཞིང་མོའུ་སུམ་བརྒྱ་ཡོད་པ་དེ་མང་ཚོགས་ལ་ཐོག་ཤེད་གཏོང་ནས་ཐོག་སྐྱེད་ཕྱེད་བགོ་བྱས་པའི་ཡོང་འབབ།

དགོན་པའི་ལྷ་སྡེ་རུ་གཏོགས་པའི་དུད་ཁྱིམ་ཡོངས་ཀྱིས་ཤི་བོའི་དགེ་རྩ་བསྔོ་བྱེད་དང་རིམ་གྲོ་སྒྲུབ་བྱེད་དུ་ཕུལ་བའི་ཡོན་ཁ་ཡོན་ཁར་སྤྱར་བའི་དངོས་པོའི་ཕྱེད་ཀ་ཡོན་ཁར་ཚོགས་པའི་དགེ་འདུན་པ་དུས་ཐོག་ཏུ་རྩོལ་བསྟུན་ཐོབ་སྤྲོད་བྱེད་རྒྱུ་དང་ཕྱེད་ཀ་དགོན་གཞུང་ཐུན་མོང་ལ་གཏན་བཞག་བྱེད་པའི་སྲོལ་རྒྱུན་ཡོད།

བཅས་ནི་དགོན་པ་དེའི་དཔལ་འབྱོར་གྱི་འབྱུང་ཁུངས་གཙོ་བོར་ཡིན། དེ་ལྟར་མ་གདན་རྒྱུ་རྫས་སྡོམ་འབོར་སྒོར་ཁྲི་བཞི་བཅུ་ལྷག་ཡོད་པ་དེས་རྨང་གཞིར་བྱས་ནས། དགོན་པའི་གྲྭ་སེར་ཡོངས་རྫོགས་བསླབ་པའི་གོ་རིམ་ལྟར་བསྐོས་པའི་ལས་ཐོག་གི་དགེ་བསྐོས་དང་སྤྱི་བ།

གཉེར་བ་བཅས་ཀྱིས་རང་རང་གི་ལས་འགན་ཐོག་འབབ་འབྲེལ་གྱི་དབང་ཆ་བེད་སྤྱོད་དེ་དགོན་པར་ཞེ་གསོ་དང་རྒྱ་བསྐྱེད། སྒྲུབ་མཆོད་སོ་སོའི་མཆོད་ཐེབས། སྣེ་ལེན་སོགས་ཀྱི་ཐད་ལ་འགྲོ་སོང་གཏོང་བའི་ལམ་ལུགས་གཏན་ཁེལ་སུ་ཡོད། དགེ་འདུན་པས་ཡོན་ཁ་དང་བསོད་སྙོམས་ཙམ་ལས་ཕུགས་ནོར་རྒྱ་ཆེར་འཆིང་བའི་སྲོལ་མ་ཆགས།

བླ་མ་ནི་གདན་ས་དེའི་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་གྱིས་རེས་མོས་སུ་མཛད་ཡོད་པར་སེམས་མཁན་པོ་ནི་མ་དགོན་གྱིས་བསྐོ་བཞག་གནང་བའམ་ཡང་ན་རང་དགོན་གྱི་གྲྭ་བ་གྲྭ་སར་བྱོན་ནས་སྦྱང་བ་དང་ནང་བསྟན་རིག་པའི་ཤེས་ཡོན་གྱི་ཆུ་ཚད་ངེས་ཅན་ཞིག་གི་ཐོབ་ཐང་ལྡན་དགོས།

དབུ་མཛད་ནི་གར་ཐིག་དབྱངས་གསུམ་སོགས་ཆོ་གའི་ཕྱག་ལེན་དཔྱིས་ཕྱིན་པར་མཁྱེན་དགོས། དགེ་བསྐོས་ནི་དགོན་གཞུང་ལ་སྤྱི་སེམས་ལྷག་པར་ལྡན་དགོས། མཆོད་དཔོན་ནི་མཆོད་གཏོར་བཟོ་རྩལ་སོགས་ལ་མཁས་དགོས་པ་སོགས་གོ་རིམ་གྱི་ལུགས་འཛོལ་མེད་དུ་ཆགས་ཡོད། དགོན་པའི་གྲྭ་རྒྱུན་ནི་ཁུ་ཆ་དང་ནག་བྲན་སྡེ་ཤོག་སོགས་ནས་ཡིན།

དགོན་པ་དེ་ཡུལ་དགོན་གཞན་དང་འབྲེལ་ཚུལ་ནི་ཆོས་རྒྱུད་ཀྱི་ཐས་ནས་གཏེར་སྟོན་ཉི་གྲགས་སྒར་དང་རྫོགས་ཆེན་དགོན་པའི་དགོན་ལག་སྨད་ཀྱི་དགོན་སྡེ་བཅུ་གསུམ་གྱི་གྲསསུ་གཏོགས། སྲིད་དབང་གི་ཐད་ནས་ཉ་མཚོ་དགོན་དུ་གཏོགས་སོ།

བླ་མར་ཨུ་རྒྱན་རྣམ་རྒྱལ་གྱིས་ཕྱག་བཏབ་ཅིང་ཉིད་ཀྱི་སྐུ་ཕྲེང་རིམ་བྱོན་གྱིས་སྐྱོང་བའི་སྲིབ་ལུང་དགོན་པ་ནི་ཆོས་རྒྱུན་མལུས་གཅིག་འདྲེས་ཡིན་པས་དགོན་དང་དགོན་ལག་མ་བུའི་ཚུལ་དུ་སྣང་བ་ལགས་སོ།། དེང་གི་གནས་ཚུལ་ནི་དགོན་པ་དེ་ངོ་རྒོལ་བཞི་པདང་རིག་གནས་གསར་བརྗེའི་སྐབས་སུ་འདུ་ཁག་གཅིག་གི་ཕྱི་ཁོག་དང་ནང་རྟེན་ཉུང་ཤས་ཙམ་མ་གཏོགས་རྟེན་དང་བརྟེན་པ་ཐམས་ཅད་མིང་གི་ལྷག་མར་གྱུར།

[page 614] ཕྱིས་སུ་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་བ་དང་ས་གནས་སྲིད་གཞུང་གིས་ཆོག་མཆན་ཐོབ་པར་བརྒྱུད་དེ་དགོན་པ་ཉམས་གསོ་བྱས་པའི་རྨང་རྐང་གཏིང་བར་སྔོན་གྱི་ཐུགས་བསྐྱེད་བཟང་པོ་དུས་སུ་སྨིན་པའི་སྤྲུལ་སྐུ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ་དབུར་བཞུགས་མཛད་པ་དང་།

དེ་མིན་བླ་སྤྲུལ་རྣམ་པ་དང་རྒྱ་ཆེའི་དགེ་འདུན་པ་བརྒྱ་དང་ཉི་ཤུ་ལྷག་གིས་སྐུ་འཁོར་ལྟར་བྱས་ནས་དད་ལྡན་མང་ཚོགས་ཀྱིས་མི་ཤུགས་དངོས་ཤུགས་འདོན་པ་དང་མཉམ་དུ་འདུ་ཁང་རྟེན་དང་བརྟེན་པ་བཅས་ཉམས་པ་སླར་གསོ་དང་།

མ་ཉམས་གོང་འཕེལ་ཞིང་སྔ་གྱི་སྒྲུབ་མཆོད་ཕལ་ཆེར་ཉམས་གསོ་བྱས་ཏེ་ཆོས་མཐུན་གྱི་མཛད་སྤྱོད་གནང་བཞིན་པ་ལགས་སོ།། འཕྲིན་དགའ་ནས།

དཀར་ཆོས་དགོན་གྱི་ལོ་རྒྱུས།

དཀར་ཆོས་དགོན་པ་ནི་ཡོངས་གྲགས་སུ་རབ་བྱུང་བཅུ་གཅིག་པའི་ནང་དུ་ཐོག་མར་ཆགས། གྲུབ་མཐའ་རྙིང་མ་པ་ཡིན། དེང་སང་རྟའུ་རྫོང་སྨུག་རོང་ཤང་གི་ཁོངས་སུ་གཏོགས། དགོན་པ་ཐོག་མར་ཆགས་ཚུལ།

དེ་ཡང་ངག་རྒྱུན་ལྟར་ན་གནའ་སྔ་རབས་ཤིག་ནས་རྦཱ་མི་ཕམ་མགོན་པོས་ཕྱག་འདེབས་མཛད་པའི་བཀའ་རྒྱུད་པའི་དགོན་པ་ཞིག་ཡོད་པ་དང་དེར་གྲུབ་བརྙེས་ཀྱི་སྐྱེ་བུ་མང་དུ་བྱོན་མྱོང་བར་བཤད། ཕྱིས་སུ་རོང་ཐ་ཤཱཀྱ་རྒྱལ་མཚན་སོགས་ཀྱིས་བསྐྱངས་རྗེས་སུ་དགོན་པར་ཉམས་དམན་སོང་ནས་ཧ་ལམ་དགོན་ཤུལ་ཙམ་དུ་གྱུར།

རབ་བྱུང་བཅུ་གཅིག་པའི་ནང་ཁུལ་དུ་ཤར་གཏེར་གྱི་བདག་པོ་རིག་འཛིན་ཆོས་རྒྱལ་གླིང་བས་སྔར་གྱི་དགོན་པ་དེ་ད་ལྟའི་དགོན་པ་ཆགས་ཡོད་སར་མར་སྤོས་ནས་དགོན་པའི་ཕྱི་ཁོག་ནང་རྟེན་རྣམས་བཞེངས་པར་མཛད་དེ་རྣམ་དཀར་ཆོས་སྤྱོད་གླིང་ཞེས་མཚད་གསོལ། ཡོངས་གྲགས་སུ་དགོན་པ་གནས་དེར་ཐོག་མར་ཆགས་པར་བཞེས།

གདན་རབས་སྐྱོང་ཚུལ།

དེ་ཡང་སྨུག་རོང་དཀར་ཆོས་དགོན་རྣམ་དཀར་ཆོས་སྤྱོད་གླིང་གི་གདན་རབས་འཛིན་པ་ཀུན་གྱི་ནང་ནས་རྒྱུ་སྐར་ཁྲོད་དུ་རི་བོང་འཛིན་པ་བཞིན་བརྗིད་པའི་གཏེར་ཆེན་ཆོས་རྒྱལ་གླིང་བ་ནི་རབ་བྱུང་བཅུ་གཅིག་པའི་རྣམ་འགྱུར་ཞེས་པ་ལྕགས་ཕོ་སྟག་གི་ལོར་ཡབ་རིགས་ཕན་བཟང་པོ་དང་ཡུམ་རྒྱལ་སྐྱིད་གཉིས་ཀྱི་སྲས་སུ་བལྟས་བཟང་དང་བཅས་མངལ་གྱི་པདྨོ་ལས་གྲོལ།

བྱིས་པའི་དུས་ནས་བྱམས་སྙིང་རྗེའི་ཐུགས་རྒྱུད་ཕྱུག་ཅིང་རྣམ་དཔྱོད་མཆོག་ཏུ་མངའ་བ་མ་ཟད་བཤེས་གཉེན་དགོན་མཆོག་མདུན་ནས་འབྲི་ཀློག་བསླབ། དེ་ནས་རིམ་གྱིས་བླ་མ་རྒྱལ་མཚན་དང་སྦ་གནས་བླ་མ་པདྨ།

ཀཿཐོག་རིག་འཛིན་ཀློང་གསལ་སྙིང་པོ་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དུ་མའི་ཞབས་པད་སྤྱི་གཙུག་ཏུ་བཀུར་ཞིང་མདོ་སྔགས་གཞུང་ལུགས་སྤྱི་ཁྱད་པར་དུ་རྒྱུད་སྡེ་ཕྱི་ནང་གི་ལམ་གྱི་རིམ་པར་སྦྱངས་པ་ནང་བྱན་ཚུད་པར་མཛད། དེ་ནས་སྐྱབས་རྗེ་ཉིད་ཀྱིས་ལྕགས་རྐོང་བདེ་ཆ་དགོན་པའི་རྟེན་དང་བརྟེན་པའི་[page 615] རྨང་རྐང་བཏིང་ནས་ལེགས་པར་གྲུབ་རྗེས། སྨུག་རོང་དུ་ཆིབས་སྒྱུར་གནང་ནས་དཀར་ཆོས་དགོན་པ་ཕྱག་བཏབ་མཛད་དེ་རྣམ་དཀར་ཆོས་སྤྱོད་གླིང་བཞེས་མཚན་གསོལ་ཞིང་ཟབ་གཏེར་ཆོས་ཀྱི་རྒྱུན་སྤེལ་ཏེ་གདན་ས་མཛད། དེའི་སྐབས་སུ་དཀར་ཆོས་དགོ་པ་འཕེལ་རྒྱས་ཆེ་རྩམ་བྱུང་།

དེ་འི་རྗེས་སུ་སྨུག་རོང་བླ་མ་རིག་འཛིན་དོན་གྲུབ་དང་བླ་མ་ཚེ་རིང་རྣམ་གཉིས་ཀྱིས་གདན་ས་སྐྱོང་ཞིང་ཆོས་གླིང་གཏེར་ཆོས་གཙོ་བོར་བྱས་པའི་བཀའ་གཏེར་སྨིན་གྲོལ་གྱི་ཆོས་འཁོར་རྒྱ་ཆེར་བསྐོར་བར་བརྟེན།

དགོས་པ་དེར་རྒྱུན་བཞུགས་བླ་གྲྭ་བརྒྱ་ཡན་ཆོད་ཡོད་པར་གྲགས་སོ།། རབ་བྱུང་བཅུ་བཞི་པའི་ནང་དུ་བླ་མ་ཨུ་རྒྱན་བསྟན་འཛིན་བྱོན་ཞིང་གདན་ས་བསྐྱངས་མཐར་གཡག་ཤུག་ཕུག་ཏུ་བསྙེན་སྒྲུབ་ལ་བཞོལ་རྗེས་སྐུ་ལུས་ལྷག་མེད་འཇའ་ལུས་རྡུལ་ཕྲན་དུ་དེངས།

དེ་ནས་བླ་མ་ནོར་བུ་དང་བླ་མ་རྣམ་རྒྱལ་སྤུན་མཆེད་རྣམ་ཀྱི་གདན་ས་བསྐྱངས་ཤིང་གྲུབ་པའི་རྟགས་མཚན་མངོན་དུ་ཐོན་པའི་སྐུ་མཆེད་རྣམ་གིས་ཀྱིས་ཆོས་གླིང་ཟབགཏེར་སོགས་ཀྱི་སྨིན་གྲོལ་གྱི་ཆོས་རྒྱུད་མཐའ་རྒྱས་སུ་སྤེལ་བར་མཛད།

དེ་ནས་སྣང་སེམས་ལ་རང་དབང་འབྱོར་བའི་གྲུབ་པའི་དབང་ཕྱུག་འཇམ་དཔལ་ཡེ་ཤེས་གདན་སར་བྱོན་ཞིང་བསྟན་དགོན་བསྐྱངས་མཐར་སྐུ་གཤེགས། དེའི་ཡང་སྲིད་སྤྲུལ་སྐུ་ནི་རབ་བྱུང་བཅོ་ལྔ་བའི་ནང་དུ་སྐུ་འཁྲུངས། ཁོང་གིས་བསྟན་ཕན་རྒྱ་ཆེ་བསྒྲུབས་མཐར་དགུང་ལོ་དོན་གསུམ་བཞེས་སྐབས་ཆུ་མདའ་ཁོག་ཏུ་སྐུ་གཤེགས།

བླ་མ་ནོར་བུ་བསྟན་འཛིན་གྱི་ཡང་སྲིད་སྨུག་རོང་བཀྲ་ཤིས་ཕུན་ཚོགས་དང་རིག་འཛིན་དབང་གྲགས་གླིང་བ། པདྨ་སྡམ་པོ་རྩལ་ནི་ཡབ་ཕྲིན་ལས་རྡོ་རྗེའི་སྲས་སུ་སྐུ་འཁྲུངས། སྨུག་རོང་དཀར་ཆོས་དགོན་དུ་གདན་ས་བསྐྱངས་ཤིང་ཆོས་མང་དུ་བཞེངས་རྗེས་སུ་སྐུ་གཤེགས།

དེའི་ཡང་སྲིད་བྱ་བཏང་ཨུ་རྒྱན་རིག་འཛིན་ནི་ཡབ་ཨ་མགོན་ཚེ་རིང་ནོར་བུ་དང་ཡུམ་འདྲ་བཟའ་ཆོས་རིས་སྒྲོན་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ས་མོ་བྱ་ཡི་ལོར་སྐུ་འཁྲུངས།

ཀ༔་ཐོག་ཏུ་གྲྭ་སར་བྱོན་ཞིང་མཁན་པོ་ངག་དགའ་སོགས་ཐུན་མིན་གྱི་བླ་མར་བསྟེན་ནས་ཟབ་གསང་མན་ངག་གི་ཉིང་བཅུད་མང་པོ་བུམ་པ་གང་བྱོས་ཀྱི་ཚུལ་དུ་གཅེས་ནོར་ལ་ཐུགས་རྒྱུད་དུ་རོལ་ཏེ་སྣང་སེམས་ལ་རང་དབང་ཐོབ། དེ་ནསགདན་ས་བསྐྱངས་ནས་སྨིན་གྲོལ་གྱི་ཆོས་འཁོར་བསྐོར་རྗེས་སུ་སྐུ་གཤེགས།

གཏེར་སྟོན་མི་འགྱུར་ཐེག་མཆོག་རྡོ་རྗེ་ནི་རབ་བྱུང་བཅོ་ལྔ་བའི་ལྕགས་ཕོ་སྟག་གི་ལོར་སྨུག་རོང་བྷ་ཞེས་པའི་ས་ཆར་སྐུ་འཁྲུངས། དེའི་སྲས་སངས་རྒྱས་རིག་འཛིན་ནི་རབ་བྱུང་བཅོ་ལྔ་བའི་ལྕགས་སྤྲེལ་ལོར་ཡབ་གཏེར་སྟོན་མི་འགྱུར་ཐེག་མཆོག་རྡོ་རྗེ་འ་སྲས་སུ་སྐུ་འཁྲུངས།

ཀ༔་ཐོག་སོགས་སུ་གྲྭ་སར་བྱོན་ཞིང་མདོ་སྔགས་སྤྱི་དང་རྒྱུད་སྡེ་གོང་འོག་ལ་སྦྱངས་པ་ནན་དུ་མཛད་རྗེས་ཕྱིར་རང་དགོན་དུ་ཕེབས་ཏེ་གདན་ས་བསྐྱངས་པར་ཐུགས་ཁུར་ཟབ་བཞེངས་གནང་། དེའི་ཡང་སྤྲུལ་མཁན་པོ་ཚེ་རིང་དཔལ་འབྱོར་འཚོ་ཞིང་བཞུགས་པ་དེ་ལགས།

གཞན་ཡང་དཀར་ཆོས་དགོན་དུ་སྔ་གཞུང་ལ་རག་ཤེས་སྤྲུལ་སྣ་ཚོགས་རང་གྲོལ་སྐྱེ་ཕྲེང་རིམ་བྱོན་དང་ཉི་མ་རྒྱལ་མཚན། དཔལ་ལྡན་འོད་ཟེར། སྤྲུལ་སྐུ་རང་རིག་རྡོ་རྗེ། རོང་སྤྲུལ་འཇམ་དབྱངས་གློ་གསལ་རྡོ་རྗེ། ཡང་སྤྲུལ་རིག་འཛིན་རྣམ་རྒྱལ་སོགས་དཀར་ཆོས་དགོན་པའི་གདན་སར་བྱོན་[page 616] ཞིང་ཟབ་གཏེར་སྨིན་གྲོལ་གྱི་ཆོས་འཁོར་འཛད་མེད་དུ་བསྐོར་བའི་ཕྱག་བཞེས་ཟམ་མ་ཆད་པ་བསྲིངས་པལགས་སོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨུ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དཀར་ཆོས་དགོན་དུ་བྱོན་ནས་སྤྱོད་འཇུག་རྒྱས་བར་གསུངས་པས། དགོན་དེར་སྤྱོད་འཇུག་རྒྱས་བར་གསུངས་པས།

དགོན་དེར་སྤྱོད་འཇུག་ཉིན་བདུན་འཚོགས་པའི་སྲོལ་རྒྱུན་ཆགས། མཁས་དབང་ཀུན་བཟང་བཟང་བསོད་ནམས་ཀྱིས་དགོན་དེར་དབུར་གནས་གསར་དུ་བཙུགས། གླྒྒག་བླ་མཁན་ཆེན་བསོད་ནམས་ཆོས་འགྲུབ་ཀྱིས་དགོན་དེར་དབང་ལུང་མང་དུ་གསུངས་རྗེས་བདེ་ཆེན་ཞིང་སྒྲུབས་བཙུགས།

རྣལ་འབྱོར་བ་བླ་མ་ཨོ་རྒྱན་རིག་འཛིན་མཆོག་གིས་དགོན་དེར་སྙིང་ཐིག་ཆོས་སྐོར་གསུངས་པ་སོགས་ཀྱི་ལོ་རྒྱུས་མང་དུ་ཡོད་པ་ལགས་སོ།། དགོན་པའི་ཕྱི་ཁོག་ནང་རྟེན་དང་མཆོད་རྫས་ཡོད་ཚུལ། དེ་ཡང་དཀར་ཆོས་དགོན་པའི་ཕྱི་ཁོག་ལ་འདུ་ཁང་དང་རྒྱུ་མཛོད་ཁང་། ཇ་ཁང་། འཁོར་ཁང་། གྲྭ་ཁང་སོགས་མཆིས།

ནང་རྟེན་ལ་སྟོན་པ་དང་དགུ་རུ་གཙོ་འཁོར་གསུམ་སོགས་སྐུ་དང་བཀའ་འགྱུར་དང་ཆོས་རྒྱལ་གླིང་བའི་གཏེར་ཆོས་ཆ་ཚང་། སྤྱོད་འཇུག་སོགས་གསུང་རྟེན། བཀའ་གདམ་མཆོད་རྟེན་སོགས་ཐུགས་རྟེན་བཞུགས། གཞན་ཡང་གཏེར་རྫས་དང་རྒྱ་བལ་ཤང་ཤང་། གསེར་དངུལ་ཟངས་རག་སོགས་སྤུག་དུང་སིལ་སྙན་དང་། རྐང་གླིང་རག་དུང་འཁར་རྔ།

མཆོད་ཀུང་ཏིང་ཕོར་ཏིང་ཤགས། གཏོར་ཆ་བུམ་པ་མཎྜལ། འཕེན་གདུགས་རྒྱལ་མཚན་བླ་བྲེ། དཀྱིལ་འཁོར་རྒྱན་ཆས། འཆམ་གོས་ཚོགས་ཟངས་ཟོ་ཁྲ་སོགས་མཆོད་པའི་ཡོ་བྱད་མང་དུ་མཆིས་སོ།།

དུས་མཆོད་སྲོལ་རྒྱུན་དང་ཡོན་གྱི་འབྱུང་ཁུངས་སོགས་ཀྱི་སྐོར། དེ་ཡང་སྨུག་རོང་དཀར་ཆོས་རྣམ་དཀར་ཆོས་སྤྱོད་གླིང་གི་ལོ་འཁོར་མོ་རྒྱུན་འཇགས་སུ་གྱུར་ཡོད་པའི་ཚེས་དུས་མཆོད་ནི། སྤྱོད་འཇུག་དང་བདེ་ཆེན་ཞིང་སྒྲུབ། དབྱར་གནས། རྡོར་སེམས་སྒྲུབ་པ། ཤར་གཏེར་གྱི་སྒྲུབ་ཁག་སོ་སོའི་བསྙེན་སྒྲུབ།

ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་སྒྲུབ་མཆོད་སོགས་འཚོགས་རྒྱུ་མཆིས་སོ།། དགོན་པའི་དཔལ་འབྱོར་གྱི་འབྱུང་ཁུངས་ནི་བསྟན་བདག་རིམ་བྱོན་གྱིས་གནང་བའི་ཐེབས་བཞག་རྒྱུ་རྩདང་དགོན་པའི་ལྷ་སྡེའམ་མཆོད་གཞིས་གྱིས་འགྱེད་དང་ཡོན་ཁ་སོགས་ཕུལ་བའི་མཆོད་ཐེབས་རྒྱུ་རྩ།

མཆོས་ཞིང་དང་ཕྱུགས་ཟོག་གི་ཞིང་འབྲོག་གི་ཡོང་འབབ་སོགས་ཡིན། དགོན་གཞུང་ཐུན་མོང་ལ་དངུལ་སྒོར་དང་འབྲུ་རིགས། མར་ཆུར། ཇ་ཚྭ། རྟ་ཟོག་སོགས་སྒོར་མོ་ཁྲི་ཚོ་འགའི་རིན་གྱི་མ་གདན་རྒྱུ་རྩ་ཡོད་པར་སེམས།

དེ་དག་སྤེལ་གཉེར་གྱི་ལམ་ལུགས་ཆགས་སྟངས་ནི་དགོན་སྡེ་གཞན་དང་གཅིག་མཚུངས་སུ་ཡོད་པ་ལགས་སོ།། དགོན་པའི་མཁན་པོ་དང་བླ་མ། དབུ་མཛད། དགེ་བསྐོས། མཆོད་དཔོན་སོགས་ལ་དགོན་པ་ལྟར་དམིགས་གསལ་གྱི་ཡོན་ཏན་ལྡན་དགོས་པ་ཡིན།

དགེ་འདུན་པ་ནི་འགྱེད་ཡོན་ཁ་དང་གྲོང་ཆོག་ལ་འཚོ་རྟེན་བྱས་ནས་བཞུགས་པའི་སྲོལ་རྒྱུན་རྩམ་དུ་ངེས་སོ།། ཡུལ་དགོན་གཞ་དང་འབྲེལ་ཚུལ། དཀར་ཆོས་དགོན་པ་ནི་ཐོག་མཐའ་བར་གསུམ་དུ་རིག་འཛིན་ཆོས་རྒྱལ་གླིང་པ་ཡབ་སྲས་དང་བཅས་པས་བདག་[page 617] སྐྱོང་མཛད་པར་སྲོལ་རྒྱུན་ཆགས་ཡོད་སྟབས་བདེ་ཆ་དགོན་པའི་དགོན་ལག་གི་གྲས་སུ་གཏོགས་སོ།། དཀར་ཆོས་དགོན་པའི་སློབ་རྒྱུད་ལས་མཆེད་པའི་དགོན་ལག་ཡོད་པར་མ་ངེས་སོ།། དགོན་པར་ཉམས་ཆག་བྱུང་ཚུལ།

ངོ་རྒོལ་བཞི་པ་དང་རིག་གནས་གསར་བརྗེའི་སྐབས་སུ་དགོན་པའི་ཕྱི་ཁོག་ན་རྟེན་ཀུན་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པར་རེད།

ད་ལྟའི་གནས་ཚུལ། ཕྱིས་སུ་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་བཟང་པོ་ཤར་ཚེ། རྟའུ་རྫོང་སྲིད་གཞུང་གིས་དགོན་པ་ཉམས་གསོ་བྱེད་པར་ཆོག་མཆན་བཀོད་པ་དང་གནང་སྤྱིན་སྦྱར་བའི་སྔོན་འགྲོའི་མཐུན་རྐྱེན་དང་འབྲེལ་ཏེ།

སྔོན་གྱི་ཐུགས་བསྐྱེད་བཟང་པོ་དུས་སུ་སྨིན་པའི་སྤྲུལ་བའི་སྐུ་མཆོག་ཐུབ་བསྟན་དང་སྨུག་རོང་བླ་མ་ཨ་མ་ཁྱེན་སོགས་ཀྱིས་དབུ་བཞུགས་མཛད་ཅིང་ཐུགས་ཁུར་ཟབ་ཞེསགནང་འོགརྒྱ་ཆེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱིས་རང་མོས་ཀྱི་སྒོ་ནས་ཇུས་ཤུགས་མཉམ་ འདོན་བྱས་ནས། འདུ་ཁང་དང་གླིང་ར། འཁོར་ཁང་།

ནང་རྟེན་གཙོ་བོ་སོགས་ཉམས་གསོ་དང་སྐྱར་བཞེངས་འཕྲིན་ལས་ཀྱི་ དབུ་བཙུགས་ཏེ། ལོ་ཤས་རིང་འབད་རྩོལ་བྱས་པར་བརྒྱུད་དེ་དཀར་ཆོས་དགོན་པའི་རྟེན་དང་བརྟེན་པ་བཞེངས་པར་ལེགས་གྲུབ་བྱུང་།

མིག་སྔར་དགེ་འདུན་པ་སུམ་ཅུ་ལྷག་གིས་བློ་ཁ་ཆོས་ལ་གཏད་ཅིང་སེམས་རྒྱུད་ཞི་ཞིང་དུལ་བའི་སྒོ་ནས་གདན་རབས་གོང་མའི་ཕྱག་བཞེས་རིག་འཛིན་ཆོས་རྒྱལ་གླིང་བའི་ཟབ་གཏེར་སྨིན་གྲོལ་གྱི་གདམས་བཅུད་ལ་རོལ།

བེ་ལོ་རི་ཁྲོད་དགོན་གྱི་ལོ་རྒྱུས།

དགོན་པ་འདིར་བྱུང་བཅུ་གཉིས་པའི་ནང་དུ་ཐོག་མར་ཆགས། གྲུབ་མཐའ་རྙིང་པ་མ་ཡིན། དེང་སང་རྟའུ་རྫོང་གསེར་ཁ་ཤང་གི་མངའ་ཁོངས་སུ་གཏོགས། བོད་རབ་བྱུང་བཅུ་གཉིས་པའི་ནང་དུ་གསེར་ཁ་གཡང་དྲུག་ཐར་རམ་གསང་སྔགས་བདུད་འདུལ་རྣམ་རྒྱལ་གྱིས་འདུ་ཁང་ཞིག་གསར་བཞེངས་མཛད་དེ་གསེར་ཁ་མཎྜལ་དགོན་ཞེས་མཚན་གསོལ།

དེང་སང་དགོན་ཤུལ་མཇལ་རྒྱུ་ཡོད། དེ་ནས་གསེར་ཁ་བའི་གདུང་རབས་བྱོན་ཚུལ་དང་དགོན་པའི་བླ་རབས་བྱོན་ཚུལ། དེ་དག་གིས་དགོན་པ་ཇི་ལྟར་སྐྱོང་ཚུལ་སོགས་འགོད་པ་ལ། གསེར་ཁ་གཡང་དྲུང་ཐར་རམ་གསར་སྔགས་བདུད་འདུལ་རྣམ་རྒྱལ་ནི། ཅོག་སྤྲུལ་རིག་འཛིན་ངེས་གསང་སྙིང་པོའི་བརྡ་ལུང་ལས།

སྦབ་པའི་ཟབ་གཏེར་མདོ་ལྔའི་ནང་ནསཿ དུས་ཀྱི་བབས་གཏེར་པད་མའི་ཕྲིན་ལསཿ ཟགཏེར་སྟོན་ཆེན་པོ་རིག་འཛིན་གཡང་དྲུངཿགསང་སྔགས་བདུད་འདུལ་རྣམ་རྒྱལ་དེ་ཉིདཿསྔགས་ཀྱི་བརྡ་ལུང་རིག་གསང་ནསཿགསེརཁའི་གདུང་རྒྱུད་རིམ་པར་མཆེད་དོཿསོགས་གསུངསཔ་ལྟར་རབ་བྱུང་བཅུ་གཅིག་པའི་ནང་དུ་སྐུ་འཁྲུངས།

འཁྲུངས་ཡུལ་མི་གསལ་གཏེར་བདག་གླིང་བས་གསང་སྔགས་བདུད་འདུལ་རྣམ་རྒྱལ་ ཞེས་མཚན་གསོལ། ཁོང་གིས་སྐུ་ཚེ་གང་བོར་གསེར་ཁ་[page 618] མཎྜལ་དགོན་པ་ཐོག་མར་ཕྱག་བཏབ་པ་དང་གཏེར་མང་པོ་བླངས་ཡོད་པ་སོགས་ཀྱི་མཛད་འཕྲིན་རྒྱས་སོ། དེའི་སྲས་བསམ་གཏན་བདུད་འདུལ་ནི་དག་སྣང་སྐྱེ་རབས་ལས།

བློ་གསལ་རིགས་ལྡན་ཀུན་གྱི་ཡིད་འཕྲོག་པའིཿསྐྱེས་བུ་ཆུ་ཕོ་འབྲུག་གི་ལོ་ལ་འབྱུངཿསོགས་དྲི་མེད་རྡོ་རྗེ་ལུང་གིས་ཟིན་པ་ལྟར་རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག་ལོར་སྐུ་འཁྲུངས། དེའི་སྲས་པདྨའི་ལྡེའུ་བཙན་ནི་ཡང་ཏིག་རྒྱ་མཚོ་སྔོན་འགྲེལ་གསལ་བའི་མེ་ལོང་ལས།

རིགས་བཟང་ཕ་མའི་རིགས་མཐུན་པང་དུ་སྐྱེས༔་ཞེས་ལུང་བསྟན་པ་ལྟར་རྫུ་འཕྲུལ་དང་གྲུབ་རྟགས་བསམ་གྱིས་མི་ཁྱབ་པའི་གྲུབ་ཆེན་ཡབ་ཡུམ་གྱི་སྲས་སུ་འཁྲུངས།

དེའི་སྲས་གསང་སྔགས་བསྟན་འཛིན་ནི་དཔལ་གྱི་དབང་ཕྱུག་གི་རྣམ་རོལ་དུ་གྲགས་ཤིང་མངོན་སྤྱོད་ཀྱི་ལས་ལ་མངའ་དབང་འབྱོར་བའི་རིགས་སྔགས་འཆང་བའི་སྐྱེ་བུ་ཞིག་གོ དེའི་སྲས་རིག་འཛིན་དགེ་ལགས་ནི་མདོ་མཁྱེན་རྩེ་ཡེས་རྡོ་རྗེའི་སྐུའི་སྲས་སུ་བཞད་པའམ་ཡོད། ཁོང་གི་དུས་སུ་དགོན་པར་མེ་སྐྱེ་ཚབས་ཆེན་ཐེབས་པར་བཤད།

དེ་ལྟར་གོང་དུ་བྱོན་པའི་ཡབ་སྲས་དེ་དག་གི་སྐུ་རིང་ལ་བསྟན་པ་ཐམས་ཅད་སྔགས་ལུགས་སུ་བསྐྱངས་པ་རྩམ་ལས་སྲོལ་རྒྱུན་གཞན་མ་མཆིས་སོ། དེའི་སྲས་བདུད་འདུལ་དབང་ཕྱུག་ནི་རབ་བྱུང་བཅོ་ལྔ་བའི་སྟོད་དུ་སྐུ་འཁྲུངས།

ཁོང་ནི་གསོ་དཔྱད་ཀྱི་གཞུང་ལ་མཁས་པར་གྱུར་ཞིང་འཆི་ཁ་མའི་ནད་པ་གྲངས་ལས་འདས་པར་སྲོག་འཚོ་བའི་དབུགས་དབྱུང་བྱིན། སྐུ་ཚེ་སྨད་དུ་ལྕག་ལོ་རྒྱལ་པོ་དབུ་བླར་གྱུར་བ་སོགས་ཀྱི་མཛད་འཕྲིན་རྒྱས།

ངག་རྒྱུན་ལ་མུ་མཐུད་དེ་སྙེགས་ན་རིག་འཛིན་དགེ་ལེགས་དང་བདུད་འདུལ་དབང་ཕྱུག་ཡབ་སྲས་ཀྱི་སྐུ་རིང་ལ་སྔར་གྱི་གསེར་ཁ་མཎྜལ་དགོན་པ་དེ་གནས་སྤོར་བྱས་ཏེ། ཤར་ཕྱོགས་སུ་འཛམ་གླིང་གཞི་བདག་ཀོའུ་གཡང་དྲུང་ལྷ་རྩེ་རྒྱལ་པོ་གདན་ལ་བཞུགས་འདྲ་གྲུབ་ཆེན་ཁྲོ་རྡོར་ལོ་དང་མདོ་མཁྱེན་ཡེ་ཤེས་རྡོ་རྗེ།

