༄༅། །མདོ་ཁམས་གནས་ཆེན་ཉེར་ལྔ་ལས་སྐུའི་ཐུགས་ཀྱི་གནས་པདྨ་རི་མཐོའི་གནས་ཡིག་བཞུགས་སོ། །

ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མཛད་པའི་མདོ་བྱང་།

༄༅། །སྐུ་ཡི་ཐུགས་ཀྱི་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་འབྲི་ཀླུང་གཉན་ཞེས་སུ༔ པདྨའི་བྲག་རི་སུམ་བརྩེགས་ཡོད་པ་རུ༔ དབུས་སུ་ཨོ་རྒྱན་བདག་གི་སྒྲུབ་པའི་གནས༔  བྲག་ཕུག་ཆོས་འབྱུང་ཟུར་དྲུག་དབྱིབས་ཅན་ཡོད༔ རང་བྱུང་མཆོད་རྟེན་ངོ་མཚར་ཅན་བཞུགས་ལ༔ ཀློང་ཐང་སྒྲོལ་མ་ཞེས་བྱར་འབྲེལ་བའོ༔ མ་འོངས་ང་སྤྲུལ་ནམ་མཁའ་ཞེས་བྱ་འབྱུང༔

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་མདོ་བྱང་།

༄༅། །སྐུའི་ཐུགས་ཀྱི་གནས་ལས་འབྲི་ཀླུང་ཕྱོགས་ཀྱི་མཉན་ནི། ཕ་རིའི་མཉན་པ་ཚང་སྔར་ས་དེའི་བདག་པོ་ཡིན་པས་དེའི་སྒྲས་བསྡུས། པདྨའི་བྲག་རི་སུམ་བརྩེགས་ནི་ཚུ་རིའི་པདྨ་རི་མཐོ། དེར་ངག་སྤྲུལ་ནམ་མཁའི་མིང་ཅན་ནི་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའ་རྡོ་རྗེ།

རྫ་དཔལ་སྤྲུལ་གྱིས་མཛད་པའི་གནས་ཡིག

༄༅། །གནས་ལ་རྩེ་མཐོ་པདྨའི་རི། །ལྷ་གཅིག་སྒྲོལ་མའི་ཞིང་ཁམས་ཡིན།།ཐུགས་རྗེ་ཆེན་པོའི་ཕོ་བྲང་ཡིན། །པདྨ་རྒྱལ་པོའི་སྒྲུབ་གནས་ཡིན། །རི་ལ་ལྟོས་དང་འཕགས་པའི་སྐུ། །སེམས་ཉིད་ངལ་གསོའི་བཀོད་པ་རྫོགས། །བྲག་ལ་ལྟོས་དང་འཕགས་པའི་གསུང་། །རང་བྱོན་ཡིག་དྲུག་བགྲང་ལས་འདས། །ཤིང་ལ་ལྟོས་དང་སྔོ་ལྗང་ཚལ། །གཡུ་ལོ་བཀོད་པའི་ཁྱད་ཆོས་རྫོགས། །དུག་སྦྲུལ་གདུག་པས་མཐའ་ནས་བསྐོར། །སྐལ་དམན་བློ་ཆུང་བགྲོད་པར་བཀའ། །གྲུ་འཛིན་རི་བོའི་མཚན་ཉིད་རྫོགས། །མདུན་ན་ཐུགས་སྤྲུལ་པདྨ་སྐྱེས། །འགྲོ་བའི་དོན་ལ་སྤྲུལ་པ་འགྱེད། །འདབས་ན་འཕགས་མའི་ཕོ་བྲང་མཛེས། །ལྷ་མོའི་འགྲོ་དོན་དུས་ལ་བབས། །ཐུགས་རྗེ་ཆེན་པོའི་ཐུགས་ཀ་ན། །པདྨ་དགྱེས་པའི་སྒྲུབ་ཕུག་ཡོད།  །ལྷ་ལ་སྤྱན་རས་གཟིགས་དབང་བསྟེན།  །སྔགས་ལ་ཡི་གེ་དྲུག་མ་བཟླ།  །ཆོས་ལ་བྱམས་དང་སྙིང་རྗེ་བསྒོམ།  །ལམ་ལ་རྒྱལ་སྲས་བདེ་ལམ་སྙོགས།  །སྡུག་བསྔལ་འདོད་ཀྱང་བདེ་བ་འབྱུང་། །འདི་བདེ་ཕྱི་སྐྱིད་ཨ་ལ་ལ། །བདེ་ནས་བདེ་བའི་གནས་སུ་འགྲོ། །གཏན་བདེ་མི་འགྱུར་ཨ་ལ་ལ། །གསོལ་བ་བླ་མ་རྗེ་ལ་འདེབས། །ཐུགས་རྗེ་མི་གཡེལ་ཨ་ལ་ལ། །ཡི་དམ་སྤྱན་རས་གཟིགས་ལ་ཞུ། །དངོས་གྲུབ་མི་འགྱང་ཨ་ལ་ལ། །ཨ་ལ་ལ་སྟེ་ངོ་མཚར་ཆེ། །

