རྨ་སྨད་རྡོ་རྗེ་བྲག་གི་ལོ་རྒྱུས་ཀྱི་སྙིང་པོ་བསྡུས་པ་བཞུགས་སོ། །
༄༅། །འདིར་ཕྱི་དར་བསྟན་པའི་སྲོག་ཤིང་མཁས་པ་མི་གསུམ་དང་གྲུབ་བརྙེས་རྣལ་འབྱོར་བ་ཆེན་པོ་ལྷ་ལུང་དཔལ་གྱི་རྡོ་རྗེ་སོགས་སྔོན་བྱོན་མཁས་གྲུབ་ཀྱི་བསྟན་འཛིན་གསེར་རིའི་ཕྲེང་བ་བསྟར་བ་ཉི་ཟེར་གྱི་རྡུལ་ལ་འགྲན་པའི་གྲངས་ཀྱིས་ཞབས་ཀྱིས་བཅགས་ཤིང་། ཕན་བདེའི་རྩ་ལག་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྟེ་བསླབ་པ་གསུམ་གྱི་ཉམས་ལེན་དང་སྡེ་སྣོད་གསུམ་གྱི་འཆད་ཉན་གྲ་རྒྱས་ཕུན་ཚོགས་སུ་སྒྲུབ་པའི་བྱིན་རླབས་སྟོང་དུ་འཁྱིལ་བའི་བསྟི་གནས། རྣལ་འབྱོར་དཔའ་བོ་ཕོ་མོའི་རྡོ་རྗེ་གླུ་ཡི་བྲོ་ར། དག་པ་རབ་འབྱམས་ཀྱི་སྣང་ངོར་དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ཕོ་བྲང་། མི་ཤིག་ས་ཡི་ཕུང་བོ་རྡོ་རྗེའི་ཁམས་སུ་བརྟན་པའི་བྲག་རྫོང་། རྒྱལ་བ་སྲས་དང་བཅས་པ་མཐའ་དག་གི་སྙིང་གི་ཐིག་ལེ། སྤྱན་གྱི་འབྲས་བུ། ཆོས་ཀྱི་དེད་དཔོན། ཁམས་གསུམ་གྱི་བླ་མ། སྐྱེ་དགུ་མ་ལུས་པའི་རྣམ་འདྲེན། རྒྱལ་བའི་གདུང་འཚོབ། བསྟན་པ་མཐའ་དག་གི་བདག་པོ། མཉམ་མེད་ཙོང་ཁ་བ་ཆེན་པོའི་རྗེས་སྐྱོང་ཁོང་ཨ་ལགས་བླ་ཁོ་རྡོ་རྗེ་འཆང་། རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་ཡབ་སྲས་འཁོར་བཅས་གནས་འདིར་ཕེབས་ཏེ་བསླུ་མེད་ལུང་གིས་བསྔགས་པ་ཆེས་ཆེར་བརྗོད་དེ། རྣམ་དག་ཚུལ་ཁྲིམས་གླིང་ཞེས་བསྔགས་པའི་མཚན་གྱི་རི་མོ་དོན་ལྡན་དུ་མཛེས་པའི་གནས་ཕུན་སུམ་ཚོགས་པ་འདི་ཉིད་ཡུལ་གང་དུ་གནས་པ་ནི། རྨ་ཆུ་དལ་བ་རིང་མོ་ནོར་བུ་དགའ་འཁྱིལ་གྱི་ཚུལ་དུ་འབབ་པའི་འགྲམ་རྒྱུད། རྨ་མགུར་རྣམ་རྒྱལ་གླིང་གི་རྒྱབ་ངོས། སྲིན་པོ་རྫ་རིའི་འདབས་ཞོལ། ཆ་ཚང་སྐྱེས་ལྷའི་མདུན་ལྗོངས་སུ་ཆགས་ཤིང་། བྲག་འདིའི་ཆགས་དབྱིབས་ནི་གཙུག་ལག་ཁང་ཆེན་པོ་ཞིག་དང་འདྲ་བའི་སྣང་བ་སུ་ལ་ཡང་མ་བཅོས་ཤུགས་འབྱུང་གིས་སྟེར་བར་བྱེད་པས་ཀུན་གྱི་མཐོང་མ་ཐག་ནས་གྲོལ་བའི་ས་བོན་བསྐྲུན་པ་ཞིག་སྟེ། གནས་ཆེན་པོ་འདི་ལ་སྔོན་གྱི་ཆར། གོང་གསལ་ལྟར་བོད་ཀྱི་བཙན་པོ་ཁྲི་རལ་བ་ཅན་དང་། ཨུ་དུམ་བཙན་ཏེ་གླང་དར་མ་གཉིས་ཀྱིས་ཕུ་ནུའི་བར་གྱི་སྲིད་དབང་འཕྲོག་རྩོད་བརྒྱུད་དེ་མཐར་ཕུ་བོ་གླང་དར་གྱིས་རྒྱལ་སྲིད་བཟུང་ཞིང་། བསྟན་པའི་གཞི་མ་འདུལ་བའི་བསླབ་པ་དང་དེ་ཡི་རྟེན་གཞི་དགེ་འདུན་གྱི་སྡེ་སོགས་བཤིག་གཏོར་བྱས་ཏེ་བསྟན་པ་བསྣུབས་ཤིང་། རབ་བྱུང་དགེ་འདུན་པ་རྣམས་ཁྱིམ་དུ་ཕབ་པ་དང་། འཚོ་བ་སོགས་བླ་ནས་སྦྱོར་བ་བཀག་པས། དཔལ་ཆེན་ཆུ་བོ་རིའི་སྒོམ་གྲྭ་ནས། བོད་ཀྱི་མཁས་པ་མི་གསུམ་གྱིས་བསྟན་པའི་རྒྱུན་དང་འགྲོ་དོན་ལ་དགོངས་ཏེ། མངའ་རིས་སྟོད་དུ་སོང་། དེ་ནས་བཞུགས་མ་ཚུགས་པར་གར་ལོག་གི་ཡུལ་དུ་ཕེབས། ལོ་ཙཱ་བ་མེད་པས་འགྲོ་དོན་མ་བྱུང་། དེ་ནས་མདོ་སྨད་དུ་ཕེབས་པར་བཞེད་དེ་ཧོར་ཡུལ་སྐོར་ནས་ཨོ་རོད་བརྒྱུད་དེ་ཕེབས་པ་ཡིན་ལ། ཧོར་གྱི་དགེ་བསྙེན་ཞིག་དང་འགྲོགས་ཏེ། ཐོག་མར་ཨ་རིག་གི་ཡུལ་བེ་རུ་ཚ་མཚོ་ནས་ཚུར་བྱོན་ཏེ། ལོ་རྡོ་རྗེ་བྲག་ཏུ་རྣལ་འབྱོར་ལ་བརྩོན་པར་བཞུགས་ཙ་ན། ལྷ་ལུང་དཔལ་གྱི་རྡོ་རྗེ་བོད་བཙན་པོ་གླང་དར་མས་བསྟན་པ་བསྣུབས་པའི་མཛད་སྤྱོད་ལ་རྒྱུ་དུས་ཀྱི་ཀུན་སློང་སྙིང་རྗེ་ཆེན་པོས་བསླངས་ཏེ། རྒྱལ་པོས་རྡོ་རིང་གི་ཡི་གེ་གཟིགས་པ་ལ་ཕྱག་འཚལ་བའི་ཟོལ་གྱིས་མདས་བརྒྱབ་སྟེ་བོད་ཀྱི་རྗེ་བོ་བཀྲོངས་ཤིང་། བྲོས་བྱོལ་གྱིས་མདོ་ཁམས་སྨད་འདིར་ཕེབས་ཏེ་མཁས་པ་མི་གསུམ་ལོ་རྡོ་རྗེ་བྲག་ཏུ་བཞུགས་པ་རྩད་ཆོད་དེ་གནས་ཆེན་པོ་འདིར་ཕེབས་ནས་ཁོང་རྣམ་པ་བཞི་ལྷན་ཅིག་ཏུ་གདན་འཛོམས་པ་ལ་ཞལ་ཏ་ཕེབས་ཏེ་ལྷ་ལུང་དཔལ་གྱི་རྡོ་རྗེས་ཁོ་བོས་བོད་ཀྱི་བཙན་པོ་བཀུམས་པས་དམེ་གྲིབ་ཁྱེད་ཚོ་ལ་ཕོག་མི་འོས་གསུངས་ཏེ། མཁས་པ་མི་གསུམ་རྡོ་རྗེ་བྲག་གི་ཉེ་འགྲམ་སྒོམ་གཞིར་ཕེབས་བཅུག་ཅིང་། ཁོང་གིས་ཡུལ་འདིར་རྫོང་བཙན་པར་གཟིགས་ནས་ལྕགས་ཀྱི་མདའ་གཞུ་གནས་འདིར་གཏེར་ཏུ་སྦས་ཤིང་སྟེང་དུ་རྡོ་སྤུངས་མཛད། སྒོམ་སྒྲུབ་ཡུན་རིང་བྱས་ཟེར། དེ་ནས་ཁོང་རྣམ་པ་དག་རིམ་པར་ཨ་ཆུང་གནམ་རྫོང་དུ་ཕེབས་ཏེ་བཞུགས་སྐབས། འཕན་ཡུལ་གཞོང་བ་རུ་མུ་སུ་འབར་བྱ་བའི་བོན་པོ་ཞིག་གི་བུ་མུ་སུ་དགེ་འབར་ཞེས་པ་ལོ་བཅུ་གཅིག་གི་སྐབས་སྣང་གསལ་ལྷ་ཁང་གི་གྱང་ངོས་ལས་རབ་བྱུང་ཆོས་འཆད་ཉན་གྱི་གཟུགས་མཐོང་བས་ལས་འཕྲོའི་ས་བོན་སད་དེ། མཁས་པ་མི་གསུམ་བཙལ་ཏེ་མདོ་སྨད་དུ་ཨ་ཆུང་གནམ་རྫོང་ན་བཞུགས་པའི་དྲུང་དུ་བསྙེན་གནས་སྡོམ་རྒྱུན་བླངས་པར་ལོ་རྒྱུས་རྙིང་བའི་གྲས《ལྡེའུ་ཆོས་འབྱུང》དང《མྱང་ཆོས་འབྱུང》སོགས་སུ་གསལ་བས། དེས་ན་བླ་ཆེན་གྱི་སྡོམ་པ་ལེན་པའི་གནས་ཨ་ཆུང་གནམ་རྫོང་ཡིན་པས་ན། གཅན་ཚའི་ཡུལ་ལ་ཕྱི་དར་བསྟན་པའི་ཆུ་མགོ་ཞེས་བསྙད་ན་ཡང་ངོ་གནོང་མི་དགོས་པར་སྙམ། དེའི་རྗེས་སུ་འཇམ་དབྱངས་ས་སྐྱ་པཎྜི་ཏ་ཆེན་པོ་སྐུ་ཚེ་སྨད་ལ་ཡོན་རྒྱལ་རབས་ཀྱི་གོང་མ་གོ་དན་གྱིས་གདན་དྲངས་པ་ལྟར། མདོ་སྨད་ལོ་རྡོ་རྗེ་བྲག་ཏུ་ཕེབས་ཏེ་སངས་རྒྱས་གླིང་པའི་རིང་བསྲེལ་ཕོར་བ་གང་ནང་བཞུགས་ཀྱིས་འབུམ་མཆོད་རྟེན་བཞེངས་ཏེ། ཕྱིས་འབུམ་ཁང་འཇའ་འོད་མར་གྲགས་ཚུལ་གོང་དུ་བཤད་ཟིན་ལ། དེ་ནས་རྨ་མགུར་བརྒྱུད་དེ་ཕེབས་པ་ནི་ཚད་མར་གྱུར་པའི་ལོ་རྒྱུས་ཀྱི་ཁུངས་དང་ལྡན་ཞིང་འགྲོ་མགོན་ཆོས་རྒྱལ་འཕགས་པ་གནས་གཞིར་འདིར་ཕེབས་ཏེ། ས་པཎ་གྱིས་བཞེངས་པའི་རྡོ་རྗེ་བྲག་གི་འབུམ་ཁང་ལ་རབ་གནས་མཛད་སྐབས། རྨ་ཉིན་སྲིབ་ཕུ་སྟོད་སྨད་མཚོ་གཡས་གཡོན་གྱི་ཆེ་རྒུ་རྣམས་ཀྱིས་ཞུས་པ་ལྟར་སྒར་བའི་བླ་མ་ས་བལྟ་ཁོ་ཚོའི་བླ་མཆོད་དུ་ལུང་བསྟན། དེའི་ཕྱིར་སྙིགས་དུས་ཀྱི་སྐྱེ་བོ་རྣམས་ཀྱི་ཕྱག་འཚལ་མགོས་གཏུགས་བྱས་པ་ཙམ་གྱིས་ཀྱང་གང་འཚམ་གྱི་བྱིན་རླབས་ངང་གིས་འཇུག་པའི་སྒྲུབ་གནས་ཁྱད་པར་བ་ཡིན་པར་གཟིགས་ནས། སྔོན་བྱོན་དམ་པ་མང་བོ་ཆེད་གཉེར་གྱིས་ཕེབས་པ་ནི་གནས་ཀྱི་གནད་མཁྱེན་པ་དང་བསྟན་པའི་མིག་རྒྱན་དུ་ཆེ་བར་མངོན་ལ། དེང་སང་ཕལ་ཆེར་གྱིས་གཡས་བསྐྱུར་གཡོན་བསྐྱུར་གྱིས་བཞག་སྟེ་རླངས་འཁོར་སོགས་ཀྱི་བགྲོད་པ་མེད་ན་རྐང་བས་བསྐྱོད་པ་ལ་ངལ་བར་འཛེམ་ཞིང་། རྒྱ་སོག་གི་ཡུལ་ཙམ་ལ་འགྲམ་ཆུ་ལྡང་བ་ནི་མིག་ལ་མི་མཛེས་པ་ཁོ་ནའོ། །