བླ་མ་དཔལ་བཟང་སོགས་ཀྱི་སྒྲུབ་གནས་དང་གཏེར་ཡིན་པ་མ་ཟད། མ་ཎི་དང་སིངྡྷི་སོགས་ཀྱི་རང་བྱུང་མང་དུ་དོད་ཡོད་པ་ང་རང་གིས་ཀྱང་མཇལ་མྱོང་ལྷོ་རི་ནུབ་རྫོང་ཕྱུག་མོ་སྤྱིན་བདག་གི་ཞབས་ཏོག་འབུལ་འདྲ། ནུབ་རི་ཁམས་གསུམ་དབང་སྡུད་ཟོ་དོར་དགྲ་ལྷ་བེར་མ་རང་འཁོར།

བྱང་རི་བན་དར་མའི་ཆོས་གོས་བསྣབས་འདྲ་སོགས་རི་ཚོགས་ཀྱི་ཕྲེང་བས་མཐའ་ནས་ཁོར་ཡུག་མུ་ཁྱུད་ཀྱི་རང་བྱུང་དུ་གྲུབ་ཅིང་། ཡོན་ཏན་གྱི་སྒོར་འགྲིམ་པའི་དབེན་ཞིང་ཉམས་དགའ་བའི་གླིང་། སྟག་མ་དང་བེ་ལོ།

ཤུག་པ་སོགས་ལྗོན་ཤིང་གི་ཡལ་འདབ་ཀྱིས་དྲ་བ་དྲ་ཕྱེད་དུ་སྦྲེལ་བའི་དཀྱིལ་དུ་འདུ་ཁང་རྟེན་དང་བརྟེན་པ་རིམ་གྱིས་བཞེངས་ཡོད་པར་སེམས་སོ།། ས་ཆ་དེར་བེ་ལོ་མང་པོ་སྐྱེས་ཡོད་པས་བེ་ལོ་རི་ཁྲོད་ཅེས་ས་མིང་དགོན་པར་ཐོགས་སོ།། བདུད་འདུལ་དབང་ཕྱུག་གི་སྲས་མཐུ་སྟོབས་དབང་ཕྱུག་ནི་ཟིལ་གནོན་དགྱེས་པ་རྡོ་རྗེ་ཡིས་ལྕགས་ཕོ་ལོར་འཁྲུངས་པར་དྲི་མེད་རྡོ་རྗེ་ལུང་གིས་ཟིན་པ་ལྟར།

ཡབ་ཡུམ་རིགས་མཐུན་ཞིང་རིགས་བཟང་བའི་སྲས་སུ་རབ་བྱུང་བཅུ་དྲུག་པ་ལྕགས་ཕོ་རྟ་ཡི་ལོར་བལྟས་བཟང་པོ་དུ་མ་དང་བཅས་ཏེ་གསེར་ཁ་བླ་བྲང་དུ་སྐུ་འཁྲུངས། དེ་ནི་ལུགས་གཉིས་ཕུལ་དུ་བྱུང་ཞིང་མཁས་པ་མཛངས་ལྡན་པ་ཞིག་ཡིན་ཡང་ས་ཕག་ལོར་བཙོན་ཁང་དུ་སྐུ་གཤེགས། དེ་ནས་གདན་རབས་[page 619] འཛིན་པའི་ཁྱུ་མཆོག་གངས་ལྗོངས་མཁས་པའི་དབང་པོ། ཕྱིས་ཀྱི་མི་ཉག་མཁས་པའི་ལྔའི་ཡ་གྱལ།

གོ་ཤུལ་མཁན་པོ་ཀུན་བཟང་བསོད་ནམས་སམ་ཐུབ་བསྟན་ཆོས་ཀྱི་གྲགས་པ་ནི་ཡབ་གོ་ཤུལ་དཔལ་ལྡན་དང་ཡུམ་པདྨོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཆུ་ལུག་ལོར་བཀྲ་ཤིས་པའིདགེ་མཚན་དུ་མ་དང་བཅས་ཏེ་མཚན་དཔེའི་དཀྱིལ་འཁོར་རྫོགས།

བྱིས་པའི་འབྱར་ཡིན་དུས་གྲུབ་པའི་དབང་ཕྱུག་ཆེན་པོ་བླ་མ་བཟོད་པས་ཁྱེའུ་འདི་རིགས་བཟང་ཞིག་ཡིན་པས་གཙང་སྦྲ་ལེགས་པོ་བྱེད་དགོས་གསུངས་ནས་ཁྲུས་དང་བསྲུང་བ་བྱས་ཤིང་ཀུན་བཟང་བསོད་ནམས་ཞེས་མཚན་གྱི་ཅོད་པན་གསོལ། དེ་ནས་ཡི་གེ་འབྲི་ཀློག་སྦྱང་བ་ཙམ་གྱིས་ཚེགས་མེད་དུ་མཁྱེན་ཞིང་ལྷ་ལྡན་དང་རྫོགས་ཆེན།

ཞི་ཆེན་སོགས་སུ་གྲྭ་སར་ཆིབས་ཁ་སྒྱུར་ནས་གླིང་སྤྲུལ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་བླ་མ་དེའི་མདུན་ནས་བསྙེན་རྫོགས་ཞུས་ཏེ་མཚན་དུ་ཐུབ་བསྟན་ཆོས་ཀྱི་གྲགས་པ་གསོལ། དང་མཁན་པོ་པདྨ་དམ་ཆོས་འོད་ཟེར། རྒྱལ་སྲས་གཞན་ཕན་མཐའ་ཡས། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། རྫ་དཔལ་སྤྲུལ་ཨུ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ།

སྤྱོད་འཇུག་རང་ལས་མཁས་པའི་སློབ་མ་ཞེས་བསྟོད་བསྔགས་ཡང་ཡང་ཐོབ་རྫོང་གསར་འཇམ་དབྱངས་མཁྱེན་རྩེ་དབང་པོ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མའི་ཞབས་པད་སྤྱི་གཙུག་ཏུ་མཉེས་པ་གསུམ་གྱི་སྒོ་ནས་ཡུན་རིང་དུ་བསྟེན་ནས་རིས་མེད་གྲུབ་མཐའ་ཀུན་གྱིས་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་གྱིས་དཀའ་གནད་མ་ལུས་བསལ་ཏེ།

ཤེས་བྱའི་ལྷ་ལམ་ཡངས་པོར་བགྲོད་པར་མི་འཇིགས་པའི་རྡོ་རྗེ་གཤོག་པའི་སྤོབས་པ་གཟེངས་སུ་བརྙེས་མཐར། རང་ཡུལ་མི་ཉག་ར་སྒང་གི་ས་ཡི་ཆར་གཏོགས་བེ་ལོ་རི་ཁྲོད་དགོན་པའམ་ཨུ་རྒྱན་དཔའ་བོ་གླིང་དུ་ཞབས་ཟུང་གསེར་གྱི་འཁོར་ལོ་སྒྱུར་ཞིང་སྒྲུབ་པ་ཉམས་ལེན་ལ་གཞོལ་བའི་སྐབས་སུ་སྐྱབས་རྗེ་ཀྱི་མཛད་རྗེས་གཙོ་བོ་ནི།

དགེ་སློང་བློ་བཟང་རྒྱལ་མཚན་གྱིས། སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་ཡི། བཅས་མཚམས་སྲོག་གི་ཕྱིར་ཡང་མི་གཏོང་ཞིང་། དགེ་ཆོས་སྡུད་དང་སེམས་ཅན་དོན་བསྒྲུབས་པའི། ཚུལ་ཁྲིམས་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས།

ཞེས་གསུངས་པ་ལྟར་ཁམས་མི་ཉག་ཕྱོགས་ཀྱི་བེ་ལོ་རི་ཁྲོད་དགོན་པ་གཙོ་བོར་བྱས་པའི་རྭ་ཤེལ་དགོན་དང་རྒྱལ་འཕགས་དགོན། ཉན་ལམ་དགོན། སྐུ་ནུབ་དགོན།

བྲག་མཁར་དགོན་སོགས་རྙིང་དགོན་ཕལ་མོ་ཆེར་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་ཀྱི་རྨང་རྐང་ཐོག་མར་བཙུགས་ཏེ་འཆད་ཉན་གྱི་བསྟན་པ་སྐྱོང་བར་བཀའ་དྲིན་འགྲན་ཟླ་དང་བྲལ་ཞིང་ཚོགས་ཤུལ་ནོར་བུ་བསྟན་འཛིན་དང་། ཉན་ཤུལ་སྤྲུལ་སྐུ་འཇིགས་མེད་བསྟན་འཛིན་འོད་གསལ།

སྙུང་གནས་ཆ་སྟོང་གི་སྒྲུབ་པ་བྱེད་མྱོང་བའི་བླ་མ་རིག་འཛིན་དཔལ་བཟང་། མཁས་དབང་དཀོན་མཆོག་རྣམ་རྒྱལ། ཉེར་གནས་དཔལ་ལྡན་འོད་ཟེར། ཟུར་བླ་ཡེ་ཤེས་ཐུབ་བསྟན་ཡེ་ཤེས་བཟང་པོ་སོགས་གསུང་ལས་སྐྱེས་པའི་བུ་སློབ་གྲངས་མེད་སྐྱེས་བསྲིངས་བྱས་མཐར་ ཚུལ་ཁྲིམས་དྲ་ངད་འཐུལ་བའི་ཕུང་བོར་གྱུར།

རྗེ་ཉིད་ཀྱིས་གདུལ་བྱ་ལྷག་མ་འདྲེན་པར་ལྗགས་རྩོམ་སྤྱོད་འཇུག་འགྲེལ་ཆེན་སོགས་པོད་ཆེན་གསུམ་ཤུལ་བཞག་གི་ཚུལ་དུ་གནང་ཡོད་པ་ལགས་སོ། [page 620] གསེར་ཁ་བླ་བྲང་གི་གདུང་རྒྱུད་ལས་མཆེད་པའི་བླ་མ་ཡེ་ཤེས་ནི། རབ་བྱུང་བཅུ་བཞི་པའི་ཆུ་ཕོ་འབྲུག་གི་ལོར་སྐུ་འཁྲུངས།

ཁོང་རྫོགས་ཆེན་དང་རྫོང་གསར་སོགས་སུ་གྲྭ་སར་བྱོ་ནས་རྫ་དཔལ་སྤྲུལ་རིན་པོ་ཆེ་དང་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།

འཇམ་དབྱངས་མཁྱེན་རྩེ་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་བ་སོགས་བླ་མར་བསྙེན་ནས་མདོ་སྔགས་ལམ་གྱི་རིམ་པར་ཐོས་བརྩོན་ལྷུན་ལེན་མཛད་དེ་མཁས་པའི་གྲལ་མཐར་སྙེགས། དགུང་ལོ་སུམ་ཅུ་ལྷག་གི་སྟེང་དུ་རང་དགོན་དུ་ཆིབས་ཁ་སྒྱུར་ཞིང་ཀུན་བཟང་བསོད་ནམས་མདུན་དུ་ཡང་སྦྱང་བ་མང་དུ་མཛད་མཐར།

སྨུག་རོང་དཀར་ཆ་དགོན་དང་མི་ཉག་ཉན་མ་དགོན་སོགས་སུ་དབྱར་གནས་མཁན་པོའི་འགན་འཁྲི་ཐུགས་ཉམས་སུ་བཞེས་མཐར་བེ་ལོ་རི་ཁྲོད་དགོན་པར་འོད་གསལ་སྙིང་པོའི་དོན་ལ་རྩེ་གཅིག་ཏུ་གཞོལ་ནས་སྐུ་ཚེ་མཐར་ཕྱིན་ནོ།། ཁྲིད་ཡོད་ཕྲ་མན་རང་ཤར་བརྩམས་ཡོད།

སྐུ་ཕྲེང་གཉིས་པ་སྤྲུལ་སྐུ་སྐལ་བཟང་དར་རྒྱས་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་འབྲུག་གི་ལོར་ཡབ་རྫ་དཔོན་མོའི་རྒྱུད་པ་ལས་མཆེད་པའི་བསོད་ནམས་ཚེ་དབང་དང་ཡུམ་བསོད་ནམས་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

འཁྲུངས་ཡུལ་སྡེ་དགེ་རྫོང་རྫ་ཁོག་ཤང་གི་ཁོངས་སུ་གཏོགས་དགུང་ལོ་བདུན་གྱི་སྟེང་དུ་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་གསེར་ཁ་བླ་བྲང་གི་བླ་མ་ཡེ་ཤེས་ཀྱི་ཡང་སྲིད་སྤྲུལ་སྐུར་ངོས་བཟུང་བར་བརྟེན་གསེར་ཁ་ཆོས་གྲགས་ཀྱིས་སྐུ་བདག་བྱས་ཏེ།

བེ་ལོ་རི་ཁྲོད་དགོན་པར་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་ཟབ་རྒྱས་ངང་སྤེལ། ཆོ་མ་ཡེ་ཁོའི་མདུན་ནས་ཡི་གེ་ཕྱི་མོར་ལེགས་པར་སློབ། དགུང་ལོ་བཅུ་བཞི་སྟེང་དུ་རྫོགས་ཆེན་གྲྭ་སར་བྱོན་ནས་མཁན་པོ་ཨ་བུ་ལྷ་དགོངས་དང་རྫོགས་ཆེན་ཀུང་སྤྲུལ།

མཁན་པོ་འཇིགས་ལོ་སོགས་བླ་མར་བསྟེན་ནས་གྲུབ་དབང་རྫོགས་ཆེན་པའི་ཆོ་གའི་ཕྱག་བཞེས་ཀུན་ལ་སྦྱང་བ་གནད་སྨིན་དུ་མཛད།

དགུང་ལོ་བཅོ་བརྒྱད་སྟེང་རྫོར་གསར་དུ་གྲྭ་སྲར་བྱོན་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཐུན་མིན་གྱི་བླ་མར་བསྟེན་ནས་རིན་ཆེན་གཏེར་མཛོད་དང་མཁྱེན་རྩེ་གོང་མའི་བཀའ་འབུམ་ཡོངས་རྫོགས་ཀྱི་དབང་ལུང་སོགས་ཀྱི་ཟབ་པའི་མན་ངག་མ་ལུས་གཅེས་ནོར་དུ་གདམས།

དགུང་ལོ་ཉི་ཤུའི་སྟེང་ལྷ་ལྡན་དུ་ཕེབས་དུ་ཕེབས་ཏེ་གདན་ས་དང་གནས་ཆེན་ཁག་ལ་མཇལ་སྐོར་མང་དུ་མཛད།

དགུང་ལོ་ཉེར་གཅིག་སྟེང་སླར་ཡང་རྫོགས་ཆེན་དུ་གྲྭ་ས་བྱོན་ནས་མཁན་སྤྲུལ་དག་གི་གམ་ནས་སྡེ་སྣོད་གསུམ་ལ་གསན་བསམ་མཛད་དེ་དགུང་ལོ་ཉེར་བཞིའི་སྟེང་དུ་བེ་ལོ་རི་ཁྲོད་དགོན་པར་ཆིབས་ཁ་སྒྱུར་ཞིང་དགོན་པ་ཅུང་ཉམས་ཡོད་པའི་སྐབས་དང་ཁེལ་བས།

དགོན་པའི་བསྟན་བདག་གི་འགན་ཀུར་ནན་པོ་གནང་རྗེས་སུ་དུས་འཁྲུག་བྱུང་སྟེ། འགལ་རྐྱེན་གང་གིས་ཀྱང་མ་ཚུགས་ཏེ་འཚོ་ཞིང་བཞེས་ནས་ཕྱིས་སུ་བེ་ལོ་རི་ཁྲོད་དགོན་པར་ཉམས་གསོ་བྱེད་པར་གསེར་ཐར་མཁན་པོ་འཇིགས་མེད་ཕུན་ཚོགས་དང་ཁོང་རྣམ་གཉིས་ཀྱི་བཀའ་དྲིན་ཉག་གཅིག་ཡིན་པ་དང་།

གཞན་ཡང་ཁོང་གིས་ལོ་རབས་བརྒྱད་ཅུ་བའི་ནང་སྔོན་རྗེས་སུ་གངས་ལྗོངས་བཅུ་ཕྲག་རིག་གནས་སྨྲ་བའི་ལྟེ་གནས་[page 621] ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་བྱས་ཤིང་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་གངས་ལྗོངས་མཁས་པའི་སྟེགས་བུར་འཛེགས་པའི་ཤེས་ཡོན་ཅན་གྱི་ན་གཞོན་དུ་མ་སྐྱེས་བསྲིངས་བྱས།

ད་སྐབས་བེ་ལོ་རི་ཁྲོད་དགོནཔའི་བསྟན་བདག་གི་འགན་ཐུགས་ཉམས་སུ་བསྟར་ནས་ཞབས་པད་བརྟན་བཞིན་པ་ལགས་སོ།། དེ་ལྟར་གསེར་ཁ་བའི་གདུང་རབས་རིམ་བྱོན་དང་ཁྱད་པར་དུ་དོན་གྱི་སླད་དུ་མཚན་ནས་སྨོས་པའི་གངས་ལྗོངས་མཁས་པའི་དབང་པོ་གོ་ཤུལ་མཁན་པོ་ཀུན་བཟང་བསོད་ནམས་དང་ཉེར་གནས་དཔལ་ལྡན་འོད་ཟེར།

ཐུབ་བསྟན་ཤེས་རབ་བཟང་པོ། ཟུར་བླ་ཡེ་ཤེས། གསེར་ཁ་ཆོས་གྲགས་སོགས་གཅིག་ནས་གཅིག་ཏུ་རྒྱུད་པའི་བླ་རབས་བར་ཆད་པར་བྱོན་ཞིང་།

དེ་ནས་བེ་ལོ་རི་ཁྲོད་དགོན་པའི་སྐུ་གསུང་ཐུགས་རྟེན་སོགས་འགོད་པ་ལ། དགོན་པ་དེར་ཐུབ་པ་དང་གུ་རུ་སྣང་སྲིད་ཟིལ་མནོན་སོགས་ཀྱི་གསེར་སྐུ་དང་། བོད་ཀྱི་འཇམ་དབྱངས་རྣམ་གསུམ་དང་མཁན་སློབ་ཆོས་གསུམ། མར་རི་དགགསུམ། གྲུབ་ཆེན་ཐང་སྟོན་རྒྱལ་བོ་སོགས་འཇིམ་སྐུ་ཡོད།

ཆོས་སྐྱོང་ཁང་དུ་གེ་སར་རྒྱལ་བོ་དང་དཔལ་ཐུལ་སུམ་ཅུ་ཡོད་གནས་བརྟན་བཅུ་དྲུག་དང་ཞི་ཁྲོད་དམ་པ་རིགས་བརྒྱ། གུ་རུ་མཚན་བརྒྱད། རྩ་གསུམ། བླ་བརྒྱུད། རྒྱལ་ཆེན་སྡེ་བཞི། སྲིད་པའི་ལྷོ་འཁོར་སོགས་ཐང་ཁ་དང་རས་གཞི་མང་དུ་བཞུགས། བབཀའ་འགྱུར་དང་བསྟན་འགྱུར། ཀློང་ཆེན་མཛོད་བདུན།

གོ་ཚོགས་རྣམ་ཉིས་ཀྱི་བཀའ་འབུམ་སོགས་གསུང་རྟེན་མང་དུ་བཞུགས། གོ་ཤུལ་མཁན་པོའི་སྐུ་གདུང་མཆོད་རྟེན་སོགས་ཐུགས་རྟེན་དུ་བཞུགས། གཞན་ཡང་གནས་མཆོག་བཞག་བྲག་ལྷ་རྩེ་ནས་གཏེར་དུ་དྲངས་པའི་ཕུར་བུ་ཆེ་ཐག་ཆོད་གཅིག་དང་།

གྲུབ་ཆེན་དབང་ཕྱུག་ཁྲི་ཟི་རྡོར་ལོས་གནས་ཆེན་གོའུ་གཡང་དྲུང་ལྷ་རྩེ་ནས་གཏེར་དུ་བཏོན་པའི་རལ་གྲི། རྒྱ་མཚོ་ནས་བླངས་པའི་འཁར་རྔ་སོགས་གཏེར་རྫས་གཙོ་བོར་བྱས་པའི་སྦས་ཆིལ་རྡོ་རྗེ་སྦྲ་གུར་དང་རྒྱ་ཧོར་ཁ་སྤྲོད་སོགས་ཆ་ཉེར་གཅིག་དང་སིལ་སྙན་ཆ་བཞི། དུང་དམར་ཆ་གཉིས། འཁར་རྔ་གཅིགརྒྱ་གླིང་ཆ་གསུམ།

རྐང་གླིང་ཆ་གཉིས། དུང་དཀར་ཆ་བཞི། མཆོད་ཆས་ཆ་ཚང་། ཏིང་ཕོར། ཏིང་ཤག་དྲིལ་བུ། མཎྜལ། སྤོས་ཕོར། སྨན་རག་སོགས་དང་། གོས་རྒྱན་བཞི་དང་པད་མ་བཅུད་ལྡན་སོགས་ཀྱིས་གྲུབ་པའི་འཕན་གདུགས་རྒྱལ་མཚན། དྲ་བ་དྲ་ཕྱེད་སོགས་མང་དུ་ཡོད། གཙུག་ལག་ཁང་གཅིག་དང་ཇ་ཁང་གཅིག རྒྱུ་མཛོད་ཁང་། གྲྭ་ཤག་སུམ་ཅུ།

འཚོགས་ཟངས་དང་གདན་ཟོ་ཁྲོ། སྐྱོགས། སྒྲོ་བ། རྒྱུན་ཐག་སོགས་དགོན་སྡེ་གཞན་དང་གཅིག་མཚུངས་སུ་ཡོད་པ་ལགས་སོ།།

དགོན་པ་དེའི་ལོ་འཁོར་མོ་རྒྱུན་འཇགས་སུ་གྱུར་ཡོད་པའི་ཚེས་དུས་མཆོད་ནི་སྤྱོད་འཇུག་མཆོད་པ་ཉིན་བདུན་དང་ཐོས་གྲོལ་ཉིན་དགུ། བདེ་ཆེན་ཞིང་སྒྲུབ་ཉིན་བདུན། སྙུང་གནས་ཆ་བརྒྱད། དབྱར་གནས་ཉིན་ཞེ་ལྡ། རྡོར་སེམས་སྒྲུབ་པ།

ཆོསསྐྱོང་རྒྱུན་བཅོལ་བཅས་འཚོགས་རྒྱུ་མཆིས་སོ།། དགོན་པའི་ཡོན་ཁ་སོགས་དཔལ་འབྱོར་གྱི་འབྱུངས་ཁུངས་ནི་དགོན་པའི་འགྲོ་གྲོན་ཆེ་བའི་གཏོང་སྒོ་ཚང་མ་གསེར་ཁ་བླ་བྲང་གི་སྦྱིན་བདག་བྱེད་དགོས་པའི་ལམ་ལུགསཆགས་ཡོད། དགོན་པའི་མཆོད་གཞིས་སམ་ལྷ་སྡེར[page 622] གཏོགས་པའི་དགེ་བཤེས་མའི་དད་ན་མང་ཚོགས་ཀྱིས་ཤི་བོའི་དགེ་རྩ་དང་བསོད་ནམས་ཀྱི་ཚོགས་བསགས་པར་མཆོད་ཐེབས་ཕུལ་བའི་རྒྱུ་ནོར་རྣམས་ཁག་གཅིག་དགེ་འདུན་པའི་འཚོ་རྟེན་དུ་གཏན་བཞག་བྱས།

སྒོར་མོ་གཞལ་ན་ཁྲི་ཚོ་ཆ་ཤས་གཏན་འཇགས་ཀྱི་རྒྱུ་ནོར་དུ་ཡོད་པར་སེམས་ཐུན་མོང་རྒྱུ་ནོར་དེ་དག་དགོན་པའི་ཚོགས་པའི་གཏོང་སྒོའི་རྨང་གཞིར་བྱས་པའི་ལུགས་སྲོལ་ཆགས་ཡོད། དགོན་པ་དེ་རྫོགས་ཆེན་དགོན་པའི་ཆོས་རྒྱུད་ལས་མཆེད་པའི་དགོན་ལག་ཅིག་ཏུ་གཏོགས་སོ།།

དེང་གི་གནས་ཚུལ་ནི་ངོ་རྒོལ་བཞི་པ་སོགས་དུས་ཟིང་གི་སྐབས་སུ་བེ་ལོ་རི་ཁྲོད་དགོན་པའི་རྟེན་དང་བརྟེན་པ་ཐམས་བཅད་རྩ་བརླགས་སུ་སོང་ཞིང་རྩིག་རལ་གྱང་རལ་ཙམ་ལས་མེད་པར་གྱུར་བ་དང་། གྲྭ་རྒན་རྣམས་དུས་ཀྱི་ཆོས་ཉིད་དུ་གྱུར། ལོ་ཆུང་རྣམས་སྐྱ་སར་འབབས་པ་སོགས་ཀྱི་ཆག་སྒོ་ཚབས་ཆེན་བྱུང་།

ཕྱིས་སུ་ཉམས་གསོ་བྱས་པའི་ཚུལ་ནི་རྟའུ་རྫོང་མི་དམངས་སྲིད་གཞུང་གིས་དགོན་པ་ཉམས་གསོ་བྱེད་ཆོག་པའི་ཆོག་མཆན་བཀོད་པར་བརྒྱུད་དེ། སྔོན་གྱི་ཐུགས་བསྐྱེད་བཟང་པོ་དུས་སུ་སྨིན་པའི་གྲགས་སྙན་གྱི་བ་དན་འཛམ་གླིང་སའི་འབྱུང་གནས་སྐུ་འཁོར་ཞབས་འབྲིང་དང་བཅས་པ་ས་དེར་ཆིབས་སྒྱུར་མཛད་ཅིང་།

ཆོས་འཁོར་ཟབ་རྒྱས་ཡབ་སྲས་དབུ་བཞུགས་མཛད་འོག་ རྒྱ་ཆེའི་དགེ་འདུན་པ་དང་དད་རོང་འབྲོག་མང་ཚོགས་ཀྱིས་གཙུག་ལག་ཁང་བསྐྱར་བཞེངས་བྱེད་པར་ནུས་ཤུགས་གང་ལེགས་བཏོན། ནང་རྟེན་སྐོར་ལ་མཆོག་སྤྲུལ་ཡབ་སྲས་དང་དད་ལྡན་མང་ཚོགས་འགའི་ཡོན་བདག་གི་མཐུན་རྐྱེན་སྦྱར་བར་བརྟེན།

རྒྱུ་འཇིམ་བཟོ་ལས་གྲུབཔའི་འོད་དཔག་མེད་དང་བོད་ཀྱི་འཇམ་དབྱངས་རྣམ་གསུམ། གུ་རུ་མཚན་བརྒྱད་ལུས་ཚད་མ་སོགས་བཅོ་ལྔ་དང་། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་དང་རྗེ་འབངས་ཉེར་ལྔ་སོགས་རས་གཞི་མང་དུ་བཞེངས་ཟིན། བཀའ་བསྟན་འགྱུར་དང་རིན་ཆེན་གཏེར་མརྫོད་སོགས་གསུང་རབ་མང་དུ་ཡོད་པ་མ་ཟད།

བཤད་གྲྭ་བཙུགས་ཏེ་དགེ་འདུན་པ་བརྒྱ་ཕྲག་ལྷག་གིས་ནང་རིག་པ་གཙོ་བོར་གྱུར་བའི་མདོ་སྔགས་རིག་གནས་དང་བཅས་པ་ལ་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་པའི་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱིས་མཉམ་མེད་ཟས་གཙང་སྲས་པོའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེར་འཛིན་སྐྱོང་སྤེལ་བའི་ཆོས་མཐུན་གྱི་མཛད་སྤྱོད་གནང་མུས་སུ་མཆིས་པ་ལགས་སོ།།

སྲིབ་ལུང་དགོན་གྱི་ལོ་རྒྱུས།

རབ་བྱུང་བཅུ་བཞི་པའི་སྟོད་ཙམ་དུ་སྲིབ་ལུང་བླ་མ་བསམ་གཏན་རྡོ་རྗེ་ཡིས་རི་ཁྲོད་ཅིག་ཐོག་མར་ཕྱག་བཏབ་མཛད་དེ་བསྙེན་སྒྲུབ་བྱས་མཐར་སྐུ་གཤེགས་སོ།། རི་ཁྲོད་དེ་ཐོག་མར་འདེབས་སྐབས་གྲུབ་[page 623] མཐའ་རྙིང་མ་བ་ཡིན།

ཕྱིས་སུ་རྒྱལ་འཕགས་དགོན་པའི་མཁན་པོ་ཨུ་རྒྱན་རྣམ་རྒྱལ་སྲིབ་ལུང་རི་ཁྲོད་དུ་ཕེབས་ཏེ་སྒྲུབ་པ་ཉམས་ལེན་ལ་བཞུགས་སྐབས་སུ།

དཔལ་ཤུལ་སྟོད་སྨད་ཤོག་ཁག་གཉིས་ཀྱི་སེར་སྐྱ་མང་ཚོགས་ཀུན་གྱིས་བླ་མ་དེ་མ་ཤི་གསོལ་བ་འདེབས་ས་དང་ཤི་ན་རྣམ་ཤེས་འཁོར་སའི་མགོན་སྐྱབས་སུ་བསྐུར་ཞིང་ཞབས་འདེགས་དང་མཐུན་རྐྱེན་འོས་འཚམ་སྦྱར་བ་མ་ཟད།

སྙུང་གནས་ལྷ་ཁང་ཞིག་གསར་བཞེངས་མཛད་པ་ལ་དབུ་བཞུགས་གནང་བར་སྐུལ་བ་ཡང་ཡང་ཕུལ་བར་བརྟེན་བླ་མས་དེ་དག་གི་སྐམ་པ་ཆུ་འདོད་དང་ལྟོག་པ་ཟས་འདོད་ལྟར་གྱི་རེ་འདུན་ཡིད་བཞིན་དུ་སྐོང་ཆེད།

ལྷ་ཁང་རྟེན་དང་བརྟེན་པ་གསར་བཞེངས་མཛད་དེ་རབ་གནས་བྱས་ཤིང་སྙུང་གནས་ཆ་བརྒྱད་ཀྱི་ཆོ་ག་བཙུགས་ཏེ་ལོ་འགའ་སོང་རྗེས་སུ་དགེ་འདུན་པ་མི་ཉུང་བ་ཞིག་དགོན་པ་དེར་འདུས། དེར་བརྟེན་ཁོང་གིས་བཀའ་བརྒྱུད་དཔལ་ཆེན་འདུས་པའི་སྒྲུབ་མཆོད་དང་ཀར་གླིང་ཐོས་གྲོལ་གྱི་སྒྲུབ་མཆོད་གསར་དུ་བཙུགས་ཏེ་ཆོས་རྒྱུད་སྤེལ།

གཞན་ཡང་ཁོང་གི་གནད་ས་སྐྱོང་བའི་སྐུ་དུས་སུ་རྫ་དཔལ་སྤྲུལ་ཨུ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དང་མདོ་མཁྱེན་རྩེ་ཡེ་ཤེས་རྡོ་རྗེ་རྣམ་གཉིས་སྔོན་རྗེས་སུ་ཞབས་བཅག་ཤིང་ཟླ་གཅིག་ལྷག་ཙམ་རེར་བཞུགས་ནས་ཆོས་འཁོར་བསྐོར།

དེ་ལྟར་རླབས་ཆེན་གྱི་མཛད་བཟང་ལ་དབལ་ཤུལ་སྟོད་སྨད་ཀུན་གྱིས་མགྲིན་གཅིག་ཏུ་བསྔགས་པའི་གནས་སུ་གྱུར་མཐར་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན། སྐུ་ཕྲེང་གཉིས་པ་འོད་གསལ་ཐེག་མཆོག་གདན་ས་དེར་མ་འཁོད་གོང་ནས་ལྕག་ལ་དང་ཉག་སྐད་དཔོན་བར་དམག་འཁྲུགས་ལང་བར་འབྲེལ།

སྲིབ་ལུང་དགོན་པ་ལྷ་སྡེ་དང་བཅས་པ་ལྕགས་ལའི་ཆབ་འབངས་ཡིན་སྟབས་དགོན་པར་ཉམས་ཉེས་ཚབས་ཆེན་ཐེབས་ཏེ་རྟེན་བརྟེན་པ་ཐམས་ཅད་རྩ་བརླགས་སུ་སོ།། དུས་དེ་ནས་བཟུང་དགོན་པ་ལྷ་སྡེ་ཡང་ཁ་ཐོར་དུ་གྱེས། དགོན་བདག་གི་བླ་མ་ཡང་སྐུ་ཚེ་གང་བོར་མ་དགོན་དུ་བཞུགས་ཡོད་པར་སེམས།

ཕྱིས་སུ་རབ་བྱུང་བཅུ་དྲུག་པའི་སྟོད་ཙམ་ལ་འོད་གསལ་ཐེག་མཆོག་ཡང་སྲིད་སྤྲུལ་སྐུ་ཐུབ་ཕྲིན་ལས་རྒྱ་མཚོ་ཡིས་སྲིབ་ལུང་དགོན་པའི་སྔར་གྱི་བླ་རྒན་འགའ་དང་མཉམ་དུ་ལྷ་སྡེ་ཡོངས་ཀྱིས་ཡོན་བདག་གི་ཆ་རྐྱེན་སྦྱར་བར་བརྟེན།

ལི་ཅིས་ལུང་བའི་ཁར་འདུ་ཁང་རྟེན་དང་བརྟེན་པ་ཡང་སྐྱར་གསར་བཞེངས་དེ་གདན་རབས་གོང་མའི་ཕྱག་བཞེས་ཉམས་གསོ་བྱས་ཏེ། ལོ་ཤས་སོང་རྗེས་སུ་ཡུལ་དེར་མ་རུང་ཁོག་ཏུ་བཅུག་པའི་དགྲ་རྐུན་ཇག་གསུམ་གྱིས་འཚེ་བ་ཐེངས་མང་ཐེབས་ཏེ་ཐ་ན་དགོན་པའི་རྟེན་གྱི་གཙོ་བོ་གུ་རུ་རྩེག་ཚད་མ་བཤིག་ནས།

གཟུངས་འཇུག་ཚང་མ་རྐུན་མས་ཁྱེར་བ་སོགས་ཀྱི་རྐྱེན་སྣ་ཚོགས་བྱུང་བ་དང་། དགོན་པ་དང་ལྷ་སྡེའི་ལམ་ཐག་རིང་བ་སོགས་ཀྱིས་དགོན་པ་ཡུན་རིང་གནས་མ་ཐུབ་མོད།

ཡིན་ན་ཡང་རང་ཅག་བོད་མི་རྣམས་ནི་དམ་པའི་ལྷ་ཆོས་ལ་བཅོས་མིན་གྱི་བརྩེ་སེམས་དང་ཞེན་ཆགས་ཆེ་བའི་རྐྱེན་གྱིས་སྤྲུལ་སྐུ་ཐུབ་བསྟན་ཕྲིན་ལས་དབུ་བཞུགས་མཛད་འོག་ཏུ་བླ་རྒན་ཆེ་རིམ་པ་དང་སྡེ་དཔོན་རྣམས་ཀྱིས་གཙོ་བོར་རྩ་འཛུགས་བྱས་ཤིང་སྦྲ་གུར་ཆེ་ཆུང་འགའ་བཟོ་དྲུབ་བྱས་ཏེ།

ལོ་གཅིག་གི་རིང་ལ་ཉིན་བཅོ་ལྔའི་དུས་ཚོད་བེད་སྤྱོད་ནས་བླ་མ་ཨུ་རྒྱན་རྣམ་རྒྱལ་གྱིས་བཙུགས་པའི་སྒྲུབ་[page 624] མཆོད་གཉིས་པོ་(དགོན་པར་རྟེན་རྙིང་འགའ་དང་རོལ་མོ་སོགས་མཆོད་རྫས་ཆ་ཚང་བདག་དབང་དུ་ཡོད་པར་བཤད)འཚོགས་པར་སྲོལ་རྒྱུན་ལྟར་གྱུར་ནས་ངོ་རྒོལ་བཞི་བར་ཐུག་སོ།།

འཕྲིན་དགའ།

བྱམས་ཆེན་དགོན་གྱི་ལོ་རྒྱུས།

མདོ་ཁམས་སའི་ཐིག་ལེ་ཤར་རྒྱལ་མོ་རྔུལ་ཆུའི་གཡོན་ཕྱོགས། སྔོན་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་བཞེངས་པར་གྲགས་པའི་ལྕགས་ཟམ་ཆེན་མོའི་ནུབ་ཀྱི་ཕྱོགས་སུ་ལེ་བར་བཅུ་བཞི་ཙམ་གྱི་ས་ན་བྱམས་ཆེན་དགོན་ཞེས་ཡོངས་སུ་གྲགས་པ་དེ་ཆགས་ཡོད། དགོན་པ་འདི་བཞེངས་དུས་དང་།

འདེབས་མཁན་སྐོར་ལ་ཡུལ་དེའི་དམངས་ཁྲོད་ཀྱི་ངག་རྒྱུན་ལྟར་ན། སློབ་དཔོན་པད་མ་བོད་དུ་བྱོན་སྐབས། སློབ་དཔོན་དངོས་ཞབས་ཀྱིས་བཅགས་ཡུལ་འདིར་ཆོས་སྤེལ་དགོན་པ་འདིའི་ཐོག་མར་བཏབ་ཅེས་བཤད་པ་དང་། མཁས་པ་འགའ་ཞིག་གིས། བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་ཡུན་བཞུགས་མཛད་སྐབས་ཡུལ་འདིར་ཕེབས་ནས་ཆོས་གསུངས།

ཁོང་གིས་བཞེངས་པའི་སྤྱིལ་བུའམ་ལྷ་ཁང་ཆུང་ངུ་ཞིག་གི་རྨང་གཞིའི་སྟེང་དགོན་པ་འདི་ཆགས་པར་འདོད་དོ། གང་ལྟར་ཡང་དགོན་པ་འདི་འདེབས་པ་ཤིན་ཏུ་སྔ་ཞིང་། གསང་སྔགས་སྔ་འགྱུར་གྱི་ལུགས་དྲི་མ་མེད་པ་འཛིན་ཅིང་།

འོད་གསལ་རྫོགས་པ་ཆེན་པོའི་གྲུབ་པའི་མཚན་མ་མངོན་སུམ་དུ་གྱུར་མཁན་དུ་མ་བྱོན་མྱོང་བ་ནི་ཤུགས་ཀྱིས་རྟོགས་སོ།། ལ་ངོས་སམ་མངག་རྒྱུག་གི་ཡུལ་འདི་རྒྱ་བོད་ཀྱི་ཚོང་པའི་རྒྱུ་ལམ་ཐེངས་གསུམ་བརྗེ་མྱོང་བའི་ལམ་ཐོག་མ་དེ་ཡིན་ལ།

ཚོང་པའི་འགྲུལ་པ་དང་སའི་འགགས་ཆེན་ཞིག་ཡིན་པར་བརྟེན་ནས་བར་སྐབས་ཤིག་ལ་ཡུལ་འདིར་འབྱོར་བ་རྒྱས། ས་གཤིས་བཟང་བ་དང་དྲོ་བས་རྩི་ཤིང་དང་ལོ་ཏོག་བཟང་བའི་དུས་ཤིག་ཏུ།

ཡོན་བདག་འབྱོར་ལྡན་རྣམས་ཀྱིས་དད་འབུལ་ལ་བརྟེན་ནས་སྔར་ཡོད་ཀྱི་ལྷ་ཁང་གི་རྨང་གཞིའི་སྟེང་སྐུ་རྟེན་གུ་རུ་གཙོ་འཁོར་དང་དུས་གསུམ་སངས་རྒྱས་སོགས་བཞུགས་པའི་ལྷ་ཁང་གློ་འབུར་དང་བཅས་པ་གསར་དུ་བཞེངས། གསང་སྔགས་རྙིང་མའི་ལུགས་ཀྱི་སྒྲུབ་རྒྱུན་གྱི་བསྟན་པ་སྤེལ།

དུས་རབས་བཅུ་དྲུག་པའི་འགོ་ཙམ་དུ་རི་བོ་དགེ་ལྡན་པའི་ལུགས་སུ་བསྒྱུར། ཞྭ་སེར་ཅོ་པན་འཆང་བའི་རིང་ལུགས་འཛིན་ཅིང་། དགོན་པ་འདིར་དགེ་འདུན་འདུས་སྡེ་བརྒྱ་རྩ་བརྒྱད་རེ་དུས་གཅིག་ཏུ་འཚོགས་མྱོང་བ་དང་། ཡུལ་འདི་ནས་དགེ་བཤེས་ཆེན་པོ་ཞིག་ཀྱང་ཐོན་མྱོང་བའི་ལོ་རྒྱུས་སྣང་།

སྐབས་དེར་དགོན་པ་རྒྱར་བསྐྱེད་དེ་དུས་གསུམ་སངས་རྒྱས་ཁང་བརྩེགས་ཅན་གནས་བཅུས་བསྐོར་བ་བཞུགས་པའི་ལྷ་ཁང་དང་། གྲྭ་ཤག་བསྐྱར་དུ་བཞེངས། དགོན་པའི་ཁྱམས་ར་དང་བཅས་པའི་ཁྱོན་ཇེ་ཆེར་བཏང་སྟེ་བསྟན་པ་སྔར་ལས་དར། ཡུལ་འདི་ཆེས་སྔ་མོ་ཞིག་ནས་རྒྱ་བོད་ཀྱི་ས་མཚམས་ཡིན་ཕྱིར།

སྐད་དང་གོམ་སྲོལ་ཐམས་ཅད་འདྲེས་མ་ལྟ་བུ་ཞིག་མཆིས་པ་ལ། སུན་ཀྲུང་ཧྲན་གྱི་དུས་རྒྱ་ནག་ཆེན་པོས་དབང་ཤུགས་ཀྱིས་ལ་ངོས་ཀྱི་བོད་ཐམས་ཅད་རྒྱ་རིགས་སུ་བསྒྱུར། [page 625] ཡུལ་འདིར་བོད་ཀྱི་དུད་ཚང་ཆེན་པོ་བཞི་ཡོད་པའི་སྐལ་བཟང་དེ་རྒྱའི་རུས་མིང་(高)དང་།

དབང་ཕྱུག་ལ་(五)གཡུང་དྲུང་ལ་(余)ལྕགས་ལ་ལ(贾)ཞེས་སུ་བསྒྱུར། སྔར་མེད་ཏོའོ་དང་རུའུ་ཡི་ཆོས་ལུགས་སྤེལ་བ་སོགས་བྱས་ཏེ། སྐབས་དེར་བོད་མི་རྣམས་ཀྱིས་ང་བོད་རིགས་ཡིན་ཞེས་སྨྲ་ཕོད་མཁན་མེད་ཅེས་ཟེར། དེ་རྗེས་རྒྱ་བོད་ཀྱི་ཚོང་ལམ་བརྗེས་ནས་ཚོང་འགྲུལ་ཆད་པ་དང་།

རྒྱ་ནག་ནང་ཁུལ་དུ་ནང་འཁྲུགས་བསྟུད་མར་བྱུང་བ་སོགས་ཀྱིས་རྐྱེན་ཡུལ་འདིར་རྒྱ་བོད་ཀྱི་དགོན་པ་དང་ལྷ་ཁང་དྲུག་ཙམ་ཡོད་ཀྱང་སྲིད་ཕྱོགས་ནས་བདག་བྱེད་མཁན་མ་བྱུང་ཞིང་། ཡུལ་འདིའི་སྡེ་ཡང་ཇེ་ཉམས་སུ་སོང་བས་དགོན་པ་འདི་ཡང་ཉམས་དམན་པར་གྱུར།

དགོན་པ་འདི་ལ་བདག་བྱེད་མཁན་མ་བྱུང་ནས་དུས་ཡུན་རིང་སོང་བ་དང་གྲྭ་བའང་རེ་འགའ་ལས་མེད་པའི་སྐབས་ཤིག་ཏུ། ཤར་རྒྱལ་བ་ཀཿཐོག་པའི་དགོན་ལག་དར་མདོ་རྡོ་བྲག་དགོན་གྱི་བླ་མ་ཞིག་ཡུལ་དེར་བྱོན་སྐབས་དགོན་འདིར་ཕེབས་ནས་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད་སོགས་རྒྱ་ཆེར་བསྩལ།

དེ་ཕན་དགོན་པ་འདི་རྡོ་བྲག་དགོན་གྱི་དགོན་ལག་ཏུ་གཏོགས་པ་ཞལ་གྱིས་བཞེས། དེ་ནས་བཟུང་རྡོ་བྲག་དགོན་ནས་གྲྭ་བ་མངག་གཏོང་དང་ནོར་གྱི་གནང་སྦྱིན་སོགས་ཀྱིས་གཟིགས་སྐྱོང་རྒྱུན་མི་འཆད་པར་ཐོབ། སྒྲུབ་པ་ཕྱག་ལེན་ཐམས་ཅད་རྒྱལ་བ་ཀཿཐོག་པའི་ལུགས་སྲོལ་མ་འཆུག་པ་ཚུགས་ཏེ།

འོད་གསལ་རྫོགས་པ་ཆེན་པོ་རྡོ་རྗེ་སྙིང་ཐིག་གི་བསྟན་པའི་རྒྱལ་མཚན་སླར་ཡང་བསྒྲེངས་ནས། 1936ལོ་ཡན་ལ་བླ་མ་གཉིས་ཙམ་རེ་རྒྱུན་བཞུགས་སུ་ཡོད་ཅེས་གླེང་། 1936ལོ་ཙམ་དུ་བླ་མ་གཉིས་ཀྱང་འདས།

རྗེས་འཛིན་གྱི་སློབ་བུ་ཡང་མ་བྱུང་བས་ཡུལ་དེའི་རྒན་རྒོན་རེ་ཟུང་གིས་བདག་བྱས་ནས་སྔོན་གྱི་གཙུག་ལག་ཁང་མ་ཞིག་ཙམ་དུ་ཡོད་པ་ལ། 1958ལོར་རྙིང་བཞི་རྩ་གཏོར་གྱི་རྟེན་དང་བརྟེན་པ་བཅས་མིང་གི་ལྷག་མ་ཙམ་དུ་གྱུར་ཏོ།། ལར་ཡུལ་འདི་སྔ་མ་ནས་བོད་ཡིན་པར་བཤད་པ་དང་། ཆའང་རིགས་ཡིན་པར་བཤད་པ།

རྒྱ་རིགས་ཡིན་པར་བཤད་པ་སོགས་བཤད་ཚུལ་མང་བ་ལྟར་སྣང་ཡང་། གོང་གི་ལོ་རྒྱུས་ལས་བཤད་ཟིན་པ་ལྟར། ཡུལ་འདིའི་འབངས་རྣམས་སྔ་མ་ཇི་ལྟར་ཆགས་ཚུལ། བར་དུ་ཇི་ལྟར་བསྒྱུར་ཚུལ། དེའི་རྒྱུ་མཚན་བཅས་ཤིན་ཏུ་གསལ་པོ་བཤད་རྒྱུ་ཡོད་པ་དང་། ཡུལ་འདི་བོད་ཡིན་པའི་རྟགས་སུ།

སྔ་རབས་ཀྱི་བྲག་རྐོས་རིགས་གསུམ་མགོན་པོའི་བསྙེན་པ་དང་བཛྲ་གུ་རུ་སོགས། ད་ལྟར་གསལ་པོ་མཐོང་རྒྱུ་ཡོད་པ་དང་། ཤིན་ཏུ་རྙིང་བའི་བོན་གྱི་པར་ཤིང་ལ་གཡུང་དྲུང་རྒྱལ་གྱུར་ཅིག་དང་། བོན་གྱི་ངན་སོང་སྦྱངས་པའི་གཟུངས་སྔགས། ཉེ་རབས་སུ་བྱུང་བའི་ཚེ་བསྙེན་དང་རིགས་གསུམ་མགོན་པོའི་བསྙེན་པའི་པར་ཤིང་།

བྲག་ཕུག་ཏུ་སཱཙྪ་རིགས་ཡོད་པ་དང་། དེང་སང་ཡུལ་དེ་ན་བོད་སྐད་ཆ་ཚང་ཤེས་མཁན་དཀོན་ཀྱང་། ས་མིང་ཐམས་ཅད་བོད་ཀྱི་སྐད་དེ་གཞི་བདག་ཕུག ངང་རིང་སྒང་། བྲག་ཙོག་སྒང་། སྨ་རིང་སྒང་། རྫ་ཁྲོད་རྐ་ཆུ་སོགས་དང་། སྟག་མ་མེ་ཏོག་སྟག་མ་ཧྭ་ཞེས་བརྗོད་པ་དང་། ཁྱད་པར་གླུ་དང་གཞས་ཚིག་ལ།

གསེར་གྱི་ཉི་མ་ཤར་ནས་ཤར་རོ་སོགས་དང་། གཞན་ཡང་ཇ་འཐུང་། དུ་བ་འཐེན། དཀའ་ཨེ་ཐལ་སོགས་བོད་སྐད་གཙང་མ་ཡིན་པ་དང་། ཁོ་ཚོ་རང་གིས་བཤད་དོན་དུ། ང་ཚོའི་[page 626] སྐད་དེ་བོད་བཙན་པོ་སྐབས་ཀྱི་བོད་སྐད་མ་འགྱུར་བ་དེ་ཡིན།

ངེད་ཅག་ཐམས་ཅད་བོད་ཡིན་པ་ལ་སྔོན་གོ་མིན་ཏང་གི་རིང་ང་ཚོ་བོད་ཡིན་ཞེས་སྨྲ་མི་ཕོད་ཅིང་། དེའི་ཕྱིས་གཡོན་ཕྱོགས་ཐལ་ཆེ་བའི་སྐབས་དགོན་པའི་ལོ་རྒྱུས་ཙམ་ཡང་བཤད་མི་ཕོད། ད་ལྟར་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ཀྱི་ཉི་འོད་སླར་ཡང་འཆར་བ་ལ་བརྟེན་ནས།

ངེད་ཅག་བོད་ཡིན་པ་ལ་བོད་ཡིན་ཞེས་སྨྲ་སྤོབས་པར་མ་ཟད། དགོན་པ་འདི་ཡང་ཉམས་གསོ་ཐུབ་པའི་རེ་བ་ཆེན་པོ་ཡོད་སོགས་འབངས་མི་རྣམས་ཀྱིས་མགྲིན་གཅིག་ཏུ་གླེང་བ་ཐོས་པ་དང་། གོང་རིམ་འབྲེལ་ཡོད་སྡེ་ཁག་ལ་དགོན་པ་འདི་ཉམས་གསོ་ཆོག་མཆན་རེ་ཞུའི་ཡི་གེ་ཕུལ་དང་འབུལ་བཞིན་པ་ལགས་སོ།།

མགར་ཐར་བྱམས་པ་གླིང་གི་ལོ་རྒྱུས།

མགར་ཐར་ཞེས་པ་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞིང་ཁམས་གཉིས་པ་ཡིན་པ་དང་། སྔར་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་བློན་ཆེན་མགར་རྒྱ་ཡི་གཡོ་འཕྲུལ་ལས་ཐར་བའི་ས་སྟེ་མགར་ཐར་ཞེས་གྲགས་པའི་ས་ཡི་ཐིག་ལེ།

དགོན་པ་དེའི་མདུན་ཕྱོགས་གཡོན་གྱི་རི་རྩེར་མགར་གྱི་ལྷ་གསོལ་ཡུལ་ཡིན་ཟེར་བ་མགར་བ་ꆰལ་བཙསꆱཟེར་བ་ཡོད་ཅིང་། དེའི་ཕྱོགས་ཀྱི་རི་རྩེ་རྣམས་སུ་ཐོ་ཡོར་མི་འདྲ་བ་སོ་པ་ལྟ་བུ་མང་པོ་ཡོད་པ་དག་ནི། མགར་གྱིས་རྗེས་འདེད་མཁན་བྱུང་ཚེ་འཁྲུལ་བའི་ཕྱིར་བྱས་པ་ཡིན་ཟེར་བས་ད་ལྟའང་མཐོང་རྒྱུ་ཡོད་དོ།།

རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་ཧོར་དམག་གིས་བོད་ལ་བཙན་འཛུལ་བྱས་དུས་ཉེན་མེད་བདེ་ཐང་གི་ཆེད་སྤྱི་ལོ་1728ལོར་ཆིན་གོང་མས་དམག་མངགས་ནས་ཏཱ་ལའི་བླ་མ་ལི་ཐང་ནས་མགར་ཐར་ལ་སྐྱེལ་ཕེབས་གནང་སྟེ། དེ་ནས་སྤྱི་ལོ་1730ལོར་དགོན་པ་གསར་དུ་འདེབས་པའི་གྲ་སྒྲིག་བྱས་ཏེ། སྔོན་རྒྱ་ནག་གི་ས་དཔྱད་མཁས་པ་ཞིག་གིས་བརྟག་པས་ས་དཔྱད་བཟང་བར་བཤད་འདུག་ཅིང་། ཤར་དུ་བཞག་བྲ་དཀར་པོའི་མགུལ་དུ་སྒོམ་གྲྭ་ཆེན་པོ་བཙུགས་པའི་ཤུལ་དང་།

ལོ་ཆེན་བེ་རོ་ཙ་ན་རྒྱལ་མོ་རོང་དུ་སྤྱུགས་སྐབས་ཡུན་རིང་བཞུགས་པའི་སྒྲུབ་ཕུག་བྱིན་རླབས་ཅན་ཡོད་པ་སོགས་དམ་པ་དུ་མས་བྱིན་གྱིས་བརླབས་པའི་གནས་ཡིན་ལ།

དེ་ལྟ་བུའི་ཡོན་ཏན་དུ་མ་དང་ལྡན་པའི་དབུས་སུ་ཀླུ་གདུགས་པ་ཅན་གནས་པའི་མཚོ་ཞིག་ཡོད་ས་དེར་གཙུག་ལག་ཁང་གི་ལྟེ་བ་བྱས་ན་ལེགས་ཚུལ་རྒྱ་ནག་གི་ས་དཔྱད་མཁས་པའི་དཔྱད་དོན་ལ་བབས་པ་ལྟར་མཚོ་དེ་རྒྱའི་ཧ་ཤང་ཞིག་གིས་ཕུར་པ་མི་ཚད་ཙམ་ཞིག་བཏབ་ནས་མཚོ་བསུབས་པར་གྲགས་ཅེས་ལྕང་སྐྱ་རོལ་བའི་རྡོར་རྗེས་གསུངས།

སྤྱི་ལོ་1730ལོར་ཆིན་གོང་མས་བློན་ཆེན་དང་ཆིན་དམག་ཆིག་སྟོང་བརྒྱད་བརྒྱ་ཙམ་བཏང་ནས་མགར་ཐར་དགོན་པ་གསར་བཞེངས་འགོ་བཙུགས། དངུལ་སྲང་ཁྲི་བཅུ་དྲུག་དང་ཁམས་ཕྱོགས་སུ་རྡོ་བཟོ་མགར་བཟོ་དང་གླ་པ་བཅས་བརྒྱ་དང་སུམ་ཅུ་ལྷག་[page 627] བསྡུས་ནས་རྒྱ་ལུགས་དང་བོད་ལུགས་གཉིས་ལྡན་གྱི་མགར་ཐར་བྱམས་པ་གླིང་དེ་གསར་དུ་བཞེངས་ཤིང་། རྒྱལ་མཆོག་སྐུ་ཕྲེང་བདུན་པ་སྐུ་དངོས་ཀྱིས་རབ་གནས་མཛད་དོ། གཙུག་ལག་ཁང་དང་བླ་བྲང་བསྡོམས་པའི་རྒྱ་ཁྱོན་གཞུ་འདོམ་སུམ་བརྒྱ་ཡོད་པ། གཙུག་ལག་ཁང་སུམ་ཐོག་གསེར་གྱི་རྱྒ་ཕིབས་དང་བཅས་པ།

ཕྱིའི་ལྕགས་རི་དཔང་དུ་གཞུ་འདོམ་དོ། རྒྱ་གྲུ་བཞི་ས་ཕྱོགས་རེར་གཞུ་འདོམ་བཞི་བརྒྱ་ཙམ་རེ་དང་། རྒྱལ་སྒོ་རིམ་པ་གསུམ་ཡོད་པའི་སྟེང་དུ་གྱོ་མོ་གཡུ་རྩེ་ཅན་གྱི་རྒྱ་ཕིབས་བཅས་ལ་གོང་མའི་མཛོད་ཁང་ནས་དངུལ་སྲང་ཁྲི་ཚོ་བཅུ་བཞིའི་རྒྱུ་ལས་བསྐྲུན། འདུ་ཁང་ཆེན་མོ་ལྷ་སའི་ཁྱམས་རའི་ཆེན་ཆུང་ཡོད་ཅིང་།

དགོན་པ་འདི་ཁྱིའི་ལོ་ལ་བཏབ་ཅིང་། ཐོག་མར་གྲྭ་ཚང་གཉིས་ཡོད་པ། དགེ་བཤེས་གྲྭ་ཚང་དང་། རྣམ་རྒྱལ་གྲྭ་ཚང་གཉིས་ཡིན། ཁམས་ཚན་བརྒྱད་རེ་ཡོད་པ།

གཞན་ཡང་མགར་ཐར་དགོན་པའི་འདུ་ཁང་གི་སྒོའི་ཡ་ཐེམ་སྟེང་དུ་སེང་གེ་དགུ་ཡོད་པ་ནི་རྒྱལ་མཆོག་སྐལ་བཟང་རྒྱ་མཚོའི་མཚོན་བྱེད། གཞིགས་གཉིས་སུ་འབྲུག་དགུའི་རི་མོ་ཡོད་པ་ནི་གོང་མ་ཆེན་པོའི་བྱེད། ཡོན་མཆོད་གཉིས་མཚོན་པ་ཡིན། སྤྱིར་རྒྱལ་པའི་གཞིས་དགོན་ཁག་དང་། སྔར་བོད་ཀྱི་རྒྱལ་པོ་སོ་སོས་བཞེངས་པ་དང་།

དགོན་དེའི་ནང་ནས་དགའ་ལྡན་གསེར་ཁྲིར་ཕེབས་མྱོང་བའི་དགོན་པ་རྣམས་ལ་སེང་གེ་དགུའི་སྲོལ་ཡོད་པ་ལས། དགོན་པ་ཐམས་ཅད་ལ་ཡོད་པ་ནི་མ་ཡིན་ནོ༎ ཕྱིའི་རྒྱལ་སྒོ་བར་མའི་གཞོགས་གཉིས་སུ་རྡོ་རིང་དྲུག་ཡོད་ཅིང་། དེ་དག་གི་སྟེང་དུ་འཁོད་པའི་ཡི་དེ་རྒྱ་ཡིག་སྟེ།

སྔར་གྱི་ཡིག་རྙིང་གི་སྲོལ་ཡིན་ད་ལྟའང་མཐོང་རྒྱུ་འདུག་གོ། རྡོ་རིང་དེ་དག་རིག་གནས་གསར་བརྗེའི་སྐབས་དགོན་པར་དམག་ཁང་བྱས་ཏེ་དམག་མི་སྡོད་སྐབས་ཆབ་ཁང་གི་གཏེང་དུ་བརྩེགས་པ་ཡིན་ཞིང་།

ཕྱིས་དགོན་པ་བསྐྱར་གསོ་བྱེད་སྐབས་བཙལ་ནས་རྡོ་རིང་ལྔ་རྙེད་པ་དེ་ནི་ད་ལྟ་རྒྱལ་སྒོ་བར་མའི་འགྲམ་གཉིས་སུ་ཀྲོང་ངེར་ལངས་ནས་བཞུགས་སོ༎ དེ་རྒྱལ་མཆོག་སྐལ་བཟང་རྒྱ་མཚོ་ལོ་དྲུག་ལ་མགར་ཐར་དགོན་དུ་བཞུགས་སྐབས་གྲྭ་ཚང་གཉིས་དང་། ཁམས་ཚན་བརྒྱད་ཡོད་པ་གསལ་ཞིང་། རབ་བྱུང་བཅོ་ལྔ་པའི་ཆུ་སྦྲུལ་1893ལོ་མགར་ཐར་ཡུལ་དགོན་གཉིས་ཀ་ས་གཡོས་སྐབས་འཇིགས་རྗེས། གྲྭ་ཚང་གཅིག་དང་། ཁང་ཚན་གསུམ་དུ་བསྒྱུར་བ་འདྲ། རྒྱལ་བ་དབུས་སུ་ཕེབས་རྗེས་བོད་སྲིད་གཞུང་ནས་མཁན་པོ་བཏང་སྟེ་ཆོས་སྲིད་གཉིས་ཀྱི་དབང་ཆ་དེ་ལ་ཡོད་པ་ཡིན། རབ་བྱུང་བཅུ་གཉིས་པའི་ཤིང་མོ་ཡོས་1735ལ་མཁན་པོ་ཐམས་ཅད་ཀྱི་ཐོག་མ་ཕ་བོང་ཁ་བའི་སྐུ་སྐྱེ་བློ་བཟང་དགེ་ལེགས་བསྐོས་ཏེ་ལོ་བཞི་བཞུགས། སྤྱི་ལོ་1739ལོ་མགྲོན་གཉེར་ཉི་མ་རྒྱལ་མཚན་ལོ་ལྔ་བཞུགས། སྤྱི་ལོ་1744ལོར་དབུ་གདུགས་པ་དགེ་སློང་བློ་བཟང་སྙིང་པོ་མཁན་པོ་ལོ་བརྒྱད་བཞུགས།

སྤྱི་ལོ་1752ལོར་བློ་གསལ་གླིང་རབ་འབྱམས་པ་བློ་བཟང་སངས་རྒྱས་ལོ་གསུམ་བཞུགས། སྤྱི་ལོ་1754ལོ་བློ་གསལ་གླིང་བློ་བཟང་རྒྱལ་མཚན་ལོ་དྲུལ་བཞུགས།

འབྲས་སྤུངས་དགོན་ནས་བཏང་བའི་མཁན་པོ་དེ་དག་བཀའ་བཙན་པོ་ཡིན་རྐྱེན་མང་ཚོགས་བཟོད་དཀའ་བས་ཏཱ་ལའི་བླ་མ་ཡར་ཞུ་བྱས་པས། དབུས་འབྲས་སྤུངས་ནས་མཁན་པོོ་བཏང་བའི་ལམ་ལུགས་མེད་པ་བྱས། རང་[page 628] ཉིད་ཀྱི་དགོན་པའི་ནང་དུ་མཁན་པོ་བདམ་བསྐོ་བྱེད་རྒྱུ་དང་དགོན་བདག་ལོ་གསུམ་བྱེད་རྒྱུའི་ལམ་ལུགས་བཞག་པ་རེད། རྒྱལ་མཆོག་སྐལ་བཟང་རྒྱ་མཚོས་སྤྱི་ལོ་1707སྐུ་བལྟམས་པ་ནས་བཟུང་དགུང་ལོ་ལྔ་བཅུའི་བར་བཞུགས་ཏེ་མེ་གླང་ལོ་1757ཟླ་མ་གཉིས་པའི་ཚེས་གསུམ་གྱི་ས་རུབ་པ་ན་སྐུ་ལུས་དྲང་པོར་བསྲངས་ཏེ་འདས་སོ༎ སྐུ་གདུང་དམར་གདུང་དུ་བཞུགས་པ། ཕོ་བྲང་པོ་ཏཱ་ལའི་རྟེན་གཙོ་འཕགས་པ་ལོ་ཀི་ཤྭ་རའི་གཡས་ཕྱོགས་གཟིམ་ཆུང་བཀྲ་ཤིས་འཁྱིལ་བར་གསེར་སྲང་ཆིག་ཁྲི་ལྔ་སྟོང་དགུ་བརྒྱ་ལྔ་བཅུ་ལས་བཞེངས་ཏེ་བཞུགས་ཡོད་དོ༎

ཆུ་སྦྲུལ་སྤྱི་ལོ་1893ལོ་ཟླ་བ་བདུན་པའི་ཚེས་བཅུ་བདུན་ཉིན། མགར་ཐར་ཡུལ་དགོན་གཉིས་ཀ་ས་གཡོ་བྱུང་སྟེ། སྐབས་དེར་གྲྭ་ཚང་འཚོགས་ཡད་པས་དགེ་འདུན་པ་མང་པོ་རྡིབས་འོག་ཏུ་ཤོར་བ་དང་། མི་སེར་ཡང་ཤི་རྨས་མང་དུ་བྱུང་།

སྐབས་དེར་རྗེ་བསྐལ་ཡོན་ཏན་གྱིས་ཉག་རོང་སྤྱི་ཁྱབ་དང་དར་མདོ་དཔོན་རིགས་བརྒྱུད་ནས་སྡེ་པ་གཞུང་དང་གོང་མ་ལ་སྙན་ཞུ་ཕུལ། ལྷ་ས་རྩེ་ལས་ཁུངས་ནས་བོད་དངུལ་སྟོང་ཕྲག་གཅིག་དང་། ཞོལ་ལས་ཁུངས་ནས་སྲང་ལྔ་བརྒྱ། བློ་གསལ་གླིང་གྲྭ་ཚང་གིས་སྲང་ཉིས་སྟོང་གནང་།

ཆིང་རྒྱལ་རབས་གོང་མ་ཀོང་ཞུས་ཁྲི་ལོ་བཅུ་དགུ་པས་དངུལ་དང་། འབྲས་ཕོན་ཆེན་གནང་། ལོ་དེར་ཐོག་མར་སྐུ་གསུང་ཐུགས་རྟེན་རྣམས་བཞུགས་གནས་ལྷ་ཁང་ཆུང་ངུ་ཀ་བ་ཉེར་བཞི་ཡོད་པ་ཞིག་བཞེངས། སྤྱི་ལོ་1894ལོ་ཟླ་བ་བཞི་པར་རྗེ་བསྐལ་བཟང་ཡོན་ཏན་ཁྲི་པ་སྟེ་རྡོ་རྗེ་སློབ་དཔོན་གྱི་གོ་གནས་བཟུང་། དེ་ནས་བཟུང་། ལོ་གསུམ་ལ་དགོན་པ་སྔ་མ་བཞིན་གསེར་གྱི་བ་གམ་དང་བཅས་པ་བཞེངས་པར་ཧོར་ཁོག་ཡོངས་སུ་འབུལ་སྡུད་ལ་བྱོན། མེ་བྱ་1897ལོ་ལ་དགོན་པ་སྔོན་བཞིན་བཞེངས།

ཁམས་ཚན་གསུམ་དུ་བྱས་སོ། མགར་ཐར་ཁྲི་པ་ཡང་མཐར་ཕྱིན་ཏོ༎ སྤྱི་ལོ་1906ལོའི་ཟླ་བ་གསུམ་མཔར་དགོན་པ་ཡོངས་རྫོགས་རྒྱ་དམག་གིས་བརླག སྐབས་འདི་རྗེ་བསྐལ་བཟང་ཡོན་ཏན་དར་མདོ་ཕེབས་ནས་རྒྱ་དམག་གི་ལག་ནས་རྒླ་མཆོག་སྐལ་བཟང་རྒྱ་མཚོའི་སྐུ་བེར་དང་།

དགོན་པའི་ནང་རྟེན་རྣམས་ཐབས་མཁས་ཀྱིས་ཚུར་ལེན་ཐུབ་པ་བྱུང་ངོ་༎

མཁན་རབས་ནི། མགར་ཐར་གྲོང་འགྲོ་བ་སྐལ་བཟང་རྡོ་རྗེ། རྒྱ་རོང་འབྲུ་སྨིན་པ་རྒྱ་གར་བཀྲ་ཤིས། མ་མཛོད་ཡེ་ཤེས་ལྷུན་གྲུབ། གཡང་སྒོ་ཕུན་ཚོགས་སྟོབས་ལྡན་བཅས་རབས་སོ༎ སྤྱི་ལོ་1954ལོར་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཕེབས་ཏེ།

མགར་ཐར་བྱམས་པ་གླིང་གི་སྤྲུལ་སྐུ་བྱུང་ཚུལ་དང་ལོ་རྒྱུས་རགས་ཙམ་བརྗོད་ན། ཏཱ་ལའི་སྐུ་ཕྲེང་བཅུ་གཅིག་པ་དེ་མགར་ཐར་དུ་འཁྲུངས་ནས་བཟུང་བྱམས་པ་གླིང་གི་མཁན་པོ་ཏཱ་ལའི་བླ་མ་དང་ལྷ་དུ་ལྷ་ས་ལ་ཕེབས་དགོས་ཕྱིར་སྐུ་བཅར་མཁན་པོའི་སྲོལ་བྱུང་སྟེ།

ཕྱིན་ཆད་སྐུ་བཅར་མཁན་པོའི་ཡང་སྲིད་འཁྲུངས་རྒྱུའི་སྲོལ་ཡང་བྱུང་ཞིང་། ཡང་སྲིང་དང་པོ་ནི་བསྟན་པ་[page 629] རབ་རྒྱས། གཉིས་པ་བློ་བཟང་འཕེལ་རྒྱས། གསུམ་པ་བློ་བཟང་རབ་རྒྱས་བསྟན་པའི་ཉི་མ།

ཏཱ་ལའི་སྐུ་ཕྲེང་བཅུ་གཅིག་པ་དེ་སྐུ་འདས་རྗེས་བྱམས་པ་གླིང་གི་ཉེར་འགྲམ་བྱིས་པ་ཐུན་མོང་མིན་པ་ཞིག་ཡོད་དེ་བླ་མ་དགེ་བཤེས་མང་པོས་ཏཱ་ལའི་སྐུ་ཕྲེང་བཅུ་གཉིས་པར་ངོས་འཛིན་དང་འདེམས་བསྐོ་གྱུར་མ་ཐུབ་སྟེ་རྗེས་ནས་སྐྱབས་རྗེ་རིན་པོ་ཆེ་སྟེ་བློ་བཟང་བསྐལ་བཟང་ཡོན་ཏན་སྤྲུལ་སྐུར་གྱུར།

སྐུ་ཕྲེང་གཉིས་པ་ནི་ཐུབ་བསྟན་བསྟན་པའི་ཉི་མ་དང་། སྐུ་ཕྲེང་གསུམ་པ་ནི་འཇིགས་མེད་བསྟན་པའི་ཉི་མ་སྟེ། དེང་སང་གི་འཇིགས་མེད་རྣམ་རྒྱལ་དེའོ༎ སྐུ་བཅར་སྤྲུལ་སྐུ་དང་འཇིགས་མེད་རྣམ་སྤྲུལ་སྐུ་གཉིས་དེ་རིམ་བཞིན་འཁྲུངས་ཤིང་ལྷ་སའི་འབྲས་སྤུངས་དགོན་པའི་ཚོགས་ཆེན་སྤྲུལ་སྐུ་རུ་གྱུར།

ལྷ་སའི་ལྷ་རམས་པའི་དགེ་བཤེས་གོ་གནས་ཀྱང་ཐོབ་མྱོང་ལ་དགའ་ལྡན་ཁྲི་པའི་རྩོད་གྲལ་དུ་ཡང་བཞུགས་མྱོང་། དགེ་ཚང་སྤྲུལ་སྐུ་ཡང་སྐུ་ཕྲེང་གཉིས་དེ་མགར་ཐར་མངའ་ཁོངས་སུ་འཁྲུངས་ཤིང་། སྐུ་ཕྲེང་དང་པོ་ནི་བློ་བཀང་བསྟན་པ་ཡར་རྒྱས།