མཆན། གནས་ཡིག་འདི་རྫ་དཔལ་སྤྲུལ་གྱི་བཀའ་འབུམ་ཀ་པོད་ཀྱི་གཏམ་པདྨའི་ཚལ་གྱི་ཟློས་གར་ལས་ཞལ་བཤུས་པའོ། །

གྲུབ་དབང་ལུང་རྟོགས་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་གནས་ཡིག

༄༅། །སྒྲུབ་པ་བཀའ་བརྒྱད་ལས་གསུང་པདྨའི་རིགས་ཟངས་མདོག་དཔལ་གྱི་རི་བོ། ནང་ལྟར་ན་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གནས། གསང་བ་ལྟར་ན་པདྨ་གསུང་དབང་དྲག་རྟ་མགྲིན་རོལ་པའི་དཀྱིལ་འཁོར་གྱི་གནས་ཡིན། ཨོ་རྒྱན་ཆེན་པོས་གསུང་པདྨ་རིགས་ཀྱི་གནས་མཆོག་རྟ་མགྲིན་གྱི་གནས་སུ་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་གནས་ཀྱི་མཚན་ལ་ཡང་པདྨ་རི་མཐོ་རུ་གྲགས། གནས་རིའི་རྩེ་ཨོ་རྒྱན་ཆེན་པོའི་སྒྲུབ་ཕུག་ཏུ་ཨ་མོ་ལི་ཀའི་རྡོ་ལེབ་ཤེལ་ལས་གྲུབ་པའི་ཁང་བཟང་ཉམས་དགའ་བ་རུ། ཡི་དམ་རྒྱུད་སྡེ་གསར་རྙིང་གང་ལ་མོས་པ་དེའི་དཀྱིལ་འཁོར་རང་བྱོན་ཡོད་པ་པདྨ་ཤེལ་ཕུག་ཏུ་གྲགས། འདི་ལ་རྩེ་བསྐོར་གཅིག་བྱས་ན་ཙོང་རྒྱལ་མ་ཎི་པདྨེ་ནས་སྟེང་དུ་རི་རྩེར་བསྐོར་ནས་ཀླུ་མོ་རྒྱས་མདའ་ནས་སྒྲོལ་མ་དཀར་མོ་རང་བྱོན་དང་ཡིག་དྲུག་རྣམས་མཇལ་ནས་དུར་ཁྲོད་ཆེན་པོ་བརྒྱད་དང་བྱིན་རླབས་མཉམ་པའི་དུར་ཁྲོད་ཀླུ་མོ་རྒྱལ་ཡོད་ས་དེ་ནས་ལ་སྟེང་དུ་སོང་ན་རྩེ་བསྐོར་གཅིག་ཡིན། དེ་ལ་མ་ཎི་བྱེ་ཆུང་གཅིག་གི་ཕན་ཡོན་ཡོད། བར་བསྐོར་གཅིག་བྱས་ན་བྱེ་ཆེན་གཅིག་གི་ཕན་ཡོན་ཡོད། བར་བསྐོར་ལ་ཀློང་སྒྲོལ་མ་ལྷ་ཁང་མཇལ་ནས་ནུབ་ཕྱོགས་འབྲུ་རྒྱུད་ཀྱི་ཙོང་རྒྱལ་པདྨོ་མཇལ་ཉི་ཟླ་མ་བརྒལ་བར་པདྨ་རི་མཐོ་བཅས་བསྐོར་བ་ལ་བར་བསྐོར་དུ་གསུངས། མཐའ་བསྐོར་ལ་གནས་ཀྱི་ཡན་ལག་ཐམས་ཅད་བསྐོར་དགོས་ཞེས་གསུངས་སོ། །

མཆན། གནས་ཡིག་འདི་གྲུབ་དབང་ལུང་རྟོགས་རྒྱལ་མཚན་དཔལ་བཟང་པོའི་གསུང་འབུམ་གླེགས་བམ་བཞི་པ་ལས་ཞལ་བཤུས་པའོ། །

