༄༅། །མདོ་ཁམས་གནས་ཆེན་ཉེར་ལྔ་ལས་གསུང་གི་ཡོན་ཏན་གནས་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་གནས་ཡིག་བཞུགས་སོ། །

ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མཛད་པའི་མདོ་བྱང་།

༄༅། །གསུང་གི་ཡོན་ཏན་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་ལྷོ་ཞེས་བྱ་བ་རུ༔ སྤྲུལ་པའི་གནས་མཆོག་ནམ་མཁའ་མཛོད་ཅེས་བྱ༔ བྲག་རི་ཁྲ་བོ་གཡུ་འབྲུག་གནམ་འགྲོ་འདྲ༔ སྐལ་བཟང་སངས་རྒྱས་སྟོང་རྩ་རང་བྱོན་ཡོད༔ མཐའ་གྲུའི་ནོར་སྣ་བརྒྱ་དང་རྩ་བརྒྱད་སྦས༔ གསང་བའི་ཕུག་པ་མདའ་རྒྱང་གང་ཙམ་ཡོད༔ དེ་རུ་པདྨ་བདག་གིས་ལོ་བདུན་བསྒྲུབས༔ གསུང་གི་གཏེར་ལྔ་ཡོན་ཏན་གཏེར་ལྔ་སྦས༔ ཡུལ་གྱི་ཆགས་ཚུལ་དགའ་འཁྱིལ་ལྟ་བུ་ལ༔ དབུས་ཀྱི་ཆ་ལ་རྫུ་འཕྲུལ་ཞབས་རྗེས་ཡོད༔ གཡོན་གྱི་རི་ནི་དུང་སེང་འགྱིང་བ་འདྲ༔ དེ་རུ་གཉག་བན་སྤྲུལ(སངས་རྒྱས་ཡེལ་པ)པ་ཡེ་ཤེས་འབྱུང༔ (ཡེ་ཤེས་བརྩེགས)༔

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་མདོ་བྱང་།

༄༅། །གསུང་གི་ཡོན་ཏན་གནས་ནི་ཕར་ནང་རི་བོ་ཆེ་ཚུར་རི་ནང་ཆེན་ས་འབྲི་གུང་ཆོས་གྲགས་ཕེབས་ཁམས་ཀྱི་གླ་བ་རྐང་གཅིག་ཏུ་ངོས་འཛིན་མཛད་ཅིང་། ཡོངས་གྲགས་ལྷོ་ཡེལ་ཕུག་དང་ཉེ་བ་ཡེ་རྒྱལ་ནམ་མཁའ་མཛོད་ཅེས་མཛོད་ལྔ་སྒྲོམ་གསུམ་གྱི་ཟབ་གཏེར་ཆེན་པོ་བཞུགས་པ་ལས། གཏེར་ཆེན་ཉིད་ནས་ཀྱང་གཏེར་ཁ་དུ་མ་ཞིག་སྤྱན་འདྲེན་པར་མཛད། ཆགས་མེད་རིན་པོ་ཆེའི་གནས་ཡིག་ཀྱང་ཡོད། དེ་རུ་གཉག་བན་གྱི་སྤྲུལ་པ་ཡེ་ཤེས་འབྱུང་གསུངས་པ་ནི་ཡེལ་པ་ཡེ་ཤེས་བརྩེགས་པའི་གདན་སའི་གཙོ་བོ་ཉིད་ཡིན་པས་སོ། །

