ཚོགས་དྲུག་རང་གྲོལ་གྱིས་མཛད་པའི་གནས་ཡིག
༄༅། །འདིར་སྔོན་ཚེ་བཅོམ་ལྡན་འདས་མཉམ་མེད་ཤཱཀྱ་ཐུབ་པ། བདེ་མཆོག་ཡབ་ཡུམ། སྤྱན་རས་གཟིགས་དབང་རྣམས་ཀྱི་སྐུ་ཡི་འོད་ཟེར་ཕོག ཐུགས་ཀྱི་དགོངས་པ་གཏད་ནས་གནས་འདི་མཐོང་ཐོས་དྲན་རེག་ཏུ་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་ཞལ་གྱིས་བཞེས། དེ་ནས་སློབ་དཔོན་པདྨ། མནྡ་ར་བ། ཡེ་ཤེས་མཚོ་རྒྱལ། སངས་རྒྱས་ཡེ་ཤེས། ཕ་དམ་པ། བདུད་འདུལ་རྡོ་རྗེ། དྲུང་རྨ་སེ་བློ་གྲོས་རིན་ཆེན། མཆོག་གྱུར་གླིང་པ་རྣམས་ཀྱིས་ཡུན་རིང་དུ་སྒྲུབ་པ་མཛད་ཅིང་། ཟངས་མདོག་དཔལ་རིར་བྱིན་གྱིས་བརླབས་ཤིང་། གཞན་ཡང་ནམ་མཁའི་སྙིང་པོ་བཻ་རོ་ཙ་ན་ཡི། རྫུ་འཕྲུལ་ཕ་བོང་བརྩིགས་པའི་ཕུག་པ་རུ། པདྨ་བདག་གིས་ཧཱུྃ་སྒྲུབ་ཟླ་གསུམ་མཛད། རྗེ་འབངས་ཉེར་ལྔས་དེ་དང་འདྲ་བའི་སྒྲུབ་པ་མང་དུ་མཛད། ལྷོ་ཕྱོགས་བཻཌཱུརྱ་ཡི་སྒྲུབ་ཕུག་དུ། ཇོ་མོ་མཚོ་རྒྱལ་གྱིས་ཟླ་བ་དྲུག་ཏུ་སྒྲུབ་པ་མཛད། མི་ལ་རས་པས་ཀྱང་སྒྲུབ་པ་མང་དུ་མཛད། དེ་བཞིན་དུ་བླ་མ་དང་གྲུབ་ཐོབ། མཁའ་འགྲོ་སོགས་མང་པོས་སྒྲུབ་པ་མཛད་ཅིང་གནས་འདིར་སྤྱིར་སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་སྒོས་བདེ་བ་ཅན། པོ་ཏ་ལ། ཟངས་མདོག་དཔལ་རི། དགའ་ལྡན་ལྷ་ཡུལ། གནས་ཉི་ཤུ་རྩ་བཞི། ཡུལ་ཆེན་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད། ཙ་རི། གངས་རི། ཁ་བ་དཀར་པོ། ལྷ་ས། བསམ་ཡས། ཁྲ་འབྲུག་སོགས་གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་རྩ་རྣམས་དང་མཉམ་པར་ཞལ་གྱིས་བཞེས་པ་ཡིན་པས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ལུས་ཀྱིས་ཕྱག་དང་བསྐོར་བ། ངག་མ་ཎི་དང་སྐྱབས་འགྲོ། ཡིད་མོས་གུས་དང་དད་པ་དག་སྣང་། ཡིད་རྩེ་གཅིག་པོས་བྱས་ན་སངས་རྒྱས་པར་གསུངས་པ་ཡིན། གཞན་ཡང་ཤར་ཕྱོགས་རྡོ་རྗེ་བྲག་ལ། གུ་རུ་རིན་པོ་ཆེའི་ཞབས་རྗེས། གུ་རུ་རྡོ་རྗེ་གྲོ་ལོད་ཀྱིས་སྲིན་པོ་རལ་ནག་བཏུལ་བར་བྱོན་པའི་སྟག་མོའི་ཞབས་རྗེས་དང་། སྲིན་པོའི་ཀླད་པ་བྲག་ལ་བཏབ་པའི་མ་ཎི་དང་མཚོ་རྒྱལ་ཕྱག་གིས་བྲིས་པའི་མ་ཎི་བཅས་བཞུགས་ཡོད། ཤར་ལྷོ་གཡུ་འབྲུག་བྲག་ལ་གེ་སར་རྒྱལ་པོའི་ཆིབས་སྒ་འཛམ་གླིང་གཡས་བཞག་དང་། ཆིབས་པ་རྐྱང་སྐྱིད་གཏོད་ཕུར་བཅས་ཡོད། ལྷོ་ཕྱོགས་བཻཌཱུརྱ་ཡ་ལ། མཚོ་རྒྱལ་གྱི་སྒྲུབ་ཕུག