གནས་མཆོག་པདྨ་རི་མཐོའི་བསང་དང་ཕུད་གཏོར་བཞུགས་སོ།།

༄༅། །གནས་མཆོག་པདྨ་རི་མཐོ་ནོར་བུ་ཡོངས་རྫོང་གི་གཞི་བདག་ལ་བསང་དང་ཕུད་གཏོར་འབུལ་བའི་རིམ་པ་བཀྲ་ཤིས་དགའ་སྟོན་བཞུགས། ཧཱུྃ་བཀྲ་ཤིས་མཛེས་ལྡན་ནོར་བུ་ཡོངས་རྫོང་གི། །རྩེ་མོར་རྣམ་འཕྲུལ་ལྷ་ཡི་བཀོད་པ་ལྟར། །རིན་ཆེན་གཞལ་མེད་དབུས་ན་དགྱེས་རོལ་པའི། །དམ་ལྡན་གཉན་ཆེན་རྡོ་རྗེ་བློ་གྲོས་ནི། །ནོར་བུའི་ཐོར་ཚུགས་དར་ཐོད་དབུ་ལ་བཅིངས། །བཻ་ཌཱུརྱ་སྣོད་མཆོག་བདུད་རྩིའི་བཀང་བ་བསྣམས། །ཟ་བེར་གོས་གྱོན་རབ་བརྗིད་རྒྱལ་པོའི་ཆས། །བཙུན་མོ་སྲས་བློན་འཁོར་དང་བཅས་པ་རྣམས། །བདག་གིས་འབོད་པའི་གནས་འདིར་གཤེགས་སུ་གསོལ། །ཡི་གེ་ཨོཾ་ཨཱཿཧཱུྃ་གིས་བྱིན་རླབས་པའི། །བསང་མཆོད་འདོད་དགུར་འཆར་བའི་དུད་སྤྲིན་གྱིས། །ནམ་མཁའ་ཁྱབ་པར་འབུལ་ལོ་བཞེས་སུ་གསོལ། །ཟག་མེད་འདོད་དགུར་འཆར་བའི་ཕུད་མཆོད་ཀྱིས། །སྟོང་གསུམ་གང་བར་འབུལ་ལོ་བཞེས་སུ་གསོལ། །ཁྱེད་ལ་བདག་གི་ཕྲིན་ལས་བཅོལ་བ་ནི། །གློ་བུར་རྐྱེན་ཀག་བར་ཆད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་སྐྱེ་འགྲོ་དབང་དུ་བསྡུས། །ལོག་འདྲེན་དགྲ་བགེགས་མ་ལུས་རྡུལ་དུ་རློག །མདོར་ན་ཡིད་ལ་འདོད་པའི་རེ་བ་ཀུན། །འབད་མེད་འགྲུབ་པའི་སྡོང་གྲོགས་མཛད་དུ་གསོལ། །གསོལ་མཆོད་འདི་ཉིད་སྒྲུབ་བརྩོན་བླ་མ་བློ་གྲོས་དབང་ཕྱུག་གིས་བསྐུལ་ངོར༧རྡོ་རྗེ་བདེ་ཆེན་གླིང་པས་གླིང་ཤེས་པདྨ་ཤེལ་རི་དབང་ཆེན་ཡེ་ཤེས་རོལ་པའི་སྒྲུབ་གནས་སུ་ཤིང་བྱི་ལོའི་སྨིན་དྲུག་ཟླ་བའི་ཉེར་དགུ་ལ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

༄༅། །ཨོཾ་སྭ་བྷ་ཝས་སྦྱང་སྟོང་པའི་ངང་ལས་བསང་རྫས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཟད་མི་ཤེས་པའི་བརྒྱན་དུ་གྱུར། ན་མ་སརྦ་ཏ་ཐཱ་སོགས་བརྗོད་ཀྱེེ་གནས་ཀྱི་མཆོག་གྱུར་རྩེ་མཐོ་པདྨ་རི། །ཕྱི་ལྟར་གྲུ་འཛིན་ཞིང་གི་བཀོད་པ་རྫོགས། །ནང་ནས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་གྲུབ། །དེ་ན་བཞུགས་པའི་སངས་རྒྱས་བྱང་སེམས་དང་། །ཁྱད་པར་རྗེ་བཙུན་སྒྲོལ་མ་སྤྲུལ་འཁོར་དང་། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བསང་། །ཡུལ་སྐྱོང་དགེ་བསྙེན་པདྨ་མཆོག་རབ་རྩལ། །བཙུན་མོ་སྲས་དང་བློན་འཁོར་གྲངས་མེད་བསང་། །མདུན་འཁོད་དཔལ་གྱི་དཀོད་ལྡན་སེངྒེ་འཁྲིག །གནས་པའི་རྩ་གསུམ་རྒྱལ་བ་རབ་འབྱམས་དང་། ཁྱད་པར་གནས་བརྟེན་ཆེན་པོ་འཁོར་བཅས་བསང་། །གནས་བདག་ཞོམ་རོལ་བོན་ཆུང་འཁོར་བཅས་དང་། །མ་བཟའ་དམ་ཅན་གནོད་སྦྱིན་ཁོལ་བོ་ལ། །ཁྱད་པར་ལྷ་བཙན་རྡོ་རྗེ་ཐོག་རྒོད་བཅས། །ཕྱོགས་དེར་གནས་པའི་ལྷ་ཀླུ་གཞི་བདག་བསང་། །འདན་ལུང་ཉིན་སྲིབ་གནས་གཞི་གཏེར་གྱི་བདག །སྤྲུལ་པ་ཡང་སྤྲུལ་སྲས་བློན་བཙུན་མོ་བཅས། །འདིར་གཤེགས་འདོད་ཡོན་ལྔ་ལྡན་བསང་མཆོད་བཞེས། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བའི། །ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན་ཆེན་པོ། །རང་རང་ཡིད་ལ་གང་དགོས་འདོད་དགུའི་ཆར། །ཟག་མེད་བདེ་བས་ནམ་ཡང་ཚིམ་གྱུར་ཅིག །སྔོན་ཚེ་པདྨ་ཐོད་ཕྲེང་སྤྱན་སྔ་རུ། །ཁས་བླང་བཞིན་དུ་སངས་རྒྱས་བསྟན་པ་སྲུངས། །དཔལ་ལྡན་བླ་མའི་ཞབས་པད་བརྟན་པ་དང་། །ཆར་ཆུ་དུས་འབབས་ལོ་ཕྱུག་རྟག་ཏུ་ལེགས། །རྒྱལ་ཁམས་མཐའ་དབུས་བདེ་བའི་ཕྲིན་ལས་མཛོད། །ཅེས་པ་ཀརྨ་པ༧རྒྱལ་མཆོག་བཅུ་དྲུག་པ་རང་བྱུང་རིག་པའི་ཡེ་ཤེས་རྡོ་རྗེས་ཤར་མར་གསུང་པ་ཇི་བཞིན་བཀོད་པའོ།།