གཏེར་ཆེན་དབོན་རྒྱུད་ལྷ་རིས་པ་འགྱུར་མེད་པདྨ་བདེ་ཆེན་གྱིས་མཛད་པའི་གནས་ཡིག

༄༅། །མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན་ཡེ་རྒྱལ་ནམ་མཁའ་མཛོད་འདི་ཉིད་ནི་གསུང་གི་ཡོན་ཏན་གྱི་གནས་མཆོག་སྟེ། སངས་རྒྱས་གཉིས་པ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་དང་པོར་ཞབས་ཀྱི་བཅགས་ཤིང་། ལྷ་སྲིན་དམ་ལ་བཏགས། ཡང་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། རྗེ་འབངས་ཉེར་ལྔ་སྟེ་འདུས་པ་ཕྱི་མ་དང་བཅས་པས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ། སྨིན་བྱེད་ཀྱི་དབང་བསྐུར། གྲོལ་བྱེད་ཀྱི་གདམས་པ་གནང་། ཕྱོགས་བཞིར་རྗེ་འབངས་ཉེར་ལྔ་དང་བཅས་པས་རྩེ་གཅིག་ལོ་བདུན་དུ་སྒྲུབ་པ་མཛད་པ་ལས་མངའ་བདག་རྒྱལ་པོས་རི་བྲག་ཟངས་ཐལ་སོགས་གྲུབ་པའི་མཚན་མ་བསམ་གྱིས་མི་ཁྱབ་པ་བསྟན། དེ་ཡང་ཨོ་རྒྱན་བཀའ་ཐང་དཔག་བསམ་ལྗོན་ཤིང་ལས། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་། །ལྷ་སྲས་ཆེ་བ་མུ་ནེ་བཙན་པོ་དང་། །ལྷ་སྲས་འབྲིང་བ་མུ་རུབ་བཙན་པོ་དང་། །ལྷ་སྲས་ཆུང་བ་མུ་ཏིག་བཙན་པོ་དང་། །རྒྱལ་བ་མཆོག་དབྱངས་ལང་འགྲོ་ལོ་ཙཱ་དང་། །གཉགས་ཆེན་ཛྙཱ་ན་ཀུ་མཱ་ར་སོགས་དང་། །བཻ་རོ་ཙཱ་ན་ཤུད་བུ་དཔལ་སེང་དང་། །ཏིང་འཛིན་བཟང་པོ་རྡོ་རྗེ་བདུད་འཇོམས་དང་། །དཔལ་གྱི་དབང་ཕྱུག་འོ་བྲན་དབང་ཕྱུག་དང་། །ཨ་ཙར་ས་ལེ་ཤེལ་དཀར་རྡོ་རྗེ་མཚོ། །འབྲོག་བན་ལོ་ཙཱ་མཚོ་རྒྱལ་བྲན་གསུམ་དང་། །ལྷ་སྲས་གསུམ་གྱི་བཙུན་མོ་རྣམ་གསུམ་སོགས། །འཁོར་བཅས་ཁམས་ཀྱི་ནམ་མཁའ་མཛོད་དུ་བྱོན། །བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཞལ་ཕྱེས་ཏེ། །རྗེ་འབངས་རྣམས་ལ་སྨིན་བྱེད་དབང་བསྐུར་ཞིང་། །གྲོལ་བྱེད་མན་ངག་གནད་རྣམས་ལེགས་པར་བཀྲོལ། །འཁོར་བཅས་ལོ་བདུན་བར་དུ་རྩེ་གཅིག་བསྒྲུབས། །མངའ་བདག་རྒྱལ་པོས་རི་བྲག་ཟང་ཐལ་མཛད། །མུ་ནེ་བཙན་པོས་ལྷ་ཞལ་དངོས་སུ་གཟིགས། །མུ་རུབ་བཙན་པོས་བདེ་ཆེན་ཡེ་ཤེས་བརྙེས། །མུ་ཁྲི་བཙན་པོས་རང་སེམས་ངོ་བོ་མཐོང་། །བཻ་རོ་ཙ་ན་ནམ་མཁར་བྱ་ལྟར་ལྡིང། །རྒྱལ་བ་མཆོག་དབྱངས་སྐུ་ནི་མེ་དཔུང་བསྒྱུར། །ལང་འགྲོ་དཀོན་མཆོག་འོད་ཀྱི་ཕུང་པོར་གྱུར། །སངས་རྒྱས་ཡེ་ཤེས་ཀུན་འོད་ས་ལ་གཤེགས། །གཉགས་ཆེན་ཛྙཱ་ན་ཆོས་ཉིད་ཟད་སར་འཁྱོལ། །མཁར་ཆེན་མཚོ་རྒྱལ་བྲག་ལས་ཚེ་ཆུ་ཐོན། །ཨ་ཙར་ས་ལེས་ཕྱག་གིས་བྲག་རི་གཏོར། །འབྲོག་མི་དཔལ་གྱི་སྤྱན་གྱིས་ནགས་ཚལ་བསྲེགས། །འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་ལྡིངས། །རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་མེད་རྒྱུག །ཏིང་འཛིན་བཟང་པོས་རི་བྲག་ཟང་ཐལ་ཕུག། ཤེལ་དཀར་བཟའ་ཡིས་མ་མོ་བྲན་དུ་འཁོལ། །གཞན་ཡང་རྗེ་འབངས་རྣམས་ཀྱི་གྲུབ་རྟགས་མང་། །ཞེས་གསུངས་པ་ལྟར་རྗེས་ཤུལ་རྣམས་སོ་སོར་མཇལ་རྒྱུ་ཡོད་ཁར། དེ་ལྟར་ལུང་བསྟན་དུས་ལ་བབས་ཏེ་འགྲོ་མགོན་སངས་རྒྱས་ཡེལ་པས་གདན་ས་ཐོག་མ་མཛད་ནས་བགྲང་བྱ་བཅོ་བརྒྱད་ལ་བཞུགས། ཡེལ་བསྟན་ལོ་དྲུག་བརྒྱ་ལྷག་རིང་དར་རྒྱས་ཆེ་བར་བསྐྱངས། དེ་ནས་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་མཛོད་ལྔ་དང་། སྒྲོམ་བདུན། སྐུ་ཚབ་རྣམ་གསུམ། ཟབ་པ་སྐོར་བདུན་གྱི་ཆ་ལག་ཐམས་ཅད་དང་ཁྱད་པར་རྩ་བའི་ཐུགས་སྒྲུབ་དགོངས་པ་ཀུན་འདུས། རྫོགས་ཆེན་གསེར་ཞུན་མ། རིགས་གསུམ་སྙིང་ཐིག བླ་མ་དངོས་གྲུབ་རྒྱ་མཚོ། བཀའ་འདུས་ཆོས་ཀྱི་རྒྱ་མཚོ། བསྟན་པ་སྲུང་བའི་སྐོར་བཞི། བོད་ཁམས་བདེ་ཐབས་ཀྱི་ཆོས་བཅུ་སོགས་ཟབ་ཆོས་གྲངས་ལས་འདས་པ་གཏེར་དུ་བཞེས། གནས་བརྟན་བཅུ་དྲུག་གི་གསོ་སྦྱོང་མཛད། ས་སོགས་དག་སྣང་མཐའ་ཡས་པ་གཟིགས་ཚུལ་ནི་གཏེར་གཞུང་ལས། ཁམས་ཕྱོགས་རི་བོ་དུང་སེང་འགྱིང༔ སྐལ་བཟང་སངས་རྒྱས་རང་བྱོན་གནས༔ ཞེས་དང་རྗེ་གཏེར་ཆེན་མཆོག་གི་གསུང་ལས། དང་པོ་ཡེ་མེད་སྟོང་པ་ཆོས་ཀྱི་དབྱིངས། །བར་དུ་རང་བྱུང་ཡེ་ཤེས་འོད་ལྔ་ལས། །སྐུ་གཉིས་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ཤར། །དེ་ལས་མི་འབྱེད་འཇིག་རྟེན་ལྷོ་ཡི་ཕྱོགས། །འཛམ་གླིང་ཡུལ་གྲུ་དྲུག་གི་བོད་ཀྱི་ལྗོངས། །མདོ་ཁམས་ཟལ་མོ་སྒང་གི་དབུས་ཀྱི་ཆ། །དཔལ་གྱི་ལུང་པ་ཡིད་གཞུང་དགའ་འཁྱིལ་དབྱིབས། །རི་བོ་ཕྱི་ལྟར་སངས་རྒྱས་སྟོང་གི་སྐུ། །ནང་ལྟར་ཞི་ཁྲོ་དམ་པ་རིགས་མཆོག་བརྒྱ། །གསང་བ་ཧེ་རུ་ཀ་དཔལ་དྲུག་ཅུའི་གནས། ཞེས་གསུངས་པས། ལྷ་དེ་དག་གཞལ་ཡས་ཁང་རྟེན་དང་བརྟེན་པར་བཅས་པ་བཞུགས་ཡོད་ཁར། ཡེ་རྒྱལ་དབུ་རྩེ་མདུན་རྒྱབ་རྣམས་སུ་ཨོ་རྒྱན་རྗེ་འབངས་ཉེར་ལྔའི་སྒྲུབ་ཕུག་ཁ་བྱང་དང་བཅས་པ་དངོས་སུ་མཇལ་རྒྱུ་ཡོད། འགྲོ་མགོན་ཕག་གྲུ་རྡོ་རྗེ་རྒྱལ་པོ། སྟག་ལུང་པ་དང་སངས་རྒྱས་ཡེལ་པ་བཅས་ཀྱིས་ལུང་བསྟན་པའི་གནས། ནམ་རུ་དཀར་པོ་དུང་བརྒྱ་མ་ཞེས་གསུངས། རྗེ་གཏེར་ཆེན་མཆོག་ཡེ་རྒྱལ་གནས་སྐོར་ཕེབས་སྐབས་སངས་རྒྱས་གླིང་པ་དང་འབྲི་གུང་ཆོས་ཀྱི་གྲགས་པ་གཉིས་ཀྱི་སྐྱེ་བ་བཞེས་སྐབས་གནས་འདིར་ཕེབས་ཤིང་གནས་སྒོ་འབྱེད་མྱོང་བ་སྔོན་ལས་རྗེས་དྲན་དུ་གསུངས་པ་གཏེར་ཆེན་རྣམ་ཐར་དུ་གསལ་བ་ལྟར། རྗེ་དྲུང་བྱམས་པ་འབྱུང་གནས་དང་དཔའ་བོ་མཆོག་སྤྲུལ་རིན་པོ་ཆེ་སོགས་གཟིགས་སྣང་གཅིག་པར་གནས་འདི་ནི་རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོ་དང་ཨོ་རྒྱན་རིན་པོ་ཆེ་སྟོན་འཁོར་གྱི་ཚོམ་བུ་གྲངས་ལས་འདས་པ་བཞུགས་ཚུལ་གཟིགས། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མཆོག ཁ་བ་སྟེང་དུ་ཕེབས་ནས་ལྷ་སྲིན་དམ་བཏགས་པ་དང་གནས་ཆེན་བྱིན་འབེབས་མཛད་སྐབས་ཡེ་རྒྱལ་རྩེ་མོར་འཇའ་འོད་གྱི་ཀློང་ནས་གུ་རུ་ཡབ་ཡུམ་དཔའ་བོ་ཌཱཀྐིའི་འཁོར་གྱིས་བསྐོར་ཏེ་དྦྷ་ཡི་ལུང་བསྟན་དང་བྱིན་འབེབས་སོགས་མཛད་པའི་དག་སྣང་ཞལ་གཟིགས་མང་པོ་བྱུང་ཚུལ་ཁྲོམ་ཚོགས་ཀུན་ལ་གསལ་བར་གསུངས། དེ་བཞིན་མཁན་པོ་རིན་ཆེན་དར་རྒྱས་ཀྱི་གསུང་ལས་གཡུ་འབར་རྒྱལ་ཀུན་གསང་བའི་བདག་པོའི་གནས། །ཞེས་དང་། ཛམ་དམར་བྲག་རི་བདེ་ཆེན་དབང་གི་གནས། །པདྨ་མཁའ་འགྲོ་ཛམ་དམར་རང་བྱོན་ཡོད། །ཕྲ་མས་གསང་བའི་གཏེར་ཁའང་ཡོད། །ཅེས་གསུངས། ཞེས་དང་། ཡར་རྫོང་ངོས་ཡངས་ཀླུ་ཡི་བ་གམ་དུ། །གནས་བརྟན་ཀླུ་སྡེ་འཁོར་བཅས་རྟག་ཏུ་བཞུགས། །མི་འགྱུར་ཨ་ཡིག་ཤིན་ཏུ་གསལ་བར་བཀྲ། །ལྷ་སྐུ་ཕྱག་མཚན་རང་བྱོན་མང་དུ་ཡོད། །ཅེས་དང་།མར་རྫོང་བོད་ཀྱི་རི་བོ་རྩེ་ལྔ་རུ། །འཇམ་དཔལ་དབྱངས་དང་བི་མ་མི་ཏྲ་བཞུགས། །གངས་རྒྱལ་གངས་རིའི་གནས་ལག་སྤང་ངོས་སུ། །ཚེ་བུམ་ནོར་བུའི་མཚན་པའི་རང་བྱོན་གསལ། །ཞེས་དང་། དབལ་གནམ་རྡོ་རྗེ་གཞོན་ནུའི་གནས་མཆོག་དངོས། །རྗེ་འབངས་ཉེར་ལྔ་ཡོད་གསུངས་ཕལ་ཆེར་གསལ། །ཞེས་དང་དབུ་བྲག་མཚོ་ཡི་གནམ་ལྕགས་འབར་བའི་བྲག །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ་ཡིན་པས། །ཅེས་དང་། དྲེད་མོང་རོང་དུ་མཁའ་འགྲོའི་གསང་དཀྱིལ་ཡོད། །གནས་ཀྱི་སྲུང་མ་དུར་ཁྲོད་མ་མོ་གནས། །གནས་དེའི་ནུབ་ཕྱོགས་ཁ་བ་སྟེང་ཞེས་པ། །ལྕི་ཡི་གད་པ་དམར་པོ་ཞེས་སུ་གྲགས། །ཞེས་བསམ་ཡས་ཀྱི་གནས་ཚབ་དང་། གསེར་ཟོ་ནི་ཧས་པོ་རི་དང་སྒོ་བ་ནི་མཆིམས་ཕུ། ཡེ་རྒྱལ་ནི་ཤེལ་བྲག་ཚེ་རྒྱལ་བྲག་ནས་ཟབ་གཏེར་ངོ་མཚར་བཞེས། ཚེ་རྟ་ཟུང་འབྲེལ་གསུང་གི་གནས་ཡིན་གསུངས། ཞེས་དང་། གཡའ་མ་ལུང་གི་གནས་ཚབ་ཡིན་ཚུལ་དང་། ཡེ་རྒྱལ་མཐའ་བསྐོར་རྒྱས་པ་བྱས་ཙ་ན། །མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང་བར་གསུངས། །ཞེས་སོགས་གནས་ཀྱི་ཕན་ཡོན་དང་བཤད་པ་མཐའ་ཡས་ཀྱང་མདོར་ན་གདུལ་བྱ་སྐལ་བ་ལྡན་པ་རྣམས་ཀྱིས་ཕྱག་དང་བསྐོར་བ་བྱས་ན་མངོན་མཐོ་ངེས་ལེགས་ཀྱི་ལམ་ལ་འགོད་པ་དང་། དད་པ་མོས་གུས་དག་སྣང་དང་ལྡན་པས་ཕྱག་དང་བསྐོར་བ་བསྙེན་སྒྲུབ་སོགས་དགེ་བའི་ལས་བྱས་ན་ནི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། དེ་ཡང་གནས་ཆེན་མདོ་བྱང་ལས། ད་ནི་གནས་ཀྱི་ཕན་ཡོན་བརྗོད་པ་ནི༔ ཕྱག་བསྐོར་བྱས་ཚད་ངན་སོང་སྐྱེ་སྒོ་ཆོད༔ བཀུར་སྟི་བྱས་ན་མཐོ་རིས་གནས་སུ་སྐྱེ༔ ཚོགས་འཁོར་གཅིག་གིས་བསོད་ནམས་ཚོགས་ཆེན་རྫོགས༔ ཚོགས་འཁོར་ལན་གཉིས་ལས་ཀྱི་རྣམ་སྨིན་སྦྱོང༔ ཚོགས་འཁོར་ལན་གསུམ་ཨོ་རྒྱན་པདྨ་བདག༔ དངོས་ཉམས་རྨི་ལམ་བརྡ་ཡི་ཚུལ་དུ་མཇལ༔ ཚོགས་འཁོར་བརྒྱ་རྩས་མཁའ་སྤྱོད་གནས་སུ་སྐྱེ༔ མཆོག་ཐོབ་འདོད་ན་རྩེ་གཅིག་སྒྲུབ་པས་འགྲུབ༔ འབྲེལ་ཚད་དོན་ལྡན་གནས་མཆོག་ཨེ་མ་ཧོ༔ ཞེས་ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་གསུང་གི་བདེན་ཚིག་གིས་ཡང་ཡང་བསྔགས་པ་ཡིན་པས་སྐྱེ་བོ་མཐོ་དམན་དང་། དྲག་ཞན་སྐྱ་སེར་ཕོ་མོ་རྒན་གཞོན་སུ་ཡིན་ལ་མ་ལྟོས་པར་སེམས་དུག་ལྔ་དང་། ལུང་མ་བསྟན་དུ་མ་སོང་བར་ཡང་དག་པའི་ལྟ་བ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་དང་། གནས་ཀྱི་ཡོན་ཏན་ལ་དང་བའི་དད་པ་དང་། རང་རྒྱུད་ལ་བྱིན་བརླབས་ཐོབ་པར་འདོད་པའི་དད་པ་སྟེ་དད་པ་གསུམ་དང་མ་བྲལ་བ། མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ལ་དམིགས་པའི་སེམས་བསྐྱེད། མོས་གུས་དྲག་པོས་རྒྱུད་སྦྱངས་ཏེ་བསྐོར་བ་ལན་གཅིག་བསྐོར་ན་ཁ་ནས་བཏོན་པའི་བཛྲ་དུང་ཕྱུར་བརྒྱ་རེའི་ཕན་ཡོན་དང་། ཀུན་སློང་དེ་དག་ཅུང་ཟད་ཙམ་རེ་ཡོད་པར་བསྐོར་ན་བསྐོར་བ་རེར་དུང་ཕྱུར་བཅུ་རེ། གང་ཡང་མེད་པའི་ལུང་མ་བསྟན་གྱི་ངང་ནས་བསྐོར་ན་བསྐོར་བ་རེར་བཛྲ་དུང་ཕྱུར་རེ་ཡི་ཕན་ཡོན་ཡོད་པ་ནི་ངེས་པ་ཁོ་ནའོ། །ལུག་ལོ་དང་འབྲུག་ལོར་གནས་འདུས་ཆེ་བ། ཁྱི་ལོ་དང་རྟ་ལོར་གནས་འདུས་ཆུང་བ། དེ་བཞིན་སངས་རྒྱས་ཀྱི་ཆོ་འཕྲུལ་དུས་ཆེན་དང་སངས་རྒྱས་པ་དང་མྱ་ངན་འདས་པ། ཆོས་འཁོར། ལྷུམས་ཞུགས་སོགས་དུས་ཆེན་རྣམས་དང་། གུ་རུའི་སྤྲེལ་ཟླ་ཚེས་བཅུ་ཁྲུམས་སྟོད་ཟླ་བ། ཆུ་སྟོད་ཟླ་བ། ཐ་སྐར་ཟླ་བ་། ཉི་འཛིན། ཟླ་འཛིན། ཉི་མ་ལྡོག་འགྱུར་སོགས་ལ་བརྒྱ་སྟོང་ཁྲི་འབུམ་བྱེ་བ་སོགས་ཀྱི་འགྱུར་ཁྱད་ཡོད་པ་ནི་ཚང་མས་ཐུགས་གསལ་ལྟར་རོ། །དེ་ལས་ལྡོག་ཏེ་གནས་ལ་ལོག་ལྟ་དང་། ངན་སྨྲས། གོང་གསལ་གྱི་རྒྱུ་མཚན་རྣམས་ལ་མི་བདེན་ཟེར་བའི་སྐུར་འདེབས། གནས་ཀྱི་ཤིང་ནགས་གཅོད་པ་དང་། འབུ་དང་རྫ་ཡུངས་བརྐོ་བ། མི་ཕྱུགས་སེམས་ཅན་དང་རི་དྭགས་ཆེ་ཕྲ་གསོད་པ་སོགས་མི་དགེ་བའི་ལས་ངན་བསགས་ན། ཚེ་འདིར་གནས་སྲུང་གི་ཆད་པས་ལོ་ཉེས་པ་དང་། མི་ཕྱུགས་ལ་ནད་ཡམས་རྒྱུན་མི་ཆད་པ་སོགས་མི་དགེ་བ་དང་བཀྲ་མི་ཤིས་པ་འབྱུང་བ་དང་ཕྱི་མ་ངན་སོང་གསུམ་སོགས་སྡུག་བསྔལ་དོ་ཟླ་མེད་པའི་གནས་སུ་བསྐལ་པ་འབུམ་ཕྲག་མང་པོར་གནས་དགོས་པ་ནི་བཟློག་མེད་ངེས་ཅན་ཡིན་པས་སྤང་བླང་གོ་མ་ནོར་བར་བདག་གཞན་ཕ་མ་སེམས་ཅན་ཐམས་ཅད་གཏན་བདེ་སངས་རྒྱས་ཀྱི་གོ་འཕང་ལ་སྦྱོར་ཐབས་ཤིག་ཅི་ནས་གལ་ཆེ་ཞེས་ཞུ་བ་ལན་བརྒྱར་འབུལ་བ་ལགས་ན་ཐུགས་མི་ཁྲེལ་བར་མཐོང་ཐོས་དོན་ལྡན་དུ་འགྱུར་བ་ཞིག་མཆོག་གསུམ་རྩ་གསུམ་ཆོས་སྐྱོང་བའི་སྲུང་མ་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ་ལོ། །ཞེས་པ་འདི་ཡང་གཏེར་ཆེན་དབོན་རྒྱུད་ལྷ་རིས་པ་འགྱུར་མེད་པདྨ་བདེ་ཆེན་ནས་གོང་མ་རྣམས་ཀྱི་གསུང་རྒྱུན་གང་ཤེས་གང་མཇལ་རྣམས་ཆབ་མ་ཆོབ་ཏུ་བསྒྲིགས་ནས་བྲིས་པའི་དགེ་བས་བདག་དང་བདག་འདྲའི་སྐྱེ་བོ་བྱིས་པའི་བློ་ཅན་རྣམས་ལ་དགེ་བསྐུལ་རྒྱ་ཆེན་པོ་འབྱུང་བར་སྨོན་ནོ། །

དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་དང་། །དམྱལ་བའི་སྡུག་བསྔལ་ཚེ་ཚད་ལ་སོགས་པ། །ཐོས་ཀྱང་མི་བདེན་བཤད་ཚོད་ཡིན་བསམ་པ། །ཐར་མེད་ལས་ངན་རྒྱུ་རུ་མི་འགྱུར་ཤོག །རྒྱལ་ཁམས་འགྲིམས་ལ་འདྲ་ཞིག་ཡོད། །ལྟད་མོ་བལྟ་བའི་མཚར་འདོད་གཅིག །དད་པ་མ་སྐྱེས་གནས་མཇལ་གཉིས། །ཕན་ཡོན་མི་ཤེས་བསྐོར་བ་གསུམ། །ཟ་འདོད་བསྙད་ཚོལ་ཁྲམ་པ་བཞི། །བསམ་བློ་མ་བཏང་བསྐོར་རྒྱུག་ལྔ། ། གནས་བསྐོར་འདྲ་སྟེ་གནས་བསྐོར་མིན། །

མཆན། ༡.གནས་ཡིག་འདི་ནང་ཆེན་རྫོང་སྲིད་གྲོས་ཀྱིས་བསྒྲིགས་པའི་ནང་ཆེན་གནས་ཡིག་ཕྱོགས་བསྒྲིགས་ལས་ཞལ་བཤུས་པའོ། །

ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་གནས་ཡིག་ལྷ་ཡི་རོལ་མོ་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་པདྨ་ཀ་ར་ཡེ། དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པའི་དཔལ། །གཅིག་ཏུ་བསྡུས་པ་སངས་རྒྱས་པདྨ་འབྱུང་། །རྗེ་འབངས་ཉེར་ལྔ་འཁོར་ཚོགས་མ་ལུས་པ། །སྒྱུ་འཕྲུལ་རོལ་པར་བཅས་ལ་གུས་ཕྱག་འཚལ། །དཀྱིལ་འཁོར་ཀུན་གཙོ་སྐུ་གསུམ་ངོ་བོ་ཉིད། །དུས་གསུམ་རྒྱལ་བའི་ཕྲིན་ལས་ཧེ་རུ་ཀ །སྣང་སྲིད་ཟིལ་གནོན་ལོག་འདྲེན་བདུད་བགེགས་འདུལ། །འདྲེན་མཆོག་པདྨ་ཐོད་འཕྲེང་གིས་སྐྱོངས་ཤིག །དགེ་ལེགས་ཡོན་ཏན་མ་ལུས་འབྱུང་བའི་གནས། །མཆོག་གསུམ་བླ་མ་ལྷ་དང་ཌཱཀྐཱི་ཚོགས། །ཆོས་སྐྱོང་གཏེར་བདག་རྣམས་ལ་ཕྱག་བྱས་ནས། །གནས་ཀྱི་ཞལ་གཟིགས་ཞིབ་པར་བཀོད་པར་བྱ། །འདིར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ལོ་བདུན་སྒྲུབ་གནས་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་ངོ་མཚར་གནས་བཤད་སྒྲོ་སྐུར་དང་བྲལ་བའི་སྒོ་ནས་ཇི་མ་ཇི་བཞིན་འགོད་པར་བྱ་བ་ནི། །དང་པོ་ལུང་གིས་ཟིན་ཚུལ་དང་གནས་ཀྱི་ཆེ་བ་དག་སྣང་སྐོར་བསྟན་པ། གཉིས་པ་གནས་ལ་ཕྱག་བསྐོར་བགྱིས་པའི་ཕན་ཡོན་བསྟན་པ་གཉིས་ལས། དང་པོ་འདུལ་བའི་ལུང་ལས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་བསྩལ་པ། དགེ་སློང་དག་བྱང་ཕྱོགས་གངས་རིའི་ཁྲོད་ན་ས་རྡོ་དང་བེམ་པོས་ཀྱང་སེམས་ཅན་གྱི་དོན་བྱེད་པར་ཡོད་དོ། །ཞེས་གསུངས་པ་དང་། ཡང་ལུང་བསྟན་ཆེན་པོ་བཀའ་བརྒྱ་མ་ལས། ལ་ལར་སངས་རྒྱས་རྣམས་ཀྱི་སྤྲུལ་པ་ནི༔ ས་རྡོ་རི་བྲག་ལམ་འཕྲང་ལ་སོགས་སུ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རང་བྱུང་འབྱོན༔ མཐོང་ཐོས་དང་གང་འབྲེལ་ངན་སོང་མེད༔ ཕྱོགས་ནི་མ་ངེས་ཕྱོགས་མཚམས་དབུས་ལ་སོགས༔ ཉེ་རིང་མེད་ཕྱིར་ཀུན་ཏུ་འབྱོན་པར་འགྱུར༔ དེ་བཞིན་དུས་ལ་མ་ངེས་ནམ་ཡང་འབྱོན༔ ཡུན་ལ་ཚད་བཟུང་མེད་དེ་འཁོར་མཐའི་བར༔ ཞེས་དང་། དེ་བཞིན་གནས་དང་གནས་ཕྲན་ལ་སོགས་དང༔ ཡུལ་དང་ཡུལ་འདྲ་སྦས་པའི་ཡུལ་རྣམས་སུ༔ བསྒྲུབ་པ་བྱས་པའི་ཡོན་ཏན་བསམ་མི་ཁྱབ༔ ཕར་ཆེར་གནས་སུ་ལོ་གཅིག་སྒྲུབ་པ་བས༔ དེ་དག་རྣམས་སུ་ཟླ་གཅིག་འགྲུབ་ཐག་ཉེ༔ དེ་དོན་ཤེས་པར་མཛོད་ཅིག་རྗེས་འཇུག་རྣམས༔ ཞེས་གསུངས་པ་ལྟར།

དེ་ལྟར་ཨོ་རྒྱན་ཆེན་པོས་བྱིན་གྱིས་བརླབས་པའི། ངོ་མཚར་གནས་ཆེན་ཉེར་ལྔ་ལས། གསུང་གི་ཡོན་ཏན་གནས་མཆོག་ནམ་མཁའ་མཛོད་འདིར། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱི་ལུང་བསྟན་མི་འགྱུར་རྡོ་རྗེའི་སྒྲ་དབྱངས་ལས། གསུང་གི་ཡོན་ཏན་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་ལྷོ་ཞེས་བྱ་བ་རུ༔ སྤྲུལ་པའི་གནས་མཆོག་ནམ་མཁའ་མཛོད་ཅེས་བྱ༔ བྲག་རི་ཁྲ་བོ་གཡུ་འབྲུག་གནམ་འགྲོ་འདྲ༔ བསྐལ་བཟང་སངས་རྒྱས་སྟོང་རྩ་རང་བྱོན་ཡོད༔ མཐའ་གྲུའི་ནོར་སྣ་བརྒྱ་དང་རྩ་བརྒྱད་སྦས༔ གསང་བའི་ཕུག་པ་མདའ་རྒྱང་གང་ཙམ་ཡོད༔ དེ་རུ་པདྨ་བདག་གིས་ལོ་བདུན་བསྒྲུབ༔ ཞེས་ལུང་དོན་དང་མཐུན་པར་མཆོག་གླིང་གཏེར་མ་དཔག་བསམ་ལྗོན་ཤིང་ལས། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང༔ ལྷ་སྲས་ཆེ་བ་མུ་ནེ་བཙན་པོ་དང༔ ལྷ་སྲས་འབྲིང་བ་མུ་རུབ་བཙན་པོ་དང༔ ལྷ་སྲས་ཆུང་བ་མུ་ཏིག་བཙན་པོ་དང༔ རྒྱལ་བ་མཆོག་དབྱངས་ལང་གྲོ་ལོ་ཙཱ་དང༔ གཉགས་ཆེན་ཛྙཱ་ན་ཀུ་མ་ར་སོགས་དང༔ བཻ་རོ་ཙཱ་ན་ཤུད་བུ་དཔལ་སེང་དང༔ ཏིང་འཛིན་བཟང་པོ་རྡོ་རྗེ་བདུད་འཇོམས་དང༔ དཔལ་གྱི་དབང་ཕྱུག་འོ་བྲན་དབང་ཕྱུག་དང༔ ཨ་ཙར་ས་ལེ་ཤེལ་དཀར་རྡོ་རྗེ་མཚོ༔ འབྲོག་བན་ལོ་ཙཱ་མཚོ་རྒྱལ་བྲན་གསུམ་དང༔ ལྷ་སྲས་གསུམ་གྱི་བཙུན་མོ་རྣམས་གསུམ་སོགས༔ འཁོར་བཅས་ཁམས་ཀྱི་ནམ་མཁའ་མཛོད་དུ་བྱོན༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཞལ་ཕྱེས་ཏེ༔ རྗེ་འབངས་རྣམས་ལ་སྨིན་བྱེད་དབང་བསྐུལ་ཞིང༔ གྲོལ་བྱེད་མན་ངག་གནད་རྣམས་ལེགས་པར་བཀྲོལ༔ འཁོར་བཅས་ལོ་བདུན་བར་དུ་རྩེ་གཅིག་བསྒྲུབས༔ མངའ་བདག་རྒྱལ་པོས་རི་བྲག་ཟང་ཐལ་མཛད༔ མུ་ནེ་བཙན་པོས་ལྷ་ཞལ་དངོས་སུ་གཟིགས༔ མུ་རུབ་བཙན་པོས་བདེ་ཆེན་ཡེ་ཤེས་བརྙེས༔ མུ་ཁྲི་བཙན་པོས་རང་སེམས་ངོ་བོ་མཐོང༔ བཻ་རོ་ཙཱ་ན་ནམ་མཁར་བྱ་ལྟར་ལྡིང༔ རྒྱལ་བ་མཆོག་དབྱངས་སྐུ་ནི་མེ་དཔུང་བསྒྱུར༔ ལང་གྲོ་དཀོན་མཆོག་འོད་ཀྱི་ཕུང་པོར་གྱུར༔ སངས་རྒྱས་ཡེ་ཤེས་ཀུན་འོད་ས་ལ་གཤེགས༔ གཉགས་ཆེན་ཛྙཱ་ན་ཆོས་ཉིད་ཟད་སར་འཕྱོར༔ མཁར་ཆེན་མཚོ་རྒྱལ་བྲག་ལས་ཚེ་ཆུ་ཐོན༔ ཨ་ཙར་ས་ལེའི་ཕྱག་གིས་བྲག་རི་གཏོར༔ འབྲོག་མི་དཔལ་གྱི་སྤྱན་གྱིས་ནགས་ཚལ་བསྲེགས༔ འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་ལྡིང༔ རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོག་མེད་རྒྱུགས༔ ཏིང་འཛིན་བཟང་པོས་རི་བྲག་ཟང་ཐལ་ཕུག༔ ཤེལ་དཀར་བཟའ་ཡིས་མ་མོ་བྲན་དུ་འཁོལ༔ གཞན་ཡང་རྗེ་འབངས་རྣམས་ཀྱི་གྲུབ་རྟགས་མང༔ ཞེས་གསུངས་པ་ལྟར་རྗེས་ཤུལ་རྣམས་ད་ལྟ་ཡང་སོ་སོར་མཇལ་རྒྱུ་ཡོད།