སྐུ་ཕྲེང་གཉིས་པ་ནི་ཐུབ་བསྟན་དཔལ་ལྡན་དགེ་ལེགས་རྣམ་རྒྱལ་དེ་བྲག་འགོ་དགོན་པའི་དགོན་བདག་བྱེད་མྱོང་ལ་རྟའུ་ཉ་མཚོ་དང་མཐར་ཐར་བྱམས་པ་གླིང་གི་སྤྲུལ་སྐུ་གཙོ་བོ་ཡང་ཡིན།

ད་དུང་བྱམས་པ་གླིང་གི་མི་ཉག་མཁས་པ་མི་ལྔ་ནང་གི་གཅིག་ཡིན་པའི་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་ཏེ་ཆིན་རྒྱལ་རབས་སྨད་དུས་ལྷ་སའི་འབྲས་སྤུངས་དགོན་གྱི་མཁས་པའི་དབང་པོར་གྱུར།

དེང་སང་གི་རྩེ་དམར་དགོན་གྱི་དགོན་བདག་ནོར་བུ་དོན་གྲུབ་ནི་ཁོ་བོ་སྐུ་ཕྲེང་གཉིས་པར་ངོ་འཛིན་ཞིང་དེ་མིན་མཁས་གྲུབ་དང་བཀྲ་ཤིས་མགོན་པོ་སྤྲུལ་སྐུ་བཅས་སོ༎

མགར་ཐར་བྱམས་པ་གླིང་གི་དུས་མཆོད་ནི། ཟླ་བ་དང་པོར་ཆོ་འཕྲུལ་སྨོན་ལམ་ཉིན་ལམ་ཉིན་བཅུ། བཀའ་ཆོས་སོགས་འབྲས་སྤུངས་ལུགས་ལྟར་དང་། ཚེས་བཅོ་ལྔ་ཉིན་ལ་བྱམས་པ་གླིང་ཉིན་གཅིག་བཅས་སོ། ཟླ་བ་གཉིས་པ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་པ་ཉིན་བཅུའོ༎ ཟླ་མ་བཞི་པ།

རྒྱལ་མཆོག་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་སྨྱུང་གནས་ཆ་བརྒྱད་དང་དཔལ་གསང་བ་འདུས་པ་འཕགས་ལུགས་མི་བསྐྱོད་རྡོ་རྗེའི་སྒྲུབ་མཆོད་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ཉིན་བཅུའ༎ ཟླ་བ་ལྔ་བར།

འདུལ་འཛིན་གྲགས་པ་རྒྱལ་མཚན་ལུགས་ཀྱི་ཀུན་རིག་ལྷ་སོ་བདུན་པའི་སྒྲུབ་མཆོད་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཉིན་བཅུའོ༎ ཟླ་བ་དྲུག་པར། རི་བསང་དང་རྟ་རྒྱུག་བཅས་ཉིན་བཅུ་གསུམ་དབྱར་གནས་དང་སྦྲགས། དབྱར་སྐབས་བཀའ་འགྱུར་སོགས་ཉིན་ཉེར་བརྒྱད། གཞན་གཞི་གསུམ་གྱི་ཆོ་ག་ནི་འབྲས་སྤུངས་ཀྱི་ལུགས་ལྟར་རོ༎

ཟླ་བ་བརྒྱད་པ། ཀེའུ་ཚང་བསྟན་འཛིན་ཡ་རྒྱས་ཀྱིས་མཛད་པའི་སྦྱོར་ཆོས་བསམ་འཕེལ་ནོར་ཕྲེང་ཉིན་བཅུའོ༎ ཟླ་བ་དགུ་པར། ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་པ་ཉིན་བཅུའོ༎ ཟླ་བ་བཅུ་པར། དགའ་ལྡན་ལྔ་མཆོད་ཉིན་གཉིས་དང་། གཞན་རྣམ་རྒྱལ་མ་ལྷ་དགུའི་དཀྱིལ་ཆོག་རས་བྲིས་ལ་བརྟེན་པ་ཉིན་ལྔ་དང་།

དགོན་པའི་གཏོར་ཆེན་ཉིན་གསུམ་བཅས་སོ༎ ཟླ་བ་བཅུ་གཅིག་པར། གསུང་འདུས་འཇམ་པའི་རྡོ་རྗེའི་སྒྲུབ་མཆོད་ཉིན་ལྔ་དང་། ལྕགས་མཁར་ཆེན་མོ་[page 630] ཉིན་གསུམ། བསྐང་གསོལ་སྤྱི་བསྐང་བཅས་སོ༎ དགོན་ནང་གཏེར་གཙོ་བོ་ནི་བྱམས་པ་མཐོང་སྤྲོ་མ་དང་འཇམ་ཁྱབ་བྱམས་པ། སྒྲོལ་མ་གསུམ་འབྱོང་མ།

གསེར་བཟང་བྱམས་པ་རྩེག་འཇག་མ། གསེར་བྲིས་དངུལ་བྲིས་ཀྱི་བཀའ་བསྟན་ཚར་མང་པོ་དང་། གསེར་བཟང་བྱམས་པ་རྩེག་འཇག་མ། གསེར་བྲིེས་དངུལ་བྲིས་ཀྱི་བཀའ་བསྟན་ཚར་མང་པོ་དང་། དེ་བཞིན་དུ་གླིང་བུ་གསེར་ལས་གྲུབ་པ། དུང་ཆེན། སྦུག་ཆལ། སིལ་སྙན། ཏིང་ཕོར། དྲིལ་བུ། ཏིང་ཤག་སོགས་གྲངས་མེད་ཡོད་པ།

དེ་མིན་ལྷ་ཁང་ནང་ཐང་ག་སྣ་ཚོགས་དང་གྱང་ངོ་ལྡེབས་རིས་སྣ་ཚོགས་དུ་མ་མཆིས་ཤིང་། དབྱེ་བ་བཞི་ཙམ་འབྱེད་ན། གཅིག་ནི་སྟོན་དང་བྱང་ཆུབ་སེམས་དཔའ་བཅས་དང་། གཉིས་ནི་སྟོན་པ་ཤཱཀྱ་ཐུབ་པའི་མཛད་པ་བཅུ་གཉིས། གསུམ་ནི་ཏཱ་ལའི་བླ་མ་དང་བླ་མ་དགེ་བཤེས་བཅས་ཀྱི་སྐུ་པར་རི་མོ་བཅས། བཞི་ནི།

ལོ་རྒྱུས་ཐོག་གི་གལ་ཆེན་གནད་དོན་དང་གོམས་སྲོལ་རི་མོ་བཅས་བཞུགས་ཡོད། རི་མོ་དེ་དག་གསོན་ཉམས་ཕུན་སུམ་ཚོགས་ཤིང་བོད་རིགས་མི་དམངས་ཀྱི་ངལ་རྩོལ་དང་ཤེས་རིག་གི་འབྲས་བུ་མཚོན་ལ་སྒྱུ་རྩལ་གྱི་ནོར་བུ་ཞིག་ཏུ་གྱུར་ཡོད་དོ༎

བྱམས་པ་གླིང་གི་དཔལ་འབྱོར་དང་དབང་འཛིན་ལམ་ལུགས། དགོན་པ་འདི་ཉིེད་ཀྱི་དབང་ཆ་ཆེ་ཤོས་དེ་བླ་བྲང་ཁང་ཡིན་ཏེ་དགོན་པ་འདི་བཙུགས་པ་ནས་བཟུང་བླ་མ་ལོ་དྲུག་ཅུ་ཡན་ཆད་ལ་དངུལ་ཕོག་དྲུག་ཅུ་སྤྲད་རྒྱུ་ཡོད་པ་དང་། དི་མིན་གྲྭ་པ་ཚོ་ལ་རེར་འབྲུ་རྒྱ་མ་བགོ་རྒྱུ་ཡོད།

དགོན་པ་ལ་ཞིང་པ་མུའུ་ཉིས་སྟོང་ལྷག་ཙམ་ཡོད་པས་ལོ་རེར་མར་རྒྱ་མ་ཁྲི་ཚོ་དགོན་པ་ལ་ཡོང་དགོས་ཡོད་དེ་ལུག་བལ་རྒྱ་མ་སྟོང་ཚོ་ལྷག་ཙམ་ཡོད།

(ཡིག་རྙིང་ལས)བྱམས་པ་གླིང་ནི་ནང་ཁུལ་དུ་མཐོ་དམན་མེད་པའི་མི་སྣ་དང་དབང་ཆ་ཆེས་ཤོས་བཅས་ཡིན་པ་མ་ཟད་གང་དགོས་ཐམས་ཅད་ཡོད་པ་དང་གང་འདོད་ཚང་མ་སྒྲུབ་ཆོག་པའི་དབང་ཐོབ་ཡོད། ད་དུང་རྒྱུན་དུ་ཆད་མེད་ཀྱི་མི་སེར་ལྔ་བཅུ་དགོས་པ་ལ་ལག་གཡོག་རྟ་གཡོག་དང་ཐབ་གཡོག་ཆ་མ་བཅས་བརྗེ་ལེན་བྱས་ནས་ཡོང་དགོས་པ་དང་།

དགོན་པ་ལ་ཁས་བླངས་པ་སྟེ་མི་ལྔ་བཅུའི་རྩ་འཛུགས་བསྒྲིགས་པའི་དགོན་སྲུང་དཔུང་ཁག་གཅིག་ཀྱང་ཡོད་པ་རེད། (རྒྱ་ཡིག་ཡིག་རྙིང་ལས)དེ་ལྟར་དམངས་གཙོ་བཅོས་བསྒྱུར་སྐབས་1959མགར་ཐར་དགོན་པ་རྒྱལ་ཁབ་ཀྱིས་རིག་དངོས་སྲུང་སྐྱོབ་བྱེད་པའི་གྲངས་སུ་བཞག་ཏེ།

མགར་ཐར་རྫོང་གཅིག་གི་ཁོངས་ནས་བསྡུས་ཏེ་གྲྭ་པ་བཅོ་ལྔ་ཙམ་དགོན་པ་བདག་གཉེར་བྱེད་པར་བཞག དེ་མིན་གྱི་གྲྭ་པ་རྣམས་སྐྱ་སར་བབས་པ་དང་། རང་ཁྱིམ་དུ་འགྲོ་བ་སོགས་བྱས། སྤྱི་ལོ་1966ལོ་རྒྱལ་ཡོངས་སུ་རིག་གནས་གསར་བརྗེའི་སྐབས་སུ་མགར་ཐར་དགོན་པའང་སྲུང་སྐྱོང་བྱེད་མ་ཐུབ་པར་མི་མངོན་གྱུར་ཏོ།། སྐབས་དེར་གྲྭ་ཁང་རྣམས་བཤིག་དགོན་པའི་ལྕགས་རིའི་ནང་དུ་དམག་ཁང་མང་ཙམ་བཟོས་ཏེ། དེར་གཞུང་དམག་བསྡད་དོ༎ རྒྱལ་ཁབ་ཀྱི་འོད་སྟོང་འབར་བའི་ཆོས་ལུགས་སྲིད་ཇུས་འོག སྤྱི་ལོ་1980ལོ་ནས་བཟུང་། མཆོག་སྤྲུལ་འཇིགས་མེད་རྣམ་རྒྱལ་གཙོར་མཛད་པའི་སྐྱ་སེར་དང་དད་འབངས་མི་སེར་གྱི་ནུས་ཤུགས་གང་ཡོད་བཏོན་པ་དང་། རྒྱལ་ཁབ་ཀྱིས་གནང་སྦྱིན་[page 631] དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་བཅས་ལ་བརྟེན་ནས་མགར་ཐར་དགོན་སླར་གསོ་བྱུང་ཞིང་།

ད་ལྟ་རང་རྣམས་ལ་མཇལ་རྒྱུ་ཡོད་པའོ།། གསེར་གྱི་རྒྱ་ཕིབས་མེད་པར་གྱུར་ཀྱང་། འདུ་ཁང་དང་གཙང་ཁང་སོགས་དགོན་པའི་ཕྱི་ཁོག་སོགས་ལ་སྐྱོང་ཆེན་པོ་བྱུང་མེད། རྟེན་གསར་བཞེངས་པའི་སྐོར། གཙང་ཁང་དང་འདུ་ཁང་། བར་ཐོག་ཏུ་འདྲ་སྐུ་མི་ཚད་མ་བཅུ་དྲུག་དང་སྒྲོལ་མ་མི་ཚད་མ་ཉེར་གཅིག་བཅས་སོ༎

མགོན་ཁང་དུ་ཚེ་རིང་བརྟན་འཕེལ་གྱིས1991ལོ་བཞེངས་པའི་གསེར་ཟངས་ཀྱི་བྱམས་ཆེན་གཙོ་བྱས་པའི་མང་པོ་བཞེངས་པ་རེད། གསུང་རྟེན་དུ། བཀའ་བསྟན་འགྱུར་སོགས་ཚར་མང་པོ་ཡོད་པ་རེད། ཐུགས་རྟེན་དུ། སྐུ་བཅར་མཆོག་སྤྲུལ་སྐུ་ཕྲེང་གསུམ་པའི་དངུལ་གདུང་དང་། དུས་འཁོར་མཆོད་རྟེན།

ཁང་བུ་བརྩེགས་པའི་མཆོད་རྟེན། ཁང་བུ་བརྩེགས་པའི་མཆོད་རྟེན་བཅས་སོ།། རིག་གནས་སློབ་གསོའི་སྐོར་ནི། སློབ་གྲྭ་གོང་འོག་གཉིས་བཙུགས་ཡོད། སློབ་གྲ་འོག་མ་ནི། སྤྲུལ་སྐུ་འཇིགས་མེད་རྣམ་རྒྱལ་གྱིས་སྔར་དམག་ཁང་དེ་སློབ་གྲྭར་བསྒྱུར་ཏེ། 1994ལོ་ནས་བཟུང་མགར་ཐར་དང་དཔལ་སྨད།

ཤའུ་གཤིས་སོགས་ཀྱི་ས་གནས་མང་པོ་ནས་ཕ་མ་མེད་པའི་དྭ་ཕྲུག་ཙམ་དང་། སློབ་མ་གཞན་བསྡོམས་པས་བརྒྱ་ཡས་མས་ཙམ་ལ་བོད་ཡིག་དང་སུམ་རྟགས་རྒྱ་ཡིག་སོགས་སློབ་སྦྱོང་གོ་སྐབས་སྤྲད་པ་དང་། ཕྱི་རྒྱལ་དུ་བཞུགས་པའི་སྤྲུལ་སྐུ་ཨ་དཀོན་གྱིས་སྐྱོབ་གསོའི་གྲོན་དངུལ་གནང་བ་དག་སྤྱོད་བཞིན་ཡོད།

སློབ་གྲྭ་གོང་མར་གྲྭ་གཞོན་རྣམས་ཀྱིས་སུམ་རྟགས། བསྡུས་གྲྭ། ཆོས་སྤྱོད་བློ་འཛིན་བཅས་ལ་སྦྱོང་བཞིན་ཡོད། གྲྭ་རྒན་རྫོང་ནང་དགེ་ལེགས་གཙོ་བྱས་པའི་ཤེས་ལྡན་གི་དགེ་རྒན་བརྒྱད་ཙམ་གྱིས། ལྷག་བསམ་ཟོལ་མེད་དང་། དཀའ་ངལ་ཁྱད་བསད་ཀྱིས་བྱིས་པ་རྣམས་སྐྱེད་སྲིང་བཞིན་ནོ།

བྱམས་པ་གླིང་གི་ལོ་རྒྱུས་ཉུང་བསྡུས་དེ་རྫོགས་སོ།། མཁན་ཆེན་ཉེན་ཤུལ་འཇམ་དབྱངས་གྲགས་པས་བྲིས་པའི་དགོན་པའི་ལོ་རྒྱུས་དང་རྒྱ་ཡིག་ཡིག་རྙིང་མང་པོར་གཞིར་བཟུང་ནས་ཕྲན་སྒྲོལ་མ་ཆོས་མཚོས་བྲིས་པའོ།།

སྔོན་སྡེས་དགོན་གྱི་ལོ་རྒྱུས།

སྔོན་སྡེ་དགོན་པའི་གྲུབ་མཐའ་དགེ་ལུགས་པ་ཡིན། དེང་སང་རྟའུ་རྫོང་སྔོན་སྡེས་ཤང་གི་ཁོངས་སུ་གཏོགས། སྔོན་སྡེས་དགོན་པའི་ངག་རྒྱུན་གྱི་ལོ་རྒྱུས་འཚོལ་ན་རབ་བྱུང་དྲུག་པའི་ནང་གསེར་ཁ་དགོན་པ། གསེར་ཁ་ཤང་གི་མངའ་ཁོངས་ཡིན། ཁ་གྱེས་པར་མཆེད་དེ་ཏེས་རོ་དགོན་པ་དང་སྔོན་སྡེ་དགོན། ལོ་གོས་དགོན་གསུམ་བྱུང་།

དགོན་པ་སོ་སོའི་ལོ་རྒྱུས་གཤམ་གསལ་དུ་འགོད་རྒྱུ་ཡིན། ཕྱིས་སུ་རབ་བྱུང་བཅུ་དྲུག་པའི་མཇུག་ཏུ་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་ཚེ། གཅིག་ནས་ལོ་རྒྱུས་ཐོག་ཏུ་དགོན་བདག་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་གཅིག་གིས་གཙོ་སྐྱོང་གནང་བའི་སྲོལ་རྒྱུན་ཆགས་ཡོད་པ་དང་།

གཉིས་ནས་དགོན་པ་དེ་གསུམ་གྱི་ཆོས་ལུགས་གྲུབ་མཐའ་གཅིག་པ། གསུམ་ནས་དགོན་ཁག་[page 632] གསུམ་གྱི་དགེ་འདུན་པ་ཡོངས་རྫོགས་དང་རྒྱ་ཆེ་དད་ལྡན་མང་ཚོགས་ཚང་མའི་འདོད་བློ་ཡིན་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས།

སྐུ་ཞབས་ནོར་བུ་དོན་གྲུབ་དང་ཚུལ་ཁྲིམས་བློ་བཟང་སོགས་དགོན་ཁག་གསུམ་གྱི་བླ་སྤྲུལ་ཆེ་ཁག་རྣམས་ཀྱིས་ནང་མོལ་མཛད་མཐར་དགོན་པ་གཅིག་ཏུ་འདྲིལ་ཏེ་སྔོན་སྡེ་ཆུ་འགྲམ་དུ་དགོན་པ་བཞེངས་རྒྱུར་ཞལ་འཆམ་བྱུང་བ་མ་ཟད་གོང་རིམ་འབྲེལ་ཡོད་ལས་ཁུངས་གྱིས་དགོན་པ་བཞེངས་རྒྱུའི་ཆོག་མཆན་ཐོབ།

དེ་ནས་བཟུང་ས་དཔྱད་ཕུན་སུམ་ཚོགས་པའི་གནས་དེར་དེང་སང་གི་སྔོན་སྡེས་དགོན་པའི་རྟེན་བརྟེན་པ་བཞེངས་པར་མཛད། དེ་ཡང་སྔོན་སྡེས་དགོན་པ་ནི་རབ་བྱུང་བཅུ་གཅིག་པ་ཙམ་གྱི་ནང་དུ་དགེ་བཤེས་བསོད་ནམས་རྒྱ་མཚོ་ཁོང་གི་རྣམ་ཐར་འཚོལ་ཞིབ་མ་ནུས་སློབ་རྒྱུད་དང་བཅས་པས་ཐོག་མར་ཕྱག་བཏབ་པར་མཛད།

ཕྱིས་སུ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱིས་གདན་ས་མཛད་པའི་སྐབས་སུ་དགོན་པ་ལེ་མེས་རྒྱབ་ཅེས་ས་ཆ་དེར་སྤོས་ནས་ཡོན་བདག་རྣམས་ཀྱི་འབྱོར་བའི་མཐུན་རྐྱེན་སྦྱར་བར་འབྲེལ་དགོན་པའི་ཕྱི་ཁོག་ནང་རྟེན་ཐམས་ཅད་སྔར་ལས་ལྷག་པར་བཞེངས་པར་མཛད།

དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་འདྲ་བྲག་ཐོག་སྡེ་བའི་དུས་ཁྱིམ་དཀྱུས་མ་ཞིག་ཏུ་སྐུ་འཁྲུངས་འཁྲུངས་པའི་ལོ་ཚིགས་མི་གསལ་སྦྱང་གྲུང་འཛོམ་ལ་ཤེས་རབ་མེ་ལྟར་འབར་བའི་བྱིས་པ་ཞིག་ཏུ་ངེས། དགུང་ལོ་བཅུ་གཉིས་ཐོག་ལྷ་ལྡན་དུ་བྱོན་ནས་འབྲས་སྤུངས་མི་ཉག་ཁང་ཚན་དུ་གྲྭ་སར་བཞུགས་ཏེ།

གསེར་གྱི་ལྷུན་པོ་ཚར་དུ་དངར་བའི་དགེ་བཤེས་དུ་མའི་ཞབས་པད་སྤྱི་གཙུག་ཏུ་བསྙེན་ནས་གཞུང་བཀའ་པོད་གཙོས་ནདོ་སྔགས་ལམ་གྱི་རིམ་པར་བརྩོན་སྦྱངས་ནན་དུ་བྱས་མཐར་དགེ་བཤེས་ལྷ་རིམ་པའི་ཐོབ་ཐང་བླངས་པ་མཟད། སྔོན་སྡེ་དགོན་དང་ཏེས་རོ་དགོན།

ལོ་གོས་དགོན་པ་སོགས་བསྟན་བདག་དང་གདན་རབས་གཅིག་ལྕོགས་སུ་བསྐོས་བཞག་བྱས།

དེར་བརྟེན་སྐུ་ཚེ་སྨད་དུ་དགོན་པ་དེ་དག་གི་བསྟན་པའི་བདག་པོའི་འགན་བཞེས་ཏེ་རྣམ་དཀར་འཕྲིན་ལས་ཀྱི་མཛད་བཟང་རླབས་ཆེན་འཁྱོངས་མཐར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།། སྐུ་ཕྲེང་གཉིས་པ་ལི་ཐང་དུ་སྐུ་འཁྲུངས་ལོ་ཚིགས་སོགས་མི་གསལ་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་སྤེལ་མེད་པ་སོགས་ལ་གཞིགས་ན་སྐུ་ཆུང་དུས་ནས་བར་ཆད་བྱུང་ཡོད་པར་སྙམ།

སྐུ་ཕྲེང་གསུམ་པ་མགར་ཐར་མཆོད་གྲོང་བའི་ནང་སྐུ་འཁྲུངས་ལོ་ཚིགས་མི་གསལ་དགུང་ལོ་དྲུག་གི་སྟེང་དུ་ཡང་སྲིད་སྤྲུལ་སྐུར་ངོས་བཟུང་།

དགུང་ལོ་བཅུ་གཉིས་སྟེང་དུ་འདྲ་སྔོན་སྡེ་དགོན་པ་སོགས་ཀྱིས་སེར་སྐྱ་མང་ཚོགས་ཀུན་གྱི་ས་ཀུན་བཟང་མཆོད་པའི་སྤྲིན་གྱི་སྣ་དྲངས་ནས་སྔོན་སྡེ་དགོན་པར་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་སྤེལ།

དགུང་ལོ་བཅུ་གསུམ་སྟེང་དུ་ལྷ་ལྡན་འབྲས་སྤུངས་མི་ཉག་ཁང་ཚན་དུ་གྲྭ་སར་བྱོན་ཞིང་དགེ་བའི་བཤེས་གཉེན་དུ་མ་བླ་མར་བསྟེན་ནས་གཞུང་བཀའ་བོད་ལྔ་སོགས་མདོ་སྔགས་རིག་གནས་བཅས་པ་ལ་ཐོས་པའི་སྒྲོན་མེ་ཡུན་རིང་སྦར་བར་མཛད་མཐར་དགེ་བཤེས་ལྷ་རིམ་པའི་ཐོབ་ཐང་བླངས།

དགུང་ལོ་སོ་ལྔ་བཞེས་དུས་ཕྱིར་རང་དགོན་དུ་ཕེབས་ཏེ། དགོན་ཁག་གསུམ་གྱི་བསྟན་པའི་བདག་པོའི་འགན་གཅིག་ལྕོགས་སུ་ཐུགས་ཉམས་སུ་བསྟར་ནས་གདན་རབས་[page 633] གོང་མའི་ཕྱག་བཞེས་མཐར་ཆགས་སུ་བསྐྱངས་མཐར་སྐུ་གཤེགས་སོ།། སྐུ་ཕྲེང་བཞི་པའི་བྲག་ཐོག་གྲོང་བའི་ནང་སྐུ་འཁྲུངས་ལོ་ཚིགས་མི་གསལ་དགུང་ལོ་བདུན་གྱི་སྟེང་དུ་བཙོག་གྲིབ་ཕོག་ནས་སྐུ་གཤེགས།

སྐུ་ཕྲེང་ལྔ་བ་ནི་ཡབ་རྟ་མགྲིན་ཚེ་རིང་དང་ཡུམ་གཡང་སྒྲོན་མ་གཉིས་ཀྱི་སྲས་སུ་བྲག་ཐོག་གྲོང་བའི་ནང་སྐུ་འཁྲུངས་ལོ་ཚིགས་མི་གསལ་དགུང་ལོ་གསུམ་གྱི་སྟེང་སྐྱེ་ཕྲེང་ལྔ་པར་ངོས་བཟུང་ཞིང་ཚུལ་ཁྲིམས་དཔལ་ལྡན་ཞེས་མཚན་གྱི་ཅོད་པན་གསོལ།

དགུང་ལོ་བཅོ་བརྒྱད་སྟེང་ལྷ་ལྡན་འབྲས་སྤུངས་མི་ཉག་ཁང་ཚན་གྲྭ་སར་བྱོན་ཞིང་ཁང་ཚན་དགེ་བཤེས་དུ་མའི་ཞབས་པད་སྤྱི་གཙུག་ཏུ་བསྙེན་ནས་གཞུང་བཀའ་ལྔ་གཙོས་བྱས་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་ཐོས་བརྩོན་གྱི་ཕ་རོལ་དུ་སོན་པར་མཛད་མཐར་དགེ་བཤེས་ལྷ་རིམ་པའི་དན་བཅའ་བཞག་དགུང་ལོ་སོ་དྲུག་སྟེང་ཕྱིར་རང་དགོན་དུ་ཆིབས་སྒྱུར་གནང་ནས་གདན་ས་བསྐྱངས་མཐར་སྐུ་གཤེགས་སོ།

སྐུ་ཕྲེང་དྲུག་པ་སྐུ་ཞབས་ནོར་བུ་དོན་གྲུབ་ནི་རབ་བྱུང་བཅུ་དྲུག་པའི་མགོར་མགར་མཆོད་གྲོང་བའི་ནང་སྐུ་འཁྲུངས། དགུང་ལོ་དྲུག་གི་སྟེང་དུ་སྤྲུལ་སྐུར་ངོས་བཟུང་། དགུང་ལོ་བརྒྱད་ཀྱི་སྟེང་དུ་སྔོན་སྡེ་དགོན་པར་ཁྲི་འདོན་མངའ་གསོལ་མཛད། དགུང་ལོ་བཅུའི་སྟེང་དུ་ལྷ་ལྡན་དུ་གྲྭ་སར་བྱོན།

ཕྱིས་སུ་རང་དགོན་དུ་ཕེབས་དུས་དུས་ཟིང་བྱུང་སྟེ་འགལ་རྐྱེན་བར་ཆད་གང་མང་འཕྲག་ཀྱང་མ་ཚུགས་པར་འཚོ་ཞིང་བཞེས། མིག་སྔར་ཆབ་གྲོས་རྟའུ་རྫོང་གི་རྒྱུན་ལས་ཨུ་ཡོན་དང་སྔོན་སྡེ་དགོན་པ་དོན་དམ་བདག་གཉེར་ལྷན་ཁང་གི་ཀྲུའུ་རེན་སོགས་འགན་བཞེས་ཏེ་ཞབས་པད་བརྟན་བཞིན་ལགས་སོ།

དེ་ལྟར་སྔོན་སྡེ་དགོན་པར་དགེ་བཤེས་ཚུལ་རྣམ་རྒྱལ་སྐུ་ཕྲེང་རིན་བྱོན་གྱིས་དགོན་བདག་གི་འགན་བཞེས་གནང་འོག་བླ་མ་ངག་དབང་ཕུན་ཚོགས་སོགས་སློབ་རྒྱུད་ཟམ་མ་ཆད་པར་བྱོན་ནས་རིག་གནས་གསར་བརྗེའི་བར་དུ་གནས་སོ།

དགོན་པའི་སྐུ་གསུང་ཐུགས་རྟེན་ནི་དགོན་པའི་ཕྱི་ཁོག་ལ་ཐོག་རྩེག་གཉིས་ཅན་གྱི་འདུ་ཁང་ཆེན་པོ་གཅིག་དང་ཆོས་སྐྱོང་ཁང་། རྒྱུ་མཛོད་ཁང་། ཇ་ཁང་། པར་ཁང་། གྲྭ་ཤག་སོགས་མཆིས། ནང་རྟེན་ལ་ཐུབ་པ་དང་བྱམས་པ། རྡོ་རྗེ་འཆང་སོགས་གསེར་སྐུ་ཆེ་ཆུང་བཞི་བཅུ་ལྷག་དང་།

སྟོན་པ་དང་རྗེ་ཙོང་ཁ་བ་རྩེག་ཚད་མ་སོགས་སྨན་སྐུ་སུམ་ཅུ་ལྷག་སྟོན་པའི་སྐྱེ་རབས་དང་གཟིགས་པ་ལྔ་ལྡན་སོགས་རས་གཞི་དང་ཐང་ཁ་བརྒྱ་ཕྲག་ལྷག་སོགས་སྐུ་རྟེན་དུ་བཞུགས། བཀའ་འགྱུར་དང་བསྟན་འགྱུར། རྗེ་ཡབ་སྲས་ཀྱི་གསུང་འབུམ། སྨན་གྱི་རྒྱུད་བཞི་སོགས་གསུང་རྟེན། མཆོད་རྟེན་ཆ་བརྒྱད་སོགས་ཐུགས་རྟེན།

གཞན་ཡང་རྔ་སྦུག་སིལ་སྙན་དང་འཕེན་གདུགས་རྒྱལ་མཚན། རྐང་གླིང་རག་དུང་སོགས་རིན་ཐང་ལྡན་ལ་སྤུས་ཚད་མཐོ་བའི་མཆོད་པའི་ཡོ་བྱས་མང་དུ་མཆིས། དགོན་པའི་ལོ་གཅིག་གི་དུས་མཆོད་ནི་སྨོན་ལམ་དང་དབྱར་ཆོས། ལྔ་མཆོད་སོགས་འཚོགས་རྒྱུ་ཡོད།

དགོན་པའི་དཔལ་འབྱོར་གྱི་ཡོངས་ཁུངས་ནི་བསྟན་བདག་རིམ་བྱོན་གྱིས་ཐེབས་བཞག་གནང་བ་དང་དད་ལྡན་མང་ཚོགས་ཀྱིས་ཕུལ་བའི་མཆོད་ཐེབས། ཚོང་ལས་གཉེར་བ་སོགས་ལས་བྱུང་བ་ཡིན། དགོན་གཞུང་ཐུན་མོང་ལ་གསེར་བྱེ་དང་དངུལ། གཟི་བྱུར། རྟ་དྲེལ་སོགས་སྒོར་ཁྲི་ཚོ་བཅུ་[page 634] ལྷག་གི་རིན་ཐང་མ་གདན་རྒྱུ་རྩལ་ཡོད། དེ་དག་ལས་ཐོག་གི་དགེ་བསྐེས་དང་སྤྱི་གཉེར་བས་འགྲོ་ལུགས་དང་འཆར་གཞི་ཡོད་པའི་སྒོ་ནས་དགོན་པ་འཛུགས་སྐྲུན་དང་ཚོགས་པའི་གཏོང་སྒོ་སོགས་ཀྱི་ཐད་འགྲོ་གྲོན་སྦྱར་བའི་སྲོལ་ཆགས་ཡོད།

དགེ་འདུན་པ་ནི་འགྱེད་ཡོན་ཁ་དང་གྲོང་ཆོག་སོགས་ཀྱི་འཚོ་རྟེན་དུ་བྱས་པ་རྩམ་ལས་ཕུགས་ནོར་འབོར་ཆེན་འཆིང་བའི་སྲོལ་ཀ་མ་མཆིས། བཅོས་སྒྱུར་སྔོན་དུ་སྔོན་སྡེ་དགོན་དུ་བླ་སེར་སུམ་ཅུ་ལྷག་ཡོད། སྔོན་སྡེ་དགོན་པ་དང་ཏེས་རོ་དགོན་པ།

ལོ་གོས་དགོན་གསུམ་གྱི་བསྟན་བདག་བླ་མ་གཅིག་ཡིན་པར་བརྟགས་ན་དགོན་པ་ནང་ཕན་ཚུན་འབྲེལ་བ་ངེས་ཅན་ཞིག་ཡོད་པར་སེམས་སོ།། ངོ་རྒོལ་བཞི་པ་དང་རིག་གནས་གསར་བརྗེའི་སྐབས་སུ་དགོན་པའི་ཕྱི་ཁོག་ནང་རྟེན་ཀུན་ལ་གཏོར་བརླགས་ཚབས་ཆེན་ཐེབས།

ཏེས་རོ་དགོན་གྱི་ལོ་རྒྱུས།

ཏེས་རོ་དགོན་པ་ཕྱག་འདེབས་པ་པོའི་མཚན་ལ་དགེ་བཤེས་ངག་དབང་བློ་གྲོས་དང་དགེར་བཤེས་བློ་བཟང་དཔལ་ལྡན་རྣམ་གཉིས། དགོན་པ་དེ་གསེར་ཁ་ཁོག་དགོན་པ་དགོན་ཁག་མང་དུ་ཁ་གྱེས་རྗེས་སུ་རབ་བྱུང་བཅུ་གཅིག་པ་དཔལ་གདོང་ཞེས་པ་ཆུ་མོ་ཕག་གི་ལོར་ཐོག་མར་ཆགས། གྲུབ་མཐའ་དགེ་ལུགས་པ་ཡིན།

ངག་རྒྱུན་ལྟར་ན་དེའི་སྐབས་སུ་དགེ་བཤེས་གསུམ་དང་དགེ་འདུན་པ་ཉི་ཤུ་ལྷག་ཡོད་པར་བཤད། དེ་ནས་དགེ་བཤེས་ཚུལ་རྣམ་རྒྱལ་སྐུ་ཕྲེང་རིམ་བྱོན་སོགས་ཀྱིས་ཡུན་རིང་དུ་གཟིགས་སྐྱོང་གནང་། ཕྱིས་སུ་རབ་བྱུང་བཅོ་ལྔ་པའི་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོ་ནས་བཟུང་།

དགེ་བཤེས་ངག་དབང་བློ་བཟང་དང་ས་གནས་དཔོན་པོ་གདུགས་ཉི་ཨ་དག་སོགས་ཀྱིསསྔར་གྱི་དགོན་པ་དེ་དགོས་གལ་གྱི་དབང་གིས་ཁྲི་པའི་རྩེ་ཞེས་པའི་ས་དེར་སྤོས་ནས་དགོན་པ་རྒྱ་བསྐྱེད་བཏང་ཞིང་ཕྱི་ཁོག་ནང་རྟེན་ཐམས་ཅད་རིམ་གྱིས་བཟོ་བཞེངས་ལེགས་པར་མཛད།