རེབ་གོང་གྲུབ་གནས་བརྒྱད་ཀྱི་གྲུབ་ཐོབ་པ་འགའ་རེ་ཡང་གནས་འདིར་ཕེབས་པའི་བཤད་ཚུལ་ཡོད། གྲུབ་ཆེན་ལོ་ཁོག་ཐོག་འཛིན་གྱིས་རྡོ་རྗེ་བྲག་སྐེད་དུ་སྐས་བཙུགས་ཏེ་སྒོམ་སྒྲུབ་མཛད་པའི་རྗེས་ཤུལ་གྱི་རི་མོ་མངོན་པར་བཀྲ་བའི་སྒྲུབ་ཁང་ལ་ད་ལྟ་ལོ་ཁོག་སྒྲུབ་ཁང་ཞེས་སུ་གྲགས་པ་བྱུང་ཞིང་གནའ་ནས་ད་བར་གྱི་ལོ་ཁོག་གི་རིག་འཛིན་ཆེན་པོ་དག་གིས་ལོ་མཚམས་མང་བོར་སྒོམ་སྒྲུབ་མཛད་པ་བསམ་གྱིས་མི་ཁྱབ་པ་བྱུང་། སྤྲེལ་ནག་སྡེ་བར་འཁྲུངས་པའི་ལྕང་སྐྱ་གོང་མའི་དངོས་སློབ་སྤྲེལ་ནག་པ་སྒོམ་ཆེན་འཕྲིན་ལས་ཕུན་ཚོགས་ཀྱིས་བྲག་ལ་བསྐོས་ཏེ། སྒོམ་ཆེན་ལྷ་ཁང་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་བཞེངས་ཏེ། ལོ་མཚམས་ཉི་ཤུར་བཞུགས། ཆོས་རྗེ་སྤོད་གྲགས་པའི་སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་བོ་གནས་འདིར་ཕེབས་ཏེ། གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལ་རབ་གནས་མཛད་དེ་ཁྲི་ཁ་འདི་ནས་སྐལ་ལྡན་རྣམས་སྨིན་གྲོལ་གྱི་ཆོས་ཆར་ཕབ་ཅིང་། སྐབས་འདིའི་གཙུག་ལག་ཁང་གི་ནང་རྟེན་དཀར་ཆག་རྡོ་རིང་ངོས་སུ་གསལ་བ་གོང་དུ་བཀོད་པ་ལྟར་ལགས་སོ། །སྡེ་བ་སྐྱིད་ཤོད་པ་བློ་བཟང་རྒྱ་མཚོ་མཆོག་གཙང་དམག་གིས་སེར་འབྲས་བཅོམ་པ་དང་། སྐྱིད་ཤོད་པའི་རྫོང་གཞིས་བླངས་པ་སོགས་ལ་བརྟེན་ནས་མདོ་སྨད་དུ་བྱོན་ཏེ་ལོ་རྡོ་རྗེ་བྲག་ཏུ་བཞུགས་ཤིང་ཆོས་རྒྱུན་སྤེལ་ཏེ་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་རྒྱས་སུ་མཛད། ལ་མོ་ཚོགས་གཉིས་རྒྱ་མཚོ་རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་པའི་ཕྱག་ཕྱིར་མདོ་སྨད་དུ་ཕེབས་ཤིང་རྔ་སྒར་དང་ལོ་རྡོ་རྗེ་བྲག་ཏུ་རྒྱུན་བཞུགས་གནང་ཏེ་གནས་འདིར་ཁོང་གིས་ཐོག་མར་བདག་དབང་མཛད་ཅིང་། སྐུ་ཕྲེང་གཉིས་པ་ཁྲི་བློ་གྲོས་རྒྱ་མཚོས་རྨ་མགུར་བཏབ་ཅིང་ལོ་རྡོ་རྗེ་བྲག་ཏུ་རྒྱུན་བཞུགས་གནང་ཞིང་སྒོམ་སྒྲུབ་བསྐྱངས་པར་མངོན་ལ། ཆོས་འབྲེལ་བསྟན་རྒྱུན་ལ་དགོངས་ནས་མདོ་སྨད་སྒྲུབ་པའི་ཤིང་རྟ་བ་ཆེན་པོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་ཡབ་སྲས་རྔ་སྒར་དང་ལོ་རྡོ་རྗེ་བྲག་ཏུ་བཞུགས་ཏེ་ཕན་ཚུན་ཆོས་འབྲེལ་གྱི་ཚོང་ཟོང་ཐང་མར་བརྡལ་བས། གནས་འདིར་ཡང་འཆད་ཉན་གྱི་རྒྱལ་མཚན་གྱེན་དུ་བསྒྲེངས་ཤིང་། དེའི་ཕྱིས་ཡབ་རྗེ་སྐལ་ལྡན་པའི་དངོས་སློབ་རོང་བོ་ནུ་གུ་གྲུབ་ཆེན་བློ་བཟང་དོན་གྲུབ་དང་རྔ་བ་ཆོས་རྗེ་གཉིས་གནས་འདིར་ཕེབས་ཏེ། ལྷ་ཁང་དུ་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། ཁྲི་ཆེན་རྒྱ་ནག་པའི་སྤྲུལ་སྐུ་གསུམ་པ་རྗེ་བཙུན་ངག་དབང་བློ་བཟང་བསྟན་པའི་ཉི་མ་མཆོག་ཡབ་སྲས་འཁོར་བཅས་གནས་འདིར་ཡང་ཡང་ཕེབས་ཏེ་ཆོས་ཀྱི་མཛད་སྒོ་ཡངས་པོར་ཕྱེས། སྐབས་ཤིག་ཀོའུ་བ་ནོ་མིན་ཧན་གྱི་རུ་སྡེ་ཧོར་མོ་ཁ་དང་ཚ་གན་ནོ་མིན་ཧན་རྔ་སྒར་སྐུ་སྐྱེས་དཀར་བོའི་མངའ་རིས་མ་འཆམ་པར་སྟོད་ནས་སོག་དམག་གི་དཔུང་ཆེན་པོ་གཅན་ཚའི་ཕྱོགས་སུ་ཡོང་སྟེ་གནས་མཆོག་རྡོ་རྗེ་བྲག་འདིར་ཡང་ཆག་འཇིག་ཅུང་ཙམ་བྱུང་བ་འདྲ་སྟེ་ཞིབ་ཏུ་མ་འཚལ་ལ། སོག་དམག་གིས་འདི