༄༅། །ཧྲཱིཿ གྲུབ་པའི་གནས་མཆོག་རྩེ་མཐོ་པདྨ་རི། །རྩ་གསུམ་ཞི་ཁྲོ་གནས་སྐྱོང་རྒྱ་མཚོ་ལ། འདོད་ཡོན་བདུད་རྩིས་བསང་གི་མཆོད་པ་འབུལ། །དགྱེས་པ་ལེགས་བཞེས་མཆོག་ཐུན་འབད་མེད་རྩོལ། །ཨོཾ་གུ་རུ་དཱེ་བ་ཌཱཀྐི་ཎི་བྷུ་མི་པ་ལ་སཱ་པ་རི་ཝ་ར་པུ་ཛ་མི་གྷ་ཨ་ལ་ལ་ཧོཿ གསེར་སྐྱེམ་ལ་འདོད་ཡོན་གསེར་སྐྱེམ་མཆོད་པ་འབུལ་བ་དང་། ཚོགས་ཀྱི་མཆོད་པ་དང་། ཕུད་ཀྱི་མཆོད་གཏོར་གསུར་གྱི་མཆོད་པ་ཁ་སྒྱུར་རོ། ཞེས་ཁྱེའུ་ཀུ་རུ་དྷཱི་ཡིས་རྨི་ལམ་ཚོགས་སུ་པདྨ་ཤེལ་ཀྱི་བྱ་སྐྱིབས་སུ་བྲིས། ཀྱེེཿ རྒྱལ་བའི་བཀའ་སྡོད་རྡོ་རྗེ་བློ་གྲོས་གཉན། །འཁོར་བཅས་འདིར་སྤྱོན་བསང་གི་མཆོད་པ་བཞེས། །ལྗོངས་འདིར་ནད་འཁྲུགས་ལོ་ཉེས་མ་གཏང་ལ་། །བདག་གི་གང་བཅོལ་མངོན་དུ་འགྲུབ་པར་མཛོད། །ཨོཾ་བྷུ་མི་པཱ་ལ་ཡཀྵ་བྷ་ཝནྟུ་ཨེ་དཾ་བ་ལིངྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ གོང་ལྟར་ཁ་སྒྱུར་འཇམ་དབྱངས་བཞད་པ་རྡོ་རྗེས་ཤེར་དཀའ་པདྨ་ཕུག་དུ་གནས་འགྲེལ་གྱིས་ཚུལ་དུ་སྡོད་སྐབས་ཁྱེའུ་ཀུན་ཏུ་རྒྱུ་བས་སྤེལ་བ་དགེའོ།།

གནས་ཆེན་པདྨ་རི་མཐོའི་གནས་ཀྱི་ཆེ་བ་བརྗོད་པ་བཞུགས་སོ།།

༄༅། །གང་ཟག་གི་རྒྱུད་ཚོད་མཐོ་དམན་དང་བསྟུན་པའི་མཐོང་སྣང་མི་འདྲ་བ་གསུམ་འབྱུང་སྟེ། སྐྱེ་བོ་ཕལ་བ་ལམ་ལ་མ་ཞུགས་པ་རྣམས་ཀྱི་སྣང་ངོར། ལྷུན་སྟུག་རིའི་རྩེ་མོ་མཁའ་ལ་བསྙེགས་པ་ལྟ་བུ་ལ། སྣ་ཚོགས་པའི་ནགས་ཚལ་དང་ནེའུ་གསིང་ཡིད་དུ་འོང་བས་ཀུན་ནས་མཛེས་པ། དབྱར་དགུན་ཀུན་ཏུ་ཁམས་དྭངས་ཤིང་རིག་པ་སྤྲོ་ལ། རི་མཐར་འབྲས་བུ་བཟང་པོས་བཀླུབས་པའི་ཞིང་ས་དང་། འགག་གཡས་གཡོན་གྱི་ཆུ་གཉིས་མདུན་དུ་འདུས་པ་སོགས་ཕྱི་རོལ་ཡུལ་ལྟར་བསྔགས་པར་འོས་པ་ཙམ་ཞིག་ཡོད། ལམ་ཞུགས་ཐེག་དམན་ཉན་རང་གི་རིགས་ཅན་རྣམས་ཀྱི་སྣང་ངོར། ཕྱི་ཚུལ་དབེན་པའི་རི་བོ་ལ། ནང་ཚུལ་འཕགས་པའི་གནས་བརྟན་ཆེན་པོ་ནགས་ན་གནས་འཁོར་དགྲ་བཅོམ་སྟོང་དང་བཞི་བརྒྱ་བཅས་པ་བདེན་བཞིའི་དེ་ཁོ་ན་ཉིད་ཀྱི་དོན་དུ་ཐུགས་གཞོལ་ཏེ་གནས་པ་ཡོད། ལས་ཅན་གསང་སྔགས་རྡོ་རྗེ་ཐེག་པའི་སྐྱེས་བུ་གྲུབ་བརྙེས་རྣམས་ཀྱི་སྣང་ངོར། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས། རི་ལ་བལྟས་ན་འཕགས་པའི་སྐུ། །འཕགས་པ་སེམས་ཉིད་ངལ་གསོའི་ཚུལ། །ཞེས་གསུངས་པ་ལྟར། ཕྱི་ཚུལ་འཕགས་པ་སེམས་ཉིད་ངལ་གསོའི་རྣམ་པ་ལ། ནང་ལྟར་རིག་འཛིན་དུ་མའི་བསྟི་གནས། གསང་བ་ལྟར་ན་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཡང་གསང་སྐུ་ཐུགས་ཀྱི་དཀྱིལ་འཁོར་གདོད་མ་ནས་ལྷུན་གྱིས་གྲུབ་པ་སྟེ། མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་སྐུ་གསུང་ཐུགས་ཀྱི་གནས་ཡིན་པར་ཡོངས་སུ་བསྔགས་ཤིང་ལུང་བསྟན་པ་ལྟར་ཤེས་པར་བྱའོ། །གཞན་ཡང་སྒྲུབ་པའི་བསྟི་གནས་དེའི་ལྷོའི་ལྡེབས་ངོས་སྤང་དང་ནགས་ཚལ་སྤེལ་མའི་ཆ་ལ་ཕུར་པ་རྡོ་རྗེ་གཞོན་ནུའི་སྒྲུབ་ཕུག་རྡོ་རྗེ་རྫོང་དང་། དེའི་གཡོན་ཟུར་རྒྱང་གྲགས་ཕྱེད་ཀྱི་མཚམས་ན་རྟ་མགྲིན་སྒྲུབ་ཕུག་ཡོད། རྟ་མགྲིན་སྒྲུབ་ཕུག་ནས་ཅུང་ཟད་སོང་བས་སློབ་དཔོན་གྱི་སྒྲུབ་གནས་པདྨ་ཤེལ་གྱི་ཕུག་པ་ཞེས་བྱ་བ་ཕྱི་ཚུལ་རྣམ་ཐར་སྒོ་གསུམ་མཚོན་བྱེད་ཆོས་འབྱུང་གི་དབྱིབས་ཅན་ལ། ནང་དུ་རྡོ་ལེབ་ཤེལ་ལྟར་དྭངས་པའི་ངོས་སུ་ཡི་དམ་གསར་རྙིང་གི་དཀྱིལ་འཁོར་གདོད་མ་ནས་རང་ཆས་སུ་བཞུགས་པ་ཡོད། དེའི་ཀླད་དུ་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་མཚམས་ཁང་ཡོད་ལ། ཕུག་པ་དེ་རུ་ལྷ་ཆོས་དང་མཐུན་པའི་གཏམ་པདྨའི་ཚལ་གྱི་ཟློས་གར་ཞེས་གྲགས་པའི་བསྟན་བཅོས་བརྩམས། དེ་ནས་ཐུར་དུ་ཕྱིན་