དེ་ནས་རིམ་གྱིས་དགོན་པ་ཇེ་རྒྱས་ཆེ་ཙམ་བྱུང་ནས་དགེ་བཤེས་ངག་དབང་བློ་བཟང་གཙོས་དགེ་བཤེས་བཞི་དབུ་བཞུགས་གནང་འོག་དགེ་འདུན་པ་བཞི་བཅུ་ལྷག་གིས་ཐམས་མཐུན་ཁྲིམས་གཙང་གི་སྒོ་ནས་གདན་རབས་གོང་མའི་ཆོ་གའི་ཕྱག་ལེན་མ་ལུས་རྒྱུན་འཇགས་སུ་བསྐྱངས་ནས་རིག་གནས་གསར་བ་རྗེའི་བར་དུ་གནས་ཡོད་པ་ལགས་སོ།། དགོན་པའི་ཕྱི་ཁོག་ལ་འདུ་ཁང་ར་སྐོར་དང་ལྡན་པ་གཅིག་དང་ཆོས་སྐྱོང་ཁང་།

རྒྱུ་མརྫོད་ཁང་། ཇ་ཁང་། གྲྭ་ཤག་སོགས་མཆིས། ནང་རྟེན་ལ་ཐུབ་པ་དང་འོད་དཔག་མེད། རྡོ་རྗེ་འཆང་། སྤྱན་རས་གཟིགས། བྱམས་པ། སྒྲོན་དཀར། རྗེ་ཡབ་སྲས་གསུམ། དགོན་པའི་བླ་བརྒྱུད་སོགས་ཀྱི་གསེར་སྐུ་དང་སྨན་སྐུ། ཐང་ཁ། རས་གཞི་བཅས་མང་དུ་སྐུ་རྟེན་བཞུགས་པ་དང་བཀའ་འགྱུར་དང་རྗེ་ཙོང་ཁ་བའི་གསུང་འབུམ།

དགེ་གདམ་མཆོད་རྟེན་སོགས་ཐུགས་རྟེན་དུ་བཞུགས། གཞན་ཡང་སྦུག་ཆལ་སིལ་སྙན་དང་རྐང་གླིང་རག་དུང་། [page 635] ཀུང་ཤགས་ཏིང་ཕོར། མདའ་དྲིལ་མནྡལ། འཕེན་གདུགས་རྒྱལ་མཚན།

གོས་བེར་ས་གདན་སོགས་བཟོ་དབྱིབས་ལེགས་ལ་སྦུས་ཚད་བཟང་པའི་མཆོད་རྫས་མང་དུ་མཆིས་པ་ལགས་སོ།། དགོན་པའི་འཁོར་མོའི་དུས་མཆོད་ནི་སྨོན་ལམ་དང་སྙུང་གནས། དབྱར་ཆོས། ལྔ་མཆོད། དགུན་ཆོས།

གསོལཁ་རྒྱུ་འདོན་སོགས་འཚོགས་རྒྱུ་མཆིས་སོ།། དགོན་པའི་དཔལ་འབྱོར་གྱི་འབྱུངས་ཁུངས་བསྟན་བདག་རིམ་བྱོན་གྱིས་ཐེབས་བཞག་དང་ཤི་བའི་དགེ་རྩ་དང་ཡོན་ཁ་སོགས་ཕུལ་བའི་མཆོད་ཐེབས། ས་ཞིང་སོ་ནོམ་བྱས་པའི་ཐོན་སྐྱེད། ཕྲན་ཚོང་གཉེར་བའི་ཁེ་སྤོགསསོགས་ཡིན།

དགོན་གཞུང་ལ་དངུལ་སྣ་ཚོགས་དང་བྱུར་རུ་ཆེ་ཆུང་བརྒྱ་ཕྲག་མང་པོ། མཛོ་དང་མཛོ་མོ། རྟ་དྲིལ། ཇ་ཚྭ། མར་ཆུར། འབྲུ་རིགས་སོགས་སྒོར་ཁྲི་ཚོ་བཅུ་ཕྲག་ལས་རྒལ་བའི་མ་གདན་རྒྱུ་རྩ་ཡོད། ལས་ཐོག་གི་དགེ་བསྐོས་དང་གཉེར་བས་དགོན་པའི་ཕྱོགས་ཡོངས་ལ་འགྲོ་གྲོན་བྱས་དགོས་སྲོལ་ཆགས་ཡོད། ཁྲི་པ་དང་དབུ་མཛད། དགེ་བསྐོས།

མཆོད་དཔོན་སོགས་ལ་དགོན་པ་གཞན་ལྟར་རང་རང་ཐུན་མིན་གྱི་ཁྱད་ཆོས་རེ་ལྡན་དགོས། དགེ་འདུན་པའི་འགྱེད་ཡོན་ཁ་དང་གྲོང་ཆོག་སོགས་ཀྱིས་འཚོ་རྟེན་དུ་བྱས་ཏེ་བཞུགས་ཡོད་པ་ལགས་སོ།། རིག་གནས་གསར་བརྗེ་བྱས་དུས་དགོན་དེར་ཉམས་ཆག་དང་གཏོར་བརླགས་ཚབས་ཆེན་ཐེབསཡོད་པ་རེད།

ལོ་གོས་དགོན་གྱི་ལོ་རྒྱུས།

དེ་ཡང་ལོ་གོས་དགོན་པ་ནི་གསེར་ཁ་ཁོག་དགོན་པ་དགོན་སྡེ་ཆེ་ཕྲ་དུ་མ་ཞིག་ཏུ་གྱེས་རྗེས་སུ་རབ་བྱུང་བཅུ་བ་ཙམ་གྱི་ནང་དུ་བྲག་ཐོག་གྲོང་བ་གསུམ་གྱི་བླ་སེར་ཚང་མཉམ་དུ་དགོན་པ་ཐོག་མར་བཞེངས་ནས་དགའ་ལྡན་ཞྭ་སེར་འཆིང་བའི་རང་ལུགས་སྤེལ།

དེའི་རྗེས་སུ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་སྐུ་ཕྲེང་རིམ་བྱོན་གྱིས་གདན་ས་མཛད་དེ་སྔོན་སྡེ་དགོན་དང་ལོ་གོས་དགོན་གཉིས་མིག་གཡས་གཡོན་དུ་བྱས་ཏེ་ཡུན་རིང་དུ་བསྐྱངསཔར་མཛད། རབ་བྱུང་བཅུ་བཞི་བཅོ་ལྔ་ཙམ་གྱི་ནང་དགེ་བཤེས་བློ་བཟང་ཡེ་ཤེས་ཀྱིས་ཁྲི་པ་མཛད་པའི་སྐབས་སུ་བླ་མར་མཛད་འཕྲིན་ཆེར་རྒྱས།

ཡོན་བདག་འབྱོར་ལྡན་གྱི་མཆོད་གནས་བསྐུར་བ་དང་དད་ལྡན་མང་ཚོགས་མཐུན་རྐྱེན་གང་ལེགས་སྦྱར་བའི་ཆ་རྐྱེན་སོགས་ལ་བརྟེན་ནས་སྔར་དགོན་པ་དེ་དགོས་གལ་གྱི་དབང་གིས་ལོ་གོས་སྟེང་དུ་སྤོས།

དེ་ནས་བཟུང་ལོ་གོས་དགོན་ཞེས་ས་མིང་དགོན་པར་ཆགས་སོ།། དེ་ནས་རིམ་གྱིས་དགོན་པའི་རྟེན་བཞེངས་དང་ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བ་སོགས་ཕྱོགསཡོངས་ནས་དར་རྒྱས་ཆེན་པོར་བྱུང་ཞིང་།

མཁས་བཙུན་བཟང་པའི་ཡོན་ཏན་གྱི་ཐུགས་རྒྱུད་རབ་ཏུ་ཕྱུག་སྟེ་གྲགས་དཀར་གྱི་སྙན་པ་གྲྭ་ས་སེར་འབྲས་དགའ་གསུམ་དང་ཁམས་ཕྱོགས་ཀྱི་ཡུལ་གྲུ་ཀུན་ལ་མངོན་པར་མཐོ་བའི་དོན་གྱི་སླད་དུ་མཚན་ནས་སྨོས་པ་དགེ་བའིབཤེས་གཉེན་ཆེན་པོ་ཚུལ་ཁྲིམས་རྣམ་རྒྱལ་དང་དགེ་བཤེས་བློ་བཟང་ཡེ་ཤེས་སོགས་དགེ་བཤེས་དགུ་གཅིག་རྗེས་གཉིས་[page 636] མཐུད་གདན་ས་དེར་བྱོན་ཞིང་བླ་གྲྭ་བརྒྱད་ཅུ་ལྷག་དབུ་བཞུགས་གནང་ནས་མི་ལོ་བརྒྱ་ཕྲག་གཉིས་ལ་ཉེ་བ་ཙམ་གྱི་རིང་ལ་མདོ་སྔགས་ཀྱི་བསྟན་པ་སྤེལ་བར་མཛད་ནས་རིག་གནས་གསར་བརྗེ་བར་དུ་གནས་སོ།། དགོན་པའི་ཕྱི་ཁོག་ལ་ཐོག་རྩེག་གཉིས་ཅན་གྱི་འདུ་ཁང་གཅིག་དང་མཛོད་ཁང་། ཇ་ཁང་། ཁང་ཚན།

གྲྭ་ཤག། དུང་འཁོར་སོགས་མང་ཙམ་མཆིས། ནང་རྟེན་ལ་ཇོ་བོ་ཤཱཀྱ་མུ་ནེ་དང་འཕགས་པ་གནས་བརྟན་བཅུ་དྲུག་བྱམས་པ། རྗེ་ཡབ་སྲས་གསུམ། དགོན་པའི་བླ་བརྒྱུད་རིམ་བྱོན་སོགས་རིན་ཐང་ཆེ་བའི་སྐུ་རྟེན་དང་དེ་མིན་གྱི་སྐུ་རྟེན་མང་དུ་བཞུགས་པ་དང་།

བཀའ་བསྟན་འགྱུར་དང་གསེར་དངུལ་གྱི་བྲིས་པའི་གསུང་འབུམ་གཞན་སོགས་གསུང་རྟེན་དུ་བཞུགས། སྐུ་གདུང་མཆོད་རྟེན་སོགས་ཐུགས་རྟེན་དུ་བཞུགས། གཞན་ཡང་མཆོད་རྫས་ཀྱི་སྐོར་ལ་གོང་དུ་བཤད་ཟིན་པའི་དགོན་པ་གཉིས་ལྷག་ཙམ་མཆིས་པ་ལགས་སོ།། དགོན་པའི་ཚེས་དུས་མཆོད་ནི་སྨོན་ལམ་དང་དབྱར་ཆོས། ལྔ་མཆོད།

དགུན་ཆོས་སོགས་འཚོགས་རྒྱུ་མཆིས་སོ།། དགོན་པའི་དཔལ་འབྱོར་གྱི་འབྱུངས་ཁུངས་ནི་བསྟན་བདག་རིམ་བྱོན་གྱིས་ཐེབས་བཞག་དང་ཤི་བོའི་དགེ་རྩ་སོགས་ལ་ཕུལ་བའི་མཆོད་ཐེབས། ས་ཞིང་སོ་ནམ་བྱས་པའི་ཐོག་སྐྱེད། སིལ་ཚོང་གཉེར་བའི་ཁེ་སྤོགས་སོགས་ཡིན།

དགོན་གཞུང་ཐུན་མོང་ལ་གསེར་གྱི་སྤྱི་རྒྱ་གང་ལྷག་དང་དངུལ་སྣ་ཚོགས། བྱུ་རུ་ཆེ་ཆུང་སྟོང་ཕྲག་གཅིག་ལྷག་སྤོས་ཤེལ། ཕྱུགས་ཟོག རྟ་དྲིལ། མར་ཆུར། ཇ་ཚྭ། འབྲུ་རིགས་སོགས་སྒོར་ཁྲི་ཚོ་ཉི་ཤུ་ལ་ཟིན་པ་ཙམ་གྱི་མ་གདན་རྒྱུ་རྩ་ཡོད།

དཔའ་འབྱོར་གྱི་ལམ་ལུགས་ཆགས་ཚུལ་དང་ཁྲི་པ་དང་དབུ་མཛད་སོགས་ལ་དམིགས་གསལ་གྱི་ཡོན་ཏན་ལྡན་དགོས་ཚུལ། དགེ་འདུན་པའི་འཚོ་བ་སོགས་ནི་དགོན་པ་གཞན་གཉིས་དང་གཅིག་མཚུངས་སུ་ངེས་སོ།། རིག་གནས་གནས་གསར་བརྗེའི་སྐབས་སུ་དགོན་པའི་ཕྱི་ཁོག་ནང་བརྟེན་ཐམས་ཅད་ལ་གཏོར་བརླགས་ཚབས་ཆེན་ཐེབས་ཡོད་པ་རེད།

ད་ལྟའི་གནས་ཚུལ། དེ་ཡང་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་ཚེ་རབ་བྱུང་བཅུ་དྲུག་པའི་ཁྲག་སྐྱུག་ཅེས་པ་ཆུ་མོ་ཕག་གི་ལོ་རྟའུ་རྫོང་སྲིད་གཞུང་གིས་དགོན་པ་ཉམས་གསོ་བྱེད་རྒྱུའི་ཆོག་མཆན་གནང་བའི་སྔོན་འགྲོའི་ཆ་རྐྱེན་ལ་བརྟེན།

དགོན་བདག་སྐུ་ཞབས་ནོར་བུ་དོན་གྲུབ་ཀྱིས་དབུ་བཞུགས་མཛད་འོག་ཚུལ་ཁྲིམས་བློ་བཟང་དང་ཤེས་རབ་ཕུན་ཚོགས། མཁས་གྲུབ། རྒྱ་མ། ཚུལ་ཁྲིམས་ཉི་མ།

སྐལ་བཟང་སོགས་དགོན་ཁག་གསུམ་གྱི་བླ་སྤྲུལ་ཆེ་ཁག་རྣམས་ནང་མོལ་མཛད་མཐར་དགོན་པ་གཅིག་ཏུ་འདྲིལ་རྒྱུར་ཞལ་འཆམ་བྱུང་ནས་ས་དཔྱད་ལེགས་དགུ་ཚང་བའི་སྔོན་སྡེ་ཆུ་འགྲམ་དུ་སྔོན་སྡེ་དགོན་པའི་རྟེན་དང་བརྟེན་པ་རིམ་གྱིས་བཞེངས་འགོ་བཙུགས་ཏེ།

རྒྱ་ཆེའི་བླ་སེར་དང་མང་ཚོགས་ཚང་མས་ནུས་ཤུགས་མཉམ་འདོན་བྱས་མཐར་འདུ་ཁང་ཆེ་ཆུང་གཉིས་དང་སྟོན་པ་དང་རྗེ་ཡབ་སྲས་སོགས་ནང་གཙོ་ཆེ་རྣམས་གསར་བཞེངས་བྱས་ཟིན།

མིག་སྔར་དགེ་འདུན་པ་དྲུག་ཅུ་ལྷག་གིས་གདན་རབས་གོང་མའི་ཆོ་གའི་ཕྱག་བཞེས་མ་ལུས་འཛིན་སྐྱོང་སྤེལ་བའི་ཆོས་མཐུན་གྱི་མཛད་སྤྱོད་གནང་མུས་སུ་མཆིས་པ་ལགས་སོ།།

ཉ་མཚོ་དགོན་གྱི་ལོ་རྒྱུས།

[page 637] ཉ་མཚོ་དགོན་ནི་རབ་བྱུང་བཅུ་གཅིག་པའི་ནང་དུ་ཐོག་མར་ཆགས། གྲུབ་མཐའ་དགེ་ལུགས་པ་ཡིན། དེང་སང་རྟའུ་རྫོང་མཁར་གྱི་ཉེ་འདབས་གྲོང་རྡལ་ཀྲེན་གྱི་ཁོངས་སུ་གཏོགས། དགོན་པ་ཐོག་མར་འདེབས་ཚུལ་ནི།

དེ་ཡང་རྟའུ་རྫོང་ཉ་མཚོ་དགོན་ཐོས་སམ་དར་རྒྱས་གླིང་ཞེས་པའི་ཆོས་སྡེ་ཆེན་པོ་དེ་ཉིད་ཐོག་མར་ཕྱག་འདེབས་པ་པོ་ནི་ལུགས་གཉིས་ཀྱི་བདག་པོ་རྒྱལ་མཆོག་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་ཐུགས་སྲས་ཀྱི་མཆོག་གྱུར་གདན་ས་ཆེ་ཁག་ཀུན་ལ་མཚན་སྙན་གྱི་དྲི་བསུང་འཐུལ་བའི་ཧྲེ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཞེས་པ་དེ་ཡིན།

ཁོང་གིས་དགའ་ལྡན་ཞྭ་སེར་འཆང་བའི་རིང་ལུགས་ཕྱོགས་མཐར་ཀུན་ལ་སྤེལ་ཆེན་དུ་ཧོར་ཁག་སྟོད་སྨད་བར་གསུམ་དུ་དགོན་པ་བཅུ་གསུམ་བཏབ་པས་ཧོར་དགོན་སྡེ་བཅུ་གསུམ་ཞེས་གྲགས། སྐྱབས་རྗེ་དམ་པ་ཉིད་རྒྱལ་དབང་ལྔ་པའི་སློབ་རྒྱུད་ལས་མཆེད་པ་ཞིག་ཏུ་ངེས་པ་ཙ་མ་མ་གཏོགས་འཁྲུངས་ཡུལ་སོགས་ལོ་རྒྱུས་དང་མཛད་རྣམ་མི་གསལ།

ཉ་མཚོ་དགོན་ཐོག་མར་འདེབས་པའི་དུས་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སྟག་གི་ལོ་ཡིན་པར་ངེས། གཞན་ཡང་སྐྱབས་རྗེ་ཉིད་ཀྱིས་རྟའུ་ཉ་མཚོ་ནི་ཏྲེ་ཧོར་ཁམས་པའི་འགྲིམ་འགྲུལ་དང་ཆབས་སྲིད། དཔའ་འབྱོར། རིག་གནས་སོགས་ཀྱི་ལྟེ་གནས་ཤིག་ཏུ་ཡིན་པར་དགོངས་ནས་དགོན་པ་དེ་ཐོག་མར་ཕྱག་བཏབ་པ་རེད་ཅེས་བཤད་སྲོལ་མཆིས།

ས་མིང་དགོན་པར་བཏགས་ནས་རྟའུ་ཉ་མཚོ་དགོན་ཞེས་ཆགས་སོང་བ་ལགས་སོ། དགོན་པའི་གདན་རབས་རིམ་བྱོན་དང་དེ་དག་གི་མཛད་རྣམ་ཉུང་བསྡུས་འཁོད་པ་ནི། དགོན་པའི་གདན་ཐོབ་དང་པོ་སྤུངས་ནས་སྐུ་ཕྲེང་རིམ་བྱོན་ནི་སྐུ་ཕྲེང་དང་པོ་དགེ་བཤེས་ནམ་མཁའ་སྲུང་ནི་ངག་རྒྱུན་ལྟར་ན་མདོ་སྨད་ཡུལགྲུ་ཞིག་ཏུ་སྐུ་འཁྲུངས།

མཁས་བཙུན་བཟང་པའི་ཁྱད་ཆོས་འབུར་དུ་ཐོན་པའི་བླ་མ་སྙན་གྲགས་ཆེ་བ་ཞིག་ཏུ་ངེས། སྐུ་ཚེ་སྨད་དུ་སྤུངས་ནང་རི་ཁྲོད་དུ་ཐུན་བཞིའི་རྣལ་འབྱོར་འབའ་ཞིག་གི་བརྟུལ་ཞུགས་འཛིན་ཞིང་ཚེ་དང་སྒྲུབ་པ་མཉམ་མཐར་དགོངས་པ་དབྱིབས་དང་ཡེ་ཤེས་ཟུང་འཇུག་ཆོས་ཀྱི་དབྱིངས་སུ་གཟིམས་པའི་ཚུལ་བསྟན།

སྐུ་ཕྲེང་གཉིས་པ་སྐུ་ཞབས་འཇིགས་མེད་རྒྱ་མཚོ་ནི་བྲག་འགོ་སྙི་ཁོག་ཏུ་སྐུ་འཁྲུངས།

སྐུ་ཆུང་དུས་སུ་ཕ་ཡབ་མ་ཡུམ་གྱིས་ལྷ་སྒང་གནས་མཇལ་དུ་ཁྲིད་ནས་སྤུངས་ནང་རི་ཁྲོད་ཀྱི་རོལ་དུ་སླེབས་སྐབས་ངའི་ཕ་ཡུལ་འདི་ན་རེད་ཅེས་བྱིས་པས་དེ་སྐད་གསུངས་པ་སོགས་ལ་བརྟེན་ནས་དགེ་བཤེས་ནམ་མཁའ་སྲུང་གི་ཡང་སྲིད་དུ་ངོས་བཟུང་།

ཕྱིས་སུ་ལྷ་ལྡན་དུ་གྲྭ་སར་བྲོན་ནས་འབྲས་སྤུངས་བློ་གསལ་གླིང་ཏྲེ་ཧོར་ཁང་ཚན་དུ་ཡུན་རིང་བཞུགས་ཤིང་གཞུང་བཀའ་པོད་ལྔ་གཙོར་བྱས་པའི་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་རྒྱ་ཆེར་མཛད་དེ་མཁས་གྲུབ་ཀྱི་སྐྱེ་བུ་ཆེན་པོའི་སར་གཤེགས་མཐར་ཉ་མཚོ་དགོན་དུ་བསྟན་པའི་བདག་པོར་བྱོན།

སྒོ་ཆ་སྐུ་ཞབས་ངག་དབང་འཕྲིན་ལས་[page 638] སོགས་དང་མཉམ་དུ་བསྟན་པ་བསྐྱངས་ཏེ་དགོན་པའི་ཕྱི་ཁོག་གནང་རྟེན་སོགས་ཕྱོགས་ཡོངས་ཀྱི་ཐད་ནས་འཕེལ་རྒྱས་ཆེ་ཙམ་བྱུང་བ་མ་ཚད།

ཧྤྷ་རན་སིའི་ཆོས་ལུགས་དང་སྲིད་སྐྱོང་མི་སྣ་དང་ཉ་མཚོ་དགོན་པའི་བར་ཟིང་འཁྲུག་བྱུང་བར་འདུས་འགྲིག་ཡོང་བར་མཛད་ནས་དུས་བདེ་ཞོད་འཇགས་སུ་བྱས། དགུང་ལོ་བདུན་ཅུ་ལྷག་གི་སྟེང་དུ་དགོངས་པ་ཆོས་དབྱིངས་སུ་གཟིམས་པའི་ཚུལ་བསྟན།

སྐུ་ཕྲེང་གསུམ་པ་བྱམས་པ་ཚུལ་ཁྲིམས་རྣམརྒྱལ་ནི་ཡབ་བྱམས་པ་དང་ཡུམ་ཚེ་རིང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་མེ་བྱ་ལོ་སྐུ་བལྟམས་གོང་ས་སྐྱབས་མགོན་རིན་པོ་ཆེ་དང་ཡོངས་འཛིན་གཞོན་པ་ཕུར་ལྕོག་བློ་བཟང་ཚུལ་ཁྲིམས་འཇམ་དཔལ་རྒྱ་མཚོ། སྐུ་ཞབས་བཟང་ལྷ།

ར་ཧོར་མཁན་ཆེན་སོགས་ཀྱིས་མགྲིན་གཅིག་ཏུ་སྐུ་ཞབས་འཇིགས་མེད་རྒྱ་མཚོའི་ཡང་སྲིད་དུ་ངོས་བཟུང་ཞིང་ཉ་མཚོ་དགོན་པར་ཁྲི་འདོན་མངའ་གསོལ་བྱས། དགུང་ལོ་བཅུ་གཉིས་སྟེང་དུ་དབུས་སུ་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་ཏྲེ་ཁང་ཚན་དུ་གྲྭ་སར་བཞུགས་ཏེ།

ཏྲེ་ཧོར་བསོད་ནམས་མགོན་པོ་སོགས་མཁས་དབང་དུ་མ་ཡོངས་འཛིན་དུ་བསྙེན་ཞིང་གཞུང་བཀའ་བོད་ལྔ་གཙོར་བྱས་པའི་མདོ་སྔགས་ལམ་གྱི་རིམ་པར་སྦྱང་བ་མཐར་ཆགས་སུ་མཛད།

རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་དུས་ཟིང་གི་དབང་གིས་རྒྱ་གར་དུ་ཕེབས་ཤིང་ཧི་མ་ཅལ་མངའ་ཁོངས་ཌལ་ཧོར་དུ་བྱ་བཏང་མཛད་དེ་སྒྲུབ་པ་ཉམས་ལེན་ལ་ཡུན་རིང་དུ་བཞུགས། དེའི་རྗེས་དགེ་བཤེས་རིག་འཛིན་བསྟན་པའི་ཞལ་སྔ་ནས་བསྟན་འགྱུར་གྱི་ལུང་ཆ་ཚང་གསན།

རིམ་ཁག་གི་གདན་སའི་སྐལ་ལྡན་གྱི་སློབ་མ་མང་པོ་མན་ངག་བདུད་རྩིས་ཚིམ་པར་མཛད། རབབྱུང་བཅུ་བདུན་པའི་ཆུ་སྤྲེལ་ལོར་རྒྱ་གར་ནས་རང་ཡུལ་རྟའུ་ཁོག་ཏུ་གསེར་ཞལ་སྒྱུར་གནང་མཛད་དེ། སྔོན་རྗེས་སུ་དགོན་པའི་དགེ་འདུན་ཡོངས་ལ་ལམ་རིམ་ཆེ་ཆུང་གི་བཤད་ཁྲིད་ཟབ་མོ་མང་དུ་གནང་བ་དང་།

རྟའུ་སྡེ་ཤོག་གིས་གསར་དུ་བཞེངས་པའི་ཐོག་ཚད་བཅུ་དྲུག་ཅན་གྱི་རྣམ་རྒྱལ་མཆོད་རྟེན་རབ་གནས་ཀྱི་མེ་ཏོག་ཡང་ཡང་འཐོར་བར་འབྲེལ། དད་ལྡན་སེར་སྐྱ་མང་ཚོགས་ཁྲི་ལ་ཉེ་བ་ཙམ་ལ་ཐུགས་རྗེ་ཆེན་པོའི་དབང་ཆེན་དང་ཡིག་དྲུག་གི་བཟླས་ལུང་བསྩལ།

མཐར་སྤུངས་ནས་རི་ཁྲོད་དུ་ཕེབས་ཏེ་ཆོས་འཁོར་སྐོར་བཞིན་པའི་ངང་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོར་དགོངས་པ་ཞི་དབྱིངས་སུ་ཐིམ། དགོན་པའི་གདན་ཐོབ་དང་པོ་སྒོ་ཆ་དགེ་བཤེས་འཕྲིན་ལས་རྣམ་རྒྱལ་ནི་སྒོ་ཆ་དུད་ཚང་དུ་རབ་བྱུང་བཅུ་བཞི་བ་ཙམ་གྱི་ནང་དུ་སྐུ་འཁྲུངས།

དབུས་སུ་ཕེབས་ཏེ་དགའ་ལྡན་དུ་གྲྭ་སར་བཞུགས་ཤིང་འབད་འབུངས་ཆེར་བསྐྱེད་ཀྱི་སྒོ་ནས་ཐོས་བསམ་སློབ་གཉེར་ཡུན་རིང་མཛད་མཐར་དགེ་བཤེས་ལྷ་རམས་པའི་ཐོབ་ཐང་བླངས།

དེ་ནས་ཕྱིར་རང་དགོན་དུ་ཆིབས་བསྒྱུར་མཛད་དེ་སྐུ་ཚེ་སྨད་ནས་མཐར་ཕྱིན་བར་ཉ་མཚོ་དགོན་པའི་བསྟན་པའི་བྱ་བཞག་ལ་ཐུགས་ཁུར་ཟབ་བཞེས་གནང་ཞིང་བསུབ་ཏུ་མེད་པའི་མཛད་རྗེས་གནང་མཐར་དགོངས་པ་ཞི་དབྱིངས་སུ་གཤེགས། སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་ནི་རབ་བྱུང་བཅོ་ལྔ་བའི་འགོ་ཙམ་ལ་སྒོ་ཆ་བླ་བྲང་དུ་སྐུ་འཁྲུངས།

གོང་ས་སྐྱབས་མགོན་རིན་པོ་ཆེས་དགེ་བཤེས་འཕྲིན་ལས་རྣམ་རྒྱལ་གྱི་ཡང་སྲིད་དུ་ངོས་[page 639] འཛིན་གནང་། དགའ་ལྡན་གྲྭ་སར་བྱོན་ཞིང་སློབ་གཉེར་ཡུན་རིང་མཛད་མཐར་མཁས་པར་གྱུར།

དེ་ནས་ཕྱིར་རང་དགོན་དུ་ཕྱག་ཕེབས་ཏེ་སྐུ་ཞབས་འཇིགས་མེད་རྒྱ་མཚོ་སོགས་དང་མཉམ་དུ་གདན་ས་བསྐྱངས་ཤིང་འཁྲུག་རྩོད་ཞི་འཇགས་སུ་གཏོང་ནས་དགོན་པ་དབྱར་མཚོ་རྒྱས་པ་བཞིན་ཡོང་བར་མཛད། དགུང་ལོ་དྲུག་ཅུ་ཡས་མས་སུ་དགོངས་པ་ཆོས་དབྱིངས་སུ་གཤེགས།

སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་ཉིན་བྱེད་ནི་རྒྱ་རིགས་དཀྱུས་མ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས། དགུང་ལོ་བཅུ་བདུན་སྟེང་དུ་ལྷ་སར་སྐུ་གཤེགས། སྐུ་ཕྲེང་བཞི་པ་བསྟན་འཛིན་རིག་བཟང་རྒྱ་མཚོ་ནི་རྟའུ་རིན་ཆེན་ནོར་བུའི་སྲས་སུ་རྒྱ་གར་དུ་སྐུ་འཁྲུངས། མིག་སྔར་དགའ་ལྡན་དུ་གྲྭ་སར་བཞུགས་ཡོད།

དགོན་པའི་གདན་རབས་སུ་བྱོན་པའི་གྲོག་དབུར་སྐུ་ཞབས་སྐུ་ཕྲེང་དང་པོ་དགེ་བཤེས་བློ་བཟང་བསམ་གཏན་ནི་རྦ་ཞབས་གྲོག་བུར་སྐུ་འཁྲུངས།

དགའ་ལྡན་དུ་གྲྭ་སར་བྱོན་ནས་མང་ཐོས་དགེ་བཤེས་དུ་མའི་ཞབས་པད་སྤྱི་གཙུག་ཏུ་བསྟེན་ཞིང་གཞུང་བཀའ་པོད་ལྔ་ལ་སྦྱང་བ་རང་རྐང་ཚུགས་པར་མཛད་མཐར་དགེ་བཤེས་ལྷ་རམས་པའི་ཐོབ་ཐང་བླངས། དེ་ནས་ཕྱིར་རང་དགོན་དུ་བྱོན་ནས་ཉ་མཚོ་དགོན་པར་གདན་ས་མཛད།

སྐུ་ཚེ་སྨད་དུ་རང་ཕྲུག་དང་སྦར་ཞབས་རི་ཁྲོད་དུ་བསྙེན་སྒྲུབ་ལ་བཞུགས་པས་རྟོགས་པའི་ས་མཐོར་གཤེགས། དགུང་ལོ་དོན་ལྔར་བཞེས་སྐབས་དགོངས་པ་ཞི་དབྱིངས་སུ་གཟིམས་པའི་ཚུལ་བསྟན།

སྐུ་ཕྲེང་གཉིས་པ་སྐུ་ཞབས་བློ་བཟང་ཆོས་འབྱོར་རྒྱལ་མཚན་ནི་ཡབ་མགོན་པོ་ནོར་བུ་དང་ཡུམ་ས་བདག་གཉིས་ཀྱི་སྲས་སུ་སྦར་ཞབས་ལོས་ཉོས་སུ་སྐུ་འཁྲུངས། གོང་ས་སྐྱབས་མགོན་རིན་པོ་ཆེ་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་དགེ་བཤེས་བློ་བཟང་བསམ་གཏན་གྱི་ཡང་སྲིད་དུ་ངོས་བཟུང་།

དགུང་ལོ་བཅོ་ལྔའི་སྟེང་རྐྱེན་ངན་བར་ཆད་འཕྲད་དེ་སྐུ་གཤེགས། སྐུ་ཕྲེང་གསུམ་པ་གྲོག་བུར་སྐུ་ཞབས་བློ་བཟང་ཆོས་འབྱོར་ནི་ཡབ་བསྟན་འཛིན་བཀྲ་ཤིས་དང་ཡུམ་གསེར་འོད་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ལྕགས་ཕོ་སྤྲེལ་གྱི་ལོར་སྐུ་འཁྲུངས།

སྐུ་ཆུང་དུས་ནས་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་དང་བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་རྣམ་གཉིས་ཀྱིས་སྐུ་ཞབས་བློ་བཟང་ཆོས་འབྱོར་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་བཟུང་། དགུང་ལོ་དྲུག་ནས་བཅོ་ལྔའི་བར་ཁུ་བོ་དགེ་བཤེས་ལྷ་མོ་བསམ་གྲུབ་མདུན་ནས་ཡི་གེ་སྦྱོར་ཀློག་དང་སུག་བྲིས་སོགས་ལ་ལེགས་པར་བསླབས།

དགུང་ལོ་བཅོ་ལྔའི་སྟེང་དུ་དབུས་སུ་ཕེབས་ནས་དགའ་ལྡན་ཏྲེ་ཧོར་ཁང་ཚན་དུ་གྲྭ་སར་བཞུགས་ཏེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་བློ་བཟང་ཡེ་ཤེས་དང་དགེ་བཤེས་རྟ་མགྲིན་མགོན་པོ།

ཁང་གསར་སྐུ་ཞབས་སོགས་བླང་དོར་གྱི་གནས་ལེགས་པར་སྟོན་པའི་བླ་མར་བསྟེན་ནས་མདོ་སྔགས་ལམ་གྱི་རིམ་པ་ལ་འབད་འབུངས་ལྷོད་མེད་ཀྱིས་སྦྱང་བ་ཡུན་རིང་མཛད། དགུང་ལོ་ཉེར་བཞིའི་སྟེང་དུ་རང་ཡུལ་དུ་ཕྱིར་ཕེབས་ནས་ཉ་མཚོ་དགོན་པར་གདན་ས་མཛད།

དུས་ཀྱི་ཟིང་འཁྲུག་ཆེན་པོ་བྱུང་སྐབས་སྐྱབས་རྗེ་དམ་པ་ཉིད་ལ་འགལ་རྐྱེན་བར་ཆད་གང་མང་འཕྲད་ཀྱང་མ་ཚུགས་པར་འཚོ་ཞིང་བཞེས་ཏེ་རྟའུ་རྫོང་ཆབ་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་བཞེས་གནང་བ་མ་ཟད། ཕྱིས་སུ་ཉ་མཚོ་དགོན་པ་[page 640] ཉམས་གསོ་མཛད་སྐབས་དབུར་བཞུགས་གནང་བར་མཛད་དེ་ད་ལྟར་ཞབས་པད་བརྟན་བཞིན་པ་ལེགས་སོ།། གཞན་ཡང་ཆོས་ཀྱི་སྡེ་ཆེན་པོ་དེ་ཉིད་དུ་དམིགས་གསལ་གྱི་མཛད་རྗེས་གཟེངས་སུ་མངོན་པའི་སྐྱེས་ཆེན་དམ་པ་རེ་ཟུང་གི་རྣམ་ཐར་ཉུང་བསྡུས་ཤིག་འགོད་ན།

བཤད་སྲོལ་ལྟར་ན་རབ་བྱུང་བཅུ་གཉིས་པ་ཙམ་གྱི་ནང་དུ་འབྲོག་རི་ཆོས་མཛོད་ཅེས་པའི་བསོད་ནམས་དང་མངའ་ཐང་གཞན་གྱི་འགྲན་ཟླ་དང་བྲལ་བ་ཞིག་བྱོན་ཞིང་གདན་ས་མཛད།