་ཕྱོགས་ཀྱི་རི་རྩེ་མང་བོ་བཤིག་བརྡལ་བྱས་ཤིང་། བྲག་གི་རྒྱབ་རི་རྨ་བཙུན་རི་ཡི་རྩེ་མོ་ཡང་བཅད་དེ་འདུག་པར་གནའ་མི་ཆོས་ཕྱིར་ས་འཁུར་ནས་བཅོས་པའི་རྗེས་ཤུལ་ད་དུང་གསལ་བར་ཡོད་ཅིང་ཉེ་ཆར་འབར་རྩའི་སྡེ་འགྲམ་ནས་ཡུར་ནང་དུ་ཆུ་དྲངས་པའི་རྐ་ཞབས་བརྡོལ་ཏེ་གནའ་བོའི་སོག་དམག་གི་སྡོད་ཁང་དང་དམག་ཆས་ཀྱི་དངོས་པོ་མང་པོ་བྱུང་ངོ་། དེའི་རྗེས་ལ་མོ་བདེ་ཆེན་འདེབས་པ་པོ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་རིང་ལ། ལོ་རྡོ་རྗེ་བྲག་གི་ལྷ་ཁང་གང་ཡོད་ཉམས་པ་ཞིག་གསོ་དང་མི་ཉམས་གོང་འཕེལ་དུ་གསར་བཞེངས་བྱས་ཏེ། ལ་མོ་བདེ་ཆེན་གྱིས་བདག་དབང་མཛད་ཅིང་རྨ་མགུར་རྣམ་རྒྱལ་གླིང་དུ་དུས་འཁོར་འཛུགས་པ་པོ་ལ་མོ་སྐུ་ཕྲེང་བཞི་བ་བློ་བཟང་ཐུབ་བསྟན་དགེ་ལེགས་རྒྱལ་མཚན་གནས་འདིར་ཕེབས་ཏེ་སྒྲུབ་པའི་རྒྱལ་མཚན་བསྒྲེངས་པར་མངོན།
སྐུ་ཕྲེང་ལྔ་པ་ཕན་བདེའི་དབང་ཕྱུག་མཁས་བཙུན་རྒྱ་མཚོ་མཁས་གྲུབ་གཉིས་འཛོམས་ཀྱི་རྣམ་ཐར་ལྷུར་བཞེས་པ་དེ་ཉིད་ཀྱང་སྒྲུབ་པའི་དགའ་ཚལ་འདིར་ཕེབས་བཞུགས་གནང་ཞིང་། སྐུ་ཕྲེང་དྲུག་པ་གྲུབ་པའི་དབང་ཕྱུག་ཆེན་པོ་ངག་དབང་མཆོག་གྲུབ་བསྟན་པའི་རྒྱལ་མཚན་མཆོག་ཀྱང་སྔ་ཕྱིར་གནས་ཆེན་པོ་འདི་གར་ཕེབས་ཏེ་བྱིན་རླབས་ཀྱི་མེ་ཏོག་གཏོར་བར་མངོན། སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་ལ་མོ་བདེ་ཆེན་དུ་ཕེབས་པའི་ཞབས་ཕྱིར་ཡབ་རྗེ་གསེར་ཁང་བ་དགུང་གྲངས་ཉི་ཤུའི་ནང་ཞིག་ལ་ཕེབས། ཕྱིས་སུ་མར་ཁུའི་སྐུ་ཞབས་མཆོག་ལ་སྔོན་མོ་རྫོང་དུ་ཆོས་འབྲེལ་ཞུས་ཤིང་། དེ་ནས་རྡོ་རྗེ་བྲག་ཏུ་ཕེབས་ཏེ་སྐུ་མཚམས་ལ་ཡུན་རིང་བཞུགས། བྲག་ནས་ཐིགས་ཆུ་འབབ་པ་དང་རྩམ་རྐྱང་ཙམ་གྱི་བཞེས་པ་ལ་བརྟེན་ནས་བོད་ཀྱི་གྲུབ་རྒུའི་གཙུག་རྒྱན་རྗེ་བཙུན་མི་ལ་རིན་པོ་ཆེའི་རྣམ་ཐར་ཇི་ལྟ་བ་བཞིན་བསྐྱངས་ཏེ། ཁྱད་པར་དུ་དཔལ་བདེ་མཆོག་གི་ཞལ་འདོན་གསུངས་སྐབས་ཤིག་ལ་མདུན་གྱི་བྲག་དཔའ་བོ་དང་དཔའ་མོའི་རྣམ་པར་གཟིགས་ཏེ། ཞལ་ནས་རྡོ་རྗེ་བྲག་འདི་མཁའ་འགྲོའི་གནས་ཤིག་རེད་ཅེས་བཀའ་གསུང་ཕེབས། གནས་འདིའི་ཡུལ་མིར་ཐུགས་རྗེ་ཆེན་པོའི་དབང་གནང་སྟེ་སྡེ་བ་སོ་སོས་མ་ཎི་དུང་ཕྱུར་འདོན་རྒྱུའི་དམ་བཅའ་ཕུལ། སྐབས་འདི་ཞིག་ལ་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེ་ཡང་གནས་ཕུན་སུམ་ཚོགས་པ་འདི་རུ་དགུན་བཞུགས་རེ་གནང་སྟེ་སྒྲུབ་པའི་རྣལ་འབྱོར་འཕེལ་བར་ངེས། ཡབ་རྗེ་གསེར་ཁང་བ་སྣང་རའི་གསེར་ཁང་དུ་ཕེབས་ནས་སྤྱན་དབྱེ་ཆོ་ག་དང་ཉིན་མང་བོར་ཁྲུས་དབང་། རྡོ་རྗེ་འཇིགས་བྱེད་ཞི་བའི་སྦྱིན་བསྲེགས་སོགས་གྲུབ་ཏེ་ལོ་རྡོ་རྗེ་བྲག་ཏུ་ཡང་བསྐྱར་ཕེབས་ནས་སྒོམ་སྒྲུབ་མཛད་ཅིང་། རྗེ་གྲུབ་དབང་འཇིགས་མེད་བསམ་གཏན་རིན་པོ་ཆེ་སོགས་ངེས་དོན་བསྟན་འཛིན་གྱི་སྐྱེས་བུ་མང་བོ་ཕེབས་པར་མངོན་ཞིང་། ཡུལ་འདི་ཕྱོགས་ཀྱི་བླ་སྤྲུལ་དགེ་བཤེས་མང་བོ་ཆེད་གཉེར་ཕེབས་བཞུགས་ཅིས་ཀྱང་ཆེ་ངེས་སོ། །ཡབ་རྗེ་གསེར་ཁང་བ་དགུང་གྲངས་དྲུག་ཅུའི་ནང་ཞིག་ལ། ལོ་ཁོག་ཏུ་མི་ཤིང་ཞེས་པའི་ཇག་རྒོད་ཅིག་གིས་རྨ་ཕར་ཁའི་རྒྱའི་མི་དཔོན་ཞིག་ལ་མི་གསོད་རྟ་འདེད་ཀྱི་ཇག་བྱས་པས། ཟ་ལར། གཡས་སྔོན། གཡའ་ཆུ། ཕྱི་ཁོག་སོགས་ཀྱི་ཧོས་དམག་འབོར་ཆེན་རྨ་ཆུར་བརྒལ་ནས་ཤ་ཟངས་ཐང་བརྒྱུད་དེ་གླས་གསུམ་ལ་དམག་དྲངས་ཏེ། ཡོ་བོ་ཆེ། ལོ་ཁོག