དེ་ཡང་གུ་རུ་པདྨ་འབྱུང་གནས་ཉིད་མི་ལོ་སུམ་སྟོང་ལྔ་བརྒྱར་རྒྱ་གར་དང་བལ་ཡུལ་ལ་བཞུགས་ནས་འགྲོ་དོན་མཐའ་ཡས་བསྐྱངས་ནས་བོད་ལ་མི་ལོ་བརྒྱ་དང་བཅུ་གཅིག་ཙམ་བཞུགས་ནས། རི་བྲག་མཚོ་རྣམས་ལ་སྒྲུབ་པ་མཛད་ཅིང་བྱིན་རླབས་རྒྱ་ཆེན་པོ་གནང་བའི་ནང་ཚན་ཡེ་རྒྱལ་ནམ་མཁའ་མཛོད་དུ་ལོ་བདུན། ཟླ་བ་བདུན། ཞག་བདུན་བཅས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ནས་རྩེ་གཅིག་ཏུ་སྒྲུབ་ནས་གྲུབ་པའི་རྟགས་རྣམས་མངོན་དུ་གྱུར་པའི་གནས་ཁྱད་པར་དུ་འཕགས་པ་ཡིན་པ་དང་། མདོ་བྱང་ལས། གསུང་གི་གཏེར་ལྔ་ཡོན་ཏན་གནས་ལྔ་སྦས༔ ཡུལ་གྱི་ཆགས་ཚུལ་དགའ་འཁྱིལ་ལྟ་བུ་ལ༔ དབུས་ཀྱི་ཆ་ལ་རྫུ་འཕྲུལ་ཞབས་རྗེས་ཡོད༔ གཡོན་གྱི་རི་ནི་དུང་སེང་འགྱིང་བ་འདྲ༔ དེ་རུ་གཉགས་བན་སྤྲུལ་པ་ཡེ་ཤེས་འབྱུང༔ ཞེས་གསུངས་པའི་ལུང་བྱང་ལ་ཀོང་སྤྲུལ་མཆོག་ནས་ལུང་འབྲེལ་ཟིན་ཐུང་ལས་ཇི་སྐད་གསུངས་པའི་ཡོན་ཏན་གནས་ནི། ཕར་ནང་རི་བོ་ཆེ། ཚུར་རི་ནང་ཆེན་གྱི་ས་འབྲི་གུང་ཆོས་གྲགས་ཕེབས་ནས་ཁམས་ཀྱི་གླ་བ་རྐང་གཅིག་ཏུ་ངོས་འཛིན་མཛད་ཅིང་། ཡོངས་གྲགས་ཤར་ཡེལ་ཕུག་དང་ཉེ་བ་ཡེ་རྒྱལ་ནམ་མཁའ་མཛོད་ཅེས་མཛོད་ལྔ་སྦྲོམ་གསུམ་གྱི་ཟབ་གཏེར་ཆེན་པོ་བཞུགས་པ་ལས། གཏེར་ཆེན་ཉིད་ནས་ཀྱང་གཏེར་ཁ་དུ་མ་ཞིག་སྤྱན་འདྲེན་པར་མཛད། ཆགས་མེད་རིན་པོ་ཆེའི་གནས་ཡིག་ཀྱང་ཡོད། དེ་རུ་གཉགས་བན་སྤྲུལ་པ་ཡེ་ཤེས་འབྱུང་གསུངས་པ་ནི། ཡེལ་པ་ཡེ་ཤེས་བརྩེགས་པའི་གདན་སའི་གཙོ་བོ་ཉིད་ཡོད་པས་སོ། །ཞེས་ལུང་འབྲེལ་མཛད་པ་དང་། ཆགས་མེད་རིན་པོ་ཆེའི་གནས་ཡིག་ནི་དུས་འགྱུར་གྱི་དབང་གིས་འཇིག་རྟེན་ལ་མི་མངོན་པར་གྱུར། ཡང་སངས་རྒྱས་འཁོར་བ་འཇིག་ཕག་མོ་གྲུ་པའི་ལུང་བསྟན་ལས། ཤར་གྱི་གདན་ས་གཡུ་འབྲུག་གནམ་འཆོང་འདྲ། །ལྷོ་ཡི་གདན་ས་གླང་ཆེན་འགྱིངས་པ་འདྲ། །ནུབ་ཀྱི་གདན་ས་རྨ་བྱ་ཚང་ཉལ་འདྲ། །བྱང་གི་གདན་ས་རྟ་མཆོག་གནམ་བསླངས་འདྲ། །གནས་དེའི་མཚན་ཉིད་མ་ནོར་ན། །བཀའ་བརྒྱུད་བསྟན་པ་རྒྱས་པར་འགྱུར། །ཞེས་བསླུ་མེད་ལུང་གིས་བསྔགས་བཞིན། འགྲོ་མགོན་ཡེལ་པས་གདན་ས་མཛད་ནས་གནས་བསྟོད་དང་གནས་ཡིག་སོགས་མང་ཡང་དེང་སང་མཐོང་རྒྱུན་དུ་མ་བཞུགས་ཀྱང་། ཕག་གྲུ་རྡོ་རྗེ་རྒྱལ་པོ་དང་ཡེལ་པ་ཡེ་ཤེས་བརྩེགས་ཟུང་གི་དགོངས་པ་གཅིག་མཐུན་གྱི་ལུང་བསྟན་དོན། ཁ་བའི་ཞིང་འདིར་གནས་ཆེན་དཀར་པོ་བཞི། །སྟོད་ན་གྲགས་ཆེ་བ་ཏི་སེ་གངས་རི་དཀར་མོའི་གནས། བར་ན་ཡེ་རྒྱལ་ནམ་རི་དཀར་མོ་དུང་བརྒྱ་མ་དང་རྟ་བྲག་དཀར་མོ་དུང་བརྒྱ་ཞེས་པའི་གནས། སྨད་ན་ཁ་བ་དཀར་པོ་དུང་བརྒྱ་མ་ཞེས་གནས་ཆེན་དཀར་པོ་བཞི་ལྡན་ཏེ། དཀར་བཞི་བྱིན་རླབས་གནས་ཆེན་ནི། །རྡོ་རྗེ་གདན་གྱི་བྱང་གི་ཕྱོགས། །ཁ་བ་ཅན་གྱི་ཡུལ་འདི་ལ། །སྟོད་ན་གངས་རྒྱལ་ཏི་སེ་སྐུ་ཡི་གནས། །སངས་རྒྱས་སྐུ་ཡིས་གདུལ་བྱའི་གནས། །བར་ན་ནམ་རི་རྟ་བྲག་གསུང་གི་གནས། །ཐེག་ཆེན་གསུང་གི་གདུལ་གནས་ཡིན། །སྨད་ན་ཙ་རི་ཐུགས་ཀྱི་གནས། །ཏིང་འཛིན་སྒོམ་པའི་གདུལ་གནས་ཡིན། །དེ་ལས་གྱེས་པའི་གནས་ཕྲན་ནི། །གྲངས་མེད་གཞལ་མེད་ཡོད་ན་ཡང་། །གྲངས་ལྡན་གུ་རུ་པདྨ་ཡི། །སྒྲུབ་གནས་བྱིན་རླབས་གནས་ཆེན་ནི། །དཀར་བཞི་མཛོད་གཅིག་རྫོང་གསུམ་ལ། །ཁྱད་པར་གུ་རུ་པདྨ་འབྱུང་། །བྱིན་རླབས་རབ་གནས་སྒྲུབ་པ་བྱས། །ཕྱག་རྗེས་ཞབས་རྗེས་ངོ་མཚར་བཀོད། །ཞེས་གསུངས་པ་ལྟར། མ་བཞེངས་ལྷུན་གྱིས་གྲུབ་པའི་རྩ་གསུམ་འཁོར་ལོ་ལྔ་ཡི་ཕོ་བྲང་འདིར། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་དང་། འགྲོ་མགོན་སངས་རྒྱས་ཡེལ་པ། འབྲི་གུང་ཆོས་གྲགས། ཀརྨའི་མཁན་པོ་རིན་ཆེན་དར་རྒྱས། གྲུབ་དབང་ཚོགས་གཉིས་སོགས་ཀྱི་དག་སྣང་ཞལ་གཟིགས་མང་པོ་བྱུང་ཚུལ་དད་འདུས་ཀུན་ལ་གསུངས་པའི་ངག་རྒྱུན་ལས། ཡེ་རྒྱལ་གནས་ཀྱི་ཕྱོགས་བཞིའི་རྡོ་ཕུར་བཞི། །རིན་ཆེན་སྣ་ཚོགས་ལས་གྲུབ་མདོག་མཚུངས་ནི། །ཤར་དུ་རྡོ་རྗེ་མཁའ་འགྲོའི་ཐག་ཕུར་དཀར། །ལྷོ་རུ་རིན་ཆེན་མཁའ་འགྲོའི་ཉིན་རྫོང་བྲག་ཕུར་སེར། །ནུབ་ཏུ་པདྨ་མཁའ་འགྲོའི་རྡོ་ཕུར་དམར། །བྱང་དུ་ལས་ཀྱི་མཁའ་འགྲོའི་བྲག་ཕུར་ནག་པོ་སྟེ་བཞིའོ། །