ཁོང་གི་སྐུ་དུས་སུ་ཕྱོགས་ཀྱི་ཡོན་བདག་དུ་མས་མཆོད་ཐེབས་ཕུལ་བ་ཤིན་ཏུ་མང་བར་བརྟེན་སྔར་གྱི་དགོན་རྩ་ལག་དང་བཅས་རྒྱ་བསྐྱེད་བཏང་བ་སོགས་མཛད་འཕྲིན་རླབས་ཆེ་མཐར་ཆགས་སུ་སྤེལ་བས་དགོན་པའི་ལྷ་སྡེ་དང་དགེ་འདུན་པ་ཡང་སྔར་ལས་ཇེ་མང་དུ་སོང་། སྦར་ཞབས་དགོན་རྙིང་མ་བ་དང་རྨོག་མཐོ་དགོན་རྙིང་མ་བ།

བྲག་ཆོག་བྱམས་པ་གླིང་ས་སྐྱ་བ། ལུང་ཕུག་དགོན་གཡུང་དྲུང་བོན་རྣམས་རིམ་གྱི་གྲུབ་མཐའ་ཐམས་བཅད་ཆུ་ཀླུང་གཅིག་འདྲེས་ཀྱི་ཚུལ་དུ་སོང་ནས་ཕྱོགས་ཀྱི་དགོན་ཆུང་བཞི་དེ་དགོན་གཞི་དང་བཅས་པ་སྔ་གཞུག་ཏུ་ཉ་མཚོ་དགོན་པར་བསྡོམས་པར་བྱས་པ་ཡང་ཕལ་ཆེ་ཁོང་གི་སྐུ་དུས་སུ་ཡིན་པར་སེམས།

ཧ་ལམ་རབ་བྱུང་བཅུ་བའི་ནང་དུ་ཆོས་སྡེ་དེར་མ་བུར་ཆོས་མཛོད་ཅེས་པའི་རྒྱ་བོད་ཡིག་རིགས་གཉིས་ཀྱི་བྱང་ཚད་མཐོ་ཞིང་སྤྱང་གྲུང་འཛོམས་ལ་འཇོན་ཐང་ལྡན་པའི་མཁས་པ་གྲངས་ཆེ་ཞིག་བྱོན་ནས་གདན་ས་མཛད།

ཁོང་ནི་གོ་མིན་ཏང་གི་འཐུས་མི་ཡིན་སྟབས་གོང་རིམ་ལ་མང་ཚོགས་ཀྱི་དཀའ་ངལ་ཐེངས་མང་སྙན་སེང་ཕུལ་བས་རྟའུ་ཉ་མཚོ་དགོན་ལྷ་སྡེ་དང་བཅས་པའི་སྲིད་གཞུང་ལ་དཔྱ་ཁྲལ་གང་ཡང་མི་དགོས་པར་བཟོས་པ་དང་།

རྫ་དར་རྒྱས་དགོན་པ་དང་གོ་མིན་ཏང་དམག་དཔུང་བར་འཐབ་འཛིང་བྱུང་བར་ཐབས་ཤེས་གང་ལེགས་བེད་སྤྱད་དེ་འདུམ་འགྲིག་མཛད་པ།

དགོན་པར་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་མཛད་འཕྲིན་རྒྱུན་ཆགས་སུ་བསྐྱངས་པ་སོགས་ཀྱི་མཛད་རྗེས་བླ་ལྷག་དུ་མངོན་པ་ཞིག་ཡུལ་དགོན་གཉིས་ལ་བཞག་ཡོད་པ་ལགས་སོ།། ཉ་ལུ་ཞབས་སྐུ་བསྟན་དར་རྒྱས་ཁོང་གིས་དགེ་སྟག་སྤྲུལ་སྐུའི་བཀའ་སློབ་ལྟར་དམར་དམག་རྒྱང་སྐྱོད་བྱས་སྐབས་རྨས་སྐྱོན་ཐེབས་པའི་དམར་དམག་བརྒྱ་ལྷག་དར་མདོར་སྐྱེལ་རོགས་མཛད་མྱོང་།

རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་རྒྱ་གར་དུ་ཕེབས་དང་ཁང་གསར་ལག་ཐོག་སྐུ་ཞབས་གྲགས་དཔལ། འཁར་བ་སྐུ་ཞབས་ཚེ་འཕེལ་སོགས་སྤྲུལ་མིང་འཛིན་པ་མང་དུ་གདན་ས་མཛད་དེ་དགོན་པའི་སྐྱིད་སྡུག་ལེགས་ཉེས་ལ་ཕྱོགས་ཡོངས་ནས་གཟིགས་སྐྱོང་གནང་བའི་སྲོལ་རྒྱུན་མཆིས་སོ།།

བཤད་སྒྲུབ་ཀྱི་སྲོལ་ཚུགས་ཚུལ་ནི། དེ་ཡང་ཆོས་སྡེ་ཆེན་པོ་དེར་ལུང་གི་བསྟན་པ་འཆད་ཉན་དང་རྟོགས་པའི་བསྟན་པའི་སྒོམ་སྒྲུབ་མཛད་ནསརྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ཚུལ་ཇི་ལྟར་གནང་ཚུལ་ནི། དགོན་པ་ཐོག་མར་ཆགས་ནས་རེ་ཞིག་སོང་རྗེས་བཤད་སྒྲུབ་ཀྱིས་བསྟན་པ་དར་བར་བྱུང་[page 641] སྟེ་འབྲོག་རི་ཆོས་མཛོད་དང་དགེ་བཤེས་བློ་བཟང་བསམ་གཏན། དགེ་བཤེས་འཕྲིན་ལས་རྣམ་རྒྱལ་སོགས་ཀྱིས་འཆད་ཉན་གྱི་སྲོལ་ལེགས་པར་བཙུགས།

རབ་བྱུངབཅོ་ལྔ་བ་ཙམ་གྱི་ནང་དུ་དགོན་པའི་གདན་ཞུ་ལྟར་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་སྔ་གཞུང་ཏུ་ཐེངས་འགར་དགོན་པར་ཕེབས་ནས་བཀའའགྱུར་གྱི་ལུང་དང་བསྟན་འཛིན་གྱི་ལུང་། འཇིགས་བྱེད་བདག་འཇུག་གི་རྗེས་གནང་།

དབེན་ས་སྙན་རྒྱུད་ལུགས་ཀྱི་རྟ་མགྲིན་གསང་སྒྲུབ་ཀྱི་དབང་སོགས་བཀའ་ལུང་དབང་གསུམ་མང་དུ་བསྩལ་ཏེ་སྐལ་ལྡན་གྱི་གདུལ་བྱ་མང་པོ་སྨིན་གྲོལ་གྱི་ལམ་བཀོད་པ་མ་ཚད་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་ལ་དག་ཐེར་མཛད་ཅིང་ལམ་རིམ་དང་ཁ་དོག་དཀར་དམར། བློ་རྟགས། བསྡུས་གཞུང་། མངོན་པ།

དབུ་མ་འཇུག་པ་སོགས་སློབ་གཉེར་བྱེད་པའི་བཤད་གྲྭ་དང་རྩོད་གྲྭ་བཙུགས་པ་སོགས་ཀྱི་བཀའ་དྲིན་བསམ་བརྗོད་ལས་འདས། དེ་ནས་རིམ་བཞིན་དགེ་བཤེས་བྱམས་པ་ལེགས་བཟང་དང་མགོན་པོ་དབང་ལྡན། ཆོས་ལྡན། དགེ་བཤེས་ལྷ་མོ་བསམ་གྲུབ། ཀུན་བཟང་བསོད་ནམས། དགེ་བཤེས་ཚེ་གཟུངས་བཀྲིས། བྱམས་པ་ནམ་མཁའ།

དགེ་བཤེས་ཡ་མ་ཚེ་དཔག་ཁོང་གི་མཁས་བཙུན་བཟང་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐུགས་རྒྱུད་ལ་མངའ་ཞིང་ཆགས་སྡང་ཡེ་ནས་བོར་བའི་བྱ་བཏང་གི་བརྟུལ་ཞུགས་འཛིན་པའི་དགེ་བའི་དགེ་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་ལགས་སོ། དགེ་བཤེས་བློ་བཟང་བསྟན་འཛིན། མ་བུར་ཆོས་མཛོད། དགེ་བཤེས་བློ་བཟང་སྐལ་ལྡན།

སྤུངས་ནས་སྐུ་ཞབས་སྐུ་ཕྲེང་གསུམ་པ་བྱམས་པ་ཚུལ་ཁྲིམས་རྣམ་རྒྱལ་སོགས་བརྗིད་ཆགས་ཤིང་གཟི་མདངས་འབར་བའི་གསེར་གྱི་ལྷུན་པོ་ཚར་དུ་དངར་བཞིན་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དུ་མ་ཟབ་མ་ཆད་པར་བྱོན་ཞིང་མཚན་ཉིད་ཀྱི་བཤད་སྲོལ།

སྔགས་ཀྱི་ཕྱག་ལེན་སྙིང་པོ་ཉམས་བཞེས་སོགས་གྲྭ་ས་གོང་མའི་ཕྱག་སྲོལ་མཐར་ཆགས་སུ་སྤེལ་བའི་ལུགས་སྲོལ་བཟང་པོ་དེང་གི་བར་ཡོད་པ་ལགས་སོ།།

དགོན་པའི་རྟེན་དང་བརྟེན་པའི་སྐོར་ནི། དེ་ལྟར་དགོན་པ་ཆགས་ནས་བགྲང་བྱ་ཉག་མ་དེ་དག་གི་རིང་ལ་གདན་རབས་རིམ་བྱོན་སྐལ་ལྡན་ལས་ཅན་དག་གི་རྣམ་དཀར་བསོད་ནམས་ཀྱི་ཞིང་སར་བསྐྲུན་ཡོད་པའི་རྟེན་དང་བརྟེན་པའི་གྲངས་ཀ་རགས་བསྡུས་ཤིག་འགོད་ན། ཤིང་རྐོ་རི་མོ་རྣམ་པར་བཀྲ་ཞིང་བཟོ་བཀོད་ལེགས་ལ་སྤུས་ཚད་བཟང་བ།

ཀ་བ་རིང་ཐུང་གྱ་བརྒྱད་ཡོད་ལ་ཐོག་ཚད་གསུམ་ཅན་གྱི་འདུ་ཁང་ཆེན་པོ་གཅིག་དང་བཀའ་འགྱུར་འདུ་ཁང་། གསོལ་མཆོད་ཁང་། གྲྭ་ཤག་གི་གྲངས་ཀ་ནི་ངེས་གཏན་ཞིག་འཚོལ་ཞིབ་མ་རྙེད། འོན་ཀྱང་ངག་རྒྱུན་དུ་རྟའུ་ཉ་མཚོ་དགོན་པ་གྲྭ་བ་སྟོང་དང་དགུ་བརྒྱ་ཞེས་པར་བརྟག་ན་གྲྭ་ཤག་མ་ཐ་ཡང་བརྒྱ་ཕྲག་དུ་མ་ཞིག་ཡོད་པར་སེམས།

འདུ་ཁང་གི་རྒྱབ་ཀྱི་བྱམས་པ་ཁང་དུ་ཐོག་རྩེག་ཕྱེད་གཉིས་ཚད་ཅན་གྱི་བྱམས་པ་རྩེག་འབྱམས་མ་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། རྗེ་ཡབ་སྲས་གསུམ། སྤྱན་རས་གཟིགས། གདུགས་དཀར། སྒྲོལ་མ། གནས་བརྟན་བཅུ་དྲུག་སོགས་གསེར་ཟངས་ལས་གྲུབ་ཅིང་རྩེག་ཚད་མའི་སྐུ་མང་དུ་མཆིས།

འདུ་ཁང་གི་རྩེག་གཉིས་པའི་སྟེང་དུ་ཇོ་ཁང་དང་[page 642] རྗེའི་གསེར་སྐུ་ཁང་། ལམ་རིམ་ཁང་། ལྕགས་མཁར་ཁང་། གོང་ས་ཐམས་ཅད་མཁྱེན་པའི་གཟིམ་ཁང་། ཁྲི་བ་ཁང་། རྒན་པ་ཆེ་བཞིའི་གྲོས་ཚོགས་ཁང་།

པར་ཁང་སོགས་ཀྱི་ནང་དུ་ཡོད་པའི་རྟེནགྱི་གཙོ་བོ་ནི་དཔལ་ན་ལེལ་ཎྜའི་རྟེན་གྱི་གཙོ་བོར་གྲགས་པ་རྒྱལ་བ་རྡོ་རྗེ་འཆང་གི་གསེར་སྐུ་གྲུ་དོ་ཙམ་ཡོད་པ་དང་ཐུབ་སྐུ་ཟངས་ཐང་མ་མཐོ་ཕྱེད་གཉིས་པ། རྗེ་བཙུན་བྱམས་པ་བྱམས་བཞུགས་མ་མཐོ་དོ་ཅན། ཐུབ་པ་ལོངས་སྐུ་ཆས་ཅན་མཐོ་གང་བ། རྡོ་རྗེ་འཆང་གཏེར་མ་ཡིན།

ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། གུ་རུ། རྗེ་ཙོང་ཁ་བ། རྒྱལ་ཚབ་དར་མ་རིན་ཆེན། འདུལ་འཛིན་གྲགས་པ་རྒྱལ་མཚན། པན་ཆེན་བསོད་ནམས་གྲགས་པ་སོགས་གསེར་སྐུ་དང་སྐུ་གྲངས་ལས་འདས་པ་བཞུགས། ཐོག་རྩེག་གསུམ་པའི་སྟེང་དུ་རྒྱ་ཕེབས་རི་དྭགས་ཆོས་འཁོར་དང་ལྡན་པ། གསེར་གྱི་རྒྱལ་མཚན། ཐུག་ནག་སོགས་མཆིས།

འདུ་ཁང་གཡས་ཕྱོགས་ཀྱི་གསོལ་མཆོད་ཁང་དུ་དམ་ཅན་ཆོས་རྒྱལ་དང་དཔལ་ལྡན་དམག་ཟོར་མ། མགོན་པོ་ཕྱག་དྲུག་པ། ཆོས་སྐྱོང་ཆེན་པོ་བསེའི་ཁྲབ་ཅན། རྒྱལ་བོ་ཆེན་པོ་གནམ་ཐོས་སྲས་སོགས་ཆོས་སྐྱོང་འཁོར་དང་བཅས་པའི་འདྲ་སྐུ་མཆིས་སོ།། ཞལ་ཐང་དང་རས་གཞི་ཡི་སྐོར་ལ་སྐྱེས་རབས་དཔག་བསམ་ཁྲི་ཤིང་དང་རྒྱན་དྲུག་མཆོག་གཉིས།

དགའ་ལྡན་ལྷ་བརྒྱ་མ། བླ་མ་མཆོད་པའི་ཚོགས་ཞིང་། རྗེའི་གཟིགས་པ་ལྔ་ལྡན། ཐུགས་རྗེ་ཆེནཔོ། སྨན་ལྷ། ཚེ་དཔག་མེད། ཀུན་རིག། གསང་བདེ་འཇིགས་གསུམ། དུས་འཁོར། ཚེ་རིང་མཆེད་ལྔ། ལྕམ་སྲིང་། རྒྱལ་ཆེན་སྡེ་བཞི་སོགས་གསེར་ཐང་དང་ཐང་རྙིང་མང་དུ་མཆིས། བཀའ་འགྱུར་དངུལ་བྲིས་མ་གཙོར་བྱས་པའི་བཀའ་འགྱུར་ཆ་ལྔ།

བསྟན་འགྱུར་ཆ་གསུམ། རྗེའི་གསུམ་འབུམ་ཆ་ཚང་ཆ་གཉིས། རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམ་ཆ་ཚང་གཉིས། རྒྱལ་བ་དགེ་འདུན་གྲུབ་ཀྱི་གསུང་འབུམ། པན་ཆེནབློ་བཟང་ཆོས་རྒྱན་གྱི་གསུམ་འབུམ། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་གསུང་འབུམ། བྲག་དཀར་གསུང་འབུམ་སོགས་ཡོད། གསུང་རྟེན་ཆེ་བཀའ་འགྱུར་ཁང་དུ་བཞུགས།

བྱང་ཆུབ་མཆོད་རྟེན་དང་བཀའ་གདམ་མཆོད་རྟེན་སོགས་ཐུགས་རྟེན་མང་དུ་བཞུགས། མཆོད་རྫས་དང་མཆོད་པའི་ཡོ་བྱད་ཀྱི་སྐོར་མཚོན་པ་ཙམ་ཞིག་འགོད་ན། སྤུག་ཆལ་དང་སིལ་སྙན། འཁར་རྔ། རྔ་བོ་ཆེ། དངུལ་གྱི་རག་དུང་དང་ཟངས་ཀྱི་རག་དུང་། དུང་དཀར། རྒྱ་གླིང་། རྐང་གླིང་། གཏོར་ཆ་གཏོར་མ་ཆ་ཚང་། གདུགས། རྒྱལ་མཚན། ཀ་འཕན།

དྲ་བ་དྲ་ཕྱེད། བླ་བྲེ། བཀྲིས་རྟགས་བརྒྱད། བཀྲིས་རྫས་བརྒྱད། རྒྱལ་སྲིད་སྣ་བདུན། སྡོམ་བརྩོན་དམ་པ། ཚེ་རིང་རྣམ་དྲུག མཐུན་པ་སྤུན་བཞི། དྲིལ་བུ། ལྷུང་བཟེད། འཁར་གསིལ། མཎྜལ། བུམ་པ། མཆོད་ཀུང་དང་ཏིང་ཕོར་སྣ་ཚོགས། ཚོགས་བཟུང་ཆེ་ཆུང་སྣ་ཚོགས། ཚོགས་གདན་རིང་ཐུང་སྣ་ཚོགས།

དར་ཕྲུག་གོས་ཆེན་སྣ་ཚོགས་སོགས་སྤུས་ཚད་མཐོ་ཞིང་རིང་ཐང་ཆེ་ལ་གྲངས་ཀ་མང་པའི་དགོན་སྡེ་གཞན་ལས་ལྷག་པར་མཆིས་སོ།།

རྟའུ་ཉ་མཚོ་དགོན་ཐོས་བསམ་དར་རྒྱས་གླིང་གི་ལོ་འཁོར་རྒྱུན་འཇགས་སུ་གྱུར་ཡོད་པའི་ཚེས་དུས་མཆོད་འཚོགས་ཚུལ་འགོད་པ་ལ། ཧོར་ཟླ་དང་པོའི་ནང་ཟླ་བ་ཕྱེད་ཀྱི་རིང་ལ་སྨོན་ལམ་ཆེན་མོ་[page 643] འཚོགས་པར་སྦྲགས་བཅོ་ལྔ་མཆོད་པ་གཤམ་རྒྱུ་དང་དགེ་གཡོག་དམ་བཅའ་བོར་རྒྱུ།

གཏོར་རྒྱག་བྱམས་པ་གནས་སྐོར་བཅས་དང་། ཧོར་ཟླ་གཉིས་པའི་ནང་ཉིན་བཅུའི་རིང་ལ་བཀའ་འགྱུར་ཡོངས་རྫོགས་བཀླག་རྒྱུ། ཧོར་ཟླ་གསུམ་པའི་ཉིན་བརྒྱད་ལ་འཇིགས་བྱེད་བདག་འཇུག་འཚོགས་རྒྱུ། ཧོར་ཟླ་ལྔ་པའི་ཉིན་བཅོ་ལྔའི་རིང་ལ་བཀའ་རིམ་འཚོགས་ཏེ་རྗེ་བློ་བཟང་གྲགས་པའི་གསུང་འབུམ་ཡོངས་རྫོགས་བཀླག་རྒྱུ།

ཧོར་ཟླ་དྲུག་པའི་ནང་ཉིན་བདུན་ལ་སྦྱོར་བའི་ཆོས་དྲུག་འཚོགས་རྒྱུ། ཧོརཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ཧོར་ཟླ་བདུན་པའི་གནམ་སྟོང་གི་བར་དབྱར་གནས་འཚོགས་རྒྱུ། ཧོར་ཟླ་བརྒྱད་པའི་ནང་ཉིན་བདུན་ལ་སྨན་ལྷ་འཚོགས་རྒྱུ། ཧོར་ཟླ་དགུ་པའི་ནང་ཉིན་བརྒྱད་ལ་ལྕམ་དཀར་འཚོགས་རྒྱུ།

ཧོར་ཟླ་བཅུ་པའི་ནང་ཉིན་བདུན་ལ་རྗེ་ཙོང་ཁ་བའི་འདས་མཆོད་དགའ་ལྡན་ལྔ་མཆོད་འཚོགས་རྒྱུ། ཧོར་ཟླ་བཅུ་བཅུ་གཅིག་པ་དང་བཅུ་གཉིས་ཀྱི་ནང་དུ་དགོངས་མཚམས་ལ་ཞུགས་ཏེ་ཐུན་གདམ་རྒྱུ། གཞན་ཡང་ཧོར་ཟླ་གཉིས་པ་དང་བཞི་པ། བདུན་པ། བཅུ་པའི་དཀར་ཕྱོགས་བཅས་ལ་བཤད་གྲྭའི་སློན་གཉེར་བ་རྣམས་འཚོགས་པ་དང་།

ཆོས་སྐྱོང་ཁང་དུ་གསོལ་ཁ་རྒྱུན་འདོན་བྱས་པའི་སྲོལ་རྒྱུན་གཏན་འཇགས་སུ་ཡོད་པ་ལགས་སོ།།

དགོན་པའི་དཔལ་འབྱོར་གྱི་སྐོར་ནི། དགོན་པ་དེ་ཏྲེ་ཧོར་ཁམས་པའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས།

འགྲིམ་འགྲུལ་སོགས་ཀྱི་ལྟེ་གནས་སུ་ཆགས་ཡོད་སྟབས་ཞིང་ལས་དང་ཚོང་ལས་གཉེར་བའི་ཡོང་སྒོ་ཡིས་དགོན་གཞུང་གི་ཚོགས་པའི་གཏོང་སྒོ་དང་དགོན་པ་འཛུགས་སྐྲུན་སོགས་ཀྱི་འགྲོ་གྲོན་དུ་བྱས་པའི་སྲོལ་རྒྱུན་ཡོད་པ་ལགས་སོ།། དེ་ཡང་ཞིང་ལས་ལ་མཚོན་ན་ཁྱིམ་ཚང་རྩ་མེད་དུ་སོང་བའི་ས་ཞིང་དགོན་པས་བདག་ཏུ་བཟུང་བ་དང་ཤི་བོའི་དགེ་རྩ་ཆེད་དུ་ཕུལ་བའི་ས་ཞིང་བཅས་སྡོམ་འབོར་ལ་གཞལ་ན་མོའུ་སྟོང་ཕྲག་འགའ་ཡོད་པར་བཤད།

ས་ཞིང་དེ་དག་དགོན་པའི་ཆབ་འབངས་སུ་གཏོགས་པའི་མང་ཚོགས་ལ་ཐོག་ཤེད་གཏོང་ནས་ཐོག་སྐྱེད་གཉིས་བགོ་བྱས་པའི་རྨོ་བཀོལ་སོ་ནམ་བྱས་དགོས་པའི་ལམ་ལུགས་བཙུགས་ཡོད་པ་རེད། ཚོང་ལས་ལ་མཚོན་ན་དགོན་པས་ཚོང་གཉེར་བ་ཆེད་བསྐོར་བྱས་ནས་སྟོད་ཀྱི་རྒྱ་གར་དང་བལ་ཡུལ། ལྷ་ས།

ཡུལ་ཤུལ་སོགས་དང་སྨད་རྒྱ་ནག་གི་ས་ཁུལ་ཕལ་ཆེར་གཟི་བྱུར་ཤ་རྭ་གླ་རྩི། འབུ་རྫ་ཡུང་། དར་ཕྲུག་གོས་ཆེན། ཇ་ཚྭ། ཉལ་དུད། མེ་མདའ་མཚོན་ཆ་སོགས་ཀྱི་ཚོང་ལས་གཉེར་ནས་ཁེ་སྤོག་ལོན་ཐབས་བྱས་རྒྱུའི་ལན་ལུགས་ཆགས་ཡོད་པར་རེད། དགོན་པར་འབྲུ་རིགས་དང་ཇ་ཚྭ། མར་ཆུར། གསེར་དངུལ། རྟ་དྲེལ།

མཛོ་གཡག་སོགས་ཀྱི་རྒྱུ་རྩ་སྒོར་མོ་ཁྲི་ཚོ་བརྒྱ་ཕྲག་དུ་མ་ཞིག་གི་རིན་ཐང་ཡོད། དགེ་འདུན་པའི་འཚོ་བ་འགྱེད་ཡོན་ཁ་དང་ཚོགས་པའི་གཏོང་སྒོ་སོགས་ལ་བརྟེན་ནས་ཕུག་ནོར་ཅུང་ཟད་ཙམ་ལས་ཆེ་ཆེར་འཆིང་བའི་ལུགས་སྲོལ་མ་མཆིས་སོ།།

ཡུལ་དགོན་གཞན་དང་འབྲེལ་ཚུལ་དང་དགོན་པའི་ལྷ་སྡེ་ནི། ངག་རྒྱུན་ལྟར་ན་རབ་བྱུང་བཅུ་གཉིས་པའི་མེ་སྟག་ལོ་ནས་བཟུང་གཡུ་མཁར་དགོན་དང་དཀར་ཆ་དགོན། རྒྱལ་འཕགས་དགོན། ཀོང་ཐ་དགོན་པ་རྣམས་[page 644] ཀྱི་དགོན་པ་རྣམས་ཀྱི་དགོན་མགོ་ཉ་མཚོ་དགོན་པར་རིམ་གྱིས་ཕུལ།

དེ་ནི་ཆོས་རྒྱུད་ཀྱི་ཐད་ནས་དགོན་དང་དགོན་ལག་གི་འབྲེལ་བ་བྱས་པ་མིན་ཏེ། དགོན་པ་ཆེ་ཆུང་དང་དུས་ཀྱི་འཕོ་འགྱུར་གྱི་དབང་གིས་དགོན་དང་དགོན་ལག་གི་བྲེལ་བ་ཆགས་པ་ཞིག་ཡིན་པར་ངེས་སོ། དགོན་པ་རང་ཉིད་ཀྱི་ཆོས་རྒྱུད་ལས་མཆེད་པའི་སློབ་ཚོགས་ཀྱིས་ཕྱག་བཏབ་པའི་རི་ཁྲོད་རེ་ཟུང་ཙམ་ལས་དགོན་པ་ནི་མ་མཆིས་སོ།

དགོན་པའི་མཆོད་གཞིས་སམ་ལྷ་སྡེ་ནི་དགོན་པ་དེ་ཐོག་མར་ཆགས་པ་ནས་བཟུང་ཁང་གསར་སྡེ་བ་དང་མ་ཟུར་སྡེ་བ། རི་སྣེ་སྡེ་བ། དགེ་བཤེས་སྡེ་བ།

སྦར་ཞབས་སྡེ་བ་བཅས་ཀྱི་དུད་ཁྱིམ་སྟོང་ཕྲག་ལྷག་ཉ་མཚོ་དགོན་པའི་མཆོག་གཞིས་སམ་ལྷ་སྡེ་རུ་གྱུར་བ་མ་ཟད་དགོན་པའི་གྲྭ་རྒྱུད་ཀྱང་སྡེ་ཤོག་དེ་དག་ནས་ཡོང་དགོས་པའི་སྲོལ་རྒྱུན་དེང་གི་བར་དུ་ཆགས་ཡོད་པ་ལགས་སོ།།

དགོན་པའི་ཆོས་རྒྱུན་ནི། མཚན་ཉིད་གྲྭ་ས་བྱོན་ཡུལ་ནི་དགའ་ལྡན་ཏྲེ་ཧོར་ཁང་ཚན་གཙོར་བྱས་པའི་འབྲས་སྤུངས་དང་སེ་ར་བཅས་ཡིན་པ་དང་གསང་སྔགས་ཀྱི་ཕྱག་བཞེས་ནི།

རྗེ་ཙོང་ཁ་བའི་དངོས་སློབ་རྗེ་ཤེས་རབ་སེང་གེས་ཕྱག་བཏབ་མཛད་པའི་རྒྱུད་སྨད་པའི་ཆོ་གའི་ཕྱག་བཞེས་མ་ལུས་པར་སྒོམ་སྒྲུབ་ཉམས་ལེན་ལྷུར་ལེན་པར་ཐུགས་ཉམས་སུ་བསྟར་བའི་མཛད་འཕྲིན་མཐར་ཆགས་སུ་བསྲིངས་པའི་ལུགས་སྲོལ་མཆིས་པ་ལགས་སོ།། དགོན་པ་ལ་ཉམས་ཉེས་དང་གཏོར་བརླགས་བྱུང་ཚུལ་ནི།

རབ་བྱུང་བཅོ་ལྔ་བའི་ནང་ཙམ་དུ་གནས་དེར་ས་འགུལ་དྲག་པོར་བྱུང་སྟེ། དགོན་པའི་བླ་སེར་བརྒྱ་ལྷག་ས་འོག་ཏུ་མནན་པ་དང་རྟེན་དང་བརྟེན་པ་ཐམས་ཅད་འགྱེལ་ཆག་བྱུང་བས་དགོན་པར་ཕྱོགས་ཡོངས་ནས་གྱོང་གུད་དང་ཉམས་ཉེས་ཚབས་ཆེན་ཐེབས། དེར་བརྟེན་ཆོས་རྗེ་བླ་མ་དར་རྒྱས་སོགས་ཀྱིས་བསྐྱར་བཞེངས་སྔར་ལས་ལྷག་པར་མཛད།

ཆིན་རྒྱལ་རབས་ཀྱི་དུས་སུ་ཕྱི་གླིང་ཆོས་ལུགས་ཚོགས་པ་ཁམས་ཁུལ་དུ་སྤེལ་བར་ཆོག་མཆན་ཐོབ་པར་བརྒྱུད་དེ་རབ་བྱུང་བཅོ་ལྔ་བའི་ནང་དུ་ཧྤྷ་རན་སིའི་གནམ་བདག་ཆོས་ལུགས་ཀྱི་ཆོས་ཁང་ཞིག་གསར་བཏབ་བྱས།

དེར་བརྟེན་རབ་བྱུང་བཅོ་ལྔ་བའི་ཆུ་བྱི་ལོར་ཉ་མཚོ་དགོན་པའི་མཐོ་རིམ་བླ་སེར་དང་རི་སྣེ་བའི་དཔོན་པོ་ཟུང་འབྲེལ་བྱས་ནས་ཕྱི་གླིང་བའི་གནམ་བདག་ཆོས་ལུགས་ཀྱི་ལྷ་ཁང་མེར་བསྲེགས་བཏང་བ་དང་ཆོས་པ་རྣམས་བཙོན་དུ་བཟུང་།

དེའི་རྐྱེན་གྱིས་གོ་མིན་ཏང་གིས་རྒྱལ་ས་བཟུང་བའི་སྐབས་སོ་ལྷོ་ནུབ་དམག་ཁུལ་དམག་དཔུང་ཁག་གཉིས་རྟའུ་བཏང་། དམག་དཔུང་རྟའུར་བསྐྱོད་ནས་ཉ་མཚོ་དགོན་པ་དང་ཟིང་འཁྲུགས་བྱས་མཐར་དགོན་པ་དམག་གིས་བཟུང་ཞིང་བླ་སེར་ཕལ་ཆེ་བྲོས་དགོས་བྱུང་བ་མ་ཟད།

ལོ་ཁ་ཤས་ཀྱི་རིང་ལ་དགོན་པའི་ཆོས་ལུགས་ཀྱི་མཛད་སྒོ་སྤེལ་བའི་རྒྱུན་ཆད།

དེའི་དུས་སུ་སྤུངས་ནང་སྐུ་ཞབས་འཇིགས་མེད་བསྟན་འཛིན་རྒྱ་མཚོ་དང་སྒོ་ཆ་སྐུ་ཞབས་ངག་དབང་འཕྲིན་ལས་རྣམ་གཉིས་ཀྱིས་བར་འདུམ་མཛད་དེ་ཕྱི་གླིང་བའི་ལྷ་ཁང་མེར་བསྲེགས་པ་སོགས་ཀྱི་བྱ་སྤྱོད་སྤེལ་བར་ཞུ་བཤགས་དང་གྱོང་གསབ་བྱས་པ་མ་ཚད་ཕྱིན་ཆད་ཟིང་འཁྲུགས་མི་སློང་རྒྱུར་ཁག་ཐེག་བྱེད་རྒྱུའི་གན་རྒྱ་བཞག་པར་བརྟེན།

[page 645] འདུམ་འགྲིག་ལེགས་པོ་བྱུང་བ་དང་དུས་མཚུངས་སུ་སྐུ་ཞབས་རྣམ་གཉིས་ཉ་མཚོ་དགོན་པའི་བསྟན་བདག་གཙོ་བོར་བསྐོ་བཞག་བྱས།

རབ་བྱུང་བཅུ་དྲུག་པའི་མེ་བྱི་ལོར་གོ་མིན་ཏང་གི་རྟའུར་བཅའ་སྡོད་བྱས་ཡོད་པའི་ཡ་མོན་གྱི་མི་སྣས་ལྐོག་གཡོ་ངན་ཇུས་ཀྱི་བསླུ་བྲིད་འོག་རྟའུ་ས་ཁུལ་གྱི་སེར་སྐྱ་ཚུད་པར་འབྲེལ་རྒྱང་སྐྱོད་བྱས་པའི་དམར་དམག་དང་ཉ་མཚོ་དགོན་པ་ཟིང་འཁྲུགས་བྱུང་།

ངོ་རྒོལ་བཞི་བ་དང་རིག་གནས་གསར་བརྗེའི་སྐབས་སུ་ཉ་མཚོ་དགོན་གྱི་ཚོགས་ཆེན་འདུ་ཁང་ཙམ་མ་གཏོགས་གཞན་གྱི་རྟེན་དང་བརྟེན་པ་ཐམས་ཅད་འབྱུང་བཞིར་ཡོད་པར་ངེས་སོ།།

དེང་གི་གནས་ཚུལ། ཕྱིས་སུ་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་བ་དང་གོང་རིམ་སྲིད་གཞུང་གིས་ཉ་མཚོ་དགོན་པ་ཉམས་གསོ་བྱ་རྒྱུའི་ཆོག་མཆན་གནང་བ་སོགས་ཀྱི་སྔོན་འགྲོའི་ཆ་རྐྱེན་བཟང་པོ་སྦྱར་བར་བརྟེན། སྔར་གྱི་བླ་རྒན་རྙིང་བ་སྐུ་ཞབས་འབྱུང་གནས་ཏྲེ་བོ་སྐུ་ཞབས་བློ་བཟང་ཆོས་འབྱོར།

དགེ་བཤེས་བློ་བཟང་སྐལ་ལྡན་སོགས་དབུར་བཞུགས་མཛད་འོག་སྔར་གྱི་ཉ་མཚོ་དགོན་པའི་ལྷ་སྡེ་ཁང་གསར་དང་མ་ཟུར། རི་སྣེ། དགེ་བཤེས།

སྦར་ཞབས་བཅས་སྡེ་ཤོག་གི་རྒྱ་ཆེའི་ཆོས་ལུགས་པ་དད་ལྡན་མང་ཚོགས་རྣམས་ཀྱིས་མཉམ་དུ་རང་མོས་ཀྱི་སྒོ་ནས་ངལ་རྩོལ་ནུས་ཤུགས་དང་རྒྱུ་ནོར་གྱི་ནུས་ཤུགས་འབོར་ཆེན་བཏོན་ནས་འདུ་ཁང་རྟེན་དང་བརྟེན་པ་ཐམསཅད་ཧ་ལམ་སྔར་ལྟར་བཞེངས་པ་ལེགས་པར་གྲུབ་ཟིན།

