ཕྱུག་མོ་དགོན་གྱི་ལོ་རྒྱུས།

[page 29] དེ་ཡང་མི་ཉག་གཡུ་རྩེ་གཤིས་རིག་ལྡན་མངོན་དགའི་གླིང་མཆོག་ཕྱུག་མོ་དགོན་པ་ནི་ཕྱུག་མོ་གཞོན་ནུ་སྟོན་པས་བོད་རབ་བྱུང་དྲུག་པའི་ལྕགས་བྱ་སྤྱི་ལོ་༡༣༨༡ལོ་དགོན་པ་གསར་དུ་བཏབ། བླ་འདིའི་རྣམ་ཐར་ཤེས་འདོད་ན་མི་ཉག་མཁས་པ་མི་ལྔའི་རྣམ་ཐར་ལ་གཟིགས་ན་ཤེས། སྤྱིར་ཕྱུག་མོ་དགོན་ཞེས་པའི་ཕྱུག་ནི་དགོན་པ་འདེབས་པ་པོའི་ཆེ་བརྗོད་ཀྱི་མིང་སྙན་ཞིག་ཡིན་ཏེ་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་གྱི་ཕྱུག་པའམ་ལུང་རིགས་པའི་ཤེས་ཡོན་གྱི་ཕྱུག་པས་སོ།། ཁོང་ལྷ་ལྡན་གྲྭ་སར་བྱོན་ནས་མཁས་པར་གྱུར་སྐབས་ཤར་མི་ཉག་གི་པཎྜི་ཏ་ཆེན་པོ་ཞེས་མཚན་སྙན་ཐོབ་ཡོད། གྲུབ་མཐའ་ནི་ས་སྐྱ་བ་རེད། དགོན་པ་ཆགས་ས་དེར་སའི་སྲུང་བཞི་སོགས་ཆ་ཚང་བ་འཛོམས་ཡོད། གནའ་སྔ་མོའི་བཤད་སྒྲུབ་ཀྱི་སྡེའང་དར་ཡོད་པར་བཤད། སྐུ་གསུང་ཐུགས་རྟེན་གྱི་རྣམ་གྲངས་སྐོར། ཐུབ་དབང་གི་གསེར་སྐུ་ལུས་ཚད་ཆེན་པོ་གཅིག བྱམས་པ་ཁང་གི་ནང་ལ་རྗེ་བཙུན་བྱམས་མགོན་སྐུ་གསེར་ཟངས་ལས་གྱུབ་པ་ཐོག་བརྩེགས་གསུམ་ཅན་སྤུས་ཚད་དང་ལྡན་པ་གཅིག་རྡོ་རྗེ་འཆང་གསེར་ཟངས་ལས་གྲུབ་པ་ལུས་ཚད་མ་གསུམ། ཇོ་བོ་གཅིག དུས་གསུམ་སངས་རྒྱས། རྣམ་པར་སྣང་མཛད་བཅས་ཡོད། དེ་མིན་གསེར་སྐུ་རྒྱ་ནག་ལི་མ་དང་རྒྱ་གར་ལི་མ་བཞི་བཅུ་ལྷག་ཙམ་ཡོད། སྨན་འདམ་སྐུ་ཆེ་ཆུང་སུམ་བརྒྱ་ལྷག་དང་ཐང་ག་ཆེ་ཆུང་ལྔ་བརྒྱ་ཙམ་བཞུགས།། བཀའ་འབུམ་སྐོར་པོད་བརྒྱ་དང་བརྒྱད་ཅུ་ལྷག་ཙམ་བཞུགས། གསེར་དངུལ་གྱི་བྲིས་པའི་དཔེ་ཆའམ་པོད་མང་པོ་ཙམ་ཡོད། གསེར་ཟངས་ལས་གྲུབ་པ་དང་བཀའ་གདམས་མཆོད་རྟེན་ལུས་ཚད་མ་བརྒྱད། དེ་མིན་བཀའ་གདམས་མཆོད་རྟེན་དགུ་ཡོད། གཞན་ཡང་རོལ་མོ། མཆོད་ཆ་དང་མཆོད་རྫས། འཆམ་གོས། དུས་མཆོད་འཆམ་དང་བཅས་པ། དབྱར་གནས་སོགས་ས་སྐྱ་དགོན་པ་གཞན་དང་འདྲ་མཚུངས་ཡོད་དོ།། གྲྭ་པ་བརྒྱ་དང་བརྒྱད་ཅུ་ཙམ་ཡོད། དགོན་འདིའི་སྦྱིན་བདག་དུད་གྲངས་བརྒྱ་ལྷག་ཙམ་གྱི་དཔོན་པོ་ཁའུ་ཚང་ཡིན། དགོན་པའི་བདག་པོ་དང་པོ་མཁས་ཆེན་ཕྱུག་མོ་གཞོན་ན་སྟོན་པ། གཉིས་པ་བླ་མ་ཤཱཀྱ་རྒྱལ་མཚན། དེ་རྗེས་སུ་གསུམ་པ་དར་མདོའི་དཔལ་གསས་སྐྱབས་པའི་སྤྲུལ་སྐུ་རི་ཁུད་དགོན་པས་བདག་པོ་རྒྱབ། སྤྲུལ་སྐུ་ས་སྐྱ་དགོན་པ་བཅུ་གསུམ་དགོན་དེའི་བུ་དགོན་ཡིན་དགོས་པའི་བཀའ་སྲོལ་གསར་དུ་བཙུགས་ནས་དགོན་འདི་དང་གཞན་དགོན་བཅུ་གཉིས་ཀྱི་མ་དགོན་ནི་རི་ཁུད་དགོན་པ་ཡིན། བུ་དགོན་རྣམས་ལ་མཁན་པོ་ནི་རི་ཁུད་བླ་བྲང་གིས་མངགས་དགོས་པའི་སྲོལ་རྒྱུན་ཐོག་མར་བྱུང་བའོ།། དེ་རྗེས་ངོ་རྒོལ་བཞི་དང་རིག་གནས་གསར་བརྗེས་མི་རྒྱུ་ཚང་མ་རྩ་མེད་བཏང་ངོ་།།