འབར་རྩ་བཅས་ཡོངས་སུ་རྫོགས་པའི་མི་ཁྱིམ་གྱི་ཁང་བ་དང་ཅ་ལག མ་ཎི་ཁང་། འབུམ་ཁང་། མཆོད་རྟེན། མཆོད་ཁང་། རྟེན་གསུམ་མེ་ལ་བསྲེགས་ཤིང་། མི་གསོད་རྒྱུ་འཕྲོག་གི་གཡུལ་འཁྲུག་བྱུང་བ་རིམ་གྱིས་མཆེད་དེ་དགོན་པ་གང་མང་བཤིག་རྒྱུས་སྦྱོར་བ་བསླངས་ཏེ་ལོ་རྡོ་རྗེ་བྲག་ཏུ་སྐབས་འདིར་ལྷ་ཁང་བཅུ་གཉིས་བཞུགས་པ་དང་། བླ་བྲང་དང་སྤོང་ཁང་སོ་སོར་མེ་མཆོད་ཕུལ་ཞིང་ལོ་ཁོག་གསེར་ཡུམ་ཡང་འདི་དུས་བསྟན་དགྲ་མགོ་དཀར་དམག་གིས་མེ་ལ་སྦྱངས་ཚུལ་གོང་དུ་བཤད་པ་ལྟར་རོ། །ཆག་འཇིག་འདི་སྤྱི་ལོ༡༨༤༦ཡས་མས་ཡིན་པར་ལོ་རྒྱུས་མང་པོ་གུང་བསྒྲིགས་ན་ཤེས་ཐུབ། དེར་བརྟེན་ཡབ་རྗེ་གསེར་ཁང་བས་གནས་ཕུན་སུམ་ཚོགས་པ་འདི་འདྲ་བ་ལ་ཆག་འཇིག་དང་སེམས་ཅན་མང་བོ་ཚེ་དང་ལོངས་སྤྱོད་ཀྱིས་ཕོངས་པར་གྱུར་པ་ནི། མདོ་ལས། བསྐལ་བ་བརྒྱ་ཕྲག་རྣམས་སུ་ཡང་། །ལས་རྣམས་ཆུང་བར་མི་འགྱུར་ཏེ། །ཚོགས་ཤིང་དུས་ལ་བབས་པ་ན། །ལུས་ཅན་རྣམས་ལ་འབྲས་བུ་སྨིན། །ཞེས་དང་། གཞན་ཡང་མདོ་ལས། འཇིགས་པ་ཆེན་པོ་བཞི་འདི་དག་འོང་སྟེ། དེ་དག་ལས་བཟློག་པའམ། རྫས་དང་། སྔགས་དང་། སྨན་གྱིས་བཟློག་པར་སླ་བ་མ་ཡིན་ནོ། །བཞི་གང་ཞེ་ན། རྒ་བ་དང་། ན་བ་དང་། འཆི་བ་དང་། རྒུད་པའོ། །རྒྱལ་པོ་ཆེན་པོ། རྒ་བ་ནི་དར་ལ་བབ་པ་འཇོམས་ཤིང་འོང་། འཆི་བ་ནི་སྲོག་འཇོམས་ཤིང་འོང་། རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་ཞེས་གསུངས་པ་ལྟར། ལས་ཀྱི་རྣམ་པར་སྨིན་པ་ཁོ་ནར་ངེས་ཤིང་། དེ་ཡང་རང་ཅག་ནང་བ་སངས་རྒྱས་བར་ཁས་འཆེ་བ་རྣམས་ཀྱི་མེད་མི་རུང་བའི་སྒོ་དང་བོ་ནི་དཀོན་མཆོག་སྐྱབས་ཀྱི་དམ་པ་བསླུ་བ་མེད་པར་བཟུང་ནས། དེའི་ཡོན་ཏན་གྱི་ཚོགས་རྗེས་སུ་དྲན་པས་དད་པ་སྦྱང་བ་དང་། དེ་ཉིད་ཀྱི་རྗེས་སུ་ཡང་དག་པར་སློབ་པ་ཡིན་ཏེ། བསྟོད་པ་བརྒྱ་ལྔ་བཅུ་བ་ལས། གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང་། །གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། །དེ་བསྟོད་དེ་ནི་བཀུར་བ་དང་། །དེ་ཡི་བསྟན་ལ་གནས་པར་རིགས། །ཞེས་གསུངས་པ་ལྟར། སྐྱོན་ཐམས་ཅད་སྤངས། ཡོན་ཏན་ཐམས་ཅད་རྫོགས་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཡིན་ཞིང་། དེའི་ནང་ནས་ཀྱང་རབ་དང་མཆོག ཕུལ་དང་གཙོ་བོར་གྱུར་པ་ནི་དམ་པའི་ཆོས་ཁོ་ན་ཡིན་པས། ལམ་གྱི་ཆོས་ཉམས་སུ་ལེན་པ་དགེ་འདུན་དང་། མཐར་ཐུག་འབྲས་བུའི་ཆོས་ལ་མ་བརྟེན་པར་དེ་དག་འབྱུང་བའི་གོ་སྐབས་མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུས་གསུམ་གྱི་སངས་རྒྱས་འདུས་པའི་ཡུམ་དུ་འཆད་པའང་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་དགོངས་པ་དང་། འཇིག་རྟེན་ཐམས་ཅད་ཀྱི་ཕན་བདེའི་རྩ་ལག་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་རག་ལས་ཤིང་། དེ་ཉིད་ཡུན་རིང་དུ་གནས་པ་དགེ་འདུན་གྱི་སྡེ་དང་ཆོས་ཚུལ་བཞིན་སྒྲུབ་པའི་གནས་ཁྱད་པར་ཅན་འདི་འདྲ་ཡུན་རིང་དུ་གནས་དགོས་པར་གཟིགས་ནས། ཡབ་རྗེ་ཆོས་ཀྱི་རྒྱལ་བོ་གསེར་ཁང་བ་རིན་པོ་ཆེ་སྐུ་དངོས་ཀྱིས་ཕེབས་ཏེ། བསྐྱར་བཞེངས་བྱ་རྒྱུར་བཀས་སྐུལ་ཞིང་སྒྲུབ་པའི་དགའ་ཚལ་འདིར་བཞུགས་ཏེ་ཕྱག་རྫས་གང་མང་ཕུལ། རྗེ་བཙུན་བྱམས་པའི་ལྷ་ཁང་གི་ལོགས་རིས་ཀྱི་ཉེ་སྲས་བརྒྱད་ཁོང་སྐུ་དངོས་ཀྱི་མཚལ་གྱིས་ཕྱག་བྲིས་བསྟར་ཞིང་ཚོན་རིས་འབུལ་དུ་མ་བཅུག་པར་བཞག གླས་གསུམ་རྒན་མང་གིས་ད་ནི་བྲག་ལ་ཆག་འཇིག་འདི་འདྲ་བྱུང་བས་རྟེན་གཙོ(ལྷ་ལུང་དཔལ་རྡོར་གྱི་མདའ་གཞུ་དང་ས་པཎ་གྱི་སངས་རྒྱས་གླང་བོའི་རིང་བསྲེལ་ཕོར་བ་གང)ཡོད་མེད་ལྟ་དགོས་ཞེས་ཡབ་རྗེ་གསེར་ཁང་བར་ཞུས་ནན་མ་བཟློག་པར་ས་སློག་པས་འབུམ་ཁང་མཆོད་རྟེན་ལ་འཇའ་འོད་ཀྱིས་གང་བར་གཡོགས་པ་ཤར་བས། ཕྱོགས་འདིའི་འགྲོ་བ་མང་བོ་དད་པའི་ཁོལ་བོར་བསྲན་པར་མ་ནུས་པས་ཅི་ཡང་བསྐྱོད་དེ། གཅེས་ནོར་མཁོ་རྒུའི་འབྱོར་བ་གནས་འདིར་སྤུངས་པ་བཞིན་གྱུར་ཏེ་འབུམ་ཁང་འཇའ་འོད་མ་གཙོ་བྱས་པའི་ལྷ་ཁང་བཅུ་བསྐྱར་བཞེངས་དང་མཆོད་པ་ཡང་བཙུགས་ལ། ནང་རྟེན་སོགས་གོང་དུ་བཀོད་པར་གྱུར་ཞིང་། དེ་བས་ན་ལོ་རྡོ་རྗེ་བྲག་འདི་ནི། ཡབ་རྗེ་གསེར་ཁང་བའི་སྐུ་ཚེ་སྟོད་སྨད་གཉིས་ཀར་བཞུགས་པའི་གདན་ས་ཁྱད་པར་བ་ཞིག་ཡིན་ཕྱིར། ཁོང་གི་རྗེས་འཇུག་གི་བླ་སློབ་སྐྱབས་རྗེ་ཨ་རོལ་རིན་པོ་ཆེ། ཐར་ཤུལ་རིན་པོ་ཆེ་སོགས་བསྟན་པའི་སྲོག་ཤིང་དུ་མ་གནས་འདིར་ཕེབས་པར་མངོན་ལ། ཁྱད་པར་དུ་བསྟན་པའི་སྒྲོན་མེ་སྐྱབས་རྗེ་ཞྭ་དམར་པཎྜི་ཏ་རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་རིགས་ཀྱི་ཅོད་པཎ་ཁོང་ཉིད་གདན་ས་བདེ་ཆེན་དུ་ནམ་ཕེབས་ཆིབས་བར་དུ་ལོ་རྡོ་རྗེ་བྲག་ཏུ་ཕེབས་བཞུགས་གནང་ཞིང་། དགུང་ལོ་ཞེ་ལྔའི་སྟེང་གནས་ཕུན་སུམ་ཚོགས་པ་རྡོ་རྗེ་བྲག་འདིར་སྟོན་པ་ཕུན་སུམ་ཚོགས་པ་རྗེ་བཙུན་འཇམ་པའི་དབྱངས་དང་ཞལ་མི་གཉིས་པ་བཤེས་གཉེན་ཆེན་པོ་སངས་རྒྱས་ཆོས་གྲགས་ཀྱི་དྲུང་དུ་འཁོར་ཕུན་སུམ་ཚོགས་པ་རྒྱལ་སྲས་སྤྱན་སྔ་ཆེན་པོའི་རྣམ་འཕྲུལ་ཞབས་དྲུང་སྒར་བ་རིན་པོ་ཆེ་དང་། གཞུང་བརྒྱའི་མངའ་བདག་ཡོངས་འཛིན་ཤེས་རབ་རྒྱ་མཚོ་སོགས་དང་ལྷན་དུ། བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱས་ཏེ་མཐུན་རྐྱེན་ཚོགས་བསགས་པ་དང་འགལ་རྐྱེན་སྒྲིབ་པ་སྦྱོར་བས་རྒྱབ་བརྒྱན་ཏེ། ཆོས་ཕུན་སུམ་ཚོགས་པ་རྗེ་ཐམས་ཅད་མཁྱེན་པའི་གསུང་གི་མཛད་ཆེན་བཞིའི་ནང་ཚན་གཞུང་ལུགས་ཆེན་མོ་རྩ་འཇུག་གི་ཊི་ཀ་ཆེ་ཆུང་སོགས་ལ་བརྒལ་ལན་དྲི་གཏུགས་ཀྱིས་དཔྱད་པ་སུམ་སྒྲིལ་གྱིས་སྟོང་བ་རྟེན་འབྱུང་དང་རྟེན་འབྱུང་སྟོང་བའི་ཚུལ་གྱི་དབུ་མའི་ཟབ་ལམ་དཔལ་ལྡན་ཐལ་འགྱུར་བའི་རང་ལུགས་དྲི་མ་མེད་པ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་བཞེད་མཐིལ་ལྟ་བའི་རང་ཞལ་ཐུགས་ཉམས་སུ་ཆུད་པར་མཛད་ཅིང་། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དགྱེས་པའི་སྒྲུབ་མཆོད་ཕུལ་བས། གནས་འདི་རྗེ་བླ་མ་ཙོང་ཁ་བ་ཆེན་པོའི་ཚུར་རོལ་སྣང་ངོར་སྟོང་ཉིད་ཀྱི་དཔྱད་པ་རྫོགས་པའི་ཚུལ་མཛད་པའི་གནས་ཆེན་པོ་འོལ་ཁ་དང་མཚུངས་པའི་གནས་སུ་བྱིན་གྱིས་བརླབས།