མིག་སྔར་ཕྱོགས་གཅིག་ནས་མཚན་ཉིད་མཁན་པོ་བློ་བཟང་ཡེ་ཤེས་དང་ཁྲི་བ་དབང་ཕྱུག་སོགས་དབུར་བཞུགས་གནང་འོག་བླ་སེར་བརྒྱ་ཕྲག་འགས་ཐུགས་མཐུན་ཁྲིམས་གཙང་གིས་སྒོ་ནས་གདན་རབས་གོང་མའི་ཕྱག་བཞེས་མ་ལུས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བའི་ཆོས་མཐུན་གྱི་མཛད་སྤྱོད་འབའ་ཞིག་གནང་བཞིན་ཡོད་པ་དང་།

ཕྱོགས་གཞན་གཅིག་ནས་དགོན་པ་རང་ཁ་རང་གསོ་བྱེད་དགོས་པའི་ཆོས་ལུགས་ཕྱོགས་ཀྱི་སྲིད་ཇུས་བྱེད་ཕྱོགས་མངོན་གྱུར་གང་ལེགས་ཡོང་ཆེད་དུ་དགོན་པ་བདག་གཉེར་ལྷན་ཁང་གིས་སྣེ་ཁྲིད་གནང་འོག་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་ལ་གཞིར་བཟུང་ཐོག་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་རྣམ་པ་མི་འདྲ་བའི་ཚོང་སྣ་ཚོགས་གཉེར་བཞིན་ཡོད་པ་ལགས་སོ།། འཕྲིན་དགའ་ནས།

ཁ་ཐོག་དགོན་གྱི་ལོ་རྒྱུས།

ཁོ་ཐོག་དགོན་པའི་ནི་བོད་རབ་བྱུང་དགུ་པ་ནང་དུ་ཆགས། གྲུབ་མཐའ་དགེ་ལུགས་པ་ཡིན། དེང་སང་རྟའུ་རྫོང་བྱ་ཐང་ཤང་གི་ཁོངས་སུ་གཏོགས།

ངག་རྒྱུན་ལྟར་ན་དུས་རབས་བཅུ་བཞི་པ་ཙམ་གྱི་ནང་དུ་རྒྱལ་བ་བཀའ་བརྒྱུད་ཀྱི་ཆོས་རྒྱུད་ཀྱི་ཆོས་རྒྱུད་ལས་མཆེད་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་བླ་མ་གཞོན་ནུ་བཟང་པོས་ཁ་ཐོག་རྒྱབ་རིའི་ཕག་ཏུ་རི་ཁྲོད་ཅིག་ཐོག་མར་ཕྱག་བཏབ་མཛད་དེ་སྒོམ་སྒྲུབ་ཉམས་ལེན་གྱི་བརྟུལ་[page 646] བཞུགས་འཛིན་ཞིང་སློབ་བརྒྱུད་བསྐྱངས་པ་ནས་བཟུང་དགོན་པ་ཆགས།

ཕྱིས་སུ་རབ་བྱུང་དགུ་པའི་ནང་འཁྲུངས་ཡུལ་དབུས་གཙང་ནས་ཡིན་པའི་གོང་ས་སྐྱབས་མགོན་ཆེན་པོའི་དངོས་སློབ་དགེ་བཤེས་བསྟན་པའི་ཉི་མ་རྒྱལ་མཚན་གནས་དེར་ཞབས་ཀྱིས་བཅགས་ནས་སྔར་གྱི་བླ་མ་གཞོན་ནུ་བཟང་པོའི་སྒྲུབ་ཁང་དུ་བཞུགས་ཏེ་ཆོས་མང་དུ་གསུངས་པར་འབྲེལ་ས་གནས་དེའི་སེར་སྐྱ་མང་ཚོགས་ཀྱིས་མགྲིན་གཅིག་ཏུ་མཆོད་གནས་སུ་བཀུར་ཞིང་མཐུན་རྐྱེན་དང་ཞབས་ཏོག་གང་ལེགས་སྦྱར་བའི་སྔོན་འགྲོའི་ཆ་རྐྱེན་ལ་བརྟེན་ནས་བླ་མ་རིག་འཛིན་འཕྲིན་ལས་དང

ཁོང་གི་རྣམ་གཉིས་ཀྱིས་འདྲ་ཁ་ཐོག་དགོན་པ་ཕྱག་བཏབ་པར་མཛད་དོ།།

གདན་རབས་རིམ་བྱོན་གྱིས་ཆོས་རྒྱུད་སྐྱོང་ཚུལ། གདན་རབས་དང་པོ་བླ་མ་གཞོན་ནུ་བཟང་པོ་ནི་དུས་རབས་བཅུ་བཞི་པའི་ནང་དུ་ཡབ་བློ་བཟང་ཆོས་འཕེལ་དང་རྡོ་རྗེ་དཔལ་མཚོ་གཉིས་ཀྱི་སྲས་སུ་ནམ་མཁའ་འཇའ་ཟེར་གྱིས་གང་བ་དང་ཡུམ་གྱི་རྨི་ལམ་དུ་ཉི་མ་ཤར་བ་རྨིས་པ་སོགས་བལྟས་བཟང་པོ་དུ་མ་དང་བཅས་ཏེ་སྐུ་བལྟམས།

དགུང་ལོ་ཆུང་དུས་ནས་ཡི་གེ་འབྲི་ཀློག་སྦྱོང་བ་ཚེགས་མེད་དུ་མཁྱེན། དེ་ནས་བཀའ་བརྒྱུད་པའི་བྱ་བཏང་གྱི་རྣལ་འབྱོར་བ་ཞིག་གི་གམ་ཟབ་ལམ་མན་ངག་གི་གདམས་པ་མང་པོ་བུམ་པ་གང་བཤོས་ཀྱི་ཚུལ་དུ་གསན་པས་གྲུབ་པའི་དབང་ཆེན་པོའི་སར་གཤེགས།

དགུང་ལོ་ཉེར་ལྔའི་སྟེང་ཁ་ཐོག་རྒྱབ་རིའི་ཕག་ཏུ་རི་ཁྲོད་ཅིག་ཕྱག་བཏབ་མཛད་དེ་རྒྱལ་བ་བཀའ་བརྒྱུད་པའི་ཆོས་རྒྱུད་སྤེལ་མཐར་སྒོམ་སྒྲུབ་ཉམས་ལེན་ལ་ཡུན་རིང་གཞལ་རྗེ་ས་སྐུ་ལུས་རང་བསྲེལ་དུ་མའི་ཕུང་པོར་གྱུར། དེའི་རྗེས་སུ་ཁོང་གི་སློབ་མ་བླ་མ་ཨུ་རྒྱན་ནོར་བུ་གདན་རབས་ལྟར་བྱོན་ནས་སློབ་རྒྱུད་བསྐྱངས།

དེའི་སློབ་མ་བླ་མ་པདྨ་ཆོས་གླིང་གདན་རབས་ལྟར་བྱོན། དེ་ནས་བླ་མ་ཡེ་ཤེས་དོན་འགྲུབ་བྱོན་ནས་གདན་རབས་གོང་མའི་ཕྱག་བཞེས་མུ་མཐུད་རྒྱུན་ཆགས་སུ་བསྐྱངས། གདན་རབས་ལྔ་པ་བསྟན་པའི་ཉི་མ་རྒྱལ་མཚན་བྱོན།

ཁོང་ནི་དབུས་གཙང་ས་ཁུལ་དུ་སྐུ་འཁྲུངས་དགུང་ལོ་བཅོ་ལྔའི་སྟེང་དུ་ལྷ་ལྡན་དུ་གྲྭ་སར་བྱོན་ཞིང་གོང་ས་སྐྱབས་མགོན་ཆེན་པོའི་མདུན་ནས་བསྙེན་རྗོགས་ཀྱི་སྡོམ་པ་མནོས།

དེ་ནས་མཚན་ཉིད་ལྡན་པའི་དགེ་བའི་བཤེས་གཉེན་དུ་མའི་ཞབས་པད་སྤྱི་གཙུག་ཏུ་བླངས་ཏེ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་བརྩོན་སྦྱངས་ནན་པོ་བྱས་ཏེ་མཁས་པའི་གོ་འཕང་སྙེགས་མཐར་དགེ་བཤེས་ཀྱི་མཚན་ཐོབ་བླངས་རྗེས་སུ་གོང་ས་སྐྱབས་མགོན་ཆེན་པོའི་ཞལ་བཀོད་ལྟར་དགུང་ལོ་ཉེར་བརྒྱད་བཞེས་སྐབས་མདོ་སྨད་ཕྱོགས་སུ་ཕེབས་ནས་བྲག་ཡབ་ལོ་བདུན་ལ་བཞུགས་ནས་ཆོས་འཁོར་རྒྱ་ཆེར་བསྐོར།

དགུང་ལོ་སོ་ལྔ་བཞེས་སྐབས་ཁ་ཐོག་རི་ཁྲོད་དུ་ཕྱག་ཕེབས་གནང་ཞིང་སྔར་གྱི་བླ་མ་གཞོན་ནུ་བཟང་པོའི་སྒྲུབ་ཕུག་ཏུ་སྒོམ་སྒྲུབ་ཉམས་ལེན་ལ་རྩེག་གཅིག་ཏུ་གཞོལ་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བུ་ཆེན་པོའི་སར་གཤེགས་པར་མཛད་མཐར།

འཁོར་སློབ་བླ་གྲྭ་བཅུ་ཕྲག་ལྷག་འདུས་པར་རྟེན་འབྲེལ་གྱི་ཆེད་དུ་བླ་མ་ལྔ་བཅུ་བ་དང་འདུལ་བའི་བསླབ་བྱ། བྱང་ཆུབ་སེམས་དཔའི་རྩ་ལྟུང་། ལམ་རིམ། སྤྱོད་འཇུག བདེ་[page 647] མཆོག་གསང་འདུས་སོགས་དབང་ལུང་མན་ངག་ཟབ་ཁྲིད་མང་དུ་བསྩལ།

དེར་བརྟེན་ས་གནས་དེའི་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་མཐུན་རྐྱེན་དང་ཞབས་ཏོག་གང་ལེགས་སྦྱར་བའི་སྔོན་འགྲོའི་ཆ་རྐྱེན་ལ་བརྟེན།

བཀའ་བརྒྱད་པའི་བླ་མ་རིག་འཛིན་འཕྲིན་ལས་དང་ཁོང་རྣམ་གཉིས་ཀྱིས་རབ་བྱུང་དགུ་པའི་ནང་དུ་རི་ཁྲོད་ཀྱི་ཉེ་འདེབས་སུ་འདྲ་ཁ་ཐོག་དགོན་པའི་འདུ་ཁང་བརྟེན་དང་བརྟེན་པའི་རྨང་རྐང་ལེགས་པར་བསྐྲུན་ནས་སྤངས་འཁོར་གླིང་ངམ་ལྔ་མཆོད་དགོན་ཞེས་མཚན་གྱི་ཅོད་པན་གསོལ།

དགོན་པའི་ཆོ་གའི་ཕྱག་བཞེས་ཕལ་ཆེ་དགའ་ལྡན་ཞྭ་སེར་འཆང་བའི་རང་ལུགས་ལྟར་བྱས་མཐར་གདན་རབས་འཛིན་པ་ཀུན་གྱི་ནང་ནས་རྒྱུ་སྐར་གྱི་ཁྲོད་དུ་རི་བོང་འཛིན་པ་བཞིན་མཆོག་ཏུ་བསྔགས་པར་གྱུར་ཏེ་སྐུ་ཚེ་མཐར་ཕྱིན་ནོ།། དེའི་རྗེས་སུ་བླ་མ་བློ་བཟང་དབང་ཕྱུག་གིས་གདན་ས་བསྐྱངས།

དེ་ནས་བླ་མ་བློ་བཟང་འཇམ་དབྱངས་སོགས་གདན་སར་བྱོན་ནས་གདན་རབས་གོང་མའི་སློབ་རྒྱུད་དང་ཕྱག་བཞེས་མ་ལུས་པའི་ཁྲིད་ལུང་མན་ངག་རྗེས་གནང་དང་བཅས་པ་རྒྱུན་འཛིན་གནང་བའི་རྣམ་དཀར་དགེ་བའི་མཛད་འཕྲིན་བཟང་པོ་རྒྱུན་ཆགས་སུ་བསྲིངས་ནས་རིག་གནས་གསར་བརྗེའི་བར་དུ་ཐུག་ཡོད་པར་སེམས་སོ།།

སྐུ་གསུང་ཐུགས་རྟེན། ཁ་ཐོག་དགོན་པ་ཆགས་ནས་བགྲང་བྱ་ཉག་མ་དེ་དག་གི་རིང་ལ་ལས་ཅན་རྣམས་ཀྱིས་བསོད་ནམས་ཀྱི་ཞིང་སར་བསགས་པའི་རྟེན་དང་བརྟེན་པའི་གྲངས་ཀ་རགས་ཙམ་བརྗོད་ན། དགོན་པའི་ཕྱི་ཁོག་ལ་འདུ་ཁང་གཉིས་དང་རྒྱུ་མཛོད་ཁང་། གྲྭ་ཤག ཇ་ཁང་། མཆོན་རྟེན་སོགས་ཡོད།

ནང་རྟེན་ལ་ལོ་རྒྱུས་རང་བཞི་ལྡན་ལ་རིན་ཐང་གཞལ་དུ་དཀོན་པའི་ཐུབ་དབང་ཚུལ་ཁྲིམས་མ་དང་རྒྱུ་གསེར་ཟངས་ལས་གྲུབ་པའི་དུས་གསུམ་སངས་རྒྱས། འོད་དཔག་མེད་ཀྱི་གསེར་སྐུ། ཡི་དམ་རྡོ་རྗེ་འཇིག་བྱེད་སོགས་མང་དུ་བཞུགས། འཇིམ་སྐུ་སྐོར་ལ་རྗེ་བཙུན་བྱམས་མགོན་དང་ཚེ་དཔག་མེད། སྨན་ལྷ་བདེ་གཤེགས་ཆེད་བརྒྱད།

སྒྲོལ་མ། གདུགས་དཀར། ལྷ་མོ་གནོད་སྦྱིན་མ་སོགས་མང་དུ་མཆིས། གསེར་ཐང་དང་སྤྱི་གཏང་གི་ཐང་ཁ་རས་གཞི་སོགས་ཀྱི་སྐོར་ལ་གནས་བརྟན་བཅུ་དྲུག་དང་རྗེ་ཡབ་སྲས་གསུམ། གསང་བདེ་འཇིགས་གསུམ། མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་རྒྱལ། དཔལ་ལྡན་དམག་ཟོར་མ། རྒྱལ་ཆེན་སྡེ་བཞི་སོགས་མང་དུ་བཞུགས།

གསུང་འབུམ་སྐོར་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་དེའི་དགོངས་འགྲེལ་བསྟན་བཅོས། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། རྒྱུད་སྡེ་སོགས་གོང་འོག་གི་གསུང་རབ་སོགས་མང་དུ་བཞུགས། གཞན་ཡང་བཀའ་གདམ་ས་མཆོད་རྟེན་དང་སྤུག་ཆལ་སིལ་སྙན་དུང་དཀར་དམར་སོགས་རོལ་ཆ་སྐོར་དང་། བུམ་པ་གཏོར་ཆ་སོགས་མཆོད་རྫས་སྐོར།

འཕེན་གདུགས་རྒྱལ་མཚན་དྲ་བ་དྲ་ཕྱེད་སོགས་ཀྱང་དགོན་གཞན་དང་གཅིག་མཚུངས་སོ།།

ཚེས་དུས་མཆོད་ཀྱི་སྲོལ་རྒྱུན་ཆགས་ཚུལ་དང་ཡོན་གྱི་འབྱུང་ཁུངས། ཁ་ཐོག་དགོན་པའི་ལོ་འཁོར་མོར་ཚེས་དུས་མཆོད་ཀྱི་སྲོལ་རྒྱུན་ཆགས་ཚུལ་རགས་ཙམ་འགོད་ན་སྨོན་ལམ་དང་སྙུང་གནས། དབྱར་ཆོས། དབྱར་གནས། དགའ་ལྡན་ལྔ་མཆོད། དགུན་ཆོས། ཟླ་བ་ཡར་ངོ་མར་གྱི་གསོ་སྦྱོང་། ཆོས་སྐྱོང་ཁང་[page 648] གསོལ་ཁ་རྒྱུན་བཅོལ་སོགས་ཀྱི་སྲོལ་རྒྱུན་གཏན་འཇགས་སུ་ཆགས་ཡོད་པ་ལགས་སོ།། ཁ་ཐོག་དགོན་པའི་དགོན་པ་འཛུགས་སྐྲུན་དང་རྒྱ་བསྐྱེད།

ཚོགས་པའི་གཏོང་སྒོའི་འགྲོ་གྲོན་སོགས་ཀྱི་ཐད་ལ་གཏོང་བའི་ཡོན་གྱི་འབྱུང་ཁུངས་ནི་གཙོ་བོ་དགོན་པའི་བསྟན་བདག་རིམ་བྱོན་གྱིས་ཐེབས་བཞག་གནང་བ་དང་ཤི་བོའི་དགེ་རྩ་དང་དད་ལྡན་མང་ཚོགས་ཀྱིས་མཆོད་ཐེབས་ཕུལ་བའི་དངོས་པོ་རྣམས།

ལས་ཐོག་གི་དགེ་བསྐོས་དང་སྤྱི་གཉེར་བས་ལག་ལེན་དང་བདག་གཉེར་འགན་འཁྲི་བཞེས་འོག་ཆོས་ར་སོ་སོར་སྤྱི་བ་རོས་མོས་སུ་བསྐོས་ནས་ཚོགས་དགོས་པའི་ལུགས་སྲོལ་ཙམ་དུ་ངེས་སོ།། དགོན་པ་ཐུན་མོང་ལ་དབང་བའི་གཏན་འཇགས་དངོས་རྫས་སྒོར་མོ་གཞལ་ན་ཁྲི་ཚོ་འགའ་ཡོད་པར་སེམས་སོ།། དགེ་འདུན་པ་ནི་འགྱེད་ཡོན་ཁ་དང་ཚོགས་པའི་གཏོང་སྒོ་ཙམ་ལ་འཚོ་རྟེན་དུ་བྱས་ནས་བཞུགས་ཡོད་པ་ལགས་སོ།།

དགོན་པ་ལ་ཉམས་ཆག་བྱུང་ཚུལ། ངོ་རྒོལ་བཞི་པ་དང་རིག་གནས་གསར་བརྗེ་ཞེས་པའི་དུས་ཀྱི་ཟིང་འཁྲུག་ཆེན་པོའི་ནང་དུ་འདྲ་ཁ་ཐོག་རི་ཁྲོད་དང་སྤོངས་ཁོར་དགོན་པའི་རྟེན་དང་བརྟེན་པ་ཐམས་ཅད་རྩ་བརླགས་མིང་མེད་དུ་སོང་ནས་བོད་ཁམས་ཕལ་མོ་ཆེ་དང་གཅིག་མཚུངས་སུ་ངེས་སོ།།

ད་ལྟའི་གནས་ཚུལ། མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་རྗེས་སུ་ལོ་རབས་བརྒྱད་ཅུ་པའི་ནང་རྫོང་མི་དམངས་སྲིད་གཞིང་གིས་ཁ་ཐོག་དགོན་སྤོངས་འཁོར་གླིང་ཉམས་གསོ་བྱེད་རྒྱུའི་ཆོག་མཆན་བཀོད་པའི་སྔོན་འགྲོའི་ཆ་རྐྱེན་བཟང་པོར་བརྟེན།

དགེ་སློང་ལྷུན་གྲུབ་བཟང་པོ་དང་དགེ་སློང་དཔལ་ལྡན། དགེ་སློང་ཀུན་དགའ། དགེ་སློང་དུས་རྩ་བཟང་པོ་སོགས་དབུར་བཞུགས་གནང་འོག རྒྱ་ཆེ་དགེ་འདུན་པ་དང་དད་ལྡན་མང་ཚོགས་བཅས་ཀྱིས་མི་ཤུགས་དང་ངལ་ཤུགས།

དངོས་ཤུགས་བཅས་མཉམ་འདོན་བྱས་ཏེ་བླ་མ་གཞོན་ནུ་བཟང་པོའི་གདན་ས་ཁ་ཐོག་རི་ཁྲོད་དང་ཁ་ཐོག་སྤོངས་འཁོར་དགོན་ཉམས་གསོ་མཛད་པའི་རྨང་རྐང་ལེགས་པར་བཏིང་ནས་སྐྱར་བཞེངས་མཛད་པ་མ་ཟད་ནང་རྟེན་ལ་གསེར་ཟངས་ཀྱི་སྟོན་པའི་སྐུ་དང་རྗེ་ཡབ་སྲས་གསུམ། རྡོ་རྗེ་སེམས་དཔའ་སོགས་དང་།

འཇིམ་བཟོ་ལ་སྤྱན་རས་གཟིགས་དང་གནས་བརྟན་བཅུ་དྲུག སྒྲོལ་མ། ཇོ་བོ་རྗེ། འཇིགས་བྱེད་སོགས། ཞལ་ཐང་སྐོར་ལ་མཛད་པ་བཅུ་གཉིས་དང་ཙོང་ཁ་བརྒྱད་ཅུ་སོགས་བཞེངས་པར་གྲུབ་ཟིན་ཏེ།

མིག་སྔར་བླ་སེར་བཅུ་ཕྲག་འགས་ཆབ་སྲིད་ཐོག་རྒྱལ་གཅེས་ཁྲིམས་སྲུང་ཡོང་བར་བྱས་པ་དང་ཆོས་ལུགས་ཀྱི་ཐོག་ནས་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་དགེ་ཚུལ་སློང་གི་སྡོམ་པ་འབོགས་གནང་མཛད་པ་དང་སྔར་གྱི་དུས་མཆོད་རྣམས་སྐྱར་གསོ་མཛད་པ་སོགས་ཆོས་མཐུན་གྱི་མཛད་སྤྱོད་གནང་མུས་སུ་མཆིས་པ་ལགས་སོ།། འཕྲིན་དགའ།

གདུགས་དཀར་དགོན་གྱི་ལོ་རྒྱུས།

[page 649] གདུགས་དཀར་དགོན་པ་ནི་རབ་བྱུང་བཅུ་གཅིག་པའི་ནང་དུ་ཆགས། གྲུབ་མཐའ་དགེ་ལུགས་པ་ཡིན། དེང་སང་རྟའུ་རྫོང་བཞང་རྩིས་ཤང་གི་ཁོངས་སུ་གཏོགས།

རབ་བྱུང་བཅུ་གཅིག་པའི་ནང་དུ་སྡེ་དཔོན་ཚུལ་ཁྲིམས་རྣམ་རྒྱལ་གྱིས་མཐུན་རྐྱེན་དང་ཞབས་ཏོག་གང་ལེགས་སྦྱར་བ་འབྲེལ་དགེ་བཤེས་ཨ་རྗེ་དང་བླ་མ་ཨ་ཏེ་བློ་བཟང་སློབ་རྒྱུད་དང་བཅས་པས་གདུགས་དཀར་དགོན་པའི་རྟེན་དང་བརྟེན་པ་ཐོག་མར་ཕྱག་བཏབ་པ་ཡིན་པར་ཡོངས་སུ་གྲགས།

ངག་རྒྱུན་ལྟར་ན་བཀྲ་ཤིས་བྱིན་ཆགས་པའི་གནས་མཆོག་དེར་རབ་བྱུང་དྲུག་པའི་ནང་ཀརྨ་མཐོང་བ་དོན་ལྡན་གྱི་སློབ་རྒྱུད་ཀྱིས་གདུགས་དཀར་དགོན་པ་བཞེངས་ཚུལ་དང་བསྟན་པ་སྤེལ་ཚུལ་སོགས་ཁུངས་ལྡན་མིན་ལ་ཁུངས་མེད་ཀྱང་མིན་པའི་རྙོག་འཛིང་ཅན་གྱི་ལོ་རྒྱུས་མང་དུ་བཤད་རྒྱུ་ཡོད་པར་གདའོ། དགོན་པ་བཞེངས་པའི་སྐབས་སུ་གནམ་ནས་གདུགས་དཀར་དབྱིབས་ཀྱི་སྤྲིན་དཀར་མང་དུ་འཁྲིགས་པས་དགོན་མིང་དེ་སྐད་གྲགས་སོ།

གདན་རབས་རིམ་བྱོན་གྱིས་གདན་ས་བསྐྱངས་ཚུལ། དེ་ཡང་དགེ་བཤེས་ཨ་རྗེ་དང་བླ་མ་ཨ་ཏེ་བློ་བཟང་སློབ་རྒྱུད་དང་བཅས་པས་དགོན་པ་ཕྱག་བཏབ་མཛད་ཅིང་གདན་ས་བ་སྐྱངས་རྗེས་སུ་འཁྲུངས་ཡུལ་ལྷ་ས་ནས་ཡིན་པའི་འབྲས་སྤུངས་བློ་གསལ་གླིང་གི་མཁན་པོ་བློ་བཟང་བསྟན་འཛིན་གདུགས་དཀར་དགོན་པར་གདན་རབས་ལྟར་བྱོན་ནས།

གདན་ས་ཡུན་རིང་བསྐྱངས་ཤིང་སྔགས་ཀྱི་ཉམས་ལེན་དང་མཚན་ཉིད་ཀྱི་བཤད་སྲོལ་བཙུགས་མཐར་སྐུ་གཤེགས། དེ་ནས་འཁྲུངས་ཡུལ་ལྷ་ས་ནས་ཡིན་པའི་དགེ་བཤེས་མཁས་གྲུབ་བློ་བཟང་ནོར་བུ་གདན་ས་ཡུན་རིང་བསྐྱངས དང་བློ་བཟང་ཤེས་རབ་དགོན་པའི་མཁན་པོ་མཛད

གངས་ལྗོངས་མཁས་པའི་དབང་པོ་འབུམ་ཕྲག་ཚར་དུ་དངར་བའི་གྲལ་འགོར་བཞུགས་པའི་འདྲ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གདན་སར་བྱོན་ཞིང་གསང་སྔགས་ཀྱི་ཉམས་བཞེས་དང་མཚན་ཉིད་ཀྱི་བཤད་སྲོལ་རྒྱུན་ཆགས་སུ་སྤེལ།

དེ་ནས་འཁྲུངས་ཡུལ་མགར་ཐར་ནས་ཡིན་པའི་དགེ་བཤེས་བློ་བཟང་དར་རྒྱས་ནི་ལྷ་ལྡན་འབྲས་སྤུང་བློ་གསལ་གླིང་དུ་གྲྭ་སར་ཡུན་རིང་བཞུགས་ནས་དགེ་བཤེས་ལྷ་རམ་པའི་དམ་བཅའ་བཞག་མཐར་གདུགས་དཀར་དགོན་དུ་བྱོན་ཞིང་གདན་ས་བསྐྱངས།

དེ་ནས་མགར་ཐར་མཁར་དམར་རྒྱ་ཚང་དུ་སྐུ་འཁྲུངས་པའི་དགེ་བཤེས་བློ་བཟང་ཡེ་ཤེས་གདན་སར་བྱོན་ཞིང་ཆོས་རྒྱུད་སྤེལ།

དེ་ནས་འདྲ་ཡུལ་རང་སྡེའུ་འཁྲུངས་པའི་དགེ་བཤེས་ཨ་པ་ཚ་བསྟན་ནི་འབྲས་སྤུངས་མི་ཉག་ཁང་ཆེན་དུ་དགེ་བཤེས་དང་པོའི་མཚན་ཐོབ་བླངས་ཏེ་རྒྱུད་སྟོད་གྲྭ་ཚང་དུ་མཁན་པའི་འགན་འཁྲི་བཞེས་རྗེས་སུ་གདུགས་དཀར་དགོན་དུ་གདན་སར་བྱོན་ནས་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་རྒྱུན་བསྲིངས་པར་མཛད།

དེ་ནས་དགེ་བཤེས་ཁོ་ཚང་བསྟན་འཛིན་དང་དགེ་བཤེས་ཨ་མཚན་མཁྱེན་རབ་སོགས་གསེར་རི་[page 650] ཚར་དུ་དངར་བཞིན་བྱོན་ནས་དགེ་འདུན་པ་གཉིས་བརྒྱ་ལྷག་གི་དབུ་བཞུགས་མཛད་དེ་དགའ་ལྡན་ཞྭ་སེར་འཆང་བའི་ཆོས་རྒྱུད་མ་ལུས་འཛིན་སྐྱོང་སྤེལ་བའི་རྣམ་དཀར་དགེ་བའི་མཛད་ཕྲིན་འབྱམས་ཀླས་སུ་བསྲིངས་པའི་ཆོས་མཐུན་མཛད་ཡོད་པ་ལགས་སོ།།

དགོན་པའི་ཕྱི་ཁོག་དང་ནང་རྟེན་གྱི་སྐོར། གདུགས་དཀར་དགོན་པའི་ཕྱི་ཁོག་ལ་ཐོག་རྩེག་གསུམ་ཅན་གྱི་རྒྱ་ཕེབས་རི་དྭགས་ཆོས་དང་ལྡན་ཞིང་བཟོ་བཀོད་ལེགས་ལ་བརྗིད་ཆགས་བཀྲག་མདངས་འབར་བའི་གཙུག་ལག་ཆེན་པོ་གཅིག་དང་དགོན་པའི་མཐའ་ཁོར་དུ་གྲྭ་ཁང་གི་ར་སྐོར་ཡོད། སྲུང་མ་ཁང་། པར་ཁང་། རྒྱུ་མཛོད་ཁང་། ཇ་ཁང་།

གྲྭ་ཁང་། འཁོར་ཁང་སོགས་མཆིས་པ། ནང་རྟེན་ལ་ཇོ་བོ་ཤཱཀྱ་མུ་ནེ་དང་རྗེ་བཙུན་བྱམས་མགོན་གཏེར་མ། ཚེ་དཔག་མེད་གཏེར་མ། སྤྱན་རས་གཟིགས་གཏེར་མ། འཇམ་པའི་དབྱངས། གདུགས་དཀར། སྒྲོལ་མ། རྗེ་ཡབ་སྲས་གསུམ། ཀརྨ་རོལ་བའི་རྡོ་རྗེ་གཏེར་མ། མི་ལ་བཞད་པའི་རྡོ་རྗེ། བླ་མ་རས་ཆུང་པ། གནས་བརྟན་བཅུ་དྲུག

མཛད་པ་བཅུ་གཉིཨ། དཔག་བསམ་འཁྲི་ཤིང་། གཟིགས་པ་ལྔ་ལྡན། གསང་བདེ་འཇིགས་གསུམ། མགོན་པོ་ཕྱག་དྲུག་པ། དཔལ་ལྡན་ལྷ་མོ། དམ་ཅན་ཆོས་རྒྱལ། རྒྱལ་ཆེན་སྡེ་བཞི། མཐུན་པ་སྤུན་བཞི་སོགས་གསེར་སྐུ་དང་ལྡེར་སྐུ། སྐུ་ཐང་། ལྡེབས་བྲིས་སོགས་བཞུགས་པ་དང་། བཀའ་འགྱུར་ཆ་གཉིས་དང་བསྟན་འགྱུར།

རྗེ་ཡབ་སྲས་ཀྱི་གསུང་འབུམ། དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱི་གསུང་འབུམ་ཆ་ཚང་། བྲག་དཀར་གསུང་འབུམ་སོགས་པོད་མང་དུ་བཞུགས། བཀའ་གདམས་མཆོད་རྟེན་དང་སྐུ་གདུང་མཆོད་རྟེན་སོགས་བཞུགས། གཞན་ཡང་སྤུག་ཆལ་དང་སིལ་སྙན། འཁར་རྔ། རག་དུང་། རྒྱ་གླིང་། རྐང་གླིང་། རྔ་པོ་ཆེ་དང་ལག་རྔ། མཆོད་ཀུང་། ཏིང་ཤགས།

ཏིང་ཕོར། གཏོར་ཆ། བུམ་པ། རལ་བ་སྤྱི་བླུག མཎྜལ། དུང་དཀར། ཀ་འཕེན་དྲ་བ་དྲ་ཕྱེད། བླ་བྲེ། དཀྱིལ་འཁོར་རྒྱན་ཆས། གོས་བེར། གདུགས། རྒྱལ་མཚན། རིན་ཆེན་རྫས་བརྒྱད། རྒྱལ་སྲིད་སྣ་བདུན། ཚོགས་ཟངས། ཚོགས་གདན། ཟོ་ཁྲ་སོགས་མཆོད་པའི་ཡོ་བྱད་མང་དུ་མཆིས།

ཚེས་དུས་མཆོད་དང་ཡོན་གྱི་འབྱུང་ཁུངས་དགོན་པར་འགན་པའི་གོ་རིམ་སོགས་ཀྱི་སྐོར་ནི།

དེ་ཡང་གདུགས་དཀར་དགོན་པར་ལོ་འཁོར་མོའི་ཚེས་དུས་མཆོད་ནི་སྨོན་ལམ་ཆེན་མོ་དང་རབ་གནས་ཆོས་ཐོག སྙུང་གནས། དབྱར་ཆོས། དབྱར་གནས། མགོན་པོ་གཏོར་ཆེན།

དགའ་ལྡན་ལྔ་མཆོད་སོགས་འཚོགས་པའི་སྲོལ་རྒྱུན་མཆིས་སོ།། དགོན་པའི་དཔལ་འབྱོར་གྱི་ཡོང་ཁུངས་ནི་དགོན་པའི་ལྷ་སྡེར་གཏོགས་པའི་དད་ལྡན་དུད་ཁྱིམ་གཉིས་བརྒྱ་ལྔ་བཅུ་ལྷག་མང་ཚོགས་ཀྱིས་ཤི་བོའི་དགེ་རྩ་དང་ཡོན་ཁ་སོགས་ལ་ཕུལ་བའི་མཆོད་ཐེབས་རྒྱུ་རྩ་དང་བསྟན་བདག་རིམ་བྱོན་དང་ཡུལ་སྡེའི་དཔོན་སྦྱར་གནང་མཛད་པའི་ཐེབས་བཞག་རྒྱུ་རྩ།

ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ཡོང་འབབ། སིལ་ཚོང་གཉེར་བའི་ཁེ་སྤོགས་ཡིན། དགོན་གཞུང་ཐུན་མོང་ལ་སྒོར་ཁྲི་ཚོ་བཅུ་ཕྲག་ལྷག་གི་རིན་གྱི་མ་གདན་རྒྱུ་རྩ་ཡོད་པར་[page 651] སེམས། དེ་དག་དགོན་པའི་བསླབ་པའི་གོ་རིམ་ལྟར་བསྐོས་བཞག་བྱས་ཡོད་པའི་ལས་ཐོག་གི་དགེ་བསྐོས་དང་ཕྱག་མཛོད།

གཉེར་ཁག་སོ་སོས་འཆར་གཞི་ཡོད་པའི་སྒོ་ནས་སྤེལ་གཉེར་བྱས་ནས་དགོན་པའི་ཕྱོགས་ཡོངས་ལ་འགྲོ་གྲོན་སྦྱར་བའི་སྲོལ་རྒྱུན་ཆགས་ཡོད་པར་ངེས། དགེ་འདུན་པ་ནི་འགྱེད་ཡོན་ཁ་དང་གྲོང་ཆོག་ཆོ་གའི་འཚོ་རྟེན་དུ་བྱས་ནས་བཞུགས་པ་ཙམ་ལས་ཕུགས་ནོར་རྒྱ་ཆེར་འཆིང་བའི་སྲོལ་མ་ཆགས། དགོན་པའི་ཁྲི་བ་དང་མཁན་པོ། དབུ་མཛད།

དགེ་བསྐོས། མཆོད་དཔོན་སོགས་ཀྱི་འགན་བཞེས་པའི་གོ་རིམ་དང་དམིགས་གསལ་གྱི་ཡོན་ཏན་ལྡན་དགོས་པ་ནི་དགོན་སྡེ་གཞན་དང་གཅིག་མཚུངས་སུ་ངེས་སོ།།