གཞན་ཡང་གནས་ཆེན་དེ་ཡི་མཚམས་བཞི་ལ། གནད་ཀྱི་རང་བྱོན་བཞི་ཡིས་བརྒྱན་པ་དག་ནི། གད་ཧུབ་རྟེན་མཆོག་སཙྪ་མཆོད་པའི་རྒྱན། །ཆུ་འཛུལ་གསུང་མཆོག་ཨ་ཡིག་དཀར་པོས་བརྒྱན། །སྲག་སྔོན་སྐུ་མཆོག་ཐུབ་པའི་རང་བྱོན་རྒྱན། །སྡོམ་བྲག་གུ་རུའི་ཞབས་རྗེས་མཛེས་པའི་རྒྱན་ཏེ་བཞིའོ། །ཕྱི་ན་སྒོ་བཞི་ནང་ན་གླིང་བཞི་ཡོད། དབུས་རི་ལྟེ་བར་རིན་ཆེན་ནམ་མཁའ་མཛོད། ཕྱི་ནས་མཇལ་ན་བུམ་པའི་སྒོ་གཟུགས་འདྲ། ནང་དུ་རིན་ཆེན་ནོར་སྣ་བརྒྱ་དང་རྩ་བརྒྱད་བཞུགས། གནས་འབྲེལ་ཙམ་གྱིས་མཆོག་གི་དངོས་གྲུབ་ཐོབ། ནམ་མཁའ་མཛོད་ཀྱི་སྒྲུབ་གནས་སུ། །མེ་ཏོག་སྣ་ཚོགས་སྐྱེ་བའི་ས། །བདུད་རྩིའི་ཆུ་རྒྱུན་སྔགས་སྒྲ་སྒྲོག །བྱ་བྱེའུ་རྣམས་ཀྱིས་མགྲིན་གླུ་ལེན། །ཏིང་འཛིན་ཉམས་རྟོགས་འཕེལ་བའི་གནས། །རྩེ་གཅིག་སྒྲུབ་ན་འགྲུབ་རྟགས་ཉེ། །ཆོས་ཀྱི་སྒྲ་སྙན་རྟག་ཏུ་སྒྲོག་པའི་གནས། །ཞེས་གསུངས་སོ། །ཡེ་རྒྱལ་དབུ་རྩེར་བཅོམ་ལྡན་ཐུབ་པ་དྲུག །གཙོར་བྱས་སངས་རྒྱས་སྟོང་རྩ་རང་བྱོན་བཞུགས། །རྩེ་སྐོར་ལམ་དུ་བར་དོའི་འཕྲང་ཆེན་ཡོད། །སུ་བགྲོད་བར་དོའི་འཇིགས་པ་ཞི་བར་གསུངས། །ཡེ་རྒྱལ་དབུ་རྩེའི་མདུན་རྒྱབ་རྣམས་སུ་ཨོ་རྒྱན་རིན་པོ་ཆེ་དང་རྗེ་འབངས་ཉེར་ལྔའི་སྒྲུབ་ཕུག་ཁ་བྱང་དང་བཅས་པ་དངོས་སུ་མཇལ་རྒྱུ་ཡོད། ལོགས་སུ་མཚོ་རྒྱལ་ཚེ་ཡི་སྒྲུབ་པ་མཛད། །གྲུབ་པའི་རྟགས་སུ་བྲག་གཡང་གཟར་བའི་ངོགས། །དྲི་མེད་ཡན་ལག་བརྒྱད་ལྡན་ཚེ་ཆུ་འབབ། །ཁྲུས་བྱས་ནད་གདོན་སྡིག་སྒྲིབ་དག་པར་ངེས། །གཏུང་བས་ཚེ་རིང་ནད་ཉུང་ལུས་སེམས་བདེ། །ཡེ་རྒྱལ་རྩེ་མོར་མི་མངོན་བྲག་འཁོར་ནང་། །མཚོ་མོ་དྭངས་མ་ཤིན་ཏུ་མཛེས་པ་ཡོད། །གུ་རུ་པདྨའི་བླ་མཚོ་ཡིན་པར་གསུངས། །དབྱར་དགུན་མེད་པར་ཆུ་ཆེན་རྩེ་ནས་འབབ། བཀྲུ་འཐུང་བྱས་པས་ནད་རྣམས་སངས་གྲགས་འགྱུར། ཡེ་རྒྱལ་རི་བོ་མཐོ་ཞིང་བརྗིད་ཉམས་ལྡན་ལ་རྩེ་མོ་སུམ་ཟུར་ནས་བལྟས་ན་བོད་ཀྱི་རི་རྣམས་ཕལ་ཆེར་མཐོང་ཞིང་། སྔ་མིའི་ཁ་རྒྱུན་ལ། རྒྱ་གར་ཡུལ་ནས་རྟ་སྟན་ཙམ། རྒྱ་ནག་ཡུལ་ནས་དྲེལ་སྟན་ཙམ་མཐོང་ཞེས་པའི་བཤད་སྲོལ་ཡོད་པ་དང་། རྩེ་མོ་དེ་རུ་སྔར་དགོན་ཁག་མང་པོས་ལྷ་གསོལ་རྟེན་མཁར་མང་པོ་བརྩིགས་པའི་ཤུལ་ཡོད་ལ། ད་ལྟ་ཤེས་ཚོད་ཙམ་ལ། གནས་བརྟན་མཆོག་གླིང་དགོན། ནང་ཆེན་ཚེས་བཅུ་དགོན། མགར་མགོན། བྱམས་མེ་དགོན་སོགས་ཀྱིས་བར་མ་ཆད་པར་ལྷ་གསོལ་བྱེད་པར་སྣང་། རྩེ་བསྐོར་ལམ་དུ། ཤེལ་རྡོ། ཅོང་ཞི། ཅུ་གང་། འབྲུག་རུས། སིནྡྷུ་ར་སོགས་སྨན་སྣ་གང་འདོད་ལེན་རྒྱུ་ཡོད། གནས་མཆོག་དེ་དང་འབྲེལ་བའི་གནས་ལག་ནི། ཇི་སྐད་དུ། ནམ་རུ་དཀར་མོ་དུང་བརྒྱ་ལ་གནས་ཕྲན་བརྒྱ་དང་རྩ་བརྒྱད་ཀྱིས་བསྐོར་ཞེས་གསུངས་པ་ལྟར། དཔའ་རྒྱལ་ནོར་བུ་ཚེ་དབང་རྩལ་ནི། གཏེར་ཆེན་གང་གི་བཀའ་ལུང་ལས། ཡེ་ཤེས་ལས་གྲུབ་ལོངས་སྐུའི་ཞིང་ཁམས་ཡིན། །གུ་རུ་ཚེ་དཔག་མེད་མགོན་སོགས། །ཚེ་ལྷའི་དཀྱིལ་འཁོར་ལྷ་ཚོགས་བཞུགས། །ཕྱག་སྐོར་བྱས་ན་ཚེ་ཡི་དངོས་གྲུབ་ཐོབ་ཞེས་སོ། །

༈ གནས་མཆོག་ཚེ་རྒྱལ་བྲག་ནི། གཏེར་ཆེན་གང་གིས་ཟབ་གཏེར་ངོ་མཚར་བཞེས། ཚེ་རྟ་ཟུང་འབྲེལ་གསུང་གི་གནས་ཡིན་གསུངས། ཚེ་སྒྲུབ་རྡོ་རྗེའི་ཕྲེང་བ་དང་། ཟབ་བདུན་གྱི་ཆ་ལག་རྟ་མགྲིན་བཅས་སྤྱན་དྲངས་པའི་གཏེར་གནས་ཡིན། དེའི་བྲག་སྐྱིབ་ལ་གཏེར་ཆེན་གྱི་གཟིམ་ཁང་དང་། སངས་རྒྱས་དབོན་གྱི་གཟིམ་ཁང་སོགས་ད་ལྟ་ཀུན་གྱིས་མཐོང་ལམ་དུ་ཡོད་དོ། །

༈ མཁྱེན་ཀོང་མཆོག་གསུམ་དུས་གཅིག་རྒྱས་འཛོམས་བྱུང་བའི་གནས་ཁ་བ་སྟེང་ཞེས་པ། ལྕི་ཡི་གད་པ་དམར་པོ་ཞེས་སུ་གྲགས། བསམ་ཡས་ཀྱི་གནས་ཚབ་དང་། གསེར་ཟོ་ནི་ཧས་པོ་རི་དང་། སྒོ་བ་བཀྲ་ཤིས་ལྷ་རྩེ་ནི་མཆིམས་ཕུའི་གནས་ཚབ་ཡིན་པར་གསུངས། གདུང་རྩེ་ནི་ཡེ་རྒྱལ་འཁོར་གྱི་བདུད་བཙན་གྱི་གནས་དང་། རྨོག་དཀར་ནི་གནོད་སྦྱིན་གྱི་གནས། དཀར་པོ་རི་ནི་ལྷ་ཡི་གནས། རྡོ་རྗེ་ནི་ཀླུ་སྨན་གྱི་གནས་ཡིན་པར་གསུངས།

