རོང་བཙན་ཁ་བ་དཀར་པོའི་བསྟོད་པ་བཞུགས་སོ། །
༄༅། །གནས་ཀྱི་མཚན་ཉིད་རབ་ཏུ་གསལ་བར་བྱེད་པ་ལྷུན་པོའི་རྒྱན་ཞེས་བྱ་བའི་བསྟོད་པ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བསྟན་པ་དྲི་མ་མེད་དང་རབ་བསྟན་ནས། །མ་རིག་དྲི་བསལ་དྲི་མ་མེད་ལམ་སྟོན། །ས་ལམ་དྲི་མ་ཀུན་བཅོམ་དྲི་མེད་བརྙེས། །ཤེས་བྱའི་དྲི་མ་བྲལ་ལ་ཕྱག་འཚལ་ལོ། །སྙིགས་མའི་དུས་ན་བྱང་ཆུབ་སེམས་དཔའ་རྣམས། །སྒྲུབ་པའི་སྙིང་པོ་ཉམས་སུ་ལེན་བྱེད་པ། །དེ་ཉིད་རྐྱེན་གྱུར་དབེན་པ་བརྟེན་བྱ་ཞིང་། །མདོ་ལས་བྱུང་བ་དེ་དང་མཐུན་གྱུར་པ། །རི་བྲག་བས་མཐའ་ཆེན་པོར་གནས་པ་རྣམས། །ཕྱོགས་སུ་བསྔགས་ཤིང་ཉི་ཤུ་རྩ་བཞིའི་གནས། །རྒྱུད་སྡེའི་མཆོག་ལས་སྙིང་པོར་གསུངས་པའི་ཕྱིར། །གནས་འདིའི་ཡོན་ཏན་ཅུང་ཞིག་བརྗོད་པར་བྱ། །བསིལ་ཟེར་འཕྲོ་བའི་ཆུ་གཏེར་པདྨོ་ལ། །རི་རབ་གླིང་བཞིར་བཅས་པའི་ཟེ་འབྲུ་བཀྲ། །ཁྱད་པར་དམ་ཆོས་རྩི་བཅུད་ལེགས་ལྡན་པའི། །འཛམ་གླིང་ཡོན་ཏན་ཚོགས་ཀྱིས་བཀྲ་བའི་དབུས། །རྡོ་རྗེ་གདན་ལས་བྱང་ཕྱོགས་གངས་རིའི་ཞོལ། །གྲུབ་པའི་གནས་མཆོག་མཁས་གྲུབ་གྱིས་བསྟེན་པ། །གངས་ཅན་པོ་ཏ་ཝ་རིའི་ཤར་གྱི་ཕྱོགས། །ཁྱད་པར་འཕགས་པའི་གནས་སུ་གྱུར་པ་ཡིན། །བྱང་ཕྱོགས་ལི་ཡི་ཡུལ་ཞེས་གྲགས་པ་ན། །རྒྱལ་བའི་བྱིན་བརླབས་གླང་རུའི་རི་དང་བཅས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱོན་པའི་གནས། །གྷྲི་ཧ་དེ་བའི་ཡུལ་ལས་སྷོ་ཕྱོགས་ཡིན། །ཤར་ཕྱོགས་གྷ་དྷ་ར་ཞེས་གྲགས་པའི་ཡུལ། །ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱིས་བསྲུངས། །རྒྱལ་བའི་བསྟན་ལ་དད་པ་རྒྱས་གྱུར་པའི། །ལོངས་སྤྱོད་ལྡན་པའི་ཡུལ་གྱི་ནུབ་ཕྱོགས་ཡིན། །དབུས་འགྱུར་འཆང་ལས་ཤར་གྱི་ཕྱོགས་གྱུར་པ། །གྲུབ་པའི་སྐྱེས་བུ་རྣམས་ཀྱིས་བསྟེན་པའི་ཞིང་། །འདོད་པའི་གཟུགས་ཅན་ལྷ་མོ་བྱུང་བའི་གནས། །ཀ་མ་རུ་པའི་གནས་ཀྱི་བྱང་ཕྱོགས་ཡིན། །དེ་དག་རྣམས་ཀྱི་དབུས་ཀྱི་ཆར་གནས་པ། །ཕྲེ་ཏ་པུ་རིའི་གནས་ཀྱི་མཚན་ཉིད་ལྡན། །སྙིགས་མའི་དུས་ཀྱི་སྒྲུབ་པའི་གནས་གྱུར་པ། །ཀུན་གྱི་བགྲོད་དཀའ་མ་མོ་མཁའ་འགྲོའི་གནས། །དཔལ་ལྡན་བླ་མ་རྣམས་ཀྱིས་ལུང་བསྟན་པའི། །རི་འདིའི་མཚན་ཉིད་མདོ་ཙམ་བརྗོད་པ་ནི། །རི་བོ་དྭངས་བསལ་ཤིན་ཏུ་དཀར་བའི་འོད། །ཀུ་མུ་ཏ་དང་ཟླ་བ་སྤུངས་པ་བཞིན། །རབ་དཀར་ལྷུན་མཐོ་མཐོ་ཁྱད་ལྷག་པར་འཕགས། །སྤྲིན་དཀར་ཞི་བའི་ཅོད་པན་རྣམ་པར་མཛེས། འདིའི་ཤར་ཕྱོགས་ལྷའི་ཁང་པ་སྟེང་། །རྡོ་རྗེ་དྲག་འདུལ་འཁོར་དང་འབཅས་པ་གནས། །ཕལ་གྱིས་བགྲོད་དཀའ་འཇིགས་པའི་སྒྲ་འབྱིན་པ། །ཆུ་རྣམས་རང་གི་སྦུ་བས་གཡོ་བར་འབབ། །རི་བྲག་རྣམས་ཀྱིང་མཚོན་ཆའི་རྣམ་པ་ལྟར། །རབ་འཛིགས་ནགས་ཚལ་ཚོགས་ཀྱིས་ལེགས་པར་བརྒྱན། །དེའི་དབུས་ན་ནེའུ་སིང་རབ་མཛེས་པ། །ཆོས་ཀྱི་འབྱུང་གནས་ལྟ་བུའི་དབྱིབས་ལྡན་པའི། །ཤིན་ཏུ་མཛེས་པའི་ལྟེང་ཀས་བརྒྱན་པ་ཡོད། །སྔོན་ཚེ་སློབ་དཔོན་པད་མ་འབྱུང་གནས་དང་། །བླ་མ་བཻ་རོའང་འདི་རུ་བྱོན་ཞེས་གྲགས། །འདི་ནི་མཁའ་འགྲོ་རྣམས་ཀྱི་གནས་མཆོག་སྟེ། །བཟང་པོའི་དུས་ལ་འདུས་ཤིང་ཚོགས་མཛད་དེ། །སྐལ་ལྡན་རྣམས་ལ་བྱིན་གྱིས་བརློབ་ཅེས་གྲགས། །དེའི་ལྷོ་ཕྱོགས་ངོས་ཀྱི་རྒྱུད་ལ་ནི། །རབ་འཇིགས་དུར་ཁྲོད་བདག་པོའི་ཆས་ལྡན་པ། །ལྷ་དམག་འབུམ་གྱིས་བསྐོར་བ་ཡོད་ཅེས་གྲགས། །འདི་ནའང་དྲག་པོའི་མངོན་སྤྱོད་གྲུབ་པའི་གནས། །དཔག་མེད་ཡོད་ཅིང་ཁྱད་པར་ལྷའི་གནས། །དེ་ཉིད་མཆོག་ཏུ་གྱུར་པར་བསྔགས་པ་ཡིན། །འདིའི་ནུབ་ཀྱི་ཕྱོགས་དང་ཉེ་བ་ན། །དམར་མོ་ཁྲག་མདོག་བསེའི་ལན་ཕྲན་ཅན། །མ་མོ་བྱེ་བའི་ཚོགས་ཀྱིས་ཡོངས་བསྐོར་བར། །ཐུན་མོང་ལས་རྣམས་ཐོགས་པ་མེད་འགྲུབ་པ། །གནས་ཤིང་དེ་ཡི་སྐུ་དང་བཅས་པའང་ཡོད། །འདི་ནི་རབ་ཏུ་ཆོ་འཕྲུལ་ཆེ་བའི་གནས། །བགྲོད་པར་དཀའ་ཞེས་དཔལ་ལྡན་བླ་མས་གསུངས། །འདིའི་བྱང་གི་ཕྱོགས་སུ་གནས་པ་ནི། །གནོད་སྦྱིན་དྲེལ་ལ་དགའ་བ་ཞེས་བྱ་པ། །གནོད་སྦྱིན་དུ་མའི་འཁོར་དང་བཅས་པ་གནས། །འདི་དང་ཉེ་བའི་གནས་ཀྱི་ཕུག་པ་ན། །སྒྲུབ་པའི་གནས་མཆོག་ཆོས་འབྱུང་གིས་བརྒྱན་པ། །ཆོ་འཕྲུལ་དུ་མ་སྟོན་པ་ཡོད་ཅེས་གྲགས། །དེ་ལྟར་གྲུབ་པའི་གནས་མཆོག་གིས་བསྟེན་པ། །འདི་ནི་རོང་