པས་མ་གཟའ་དམ་གསུམ་གྱི་སྒྲུབ་ཕུག་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཕུག་ཟེར་བ་ཡོད། དེའི་འོག་ཏུ་སྟག་བྲོ་གཟིག་བྲོ་མ་ཞེས་བྱ་བ་སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་རྗེ་འབངས་དང་བཅས་པ་གནས་འདིར་བྱོན་པ་ན། ཡུལ་སྐྱོང་དགེ་བསྙེན་པདྨ་མཆོག་རབ་རྩལ་དང་། འདན་གྱི་འབར་ལྷ་རྩེ་རྒྱལ། ལྷའི་དགེ་བསྙེན་རག་བཀྲ་བྲག་དཀར་ལ་སོགས་པའི་བསུ་མ་རྣམས་ཀྱིས་ཕྱི་ཚུལ་སྟག་གཟིག་དོམ་དྲེད་སོགས་ཀྱི་རྣམ་པར་རྫུས་ནས་སྲ་མཁྲེགས་རྡོ་རྗེའི་བྲག་ལ་བཞག་པའི་གར་འགྲོས་རྗེས་ཤུལ་དང་། གུ་རུ་མཚོ་སྐྱེས་རྡོ་རྗེའི་ཡབ་ཡུམ་གྱི་རང་བྱོན་ལོངས་སྐུ་མཐོང་བ་རང་གྲོལ་ཞེས་པ་ཡོད། དེ་ནས་གཡས་སྐོར་དུ་གྱེན་དུ་ཕྱིན་པས་ད་ལྟ་མདོ་མཁྱེན་བརྩེའི་མཚམས་ཁང་ཞེས་མདོ་མཁྱེན་ཡེ་ཤེས་རྡོ་རྗེས་ཟབ་ཆོས་གཏེར་དུ་བཞེས་པའི་ཕུག་པ་དང་། སློབ་དཔོན་གྱི་ཕྱག་རྗེས་སྐྱབས་སྦྱིན་པ་ཞེས་བྱ་བ་དཔོག་དཀའ་ཞིང་མཆོག་ཏུ་ངོ་མཚར་བའི་བཀོད་པ་འབུམ་གྱིས་གཏམས་པ་ཡོད། གཞན་ཡང་ཕྱོགས་དེར་གནས་བརྟན་ཆེན་པོ་ནགས་ན་གནས་ཀྱི་སྐུ་རྗེས་དང་། ནང་དུ་རྟ་ཕག་ཡབ་ཡུམ་གྱི་རང་བྱོན་འབུར་དུ་དོད་པའི་སྒྲུབ་གནས་ཕུག་ལེབ་མ་ཟེར་བ་སོགས་རང་བྱུང་གི་ཕུག་པ་དང་རང་བྱོན་གྱི་རྣམ་པར་བཀྲ་བ་དུ་མ་ཡོད་ཅིང་། དེའི་གཤམ་དུ་གཡས་ཀྱི་ཆ་ལ་ཀླུ་མོ་དགྱེས་པའི་དུར་ཁྲོད་དང་གཡོན་གྱི་ཆ་ལ་མཁའ་འགྲོའི་བྲོ་ར་ཟེར་བའི་དུར་ཁྲོད་ཡོད་ལ། ཀླུ་མོ་དགྱེས་པའི་དུར་ཁྲོད་ནི་དུར་གྱི་ཡོན་ཏན་མཐའ་དག་ཐད་ཀར་ཚང་ཞིང་། ཁྱད་པར་རྒྱ་གར་རྡོ་རྗེའི་གདན་གྱི་ཤར་ལྷོའི་མཚམས་སུ་ཡོད་པའི་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་དུར་ས་དུམ་བུ་ཞིག་ཆད་དེ་བྱིན་གྱིས་བརླབས་པར་གྲགས་པས་འབྲེལ་ཚད་དོན་ལྡན་གྱི་དུར་ཁྲོད་ཁྱད་པར་ཅན་དུ་ངེས་ཤིང་། ཡང་མཁའ་འགྲོའི་བྲོ་ར་ནི་སློབ་དཔོན་གྱི་གསང་སྔགས་ལམ་རིམ་ལས་ཇི་སྐད་འབྱུང་བ་ལྟར། ནུབ་མཐོ། བྱང་སྐྱོབ། ཤར་གཞོལ། ལྷོ་འདུས། མདུན་ཐང་། ཆུ་བོ་དབང་གི་ཕྱོགས་ནས་འབབ་པ། ཉི་མ་རྟག་ཅིང་གངས་མཐོང་བ། གསལ་ཆ་ཆེ་ཞིང་སོ་ཐུབ་པ། ཚ་གྲང་སྙོམས་ཤིང་གཞི་བདག་འཇམ་པ། ཐག་ཉེ་རིང་རན་ཞིང་ས་བཙན་པ། བཀྲ་ཤིས་ཤིང་གྲུབ་ཐོབ་ཀྱི་ཞབས་ཀྱིས་བཅགས་པ། དཔའ་བོ་དང་མཁའ་འགྲོ་མའི་ཁྱུ་བསྟི་ཞིང་དགྱེས་རྒུར་སྤྱོད་པའི་དུར་ཁྲོད་དེ། དུར་ཁྲོད་དེ་ལྟ་བུ་ལ་ཕུང་པོ་བསྐྱལ་བའི་ཕན་ཡོན་ནི། ཆགས་མེད་རི་ཆོས་ལས། སྲོག་དང་བླ་དང་རྣམ་ཤེས་གསུམ། །སྲོག་ནི་གཤེད་མ་འདྲེ་ཡིས་བཅད། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲང་། །བླ་དེ་ཚེ་འདས་གཟུགས་བཟུང་ནས། །དུར་ས་དེ་ལ་གནས་པ་ཡིན། །དུར་ས་ལེགས་ན་བླ་དེ་དར། །གསོན་པོ་རྣམས་ལ་མགོན་སྐྱབས་ནུས། །ཕ་མེས་བླ་ཡིས་བསྲུང་ཞེས་བྱ། །དུར་ས་ངན་ན་བླ་དེ་གུད། །གསོན་པོ་རྣམས་ལ་སྐྱབས་འཚོལ་བས། །མི་ཁྱག་ན་ཚ་གོད་ཁ་འབྱུང་། །དེ་ཕྱིར་དུར་ས་གལ་ཆེ་སྟེ། །ས་དཔྱད་ངན་པར་རོ་བསྐྱལ་ན། །དུད་འགྲོ་ཡིན་ཀྱང་རྡུལ་དུ་བརླག །དེ་སྐད་འཕགས་པ་འཇམ་དཔལ་གྱི། །རྒྱ་ནག་གཙུག་ལག་རྒྱུད་ནས་གསུངས། །ཞེས་གསུངས་པ་ལྟར་ཡིན་ལ། ཡང་སྒོས་དུར་ཁྲོད་ཆེན་པོ་འདི་ལྟ་བུ་དང་འབྲེལ་བ་ཐོབ་ན་སྨོས་མ་ཐག་པའི་ཕན་ཡོན་མཆིས་པ་གཞིར་བྱས་པའི་སྟེང་། གཤིན་པོ་ཁོ་རང་གི་ལས་ཀྱིས་བསྐྱོད་པའི་རྣམ་ཤེས་ཀྱང་ཕན་པར་གསུངས་པས་དེས་ན་ཀུན་གྱི་ཆོག་ཤེས་སྤངས་ཏེ་འདི་ལྟ་བུའི་དུར་ཁྲོད་ལ་བསྟེན་པ་ཤིན་ཏུ་གལ་ཆེ་བ་ལགས། དུར་ཁྲོད་འདི་ནས་པདྨ་ཤེལ་ཕུག་བརྒྱུད་དེ་རིའི་ཤར་གྱི་ཕྱོགས་སུ་སོང་བས་གྲུབ་ཆེན་ས་ར་ཧ་པའི་སྒྲུབ་གནས་དང་། གུ་རུ་རྡོ་རྗེ་གྲོ་ལོད་སོགས་ཀྱི་དྲག་པོའི་སྒྲུབ་གནས་དུ་མ་ཡོད་ཅིང་། གནས་དེ་ནི་གྲུ་གསུམ་ཧམ་ཁུང་གི་དབྱིབས་སུ་གནས་ལ། མིང་ཡང་ཧམ་ཁུང་ནང་ཞེས་གྲགས། ཨ་སྤྲུལ་འགྱུར་མེད་རྡོ་རྗེ་སོགས་ཀྱི་མཚམས་ཁང་ཡང་དེའི་ཉེ་འདབས་བཀྲ་ཤིས་མཚེར་ཞེས་འབོད་པ་ན་ཡོད། གཞན་ཡང་གནས་འདིར་བསྟན་པ་ཕྱི་དར་ལ་པཎྜི་ཏ་སྨྲྀ་ཏི་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ། སྨ་གཡོ་གཙང་གསུམ། བླ་ཆེན་དགོངས་པ་རབ་གསལ། བླ་མ་སེ་བཙུན་པ། ཁུ་རྔོག་འབྲོམ་གསུམ། དཔལ་ལྡན་དགོན་པ་བ། སྐྱུ་ར་ཨ་སེང་། ཁམས་པ་ཨ་སེང་། འགྲོ་མགོན་ཆོས་འཕགས། སྒ་ཨ་མྱེ་དམ་པ། སྐྱོབ་པ་འཇིག་རྟེན་གསུམ་མགོན། སྤྱན་སྔ་ཆོས་ཀྱི་གྲགས་པ། རྒྱལ་བ་བསོད་ནམས་རྒྱ་མཚོ། པཎ་ཆེན་སངས་རྒྱས་མཉན་པ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། གཏེར་སྟོན་ཉི་མ་གྲགས་པ། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། རྫོང་སར་འཇམ་དབྱངས་མཁྱེན་བརྩེ། མི་འགྱུར་ནམ་མཁའི་རྡོ་རྗེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མི་ཕམ་ཕྱོགས་ལས་རྣམ་རྒྱལ། གཏེར་སྟོན་ལས་རབ་གླིང་པ། རང་བྱུང་རིག་པའི་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་དུ་མའི་ཞབས་ཀྱིས་བཅགས་ནས་བཞུགས་ཡུལ་རྡོ་རྗེ་རྫོང་དང་པདྨ་ཤེལ་ཕུག་སོགས་སུ་བཞུགས་པས་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་བརྙེས་ཤིང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་གནས་ཆེན་བྱིན་འབེབ་མཛད་ལ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་ཊཱིཀ་ཆེན་མཛད་ནས་མཐར་དེ་དང་ཉེ་བའི་གནས་དིལ་མགོའི་རི་ཁྲོད་དུ་སྐུའི་བཀོད་པ་བསྡུས་པར་གྲགས། མདོར་ན་རིའི་ལྡེབས་སུ་ཡོད་པའི་བྱ་སྐྱིབས་དོད་ཙམ་རེའི་ནང་དུ་ཐབ་རྡོ་རེ་དང་དུད་དྲེག་ཆགས་ཚུལ་ལ་གཞིགས་པས་ཀྱང་རི་སུལ་ཐམས་ཅད་བྱ་བཏང་རྣལ་འབྱོར་གྱིས་ཁྱབ་པའི་ལོ་རྒྱུས་ལྡན་པར་དཔོག་ཐུབ་ཅིང་། དེ་ལ་ཕྱག་སྐོར་སོགས་བགྱིས་པའི་ཕན་ཡོན་ནི། འདུལ་བ་ལུང་ལས། གང་ཞིག་དད་ཅིང་མོས་པའི་སེམས་ཀྱིས་སུ། །སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན། །མཛམ་བུའི་ཆུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་འཛམ་བུ་ཆུ་བོའི་གསེར་སྲང་སྟོང་ཕྲག་བརྒྱ་སྦྱིན་པར་བྱིན་པ་བས་ཀྱང་། གང་ཞིག་དད་པའི་སེམས་ཀྱིས་སངས་རྒྱས་ཀྱི་གདུང་བཞུགས་པའི་མཆོད་རྟེན་ལ་གོམ་པ་གཅིག་འདོར་བ་བསོད་ནམས་ཁྱད་པར་དུ་འཕགས་པར་གསུངས་ལ། འདིར་ནི་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པ་ཏིལ་གྱི་གང་བུ་ཁ་ཕྱེས་པ་ལྟ་བུ་དངོས་སུ་བཞུགས་པས་སྔར་གྱི་ཕན་ཡོན་མཆིས་པ་གཞིར་བྱས་པའི་སྟེང་། དེ་བས་ཀྱང་ཕན་ཡོན་ཆེ་བར་གྲུབ་ལ། མ་མཐོང་མ་བསྐོར་བར་ལུས་ངག་ཐ་མལ་དུ་བསྡད་ན། སྦས་པའི་གནས་ཆེན་རང་ཡུལ་ཡོད་པ་ལ། །གཞན་ཡུལ་གནས་མཇལ་འགྲོ་རྣམས་སྙིང་རེ་རྗེ། །རྒྱལ་བའི་བཞུགས་གནས་སྒོ་རྩར་ཡོད་པ་ལ། །ས་རྡོ་ཡིན་སྙམ་འཚོལ་རྣམས་སྙིང་རེ་རྗེ། །ཞེས་པར་སོང་བས་མི་རིགས་ཤིང་། དེའི་སྐོར་ཚད་ནི་ངག་སྒྲོས་ལ་བཅུ་གཅིག་ཡིན་ཟེར་ཡང་། ལར་ནི་སྒྲིབ་པ་དག་མ་དག་གི་རྟགས་ལ་སྐོར་ཚད་བྱེད་པ་དོན་ལ་གནས་ཤིང་གཏན་ཚིགས་ཀྱང་དེ་ཆེ་བས་ཤིན་ཏུ་འཐད་པར་སེམས་སོ། །

མཆན། ༡ གནས་ཡིག་འདི་ཐུབ་བསྟན་ལུང་རྟོགས་ཉི་མས་བརྩམས་པའི་མདོ་ཁམས་འདན་མའི་ཡུལ་གྱི་ལོ་རྒྱུས་ཁྱད་ནོར་ངོ་མཚར་སུམ་ལྡན་ཨ་འབྲུ་གཡང་གི་ནོར་བུ་ཞེས་པའི་དེབ་ལས་ཞལ་བཤུས་པའོ། །

༢.གནས་འདི་བཞུགས་པའི་ཡུལ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་འདན་ཁོག་གྲོང་བརྡལ་འདན་སྒྲོང་མ་ལྷ་ཁང་གི་རྒྱབ་རི་ཡིན། བསྐོར་ལམ་བདེ་ཞིང་མི་ཕལ་བས་ཉིན་གཅིག་ལ་སྔ་མོ་བསྐོར་ཐུབ། དེ་ཡི་ཞོར་སེང་གེ་གནམ་རྫོང་དང་འདན་སྒྲོལ་མ་ལྷ་ཁང་བཅས་མཉམ་དུ་འཁོད་ཡོད།