༈ ཛྃ་དམར་བྲག་རི་བདེ་ཆེན་དབང་གི་གནས། པདྨ་མཁའ་འགྲོ་ཛྃ་དམར་རང་བྱོན་ཡོད། ཕྲ་མན་གསང་བའི་གཏེར་ཁ་ཡོད།

༈ གཡུལ་འབར་རྒྱལ་ཀུན་གསང་བའི་བདག་པོའི་གནས་ཡིན་ཏེ། གཡུལ་འབར་བྲག་ལ་ཞི་བ་བཞི་བཅུ་རྩ་གཉིས་དང་འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་རང་བྱུང་ཡོད་པ་ནི་ཀེ་ལ་མཆོག་གླིང་ཞལ་ནས་གསུངས། གཏེར་ཆེན་མཆོག་གྱུར་གླིང་པས། སྐུ་ཚབ་དངོས་གྲུབ་དཔལ་འབར། སྐུ་ཚབ་བདེ་བ་ཆེན་པོ། ཁྲ་མན་གཟི་ཡི་ཕུར་པ། སྨུག་པོ་མཆོང་གི་ཕུར་པ། རྡོ་རྗེ་སེམས་དཔའི་སྐུ་འཁྲུལ་མེད། ལེགས་སོ་གསུམ་གྱི་སྒྲོལ་མ་གསུང་འབྱོན་མ། སངས་རྒྱས་འོད་སྲུང་རིང་བསྲེལ། དམ་རྫས་ཧེ་རུ་ཀ་འདུས་པའི་རིལ་བུ། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཕྱག་མཚན་གནམ་ལྕགས་ཀྱི་རྡོ་རྗེ་ཁྲུ་གང་བ་ཁྲོམ་གཏེར་དུ་བཞེས། དམ་ཆོས་རྫོགས་པ་ཆེན་པོ་ཀུན་བཟང་ཐུགས་ཐིག་རྒྱབ་ཆོས་ཡེ་ཤེས་སྙིང་པོ་དམ་རྫས་རོལ་པ་ཆེན་པོ། ལྕགས་མིན་ཁྲོ་མིན་གྱི་མགོན་པོའི་སྐུ་སོགས་ཟབ་གཏེར་མང་དུ་བཞེས་པའི་གཏེར་གནས་ཡིན་ནོ། །

༈ ཡར་རྫོང་ངོས་ཡངས་ཀླུ་ཡི་བ་གམ་དུ། །གནས་བརྟན་ཀླུ་སྡེ་འཁོར་བཅས་རྟག་ཏུ་བཞུགས། །མི་འགྱུར་ཨ་ཡིག་ཤིན་ཏུ་གསལ་བ་བཀྲ། །ལྷ་སྐུ་ཕྱག་མཚན་རང་བྱོན་མང་དུ་ཡོད། །

༈ སྐེད་ཕུག་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཕུག་ནི་མ་ར་ཏི་ཀའི་གནས་ཚབ་ཡིན་པ་རྩེར་ཨ་ཡིག་དཀར་པོའི་རང་བྱོན་གྱིས་མཚན་པ། ཞབས་རྗེས་འགགས་ལ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཕུག་དང་བློན་གིང་ཆེན་གསལ་བ་འོད་ལྡན་གསོལ་ཐབ་མཛོད་སྡིས་ཁྲ་མོ། སྒོ་སྲུང་སྐུ་ལྷ་དཀར་ཡག ཤུག་བརྩེགས། ཆིབས་པ་བཏགས་ཤུལ། ཛོ་ཁེབ་འཁོར་བ་དུང་སྤྲུགས་ཀྱི་གནས་ཡིན་པ་བསྐོར་བ་རེ་བྱས་ཚེ་མ་ཎི་བྱེ་བ་བཏོན་པའི་ཕན་ཡོན་ཡོད་ཅེས་གསུངས་ནས་ཚོགས་གཉིས་མཆོག་གི་ཞལ་གྱིས་བཞེས།

༈ མར་རྫོང་བོད་ཀྱི་རི་བོ་རྩེ་ལྔ་རུ། །འཇམ་དཔལ་དབྱངས་དང་བི་མ་མི་ཏྲ་བཞུགས། །གངས་རྒྱལ་གངས་རིའི་གནས་ལག་སྤང་ངོས་སུ། །ཚེ་བུམ་ནོར་བུས་མཚན་པའི་རང་བྱོན་གསལ།

༈ དཔལ་གནམ་རྡོ་རྗེ་གཞོན་ནུའི་གནས་མཆོག་དོངས། །རྗེ་འབངས་ཉེར་ལྔ་ཡོད་ཅེས་ཕལ་ཆེར་གསལ།

༈ དབུ་བྲག་མཚོ་ནི་གནམ་ལྕགས་འབར་བའི་བྲག །ཀོ་ཀ་ཐང་དམར་རྒྱ་མཚོ་དོ་ཡིན། དེ་ཡང་སངས་རྒྱས་དབོན་ལ་མཁའ་འགྲོས་ལུང་བསྟན་པའི་གནས། ཆུ་ཨ་ཡིག་འདྲ་བའི་ཁུག་སོ་ལ། །དཔལ་མ་ཧཱ་ཀཱ་ལའི་སྒྲུབ་གནས་ཡོད། །སྟོན་ཟླ་ཆུ་ལ་མཁའ་འགྲོས་དར་ལམ་གཏོད། །ཅེས་པའི་གནས་འདིར་རྗེ་སངས་རྒྱས་དབོན་ཡུན་རིང་དུ་བཞུགས་པའི་གཟིམ་ཁང་ད་ལྟ་ཡང་མཇའ་རྒྱུ་ཡོད་པ་དང་རྗེ་སངས་རྒྱས་དབོན་ལ་མགོན་པོ་ཕྱག་བཞི་པའི་ཞལ་གཟིགས། གནས་དེར་སངས་རྒྱས་དབོན་བཞུགས་པའི་རིང་ལ། ཤར་ཡེལ་པ་དགོན། ལྷོ་རི་བོ་ཆེ། བྱང་རྟ་རྣ་རྣམས་ལ་ཡུན་རིང་ཞིག་བཞུགས་པའི་གནས་ཚད་མས་གྲུབ་པར་སྣང་། བོད་ཟླ་བཅུ་པའི་ཚེས་བཅོ་ལྔར་ཆུ་ལ་དར་འགྲིགས། བོད་ཟླ་དང་པོའི་ཚེས་གཅིག་ལ་རྒྱ་མཐོང་འབུག་རྒྱུ་ནི་མཐོང་བ་རྒྱུན་འཇགས་ལྟར་གནས་པས་དབུ་བྲག་ཁྲིམས་དར་ཞེས་བཤད་སྲོལ་ཡོད། དེ་ཡང་ལོ་འཁོར་ནང་ཟླ་ལྷག་ཡོད་མེད་ཁྲིམས་དར་དེས་གསལ་བོར་སྟོན་ཐུབ། གང་ཡིན་ཟེར་ན་རྗེ་སངས་རྒྱས་དབོན་ཆུ་ཕ་རོལ་ཕེབས་པར་དགོངས་པ་ཙམ་གྱིས་མཁའ་འགྲོ་མ་རྣམས་ཀྱིས་རྫུ་འཕྲུལ་གྱིས་ཆུ་ལ་དར་ལམ་འཐེན་པའི་ཤུལ་ལ་ཕྱིས་སུ་དེ་ཡི་དུས་ཚོད་ལ་དར་ཆགས་པས་སྟོན་ཟླའི་ཆུ་ལ་མཁའ་འགྲོའི་དར་ལམ་གཏོད་ཞེས་པའི་དོན་རྣམས་ངེས་དོན་ཚད་མས་གྲུབ་པའོ། །

༈ དྲེད་མོ་རོང་ནི་གཤིན་རྗེའི་གཏེར་གནས་ཡིན། བསྟན་པ་སྲུང་བའི་སྐོར་བཞི་དང་མཁའ་འགྲོའི་གསང་དཀྱིལ་ལ་སོགས་ཡོད། གནས་ཀྱི་སྲུང་མ་དུར་ཁྲོད་མ་མོའི་གནས། ཐེའུ་རང་དམ་ལ་བཏགས་ས་ཁམས་ཀྱི་གླ་བ་རྐང་གཅིག་དབའ་རྒྱ་བྲག་ཅེས་པར་གུ་རུའི་རྫུ་འཕྲུལ་གྱིས་ཐུན་རྡོ་གཏོར་བའི་ཕ་ཝམ་དང་གུ་རུའི་ཞབས་རྗེས་སོགས་ངོ་མཚར་བཞུགས། ཡུམ་ཆེན་མ་ཞེས་ཡེ་རྒྱལ་གྱི་གསང་ཡུམ་གྱི་གནས་ཡིན་པར་གསུངས་སོ། །

གཉིས་པ། གནས་འདིར་ཕྱག་བསྐོར་བགྱིས་པའི་ཕན་ཡོན་བསྟན་པ་ནི། འདུལ་བའི་ལུང་ལས། གང་ཞིག་དད་ཅིང་མོས་པའི་སེམས་ཀྱིས་སུ། །སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན། །འཛམ་བུའི་ཆུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་གསུངས་པ་ལྟར་གནས་མཆོག་འདིའི་ནང་ན་མཆོད་རྟེན་རང་བྱོན་དང་གང་ཟག་མང་པོའི་སྐུ་ཕྱག་ཞབས་རྗེས་ཀྱི་རང་བྱུང་མང་པོ་བཞུགས་པས། དེའི་ཕྱིར་དད་མོས་ཀྱི་སྒོ་ནས་དཀོན་མཆོག་གི་རྟེན་ལ་ཕྱག་བསྐོར་བྱ་སྙམ་པའི་འདུན་པས་གོམ་པ་གཅིག་འདོར་བའི་ཕན་ཡོན་ཡང་། གསེར་སྲང་སྟོང་ཕྲག་བརྒྱ་ཡིས་མཆོད་སྦྱིན་བྱས་པ་ལས་ཀྱང་ཕན་ཡོན་ཆེ་བར་གསུངས་ན། འདིར་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པ་བཞུགས་པའི་གནས་མཆོག་ལ་ཕྱག་བསྐོར་བགྱིས་ན། ཕན་ཡོན་བསམ་གྱིས་མི་ཁྱབ་པ་འབྱུང་བ་སྨོས་མ་དགོས་ཏེ། བདེ་གཤེགས་ཕག་མོ་གྲུ་པ་དང་། ཡེལ་པ་ཡེ་ཤེས་བརྩེགས་སོགས་གང་ཟག་མང་པོའི་དགོངས་པ་གཅིག་མཐུན་གྱིས་ཁ་བའི་ཞིང་གི་དཀར་པོ་བཞི་ལྡན་གནས་དག་ཕན་ཡོན་མཉམ་པར་གསུངས་པ་ནི། སྟོད་ཀྱི་གངས་རི་དཀར་པོ་དང་། བར་གྱི་ཡེལ་རྒྱལ་ནམ་རུ་དཀར་མོ་དུང་བརྒྱ་མ་དང་། བྱང་གི་རྟ་བྲག་དཀར་མོ་དུང་བརྒྱ་མ། སྨད་ཀྱི་ཁ་བ་དཀར་པོ་དུང་བརྒྱ་ཞེས་དཀར་པོ་བཞི་ལྡན་ཡིན་ཚུལ་སངས་རྒྱས་འཁོར་བ་འཇིག་དངོས་གཉགས་སྤྲུལ་ཡེ་ཤེས་བརྩེགས་སོགས་ཀྱིས་ལུང་བསྟན་བྱིན་གྱིས་རླབས་པའི་གནས་ལ་ཐེ་ཚོམ་མ་བྱེད་སེམས་ཅན་རྣམས་ཞེས་གསུངས་པ་ཡིད་ལ་བྱོས་ཤིག །གནས་ཁྲིད་བྱེད་ཅིང་རང་བྱོན་གྱི་རྟེན་དེ་དག་གཞན་ལ་བསྟན་ན་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ་ཅིང་། སོ་སོ་ཡང་དག་པར་རིག་པ་རྒྱ་ཆེན་པོའི་དོན་ཡང་རྟོགས་ཏེ། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། སུ་དག་རྒྱལ་བའི་གསུང་ཉིད་སྟོན་བྱེད་པ། །དེ་དག་གླིང་བུ་སྒྲ་སྙན་དང་། །སྒྲ་སྙན་ཡིད་དུ་འོང་བ་ཐོབ་པ་དང་། །སོ་སོ་ཡང་དག་རིག་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །གཞན་ཡང་གནས་རི་བཟང་པོ་འདི་དག་ལ་དར་ལྕོག་འཛུགས་པ་དང་། ཚོགས་མཆོད་བགྱིས་པ་དང་། དཀར་མེ་འབུལ་བ་སོགས་བཀུར་བསྟི་སུས་བྱས་ན་འདི་ཕྱི་གཉིས་ལ་དངོས་གྲུབ་རྣམ་གཉིས་ཐོབ། གནས་འདི་ཉིད་གནས་འདུས་ཀྱི་དུས་ཆེན་ནི་རྟ་ལོར་ཡིན་པས་དུང་བརྒྱ་འགྱུར། རྟ་ཟླའི་ཉ་ལ་དུང་བྱེ་འགྱུར། ཟླ་བ་འབྱུང་ངོ་ཅོག་གི་ཡར་ཚེས་བཅུ་དང་། བཅོ་ལྔ། མར་ངོའི་ཉེར་ལྔ་དང་གནམ་གང་རྣམས་ལ་དུང་ཁྲི་འགྱུར་གྱི་ཕན་ཡོན་འབྱུང་ངོ་། །ལྷག་ཏུ་གནས་བསྐོར་གྱི་སྐབས་སུ་ཡང་སྦྱོར་དངོས་རྗེས་གསུམ་ཚང་བ་ཞིག་བྱེད་པ་གལ་ཆེ། ཐོག་མར་བསྐོར་བ་པས་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་པའི་སྦྱོར་བ་སེམས་བསྐྱེད་དམ་པ། བར་དུ་རང་སེམས་དུག་ལྔའི་རྟོགས་པ་ངན་པས་མ་བསླད་པར་དད་པ་དག་སྣང་གིས་གཞི་བཟུང་། གསོལ་འདེབས་མོས་གུས་དྲག་པོས་བརྒྱུད་བསྐུལ་ཏེ། ལུས་ངག་ཡིད་གསུམ་ཆིག་བསྒྲིལ་གྱིས་ཕྱག་བསྐོར་བ་ལ་འབད་པ་དངོས་གཞི་ཚོགས་བསགས་དམ་པ། ཐ་མར་ཕྱག་བསྐོར་བགྱིས་པའི་དགེ་ཚོགས་ཅི་མཆིས་པ་ཐམས་ཅད་མཁའ་ཁྱབ་སེམས་ཅན་རྣམས་གཏན་བདེ་རྫོགས་བྱང་ཐོབ་པའི་ཆེད་དུ་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་རྒྱས་འདེབས་པ་ནི་མཇུག་བསྔོ་བ་དམ་པ་སྟེ། དམ་པ་གསུམ་གྱི་རྩིས་ཟིན་པ་ཞིག་བྱུང་ན་གནས་བསྐོར་ལྟ་བུ་ཟག་བཅས་ཀྱི་དགེ་བ་ཡང་ཐར་པ་ཆ་མཐུན་གྱི་དགེ་ཚོགས་རྒྱ་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ལྟར་འབྲེལ་ཚད་དོན་ལྡན་པའི། །ངོ་མཚར་གནས་མཆོག་ནམ་མཁའ་མཛོད། །རིག་གྲོལ་རྒྱལ་བའི་ཕྲིན་ལས་མཐུས། །སྤྱི་མཐུན་བསོད་ནམས་དཔལ་དུ་ཤར། །དེ་ལྟའི་སྔོན་བྱུང་གནས་བཤད་དང་། །ཕྱི་ནང་གསང་བའི་བཀོད་པ་རྣམས། །གཏེར་ཆེན་མཆོག་དང་གང་ཟག་གི །རྡོ་རྗེའི་གསུང་ལ་གཞི་བྱས་ཏེ། །འགྲོ་ལ་ཕན་ཕྱིར་རགས་ཙམ་འགྲེལ། །འདི་ལ་ནོངས་པའི་ཆ་གང་མཆིས། །རྩ་གསུམ་ལྷ་ལ་བཤགས་བགྱི་ཞིང་། །དགེ་བ་གང་དེས་འགྲོ་བ་ཀུན། །མཁའ་སྤྱོད་གནས་སུ་སྐྱེ་བར་ཤོག །ཅེས་པ་འདི་ཡང་གནས་ཡིག་སྔར་ཡོད་དག་ལ་གཞི་བཅོལ་ཏེ། ཚད་ལྡན་གྱི་ལོ་རྒྱུས་སྨྲ་བ་རྒན་རབས་དག་གི་ངག་རྒྱུན་དང་། རྣམ་ཐར་དང་ལོ་རྒྱུས་ཚད་ལྡན་དག་ལ་ཁུངས་གཏུགས་ནས་ཆུ་སྐྱེས་རཱ་ཛ་གང་དེས་སྦྱར་བ་དགེའོ། །བཀྲ་ཤིས།

མཆན། ༡ གནས་ཡིག་འདི་གནས་རྟེན་དགོན་པས་འདོན་སྤྲོད་གནང་།

༢ གནས་འདི་ནི་དེང་གི་ནང་ཆེན་རྫོང་ལྕི་ཆུ་ཞང་དང་བོད་ལྗོངས་རི་བོ་ཆེ་རྫོང་གཉིས་ཀྱི་ས་མཚམས་སུ་གནས་ཤིང་། ནང་ཆེན་རྫོང་ནས་གནས་བར་དུ་སྤྱི་ལེ༨༠ལྷག་ཙམ་ཡོད། གནས་འདི་ལ་མཐའ་བསྐོར་དང་བར་བསྐོར། རྩེ་བསྐོར་གསུམ་ཡོད་པས། མི་ཕལ་བས་རྐང་ཐང་དུ་ཉི་མ་རེར་བར་བསྐོར་རེ་བསྐོར་ཞིང། མཐའ་བསྐོར་ལ་ཉིན་ཕྱེད་གཉིས་ཙམ་འགོར།