དེང་སང་ཡང་འདུ་ཁང་ཀ་བ་བཅུ་དྲུག་ཅན་ཐོག་བརྩེགས་གསུམ་པ་གཅིག་བཞེངས་ཡོད། བྱམས་པ་ཁང་དང་མགོན་ཁང་གྲྭ་ཤག་བཅས་ཆ་ཚང་འཛོམས་ཡོད། སྐུ་གསུང་ཐུགས་རྟེན་ཆ་ཚང་ཙམ་བཞུགས། མཆོད་རོལ་སྐོར་ལ། སིལ་སྙན། སྤུག་ཆལ། དུང་། རྒྱ་གླིང་། དུང་ཆེན། རྐང་གླིང་། བདུན་ཚར་[page 30] སོགས་མཆོས་ཆས་བཅས་ལྡན་ཡོད། གདན་ཆས་ཆ་ཚང་བ་ཡོད། དུས་མཆོད་ཚོགས་རྒྱུ་ཟླ་བ་དང་པོའི་ནང་དགུན་ཆོས་ཉི་མ་བཞི་ཡོད། ཟླ་བ་བཞི་པའི་ནང་ཀྱཻ་རྡོར་སྒྲུབ་མཆོད་ཉིན་ལྔ་འཚོགས་དགོས། ཟླ་བ་ལྔ་བའི་ནང་སེར་སྲུང་ཉིན་གསུམ་འཚོགས་དགོས། ཟླ་བ་དྲུག་པའི་ནང་ལ་དབྱར་ཆོས་ཟླ་ཕྱེད་དང་འཆམ་ཉིན་ལྔ་བཅས་འཚོགས་དགོས། ཟླ་བ་བདུན་པའི་ནང་དབྱར་གནས་ཟླ་བ་གཅིག་ཕྱེད་ཚོགས་དགོས། ཀུན་རིག་སྒྲུབ་མཆོད་དང་མགོ་པོ་དྲུག་ཅུའི་གཏོར་བཟློག་འཚོགས་སྐབས་མི་སེར་དང་ལྡན་ཤིན་ཏུ་མང་པོ་འདུས། ཟླ་བ་དགུ་པའི་ནང་དུ་ཆོས་ར་ཉིན་བརྒྱད་ཚོགས། བླ་མ་མཆོད་པ་དང་མགོན་པོ་སྟོང་ཚར་བཅས་འདོན་དགོས། ཟླ་བ་གཅིག་པའི་ནང་དུ་ས་པཎ་འདས་མཆོད་ཉིན་གསུམ་ཚོགས། མགོན་བླ་གཅིག་ཆད་མེད་ཡོད། རྒྱུན་དུ་དགོན་པ་སྲུང་མཁན་བླ་གྲྭ་བརྒྱད་ཟླ་བ་རེར་རེས་སྐོར་ནས་འདུག་དགོས།

མཁན་ཆེན་ཀུན་དགའ་ཕུན་ཆོགས་ཀྱི་སློབ་མ་ནང་དོན་རིག་པ་ལ་སྦྱངས་བ་བྱས་མྱོང་མཁན་བླ་མ་ཆུ་ཁ་གྲགས་པ། ཉི་མ་རྒྱལ་མཚན། སྐལ་བཟང་དར་རྒྱས། འཇམ་དབྱངས་རྡོ་རྗེ་སོགས་བླ་མ་ལྔ་དྲུག་ཙམ་ཡོད། གྲྭ་བ་བདུན་ཅུ་ལྷག་ཙམ་ཡོད། སྦྱིན་བདག་གི་དུད་གྲངས་བརྒྱ་དང་བརྒྱད་ཅུ་ལྷག་ཙམ་ཡོད། དཔལ་འབྱོར་གྱི་འོང་ཁུངས་ནི་གྲྭ་པ་རང་རང་གི་ཁྱིམ་དང་མི་སེར་གྱི་ཤི་གསོན་ལ་དགེ་བ་བྱེད་སའི་རྒྱུ་ནོར་རྣམས་ཁོ་ན་ཡིན་ནོ། དགོན་པའི་འགན་ཁུར་མཁན་ཧོ་འདྲ་བསོ་རྒྱལ་དང་པད་དབང་སོགས་བླ་གྲྭ་འགའ་ཤས་ཡོད།

ཅེས་པ་འདི་ནི་དགོན་འདིའི་བླ་གྲྭ་ཚོས་བྲིས་པའི་ལོ་རྒྱུས་ཡི་གེར་གཞི་བྱས་ནས་རིག་བསྟན་གྱིས་དར་མདོ་ནས་བྲིས།།