གཡོན་ཕྱོགས་སུ་ཚེ་ཡི་བུམ་པ་ལ་དཔལ་གྱི་ཉི་ཟླས་བརྒྱན་པ་པ་ཊ་ལྟ་བུ། དེ་ཡི་གཡོན་ཕྱོགས་སུ་ཚེ་ཡི་ཆུ་བོ་བབས་པའི་རྗེས་བཅས་བཞུགས་ཡོད། ནུབ་ཕྱོགས་པདྨ་འོད་ལ་རྒྱལ་ཆེན་རྣམ་སྲས་ཀྱི་རང་བྱུང་གསལ་ལམ་མེར་བ་གཅིག་ཕ་ཝང་ཉ་ཡི་ཁོག་སྟོད་ལྟ་བུའི་སྟེང་ན། ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས་ཡོད། ཞབས་རྗེས་དེ་ལ་རང་གིས་མོས་པས་བསྙེན་པ་བཏོན་ཞིང་བསྐོར་བ་གསུམ་བྱས་ན་བྱེ་བ་གཅིག་ཡོད་པར་གསུངས། བྱང་ཕྱོགས་ཨིནྡྲ་ནཱི་ལ། གུ་རུ་རིན་པོ་ཆེས་སྐུའི་རང་བྱོན་དང་། མ་མཁའ་འགྲོ་རྣམས་ཀྱི་བྲོ་ར་གཏེར་གྱི་སྒྲོམ་བུ་བཅས་ཡོད། མཛེ་དང་ཀླུ་ནད་ཞི་བའི་ཕྱིར་དུ། བྱ་ཁྱུང་གི་རང་བྱོན་གསུང་གྲག་པ་ལྟ་བུ་བཅས་ཡོད། ད་ནི་གནས་ཀྱི་ཕན་ཡོན་བརྗོད་པ་ནི། ཕྱག་བསྐོར་བྱས་ན་ངན་སོང་སྐྱེ་སྒོ་ཆོད། །བཀུར་སྟི་བྱས་ན་མཐོ་རིས་གནས་སུ་སྐྱེ། །ཚོགས་འཁོར་ལན་གཅིག་བསོད་ནམས་ཚོགས་ཆེན་རྫོགས། །ཚོགས་འཁོར་ལན་གཉིས་བྱས་ན་ལས་ངན་རྣམ་སྨིན་སྦྱོང་། །ཚོགས་འཁོར་ལན་གསུམ་ཨོ་རྒྱན་པདྨ་བདག དངོས་ཉམས་རྨི་ལམ་བརྡ་ཡི་ཚུལ་དུ་མཇལ། །ཚོགས་འཁོར་བརྒྱ་རྩས་མཁའ་སྤྱོད་གནས་སུ་སྐྱེ། །མཆོག་ཐོབ་འདོད་ན་རྩེ་གཅིག་སྒྲུབ་པས་འགྲུབ། །འབྲེལ་ཚད་དོན་ལྡན་གནས་མཆོག་ཨེ་མ་ཧོ། །ཞེས་དང་བསྐོར་བ་རེ་རེ་ལ་བཛྲ་དུང་ཕྱུར་བརྒྱ་ཡོད། ཕྱག་བསྐོར་རེ་བྱས་ན་བསྐོར་བ་བརྒྱ་དང་མཉམ་པར་སློབ་དཔོན་བཻ་རོ་ཙ་ན་ཡིས་གསུངས་པ་ལྟར། དུས་མཐའི་སེར་གཟུགས་ཚོགས་དྲུག་རང་གྲོལ་མིང་ཅན་གྱིས་བྲིས་པའོ། །གནས་འདི་མཐོང་ཐོས་དྲན་རེག་ཏུ་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་ཤོག དགེ་ལེགས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག འགྲོ་དྲུག་སྡུག་བསྔལ་ཞི་ནས་པདྨ་འོད་འབར་གོ་འཕང་ཐོབ་པར་ཤོག སརྦ་མངྒ་ལཾ། ཚོགས་དྲུག་རང་གྲོལ་ནས།
མཆན། ༡.གནས་ཡིག་འདི་ནང་ཆེན་རྫོང་སྲིད་གྲོས་ཀྱིས་བསྒྲིགས་པའི་གནས་ཡིག་ཕྱོགས་བསྒྲིགས་ལས་ཞལ་བཤུས་པའོ། །༢.གནས་འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཤོར་མདའ་གྲོང་རྡལ་ཆམ་སྨད་གྲོང་གི་ཤར་ཕྱོགས་ཏེ། ནང་ཆེན་རྫོང་ནས་སྤྱི་ལེ༡༣ལྷག་གི་སར་ཡོད།