བཙན་ཁ་བ་དཀར་པོ་ཞེས། །ཀུན་ཏུ་ཁྱབ་པའི་མིང་གིས་མཚན་པ་ཡིན། །འདིའི་ཕྱོགས་རྣམས་ཀུན་ནས་རབ་བསལ་བའི། །ཆུ་བོ་སྒྲ་སྙན་འབྱིན་པའི་ཚོགས་རྣམས་དང་། །ལྟ་བས་མི་ངོམས་ཤིན་ཏུ་རབ་མཛེས་པ། །མཚོ་དང་ལྟེང་ཀའི་ཚོགས་ཀྱིས་བཀྲ་བར་གནས། །འདིའི་འཁོར་དུ་གངས་རིའི་ཕྲེང་བ་ནི། །ཤར་ཕྱོགས་གྷན་དྷ་རི་ཡི་ས་མཚམས་ནས། །རྡོ་རྗེ་འབར་བའི་གནས་ཀྱི་བར་དུ་ཡིན། །གནས་འདིའི་ཉེ་འཁོར་ཁོ་ར་ཁོར་ཡུག་ན། །དུས་མིན་འཆི་དང་མུ་གེའི་འཇིགས་པ་བྲལ། །ཨ་ཀ་རུ་དང་ཙན་དན་རྒུན་འབྲུམ་ཤིང་རྩ་སོགས། །ཤིང་མཆོག་རིགས་ནི་དཔག་ཏུ་མེད་པ་ཀུན། །དེ་དག་རྣམས་ཀྱང་སྨན་གྱི་ནུས་པར་ལྡན། ཉི་མ་བྱང་བགྲོད་ཤིན་ཏུ་དྲོ་བའི་དུས། །འདི་ནི་རབ་བསིལ་གངས་རིའི་ཕྲེང་བར་ལྡན། །ཉི་མའི་ལྷོར་བགྲོད་ཤིན་ཏུ་བསིལ་བའི་ཚེ། །འདི་ནི་མྱུ་གུ་ལ་ལ་འབྲས་བུའི་ཚོགས། །སྨིན་ཅིང་ཨིན་ཏྲའི་མདངས་ཅན་ཉིད་དུ་གནས། །རབ་བསལ་ཚོན་རྣམས་ཀུན་གྱིས་བསྒྱུར་འདྲ་བའི། །དྲི་ཞིམ་མེ་ཏོག་བརྒྱ་ཕྲག་དུ་མ་དང་། །ལོ་མ་འབྲས་བུའི་ཚོགས་རྣམས་བསམ་མི་ཁྱབ། །ཕྱོགས་རྣམས་ཀུན་ནས་སྤོས་ཀྱི་ངད་ལྡན་པ། །ལྷའི་རོལ་མོ་སྒྲ་སྙན་བསྒྲོགས་པ་དང་། །ངོ་མཚར་ཆེ་བའི་རྣམ་པ་དུ་མ་རྣམས། །དག་པའི་ཡིད་ཅན་རྣམས་ཀྱིས་སྣང་བ་ཡིན། །འདིའི་རྣམ་པ་དཔག་མེད་ཡོད་མོད་ཀྱི། །འདིར་ནི་རེ་ཞིག་མདོ་ཙམ་བརྗོད་པ་ཡིན། །རྒྱས་པར་བླ་མ་རྣམས་ཀྱིས་མཛད་པ་ཡི། །གསུང་དང་གནས་འདི་ཉིད་ལ་རྟོགས་པར་བྱ། །འདི་ནི་རེ་ཤིག་གནས་ལ་དད་པ་ཡི། །སྐྱེས་བུ་རྣམས་ཀྱིས་ཅུང་ཟད་བསྐུལ་བའི་ངོར། །སྙན་ངག་སྡེབས་སྦྱོར་ཚིག་རྣམས་སྤངས་ནས་ནི། །ཉུང་བསྡུས་གསལ་བར་སྦྱར་བའི་དགེ་བ་དེ། །འགྲོ་རྣམས་ཉོན་མོངས་གཡེང་བ་རབ་སྤངས་ནས། །བསམ་གཏན་ནད་མེད་བདེ་བ་མཆོག་ཐོབ་ཤོག །མཐར་ཐུག་སྲིད་ཞི་གཉིས་ལས་འདས་པ་ཡི། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ཤོག །སྤྲེལ་ལོ་ཟླ་བ་གསུམ་པའི་ཚེས་བཅུའི་ཉིན་པར་རང་བྱུང་རྡོ་རྗེས་གནས་སྒོར་སྦྱར་བའོ། །
མཆན། གནས་ཡིག་འདི་ནི་ཀརྨ་པ་རང་བྱུང་རྡོ་རྗེས་བཀའ་འབུམ་ང་པོད་ལས་ཞལ་བཤུས་པའོ། །