གཏེར་སྟོན་མཆོག་གྱུར་གླིང་པས་མཛད་པའི་གནས་ཡིག
༄༅། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བོད་ཀྱི་རི་བྲག་དཔལ་ལྡན་རྣམས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ གནས་སུ་བྱིན་གྱིས་བརླབས་ནས་སུ༔ ཕྱི་ལྟར་རིན་ཆེན་རི་བྲག་ལ༔ ནང་ལྟར་རིན་ཆེན་གཞལ་ཡས་སུ༔ གསང་བ་ཡེ་ཤེས་ཕོ་བྲང་དུ༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ དངོས་སུ་བཞུགས་པར་བདག་གིས་སྤྲུལ༔ དེ་དག་རྣམས་སུ་སུས་སྒྲུབ་པ༔ མཆོག་དང་ཐུན་མོང་ངེས་པར་འགྲུབ༔ ཁྱད་པར་གསུང་གི་གནས་ཆེན་མཆོག༔ གླེ་ཡི་རི་བོ་དཔལ་འབར་ལ༔ ཡ་མཚན་ཀ་ཡིག་བཀྲ་བ་འདི༔ རྒྱལ་བ་ཀུན་གྱི་གསུང་གི་གནས༔ བྲག་རི་ཟླ་གམ་འབར་བ་རུ༔ གསང་ཕུག་ཟླ་གམ་ལྟ་བུའི་ནང༔ བདག་གིས་ཡང་དག་ཧེ་རུ་ཀ༔ ཟླ་གམ་ལྔ་བཅུ་རྩ་བརྒྱད་བསྒྲུབས༔ དཀྱིལ་འཁོར་མངོན་སུམ་ནམ་མཁར་བྱོན༔ ཟླ་གམ་འདྲ་བའི་བྲག་ལ་ཐིམ༔ ལུང་པ་དཔལ་ཆེན་སྐུ་ཡི་དབྱིབས༔ ཐུགས་ཀྱི་དཔལ་བེའུ་དེའུ་ལ༔ རྣམ་ཐར་གསུམ་ལྡན་ཕུག་པའི་ནང༔ ཧེ་རུ་ཀ་ཡི་གསང་སྒྲུབ་བགྱིས༔ ཧེ་རུ་ཀ་དང་མཁའ་འགྲོའི་ཚོགས༔ དངོས་སུ་བྱོན་ནས་གནས་འདིར་བཞུགས༔ ཤར་ལྷོའི་བྲག་རི་དཔལ་འབར་ལ༔ མན་ངག་ཐུགས་ཀྱི་གཏེར་ཀ་སྦས༔ འདོན་དུ་མི་རུང་གཏེར་བཅུ་སྦས༔ དགོས་པའི་གཏེར་གསུམ་གཏེར་ཕྲན་སྦས༔ ཤར་གྱི་ཕྱོགས་ཀྱི་བྲག་རི་ལ༔ དཔལ་གྱི་གནས་མཆོག་ཀེའུ་ཚང་དགུ༔ དུང་དཀར་འདྲ་བའི་བྲག་རི་ལ༔ བདུད་རྩི་ལྔ་ཡི་ནགས་ཚལ་གཏིབས༔ བདུད་རྩིའི་ཆུ་བོ་ལྷུང་ལྷུང་འབབ༔ བདག་དང་ནམ་མཁའི་སྙིང་པོ་དང༔ བཻ་རོ་གཉག་ལོ་མཚོ་རྒྱལ་དང༔ ཟབ་མོའི་བཀའ་བབས་མི་བདུན་བཅས༔ རང་རང་ཡི་དམ་སྒྲུབ་པ་ཡིས༔ ང་ཡིས་རྫུ་འཕྲུལ་གྱིས་ཕུག་པ༔ ཀེ་ཚང་ཉམས་དགའ་རྣམ་དགུ་དང༔ སྐུ་གསུང་ཐུགས་ཀྱི་རྟགས་རྣམས་གསལ༔ ལྷོ་ནུབ་ཐོད་སྐམ་འདྲ་བའི་བྲག༔ མ་མགོན་ཡབ་ཡུམ་བརྟེན་པའི་ཤིང༔ སྔགས་ཀྱི་རང་སྒྲ་སྒྲོག་པ་དང༔ ཁྲག་ཞག་འཁྲུགས་པའི་ཆུ་མིག་ཡོད༔ དྲིལ་བུ་གཡེར་ཁ་ལྟ་བུའི་རིགས༔ སྟེང་ལ་ང་ཡི་ཞབས་རྗེས་ཡོད༔ བྲག་དང་ལྗོན་ཤིང་འདྲེས་པའི་གནས༔ ཀླུ་བཙན་འབར་བ་སྤུན་བདུན་གནས༔ བྲག་རི་དཔལ་གཏོར་བཤམས་འདྲ་བར༔ མན་ངག་ཐུགས་ཀྱི་གསང་བའི་གཏེར༔ ཟབ་པ་སྐོར་བདུན་ཨ་ཐམ་རྒྱ༔ ཕ་བོང་གཡག་ཆུ་འབྲང་འདྲ་ལ༔ སྐུ་གསུང་ཐུགས་མཚན་དཔག་མེད་བྱོན༔ བྱ་རྒོད་འཚོགས་འདྲའི་ཕ་བོང་ལ༔ གསང་སྔགས་ཡི་གེ་དུ་མ་བྱོན༔ མེ་ལོང་ལྟ་བུའི་བྲག་ངོས་སུ༔ ལྷ་སྐུ་ཕྱག་རྒྱ་དུ་མ་གསལ༔ འཆི་མེད་བདུད་རྩིའི་བུམ་པ་ལ༔ ལྗོན་ཤིང་འབྲས་བུ་ལྡན་པ་སྐྱེས༔ ཚེ་ཆུ་སྨན་ཆུ་དུ་མ་ལུད༔ བྱང་ཕྱོགས་པདྨ་ལྟ་བུའི་བྲག༔ རིན་ཆེན་དབང་གི་མདོག་ཏུ་འཚེར༔ ཁྲོ་རྒྱལ་རྟ་མགྲིན་སྐུ་གསུང་ཐུགས༔ རྟགས་ཀྱི་རང་བཞིན་ཀུན་གསལ་ཞིང༔ ཕུག་པ་ཟླ་གམ་དབང་གི་གནས༔ བྱང་ཤར་གཅོང་རོང་བྲག་སྒོ་རུ༔ ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ༔ སྤྲུལ་པའི་སྒོ་སྲུང་དུ་མ་བཞུགས༔ རིན་ཆེན་འདྲ་བའི་རི་བོ་ལ༔ ཡེ་ཤེས་མཁའ་འགྲོ་དུ་མ་གནས༔ ལྗོན་ཤིང་ལྷ་མོ་དར་ཕྱར་ལ༔ ཞིང་སྐྱོང་མཁའ་འགྲོ་དུ་མ་གནས༔ མཚོན་ཆ་གཟིངས་འདྲའི་བྲག་རི་ལ༔ བཀའ་སྡོད་ཆོས་སྐྱོང་སྲུང་མ་གནས༔ ཆུ་བོ་སུམ་རིམ་ལྕགས་རི་ལ༔ ཀླུ་ཡི་རིག་འཛིན་དུ་མ་གནས༔ ཐང་ཆེན་གསེར་གྱི་མཎྜལ་ལ༔ མ་མོ་མཁའ་འགྲོ་འབུམ་ཚོ་འདུ༔ གཡའ་སྤང་གངས་བྲག་བས་མཐའ་ལ༔ ལྷ་ཡི་དགེ་བསྙེན་དུ་མ་གནས༔ འབྲུ་བཅུད་ཚོགས་ཀྱི་བཟའ་བཏུང་ལ༔ ཡེ་ཤེས་ལྔ་ཡི་བདུད་རྩི་གནས༔ ས་ལ་སྐྱེས་པའི་སྐྱེ་འགྲོ་ལ༔ དཔའ་བོ་མཁའ་འགྲོའི་བྱིན་བརླབས་འཇུག༔ རི་དྭགས་བྱ་གཅན་སྣ་ཚོགས་པ༔ དཔའ་བོ་མཁའ་འགྲོའི་ཚོགས་གྲལ་ཐོབ༔ སངས་རྒྱས་བྱང་སེམས་རྟག་ཏུ་བཞུགས༔ རིག་འཛིན་གྲུབ་ཐོབ་འབྱོན་པའི་གནས༔ དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས༔ ཆོས་སྐྱོང་སྲུང་མ་འདུ་བའི་གནས༔ དྲེགས་པ་ལས་ལ་འགྱེད་པའི་གནས༔ བར་ཆད་རྐྱེན་ལས་གྲོལ་བའི་གནས༔ དངོས་གྲུབ་རྣམ་གཉིས་འདུ་བའི་གནས༔ སྒྲུབ་ན་རྟོགས་པ་འཆར་བའི་གནས༔ ཆོས་སྐུའི་རྒྱལ་ས་ཟིན་པའི་གནས༔ ཚོགས་ཀྱི་འཁོར་ལོ་བསྐོར་བའི་གནས༔ བདེ་སྟོང་རྒྱུན་ཆད་མེད་པའི་གནས༔ ཟག་མེད་འཇའ་ལུས་འགྲུབ་པའི་གནས༔ གནས་དང་གྲུབ་ཐོབ་མ་བྲལ་ན༔ སྙིང་པོའི་བསྟན་པ་འཛིན་པའི་གནས༔ སུ་འབྲེལ་བདེ་ཆེན་ཞིང་དུ་སྐྱེ༔ གནམ་ནི་འཁོར་ལོ་རྩིབས་བཞིའི་དབྱིབས༔ ས་ནི་པདྨ་འདབ་བཞིའི་དབྱིབས༔ བྲག་ནི་ཟླ་གམ་ཁ་སྦྱོར་མིག༔ ཆུ་ནི་ཡི་གེ་ཨེ་ཡི་དབྱིབས༔ ལྗོན་ཤིང་འཁོར་ལོ་བཞི་ཡི་དབྱིབས༔ བྲེ་གུ་ཚེ་ཡི་བུམ་པའི་དབྱིབས༔ བྲག་རི་དཔལ་གྱི་གཏོར་མའི་དབྱིབས༔ མཚོ་ནི་སྨན་དང་རཀྟའི་མཚོ༔ ཆུ་མིག་ནེའུ་གསིང་བདུད་རྩིའི་མཚོ༔ ནེའུ་གསིང་པདྨ་འདབ་སྟོང་བཀྲ༔ རི་ནི་རྒྱལ་སྲིད་སྣ་བདུན་ལ༔ བྲག་ནི་བཀྲ་ཤིས་རྟགས་བརྒྱད་དབྱིབས༔ ལྗོན་ཤིང་བཀྲ་ཤིས་རྫས་བརྒྱད་གནས༔ སཱ་ལའི་ལྗོན་ཤིང་གཏིབས་པའི་ཚེ༔ ང་ཡི་བསྟན་པ་དེ་རུ་གནས༔ འདིར་ཕྱིན་ངན་སོང་སྐྱེ་སྒོ་ཆོད༔ ཚོགས་འཁོར་གཅིག་གིས་སྒྲིབ་པ་བྱང༔ ཚོགས་འཁོར་གཉིས་ཀྱིས་ཉམས་ཆགས་བསྐང༔ ཚོགས་འཁོར་གསུམ་གྱིས་བསོད་ནམས་འཕེལ༔ ཚོགས་འཁོར་བརྒྱ་ཡིས་ཡེ་ཤེས་མཐོང༔ ཕྱག་དང་བསྐོར་བས་ལུས་སྒྲིབ་དག༔ བཟླས་བརྗོད་གསོལ་འདེབས་ངག་སྒྲིབ་དག༔ དད་མོས་བསྒོམས་པས་ཡིད་སྒྲིབ་དག༔ ལེགས་ཉེས་སྟངས་འཛིན་བྱེད་པའི་གནས༔ དམ་ཉམས་རྣམས་ལ་ཆད་པ་གཅོད༔ དམ་ཚིག་ལྡན་ལ་དངོས་གྲུབ་སྩོལ༔ བསྒྲུབ་ན་སྒྲུབ་པ་མཐའ་རུ་ཕྱིན༔ མཆོད་ན་བསོད་ནམས་ཚོགས་ཆེན་རྫོགས༔ དགེ་བ་གང་བྱས་འབུམ་དུ་འགྱུར༔ གནས་འདིར་སྒྲུབ་པའི་རྣལ་འབྱོར་ལ༔ ཚེ་རིང་ནད་མེད་བདེ་བ་འཕེལ༔ དངོས་གྲུབ་ལོ་དང་ཟླ་བས་འགྲུབ༔ ཟབ་མོའི་གནས་འདི་ཁྱད་པར་འཕགས༔ རྣལ་འབྱོར་དམ་ཚིག་ལྡན་པ་ལ༔ དག་པའི་སྣང་བ་ཅི་ཡང་འཆར༔ སྐུ་གསུང་ཐུགས་རྟགས་དུ་མ་ཤར༔ ལེགས་ཉེས་བལྟས་ཀྱང་སྟོན་པའི་གནས༔ སྒྲུབ་པ་རྩེ་གཅིག་བྱས་པ་ལ༔ ཡེ་ཤེས་ཁྱད་འཕགས་མཆོག་དང་ནི༔ ཐུན་མོང་ཚེ་དང་རིག་སློབ་འཕེལ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས༔ ཡོངས་སུ་བསྔགས་པའི་གནས་ཡིན་པས༔ འབྲེལ་ཚད་དོན་ལྡན་འགྲོ་དོན་འབྱུང༔ གཞན་དོན་འཕེལ་བའི་གནས་ཡིན་པས༔ དྲང་སྲོང་རྣམས་ཀྱིས་སྨོན་ལམ་བཏབ༔ མཁས་གྲུབ་མང་པོ་འབྱུང་བའི་གནས༔ ར་བ་བཞི་ཡི་ཚེས་བཅུ་ལ༔ གནས་གསུམ་དཔའ་བོ་མཁའ་འགྲོ་བྱོན༔ ཚེས་བརྒྱད་ཞི་བའི་ཕྲིན་ལས་འགྲུབ༔ བཅོ་ལྔ་རྒྱས་པའི་ཕྲིན་ལས་འགྲུབ༔ འབྲིང་པོ་བཞི་ཡི་ཉེར་ལྔ་ལ༔ དབང་གི་ལས་རྣམས་ཐམས་ཅད་འགྲུབ༔ ཐ་ཆུང་བཞི་ཡི་ཉེར་དགུ་ལ༔ དྲག་པོའི་ལས་རྣམས་ཐམས་ཅད་འགྲུབ༔ སྤྲེལ་ལོ་སྤྲེལ་ཟླ་སྟོན་ར་བ༔ ཚེས་བཅུ་མཆོག་གི་དངོས་གྲུབ་སྩོལ༔ ར་བ་བཞི་ཡི་བཅུ་གསུམ་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་འགྲུབ༔ གནས་ཀྱི་ཡོན་ཏན་བསམ་མི་ཁྱབ༔ དཀར་ཆག་ཡི་གེར་བཏབ་པ་འདི༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔གནས་མཆོག་དེའི་དཔལ་གྱི་དེའུ་ནས་མཆོག་གྱུར་གླིང་པས་སྤྱན་དྲངས་པ་མཁའ་འགྲོའི་བརྡའི་ཡི་གེ་ལས་ལེགས་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་སྔགས་ཀྱི་སྐལ་ལྡན་ཤེས་རབ་རྒྱལ་མཚན་གྱིས་བགྱིས་པའོ། །མངྒ་ལཾ།
མཆན། གནས་ཡིག་འདི་མཆོག་གླིང་བཀའ་འབུམ་ས་པོད་ནས་ཞལ་བཤུས་པའོ། །