དགོན་པར་ཉམས་ཆག་བྱུང་ཚུལ།

དེ་ཡང་འདྲ་གདུགས་དཀར་དགོན་པ་མ་ཆགས་གོང་དུ་གནས་དེར་བཀའ་བརྒྱུད་པའི་དགོན་པ་ཡོད་ཚུལ་དང་རྩེ་ཐང་རྣམ་རྒྱལ་དགོན་དང་བྱམས་པ་ཆོས་འཁོར་གླིང་བཅས་དགོན་པ་ཆེ་ཆུང་གསུམ་ཡོད་ཚུལ་སོགས་ངག་རྒྱུན་སྣ་ཚོགས་སྨྲས་པ་ལྟར་ན་དགོན་པ་དེ་རབ་བྱུང་དྲུག་པ་ནས་བཅུ་གཅིག་པའི་བར་དུ་ཉམས་ཆག་དང་འཕེལ་རྒྱས་ཀྱི་གོ་རིམ་མང་དུ་བརྒྱུད་ཡོད་པ་སྙམ།

ངོ་རྒོལ་བཞི་པ་དང་རིག་གནས་གསར་བརྗེ་དུས་ཟིང་ནང་དགོན་པའི་ཕྱི་ཁོག་ནང་རྟེན་ཐམས་ཅད་གཏོར་བརླགས་སོང་བ་རེད།

ད་ལྟའི་གནས་ཚུལ། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་མི་རིགས་དང་ཆོས་ལུགས་སྲིད་ཇུས་དངོས་སུ་ལག་བསྟར་དོན་འཁྱོལ་བྱས་ཤིང་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་ཚེ།

རྟའུ་རྫོང་སྲིད་གཞུང་གིས་གདུགས་དཀར་དགོན་པ་ཉམས་གསོ་བྱེད་རྒྱུ་མཆོག་མཆན་བཀོད་པར་བརྒྱུད་དེ། རྒྱུད་པ་བླ་མ་ཙོ་ཁོ་དཔལ་ལྡན་དང་པོ་གོས་དབང་ལྡན། ཨ་ཚེ་འཇིགས་མེད། འཆི་མེད་མགོན་སོགས་ཀྱིས་དབུ་བཞུགས་མཛད་དེ་ཐུགས་ཁུར་ཟབ་བཞེས་གནང་འོག

རྒྱ་ཆེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱིས་མཉམ་དུ་མི་ཤུགས་དང་དངོས་ཤུགས་སྔོག་འདོན་བྱས་ནས་རབ་བྱུང་བཅུ་དྲུག་པའི་བློ་ངན་ཞེས་པ་ལྕགས་མོ་བྱའི་ལོར་འདུ་ཁང་དང་ཕྱག་མཛོད་ཁང་། ནང་གཙོ་བོ་རྣམས་ཉམས་གསོ་མཛད་པའི་དབུ་བཙུགས་ཏེ། ལོ་ཤས་རིང་ལ་འབད་འབུངས་བྱེད་པར་བརྒྱུད་དེ་སྐྱར་བཞེངས་ལེགས་པར་གྲུབ།

རབ་བྱུང་བདུན་པའི་ལྕགས་ལུག་ལོར་སྐྱིད་ལེགས་ཆོས་ཀྱི་རྒྱལ་མཚན་དགོན་པ་དེར་ཕེབས་ཏེ་ཆོས་འཁོར་ཟབ་རྒྱས་བསྐོར་བ་མ་ཟད། རྒྱལ་གཅེས་ཆོས་གཅེས་བྱེད་རྒྱུར་བཀའ་སློབ་མང་དུ་གནང་།

མིག་སྔར་དགེ་འདུན་པ་བརྒྱ་ལ་ཟིན་པ་ཙམ་གྱིས་སེམས་རྒྱུད་ཆོས་དང་འདྲེས་ཏེ་གདུགས་དཀར་དགོན་པའི་སྔ་རབས་ཆོས་རྒྱུད་ཀྱི་ཕྱག་ཞེས་རྒྱུན་འཛིན་གནང་བའི་ཆོས་མཐུན་གྱི་མཛད་སྤྱོད་འབའ་ཞིག་བཤད་བཞིན་ཡོད་པ་ལགས་སོ།།

མུ་གུ་དགོན་གྱི་ལོ་རྒྱུས།

[page 652] མུ་གུའི་ཇོ་མོ་དགོན་ནི་རབ་བྱུང་བཅུ་དྲུག་པའི་སྟོད་དུ་ཆགས། གྲུབ་མཐའ་དགེ་ལུགས་པ་ཡིན། དེང་སང་རྟའུ་རྫོང་སྨུག་རོང་ཤང་གི་ཁོངས་སུ་གཏོགས། དེ་ཡང་བྲག་དཀར་བླ་མ་བློ་བཟང་དཔལ་ལྡན་བསྟན་འཛིན་གྲགས་ཀྱི་སློབ་རྒྱུད་དང་ཆོས་རྒྱུད་ལས་མཆེད་པའི་མུ་གུ་ཇོ་མོ་དགོན་པ་ནི།

རབ་བྱུང་བཅུ་དྲུག་པའི་སྟོད་དུ་འཁྲུངས་ཡུལ་སྨུག་རོང་ནས་ཡིན་པའི་བྲག་དཀར་བླ་མའི་སློབ་རྒྱུད་ལས་མཆེད་པའི་དགེ་མ་འགས་སྨུག་རོང་མུ་གུ་ཞེས་པའི་ས་ཆ་དེར་རི་ཁྲོད་བཟུང་བར་འབྲེལ།

རིམ་གྱིས་དགོན་པ་ཆགས་ཤིང་ཇོ་མོ་ཡང་ཇེ་མང་དུ་སོང་ནས་དམངས་གཙོ་བཅོས་བསྒྱུར་སྔོན་དུ་ཇོ་མོ་བཅུ་ཕྲག་གཉིས་ལ་ཟིན་པ་ཙམ་དུ་རྒྱུན་སྡོད་ལ་མཆིས་པ་མ་ཟད། འདུ་ཁང་སོགས་རྟེན་དང་བརྟེན་པ་ཉུང་ཙམ་བཞེངས་ཡོད་པ་ལགས་སོ། བཞི་རྒོལ་སྐབས་སུ་དགོན་པ་ཐོར་ཞིག་ཏུ་སོང་།

ཉེ་བའི་ལོ་ཤས་ཀྱི་ནང་དུ་སྔར་གྱི་ཆོས་རྒྱུད་འཛིན་པ་ཇོ་མོ་ཡེ་ཁོ་སོགས་ཀྱིས་དབུ་བཞུགས་གནང་འོག

སྨུག་རོང་ཤང་གི་མངའ་ཁོངས་ཀྱོ་ལོ་སྟེང་ཞེས་པའི་ས་དེར་དགོན་པ་ཉམས་གསོ་མཛད་དེ་བྲག་དཀར་བླ་མའི་ཐུན་མིན་གྱི་ཆོས་རྒྱུད་སྒོམ་སྒྲུབ་ཉམས་བཞེས་མཛད་པར་རྒྱུན་འཛིན་གནང་ཞིང་མིག་སྔར་ཇོ་མོ་དྲུག་ཅུ་ལྷག་གིས་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་སེམས་རྒྱུད་ཆོས་དང་འབྲེལ་ཞིང་ཆོས་མཐུན་གྱི་མཛད་སྤྱོད་གནང་བཞིན་བཞུགས་སོ།། འཕྲིན་དགའ།

རག་ཕྲུག་དགོན་གྱི་ལོ་རྒྱུས།

རག་ཕྲུག་དགོན་པ་ནི་རབ་བྱུང་བཅུ་བདུན་པའི་མེ་མོ་ཡོས་ཀྱི་ལོར་ཐོག་མར་ཆགས། གྲུབ་མཐའ་དགེ་ལུགས་པ་ཡིན། དེང་སང་རྟའུ་རྫོང་དགེ་བཤེས་ཤང་གི་ཁོངས་སུ་གཏོགས།

དེ་ཡང་གངས་ལྗོངས་གནས་མཆོག་རྣམས་ཀྱི་གྲས་སུ་མཆིས་པ་དབེན་པའི་ཡོན་ཏན་ཡོངས་སུ་ཚང་བའི་རག་ཕྲུག་གནས་རིའི་གནས་མདུན་དུ་སྔོན་དམངས་གཙོ་བཅོས་སྒྱུར་མ་བྱས་གོང་དུ་སྐུ་ཞབས་རྒྱལ་མཚན་གྱིས་ཡོན་བདག་རྣམས་ཀྱིས་སྐུལ་བ་དང་མཐུན་རྐྱེན་ཕུན་སུམ་ཚོགས་པར་སྦྱར་བར་བརྟེན།

རི་ཁྲོད་ཅིག་ཕྱག་བཏབ་མཛད་དེ་སྙུང་གནས་ལྷ་ཁང་སོགས་བཞེངས་ཤིང་ས་དེའི་ཉེ་འདབས་ཀྱི་དད་ལྡན་མང་ཚོགས་རྣམས་ཀྱིས་སྙུང་གནས་སོགས་འཚོགས་རྒྱུའི་ལུགས་སྲོལ་ཆགས་ཡོད་པ་རེད། ཕྱིས་སུ་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་སྐབས་ཤར་ཚེ།

ལོ་རབས་བརྒྱད་ཅུ་པ་ནས་བཟུང་སྔར་དཔལ་སྒང་དགོན་པའི་བཙུན་མ་རྒན་པ་སྒྲོལ་མ་དང་དབྱངས་ཅན་ལྷ་མོ་སོགས་གནས་དེའི་སྔར་གྱི་རི་ཁྲོད་ཀྱི་ཉེ་འདབས་སུ་ཕེབས་ནས་རི་ཁྲོད་བཏབ་སྟེ་དབེན་པར་བསྟེན་ནས་བསྙེན་སྒྲུབ་ལ་བཞུགས། དེར་བརྟེན་ལོ་རེ་བཞིན་དགེ་མང་དུ་སོང་།

རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོར་སངས་རྒྱས་སྒང་བ་མཐའ་ཡས་ཀྱི་སྤྲུལ་བའི་རྣམ་རོལ་ཀུན་[page 653] གཟིགས་པཎ་ཆེན་རིན་པོ་ཆེ་ས་ཁུལ་དེར་གསེར་ཞལ་སྒྱུར་གནང་མཛད་པའི་སྐབས་སུ་བཙུན་མའི་རི་ཁྲོད་དེ་ལ་ཚད་མཐོའི་གདེང་འཇོག་གནང་བ་མ་ཚད་དགོན་པ་བཞེངས་རྒྱུར་ཆོག་མཆན་བཀོད།

དེ་ནས་བཙུན་མ་ཚོས་རང་སྟོབས་རང་སྤེལ་གྱིས་སྒོ་ནས་ནུས་ཤུགས་འདོན་ཞིང་འདུ་ཁང་སོགས་གསར་དུ་བཞེངས དེ་ནས་ལོ་བཅུ་ཕྲག་ལྷག་གི་རིང་ལ་བཙུན་མ་རིམ་བཞིན་ཇེ་མང་དུ་སོང་ནས་མིག་སྔར་བཙུན་མའི་གྲངས་ཀ་བརྒྱ་ཕྲག་གཉིས་ལ་ཉེ་བ་ཙམ་དུ་སླེབས་ཡོད།

ཆོས་རྒྱུན་སོགས་ནི་དཔལ་སྒང་དགོན་པ་ལྟར་བྲག་དཀར་ལམ་རིམ་དང་བློ་སྦྱོང་སོགས་བྲག་དཀར་བླ་མའི་ཆོས་རྒྱུད་ཁོ་ན་ཐུགས་ཉམས་སུ་བསྟར་བ་མ་གཏོགས་བླ་མ་གཞན་བསྟེན་པ་དང་གྲྭ་ས་གཞན་དུ་བྱོན་ཚུལ་སོགས་ཀྱི་སྤྲོས་ཀ་མ་མཆིས།

རག་ཕྲུག་དགོན་པའི་བཙུན་མ་རྣམས་ཡོན་ཁ་དང་བསོད་སྙོམས་ཙམ་ལ་བརྟེན་ནས་ཆོས་འདུལ་བ་ཚུལ་བཞིན་དུ་ཉམས་སུ་བསྟར་བའི་ཐུན་བཞིའི་རྣལ་འབྱོར་གྱི་བརྟུལ་ཞུགས་འཛིན་ཞིང་ལོ་གཅིག་གི་དུས་མཆོད་དང་རྒྱུན་ཚོགས་སོགས་དཔལ་སྒང་དགོན་པ་ཇི་མ་ཇི་བཞིན་དུ་བྱས་པའི་སྲོལ་རྒྱུན་གཏན་འཇགས་སུ་བཙུགས་ཤིང་བཙུན་མ་རྣམས་ཐུགས་མཐུན་ཁྲིམས་ཀྱི་སྒོ་ནས་ཆོས་མཐུན་གྱི་མཛད་སྤྱོད་ཁོ་ནར་སྤེལ་བཞིན་ཡོད་པ་ལགས་སོ།།

སྔགས་སྒང་དགོན་གྱི་ལོ་རྒྱུས།

སྔག་སྒང་དགོན་ནི་བོད་རབ་བྱུང་བཅོ་ལྔ་བའི་ནང་དུ་ཐོག་མར་ཆགས། གྲུབ་མཐའ་དགེ་ལུགས་པ་ཡིན། དེང་སང་རྟའུ་རྫོང་མ་ཟུར་ཤང་གི་ཁོངས་སུ་གཏོགས། དགོན་པ་ཐོག་མར་ཕྱག་འདེབས་ཚུལ་དང་གདན་རབས་རིམ་བྱོན་ནི།

དེ་ཡང་དགོན་པ་ཐོག་མར་ཆགས་ཚུལ་ནི་ཐོག་མར་བྲག་རི་ཁྲོད་ཀྱི་ཆོས་བརྒྱུད་ལས་མཆེད་པའི་བཙུན་མ་འགའ་ཞིག་རྟའུ་ནས་ཏིག་ཕྱུག་མོའི་ལྷོ་ངོས་སུ་དབེན་པར་བསྟེན་ནས་བཞུགས་ཀྱང་དུས་ཡུན་རིང་པོར་ཆགས་མ་ཐུབ་སྟེ། དཔལ་སྒང་མ་ཆོས་སྒར་སྟེང་དུ་གནས་སྤོས་ནས་བཞུགས་པའི་སྐབས་སུ།

བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་དབེན་གནས་དེ་རུ་གསེར་ཞལ་སྒྱུར་ཞིང་གདན་ས་མཛད་དེ་སློབ་མ་ཇེ་མང་དུ་སོང་བར་བརྟེན། རབ་བྱུང་བཅོ་ལྔ་བའི་ནང་དུ་དཔལ་སྒང་དགོན་པ་ཐོག་མར་ཕྱག་བཏབ་མཛད་ཅིང་ཆོས་རྒྱུན་སྤེལ།

དབེན་གནས་དེ་ཉིད་ཐོག་མར་ཕྱག་འདེབས་པ་པོ་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ནི་རབ་བྱུང་བཅུ་བའི་མེ་སྟག་ལོར་ཡབ་བསམ་གཏན་ཚེ་རིང་དང་ཡུམ་ཚེ་རིང་མ་གཉིས་ཀྱི་སྲས་སུ་དཀར་འབྲུག་ལུང་རི་ཁྲོད་དུ་བལྟས་བཟང་དུ་མ་དང་བཅས་ཏེ་སྐུ་འཁྲུངས།

དགུང་ལོ་བཞི་ལོན་སྐབས་བྲག་དཀར་བྱང་ཆུབ་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་བཟུང་། དགུང་ལྔ་ནས་བཅུ་བདུན་བར་དུ་དགེ་རྒན་རྡོ་རྗེ་འབུམ་དང་འབའ་ཕུག་ཡོངས་འཛིན་བློ་ལྡན་ཆོས་འཕེལ། དྲུང་སར་བླ་མ་བློ་བཟང་དཔལ་ལྡན་བསྟན་འཛིན་ཚུལ་ཁྲིམས་དགེ་ཚུལ་གྱི་སྡོམ་པ་ཞུས། རྒྱལ་རོང་བླ་མ་དཀོན་བཟང་པོ།

ཁང་གསར་བློ་བཟང་ཐུབ་བསྟན་རྒྱ་མཚོ་[page 654] བཅས་སྔ་གཞུག་ཏུ་བླ་མར་བསྟེན་ནས་ཡི་གེ་ཕྱི་མོ་དང་སུམ་རྟགས་དག་གསུམ། སྒྲ་སྙན་ངག རྒྱལ་བའི་བཀའ་འགྱུར་གྱི་བཀླག་ལུང་། མདོ་སྔགས་ཀྱི་གཞུང་ཆེན་སྐོར་གྱི་བཤད་ཁྲིད། འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་སོགས་གསན།

དགུང་ལོ་བཅུ་བདུན་སྟེང་ལྷ་ལྡན་དུ་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་ཏྲེ་ཧོར་ཁང་ཚན་དུ་བཞུགས་ཞིང་། ཧོར་བྲག་འགོའི་བློ་གསལ་གླིང་མཁན་ཆེན་བློ་བཟང་དབང་ཕྱུག་མཚན་ཉིད་ཀྱི་ཡོངས་འཛིན་དུ་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་གསན་སྦྱང་རྒྱ་ཆེར་མཛད། རིགས་ལམ་རྩོད་གྲལ་ནང་དུ་གྲྭ་སྐོར་མཛད།

གཞུང་རེ་རེ་བཞིན་རྩ་འགྲེལ་མཐའ་དག་ཐུགས་ལ་བཟུང་དོན་གྱི་གནད་རྣམས་བརྒལ་བརྟགས་ཀྱི་རིག་པས་གཏན་ལ་འབེབས་པ་ན་མང་ཐོས་དགེ་བཤེས་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། གྲུབ་དབང་ངྷརྨ་སེང་གེའི་མདུན་ནས་གསོ་དཔྱད་ཀྱི་གཞུང་ད་གཅོད་ཀྱི་དབང་ཁྲིད།

ཀློང་ཆེན་སྙིང་ཐིག་གི་དབང་ལུང་ཁྲིད་གསུམ་སོགས་ཟབ་རྒྱས་ཀྱི་གདམས་པ་མཐའ་དག་གསན། ཞྭ་ལུ་ཁྲི་ཟུར་བློ་བཟང་ཁྱེན་རབ་ལས་ས་སྐྱའི་གསེར་ཆོས་བཅུ་གསུམ་དང་ལམ་འབྲས་སོགས་གསན། དགའ་ལྡན་ཁྲི་ཆེན་ཡེ་ཤེས་ཆོས་འཕེལ་གྱི་མཁན་པོ་མཛད་པའི་ཚོགས་གྲལ་ནས་བསྙེན་པར་རྫོགས།

དགུང་ལོ་ཉེར་གཉིས་སྟེང་དུ་མདོ་སྨད་རང་ཡུལ་དུ་ཆིབས་སྒྱུར་གནང་ནས་བྲག་དཀར་བྱང་ཆུབ་གླིང་དུ་གདན་འཇགས། གཞན་ཡང་སྐྱབས་རྗེ་ཉིད་ཀྱིས་གླིང་ཡོངས་འཛིན་མཆོག་སྤྲུལ་ལས་བསྟན་འགྱུར་གྱི་ལུང་དང་སེ་རོང་འཇམ་དབྱངས་དབང་ཕྱུག་རབ་བརྟན་ལས་ལམ་རིམ་ཆེ་ཆུང་།

ཉ་རྒྱས་མཆོག་སྤྲུལ་ལས་རྗེ་ཙོང་ཁ་བ་ཡབ་སྲས་ཀྱི་གསུང་འབུམ་སོགས་དང་། ཤུ་ནང་བླ་མ་སྙན་གྲགས་ལས་དུས་འཁོར་སྦྱོར་དྲུག་གསན་པ་སོགས་གསར་རྙིང་གི་མཁས་དབང་དམ་པ་ཚུལ་བཞིན་དུ་བསྟེན། མདོ་སྔགས་གསར་རྙིང་རིག་གནས་དང་བཅས་པ་མཐའ་དག་ལ་ཐོས་བསམ་ཕྱོགས་མེད་དུ་མཛད།

ཆོས་བཀའ་རྒྱ་མཚོ་ཆེན་པོ་ཐུགས་ཀྱི་དཔལ་བེར་གཏམས་ཏེ་མང་ཐོས་མཁས་པའི་ཕ་རོལ་ཏུ་སོན། འཇུ་མི་ཕམ་དང་རྩོད་པ་མཛད་པས་མཁས་པའི་གྲགས་པ་རྒྱས། སྐུ་ཚེ་སྨད་དུ་དཔལ་སྒང་དགོན་དུ་གདན་ས་མཛད་དེ་བྱམས་ཆོས་སྡེ་ལྔ་དང་སྤྱོད་འཇུག ལམ་རིམ། བློ་སྦྱོང་། རིགས་ཚོགས།

བསྟོད་ཚོགས་སོགས་དམ་ཆོས་འདུལ་བ་གཙོ་བོར་བྱས་པའི་བཤད་ཁྲིད་གནང་སྟེ་ཆོས་ར་བསྐྱངས། དེ་ནས་བཟུང་བྲག་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་དཔལ་སྒང་བཙུན་མའི་དགོན་པའི་བསྟན་བདག་དང་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཉག་ཅིག་ཏུ་གྱུར།

དཔལ་སྒང་དགོན་པའི་བཙུན་མ་རྣམས་ཀྱིས་བྲག་དཀར་བླ་མའི་ཆོས་རྒྱུད་ཁོ་ན་ཉམས་སུ་བསྟར་བ་མ་གཏོགས་བླ་མ་གཞན་བསྟེན་པ་དང་གྲྭ་ས་གཞན་དུ་ཕེབས་པའི་སྤྲོས་ཀ་ཡེ་ནས་མ་ཆགས། གཞན་ཡང་སྐྱབས་རྗེ་དམ་པ་དེ་ཉིད་དཀར་མཛེས་དང་བྲག་འགོ། རྟའུ། མགར་ཐར། འགོ་ལོག གསེར་ཐང་།

རྡོ་རྗེ་རོང་སོགས་གནས་ཕྱོགས་མེད་དུ་ཕེབས་ཏེ་མི་ཟད་ཆོས་ཀྱི་སྦྱིན་པའི་བཀའ་དྲིན་བསྩལ་བས་མཆོག་དམན་བར་མའི་སྐྱེ་བོ་ཐམས་ཅད་རྗེས་སུ་བཟུང་ཞིང་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་དང་དགེ་ཐེག་མཆོག་སྤྲུལ་བློ་གྲོས་འགྱུར་མེད་ཆོས་ཀྱི་དབང་ཕྱུག རྭ་ཧོ་མཆོག་སྤྲུལ་འཇམ་དབྱངས་གྲུབ་[page 655] པའི་དབང་པོ། འགྱུར་མེད་ཕན་བདེ་འོད་ཟེར། སྟོང་སྐོར་ཞབས་དྲུང་། འཁྲུངས་གསར་སྐུ་ཞབས། རྡོ་གྲུབ་མཁན་པོ་དམ་ཆོས། དུང་དཀར་སྤྲུལ་སྐུ་ངེས་དོན་རྒྱ་མཚོ།

སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་ནོར་སོགས་གསར་རྙིང་གི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མ་རྗེ་ཉིད་ཀྱི་ཞལ་སློབ་ཏུ་གྱུར། དེ་ལྟར་རྗེ་འདིའི་གྲགས་སྙན་གྱི་བ་དན་ཁམས་ཞེས་གྲགས་པའི་གསེར་ལྡན་དགའ་མའི་དཀྱིལ་འཁོར་གྱི་མཐའ་དབུས་ཀུན་ལ་མངོན་པར་བསྒྲེངས་མཐར།

རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ལོར་དགོངས་པ་གཞན་དུ་བསྟན་ཏེ་སྐུ་དངོས་ཀྱི་གདུལ་བྱའི་མཛད་པ་རེ་ཞིག་རྫོགས་པའི་ཚུལ་བསྟན། རྗེ་ཉིད་ཀྱི་སྙན་ངག་གི་དཔེ་བརྗོད་དང་བསྟོད་ཚོགས། བླ་མ་བརྒྱུད་པའི་རྣམ་ཐར། གཞུང་བཀའ་པོད་ལྔ་དང་། གསང་འདུས་རྩ་བརྒྱུད།

སྔགས་རྫོགས་སྐོར་གྱི་འགྲེལ་བཤད་སོགས་པར་དུ་འཁོད་པ་གླེགས་བམ་བཅུ་བདུན་ཙམ་ཞིག་གདུལ་བྱ་ལྷག་མ་སྐྱོང་བའི་ཆེད་བུ་བསྟན་པའི་རྒྱུན་བཞག་པ་ལགས་སོ།། ཉིད་ཀྱི་སྐུ་སྐྱེ་ཕྱི་མ་ཐུབ་བསྟན་དཔལ་ལྡན་འོད་ཟེར་ནི་རྫ་ཆེན་ཞེས་པའི་ས་ཆར་ཁྱིམ་ཚང་དབུལ་ཕོངས་ཤིག་ཏུ་སྐུ་འཁྲུངས། བྱིས་པའི་དུས་ནས་མ་ཡུམ་འདས།

ཕྱིས་སུ་སྟོང་སྐོར་ཞབས་དྲུང་ཚང་གིས་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱི་ཡང་སྲིད་འཁྲུལ་བྲལ་དུ་ངོས་བཟུང་ཞིང་། ཕ་ཡབ་དང་བྱིས་པ་དེ་གཉིས་བླ་མས་བདག་ཏུ་བཟུང་ནས་གསོ་སྐྱོང་བྱས།

བྱིས་པ་དེ་ནར་སོན་རྗེས་ཡི་གེ་ཕྱི་མོ་དང་འདོན་ཆོག་གི་ཆོ་ག་སོགས་ལེགས་པར་བསླབས་ཏེ་ཁུང་དུ་ཆུད་པར་བྱས། དེ་ནས་དགུང་ལོ་བཅུ་དྲུག་སྟེང་དུ་ལྷ་ལྡན་དུ་གྲྭ་སར་བྱོན་ནས་ཐོས་བརྩོན་སློབ་གཉེར་ལ་བཞུགས། དགུང་ལོ་ཉེར་གཅིག་སྟེང་དུ་དགོངས་པ་རྫོགས།

རང་ཉིད་ཀྱི་སྐུ་གོང་མའི་གདན་ས་དཔལ་སྒང་དགོན་དུ་བྱོན་མ་མྱོང་། དེའི་ཡང་སྲིད་བསྟན་འཛིན་བློ་བཟང་སྙན་གྲགས་ནི་ལྷ་སའི་ཉེ་འདབས་སུ་སྐུ་འཁྲུངས། མིག་སྔར་བོད་རང་སྐྱོང་ལྗོངས་ཆུ་བེད་གློག་ཤུགས་ཐེང་དུ་ལག་རྩལ་གྱི་བྱ་བ་བྱེད་བཞིན་ཡོད།

རང་ཉིད་ཀྱི་གདན་ས་དཔལ་སྒང་དགོན་དུ་ཐེངས་རེ་ཟུང་ལ་བྱོན་ནས་ཆོས་འབྲེལ་གསུང་བ་དང་དགོན་པ་རང་ཁ་རང་གསོའི་ཐབས་ལམ་འཚོལ་དགོས་པའི་སྐོར་ལ་བཀའ་སློབ་ཟབ་མོ་གནང་ཡོད་པ་རེད།

དེ་ལྟར་བསྟན་བདག་བླ་མ་སྐུ་ཕྲེང་རིམ་པར་བྱོན་པ་དང་མཉམ་དུ་བྲག་དཀར་སྤྲུལ་སྐུའི་དངོས་སློབ་བཙུན་མ་སོས་ཡན་དང་ཤོས་ཡན་ཁོང་རྣམ་གཉིས་ཀྱིས་གདན་ཚབ་ལྟར་བྱས་ཏེ་ཆོས་བརྒྱུད་སྤེལ། ཨ་ཆེ་སྒྲོལ་མ། ཨ་ནེ་ཚེ་གཟུངས། ཐུབ་བསྟན་ལྷ་མོ། བློ་བཟང་བདེ་སྐྱིད་སོགས་རིམ་པར་བྱོན་ནས་བྲག་དཀར་བློ་སྦྱོང་དང་ལམ་རིམ།

སྤྱོད་འཇུག་སོགས་ཀྱི་ཆོས་རྒྱུད་ཟམ་མ་ཆད་པར་སྤེལ་ཞིང་དམ་ཆོས་འདུལ་བ་ཚུལ་བཞིན་དུ་ཐུགས་ཉམས་སུ་བསྟན་བའི་སྲོལ་རྒྱུན་དེང་གི་བར་དུ་མཆིས་སོ།། གོང་དུ་བཤད་པ་ལྟར་བཙུན་མ་རྣམས་ཀྱིས་བླ་མ་གཞན་ལས་ཆོས་གསན་པའི་སྲོལ་རྒྱུན་ནི་དེང་གི་བར་དུ་མ་མཆིས་སོ།

དགོན་པའི་རྟེན་གསུམ་དང་ཆོས་ཚོགས་སོགས་ཀྱི་སྐོར་ནི། དགོན་པར་འདུ་ཁང་སྤུས་ལེགས་གཅིག་དང་བཟོ་བཀོད་སྤྲོས་ལ་སྤུས་ཀ་ལེགས་པའི་བླ་མའི་གཟིམ་ཁང་(ཕྱིའི་ཁོར་ཡུག་ཀུན་ལ་མེ་ཏོག་སྣ་ཚོགས་[page 656] འཏབས་ཡོད་ཅིང་ནང་དུ་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཐང་ཁ་སོགས་མཆོད་གཤམ་ལེགས་པར་བྱས་ཏེ་དུས་རྟག་ཏུ་བྱི་དོར་དང་གཙང་སྦྲ་བྱེད་པའི་སྲོལ་རྒྱུན་ཆགས་ཡོད་པ། )བཙུན་མའི་ཤག་བརྒྱ་ཕྲག་ལྷག་ཙམ་ཡོད། སྤྱི་ཁང་། ཇ་ཁང་སོགས་ཡོད། ནང་རྟེན་རྒྱུ་འཇིམ་བཟོ་ལས་གྲུབ་ཅིང་སྤུས་ཀ་ལེགས་པའི་སྟོན་པ་དང་རྗེ་ཙོང་ཁ་བ།

བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱི་ཐང་ཁ་དང་འདྲ་སྐུ་སོགས་དང་། བཀའ་འགྱུར་དང་བྲག་དཀར་བླ་མའི་གསུང་འབུམ་ཆ་ཚང་སོགས་ཉུང་ཤས་ཞིག་མ་གཏོགས་དགོན་སྡེ་ལྟ་བུའི་ནང་རྟེན་མང་པོ་མེད་པར་སེམས་སོ།

།བཙུན་མ་ཡོངས་རྗོགས་ཀྱིས་དུས་རྒྱུན་དུ་ཐུན་བཞིའི་རྣལ་འབྱོར་ལས་ནམ་ཡང་མི་འདའ་བར་བྱས་ཏེ་ལོ་གཅིག་གི་ཟླ་བ་རེ་རེའི་གཅིག་ལ་མཎྡལ་བཞི་ཆོ་ག་འཚོགས་རྒྱུ་དང་ཚེས་བརྒྱད་ཉིན་སྨན་ལྷ་འདོན་རྒྱུ། ཚེས་ཉེར་ལྔ་ཉིན་བདེ་མཆོག་འདོན་རྒྱུ།

དམིགས་གསལ་ཟླ་བ་བརྒྱད་པའི་ཚེས་གཉིས་ཚེས་ལྔའི་བར་བྲག་དཀར་བླ་མའི་འདས་མཆོད་འཚོགས་རྒྱུ། ཉིན་རྟག་པར་དུས་ཚོད་བཅུ་གཅིག་ནས་བཟུང་དུས་ཚོད་ཕྱེད་གཉིས་རི་ལ་སྐྱབས་འགྲོ་དང་དགའ་ལྡན་ལྷ་རྒྱལ། གནས་བརྟན་ཕྱག་མཆོད། བླ་མའི་ཞབས་བརྟན་སོགས་འདོན་རྒྱུའི་ཚོགས་ཀྱི་སྲོལ་རྒྱུན་གཏན་འཇགས་སུ་ཡོད་པ་ལགས་སོ།།

བཙུན་མའི་འཚོ་བ་ནི་ཡོན་ཁང་དང་བསོད་སྙོམས་ཙམ་ལ་བརྟེན་ནས་ལྟོ་སྐྱ་གོས་ཧྲུལ་དུ་བཞུགས་པ་མ་གཏོགས་ཕུགས་ནོར་འཆིང་བའི་སྲོལ་ཡེ་ནས་མ་ཆགས། བཙུན་མ་རྣམས་གྲྭ་ས་བྱོན་ས་དང་དགེ་ཚུལ་སློང་གི་སྡོམ་པ་བླང་ས་ནི་དཀར་མཛེས་ཀྱི་བྲག་དཀར་རི་ཁྲོད་ཉག་ཅིག་གོ

ད་ལྟའི་གནས་ཚུལ་ནི། བཅོས་བསྒྱུར་སྔོན་དུ་ངཙུན་མ་ཉིས་བརྒྱ་ལྷག་ཙམ་རིག་གནས་ཡོད་གསར་བརྗེའི་སྐབས་སུ་དགོན་པ་དེ་ཉམས་ཆགས་སོང་སྟེ་དགོན་ཤུལ་གྱང་རལ་ཙམ་མ་གཏོགས་མཐོང་རྒྱུ་མེད་པར་གྱུར།

ཕྱིས་སུ་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་བ་དང་རྟའུ་རྫོང་སྲིད་གཞུང་གི་དགོན་པ་ཉམས་གསོ་བྱེད་རྒྱུར་ཆོག་མཆན་བཀོད་པའི་སྔོན་འགྲོའི་མཐུན་རྐྱེན་བཟང་པོ་གནང་བར་འབྲེལ།

བཙུན་མ་རྣམས་ཀྱི་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་རང་སྟོབས་རང་སྤེལ་བྱས་ཏེ་འདུ་ཁང་དང་བྲག་དཀར་གཟིམ་ཆུང་སྔར་ལྟར་བཞེངས་པར་མཛད། ཉེ་ཆར་གྱི་ལོ་འགའི་ནང་རྒྱལ་ཁབ་ཀྱི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཀྱི་ཁ་ཕྱོགས་དང་བྲག་དཀར་སྤྱུལ་སྐུ་བསྟན་འཛིན་བློ་བཟང་སྙན་གྲགས་ཀྱིས་བ་དང་སློབ་ལྟར།

བཙུན་མ་རྣམས་ཀྱིས་གདན་རབས་གོང་མའི་ཆོ་གའི་ཕྱག་བཞེས་མཐར་ཆགས་སུ་སྐྱོང་བ་དང་ཆབས་ཅིག་ཏུ་རང་ཁ་རང་གསོ་བྱེད་རྒྱུའི་ཐབས་ལམ་ལེགས་པར་འཚོལ་ཏེ་མཛོ་མོ་དང་འབྲི། བ་མོ་སོགས་ལྔ་བཅུ་ལྷག་ཙམ་ཡོད་པའི་ཕྱུགས་ར་འཛུགས་གཉེར་བྱས་པ་དང་། ཀུ་ཤི་དང་ཁམ་བུ་སྡོང་བོ་བརྒྱ་དང་བཞི་བཅུ་ལྷག་གསར་དུ་བཙུགས་པ།

ཞོག་ཁོག་དང་སྲིན་མ་སོགས་རྨོ་འདེབས་བྱས་པའི་ལས་ཀ་གཉེར་བར་ཕན་འབྲས་ཅུང་ལེགས་པོ་ཐོན་གྱི་ཡོད་པ་རེད། མིག་སྔར་བཙུན་མ་ཉིས་བརྒྱ་ལྷག་ཙམ་ཡོད་པ་དེ་དག་གིས་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་ཆོས་མཐུན་གྱི་མཛད་སྤྱོད་གནང་མུས་སུ་མཆིས་སུ་པ་ལགས་སོ།།