རབ་བྱུང་བཅོ་ལྔ་བའི་ས་བྱ་ལ་མོ་བདེ་ཆེན་གྱི་སངས་རྒྱས་སྟོང་སྐུ་རྟེན་དང་བརྟེན་པ་བཞེངས་གྲུབ་ཀྱི་ལོ༡༩༠༩བར་ཀུན་མཁྱེན་འཇམ་དབྱངས་བཞད་པ་རིན་པོ་ཆེ་སྐུ་ཕྲེང་བཞི་བ་རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་ལོ་རྡོ་རྗེ་བྲག་ཏུ་ཕེབས་བཞུགས་བསྐྱངས་ཏེ་སྣང་རའི་གསེར་ཁང་དུ་ཡང་ཕེབས། མཁས་བཙུན་བཟང་གསུམ་གྱི་ཕུང་པོ་སྐྱབས་རྗེ་ལ་མོ་དགེ་འདུན་བསྟན་འཛིན་ནོར་བུ་ཡོངས་འཛིན་སྐུ་འཁོར་བཅས་ཡང་ཡང་གནས་འདིར་ཕེབས་ཏེ། དགུན་བཞུགས་མཚམས་བཅད་ཀྱི་ནང་དུ་དཔེ་ཁྲིད་འཆད་ཉན་གྱིས་བསྟན་པའི་རྒྱལ་མཚན་བསྐལ་བའི་མཐར་ཡང་མི་ཉམས་པའི་སྲོག་ཟུངས་ཕུལ། ཁྲི་ཆེན་རྒྱ་ནག་པའི་སྤྲུལ་རབས་བདུན་པ་རྗེ་བློ་བཟང་ཐུབ་བསྟན་རྒྱ་མཚོ་ཡབ་སྲས་གནས་འདིར་དགུན་བཞུགས་མང་དུ་གནང་ཏེ་སྒྲུབ་པའི་རྣལ་འབྱོར་ལ་བརྩོན་པར་མཛད་པས་ཐུགས་རྟོགས་རྨད་དུ་བྱུང་བ་འཁྲུངས་ཤིང་གནས་འདིར་གསེར་ཁྲི་བླ་བྲང་ཡང་ཡོད་པར་གྱུར།
སྐུ་ཕྲེང་བརྒྱད་པ་ཁྲི་སྤྲུལ་ལུང་རྟོགས་ཉི་མ་དང་སྐུ་ཕྲེང་དགུ་པ་བསྟན་འཛིན་དང་བླ་སྤྲུལ་གྱི་ཐ་སྙད་ཆེན་པོ་འཆང་བའི་ཁྲོད་ནའང་མཉམ་མེད་ཐུབ་པ་ཆེན་པོའི་ཚད་མའི་བསྟན་པ་རིན་པོ་ཆེ་སྲོག་གི་ཕྱིར་ཡང་ཚིག་ཙམ་གྱིས་ཀྱང་མི་གཏོང་བའི་ཐུགས་སྟོབས་མཉམ་ཟླ་མེད་པ། ཁྲི་སྤྲུལ་བློ་བཟང་བསྟན་པའི་རྒྱལ་མཚན་སྔ་ཕྱིར་ཡང་ཡང་ཕེབས་ཏེ་གནས་འདིར་བྱིན་གྱིས་བརླབས་ཤིང་། གླས་གསུམ་གྱི་སྡེ་གྲོང་སོ་སོར་ཕེབས་བསྐྱོད་བཀའ་དྲིན་ཡང་བསམ་གྱིས་མི་ཁྱབ་པར་མངོན། འགྲོ་མགོན་སྐྱབས་རྗེ་ཐར་ཤུལ་རྡོ་རྗེ་འཆང་སྐུ་ཕྲེང་དྲུག་པ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་དང་། སྐུ་ཕྲེང་བདུན་པ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ་བསྟི་གནས་འདིར་ཡང་ཡང་ཕེབས་ཏེ་སྒོམ་སྒྲུབ་བསྐྱངས་པ་དང་གླས་གསུམ་སྤྱིའི་བླ་མར་གྱུར་པས། ཁོང་དགུང་ལོ་དྲུག་ཅུ་བཞེས་པ་ས་བྱི་ལོ༡༩༤༨ལ་གླས་གསུམ་གཙོས་གྲོང་བརྒྱད་ཀྱིས་ཞུས་ངོར། དུས་འཁོར་དབང་མོ་ཆེ་གནང་བར་ལ་མོ་སྒར་བའི་སྤྲུལ་སྐུ་ཁྲི་ཆེན་རྒྱ་ནག་པའི་སྤྲུལ་སྐུ། ཀོའུ་བ་སྤྲུལ་སྐུ། ཁྲི་ཀའི་ཨ་ལགས་མཚན་གྲགས་ཚང་། གསང་སྒྲོག་སྤྲུལ་སྐུ། སྐུ་ཞབས་སྒོ་མང་ཚང་སོགས་བསྟན་པའི་རྩ་ལག་ལྡེའུ་ཚ་བཀྲ་ཤིས་ཆོས་སྡིངས། དགེ་འདུན་བསྟན་པའི་ཆུ་མགོ་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་། ལུང་རིགས་སྒྲོག་པའི་ཆོས་སྡེ་མཁས་གྲུབ་བྱེ་བའི་རོལ་མཚོ་ལ་མོ་བདེ་ཆེན་ཆོས་གླིང་སོགས་དང་། གཞན་ཡང་ཀོའུ་བ་དགོན། གསང་སྒྲོག ངང་རོང་། རྨ་མགུར། རྔ་སྒར་སོགས་ཁྲི་ཀ་ཚུན་ཆད་ཀྱི་བཤད་སྒྲུབ་ཀྱི་སྡེ་མང་པོའི་བླ་སྤྲུལ་དགེ་བཤེས་ཆེ་ལ་རགས་པ་མང་དུ་ཕེབས་པར། ཚེ་དབང་དང་འཇིགས་བྱེད་ཀྱི་དབང་སོགས་ཀྱང་གནང་ལ། འདི་བ་རྫོགས་རིམ་གྱི་རྟོགས་པ་མཐོན་པོར་སླེབས་པ་ཞིག་ལགས་ཞེས་བདག་གི་བླ་མ་འཇམ་པའི་དབྱངས་དངོས་རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་ཞལ་ནས་དངོས་སུ་ཐོས། དགའ་ལྡན་དགེ་བཤེས་ཡང་ཆུང་ལྷ་རམས་པ་ངག་དབང་གྲགས་པ་དབུས་ནས་འདིར་ཕེབས་ཏེ་གནས་འདིར་བྱ་བཏང་སྒོམ་སྒྲུབ་ཀྱི་སྤྱོད་པ་རྒྱ་ཆེར་གནང་བས་བྲག་གི་བསྟན་སྲུང་ཆེན་མོ་བཙན་མགོན་བསྟེན་ཅིང་། གླས་གསུམ་གྱི་བླ་མ་ཡིན་པས་སྐུ་ཕྲེང་ཕྱི་མ་རྣམས་ཀྱང་དགའ་ཚལ་འདིར་ཕེབས་ཤིང་ཡང་ཆུང་བླ་བྲང་ཡང་ཡོད་པར་གྱུར། ཡོངས་རྫོགས་བསྟན་པའི་མངའ་བདག་བླ་བྲང་ཨ་ལགས་རིན་པོ་ཆེ་བླ་ཁོ་རྡོ་རྗེ་འཆང་། རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོ་གནས་འདིར་ཕེབས་ཏེ་བཀྲ་ཤིས་གསོ་སྦྱོང་མཛད་ཅིང་། མ་བོས་རང་འགྲིག་གིས་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་གི་གྲངས་ཚང་བས་ཁོང་ཐུགས་དགྱེས་ཏེ། གནས་འདི་ལ་རྣམ་དག་ཚུལ་ཁྲིམས་གླིང་ཞེས་དོན་ལྡན་མཚན་གྱི་མེ་ཏོག་རྒྱན་ཏུ་བཏགས་ཤིང་། གླས་གསུམ་གཙོས་གྲོང་བརྒྱད་ཀྱིས་ཞུས་ངོར། གདུགས་དཀར་མོ་ཅན་གྱི་དབང་གནང་བར་ཕྱོགས་འདུས་ཀྱི་བླ་སྤྲུལ་དགེ་བཤེས་དང་རབ་བྱུང་བ་སོགས་སྟོང་ཕྲག་དུ་མ་འདུས་པར་བྱུང་། ངང་རོང་བཀྲ་ཤིས་ཆོས་འཕེལ་གླིང་འདེབས་པ་པོ་དཔལ་ཆོས་མཁན་ཆེན་གྱི་སྐུ་ཕྲེང་ལྔ་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ཚང་རྡོ་རྗེའི་བྲག་འདིར་ཕེབས་ཏེ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་མཛད་ཅིང་། བཅུ་ཆའི་སྦྱིན་བསྲེགས་ཀྱང་བླུགས་ལ། ཁོང་གནས་འདིར་བཞུགས་རིང་སྒོམ་ཆེན་ལྷ་ཁང་དུ་མཁན་ཆེན་ཞི་བ་འཚོ་དང་། བླ་ཆེན་དགོངས་པ་རབ་གསལ་རྣམ་གཉིས་ཀྱི་སྐུ་བརྙན་བཞེངས་ཤིང་གཟུངས་གཞུག་རབ་གནས་དང་བཅས་པ་ཆེན་ཧུས་ཞུས་ངོར། ཇི་སྐད་སྨྲས་པ་དེ་བཞིན་བྱས་པར་མངོན། རྒྱལ་སྲས་སེམས་དཔའ་ཆེན་པོ་སྐུ་ཞབས་སྒོ་མང་ཚང་དང་། རྨོག་དཔོན་སློབ་རྣམ་གཉིས་ཀྱང་སྔ་ཕྱིར་ཕེབས་ཏེ། གླས་གསུམ་སྤྱིའི་འགྲོ་དོན་ཐུགས་འཛིན་སྒོས་གསུང་ཆོས་མང་དུ་སྤེལ་ཞིང་། འདུ་ཁང་ནང་རྟེན་འགའ་རེ་ཁུར་ལེན་གྱིས་བཞེངས་བསྐྲུན་དང་མཆོད་པའི་རྒྱུན་ཡང་བཙུགས་པར་མངོན་པ། བཅུ་པའི་མ་ཎི་དང་ལོ་གཅིག་གི་སྨྱུང་གནས་ཆོས་ཐོག་གསུམ་སོགས་བཙུགས་ཏེ། བཅའ་ཡིག་ཀྱང་མཛད་ཟེར་ཏེ་ད་ལྟ་མཇལ་རྒྱུ་མི་འདུག དེ་ལྟར་སྔོན་བྱོན་ངེས་དོན་གྱི་བསྟན་འཛིན་སྐྱེས་བུ་དམ་པ་རྣམས་ཀྱིས་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་དག་གི་ལམ་སྲོལ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་གཞུང་ལམ། བྱང་ཆུབ་ལམ་གྱི་རིམ་པ། ཐོག་མར་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་མགོ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་བཟུང་མཐར་མི་སློབ་ཟུང་འཇུག་གི་བར་གྱི་ས་དང་ལམ་གྱི་རིམ་པའི་རྟོགས་པ་སྣ་རེ་ཡིན་ན་ཡང་རྒྱུད་ལ་ཅི་སྐྱེས་དང་། མ་མཐའ་སྨོན་ཡུལ་ཚུན་ཆད་དུ་བཟུང་སྟེ་འཕྲལ་ཕུགས་ཀྱི་འཇུ་ས་འཇང་ས་དམ་པའི་ཆོས་ཁོ་ནར་བྱེད་པ་དང་། དེའི་ཡན་ལག་ཏུ་ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་ཚོགས་བསགས་སྒྲིབ་སྦྱོང་སྣ་སྒོ་མོ་ནས་ཉམས་བཞེས་མཛད་པ་ལས། དོན་ཆེན་པོ་ལ་སྙད་བཏགས་ཁག་འཇོག་གིས་ཞེ་ཕུགས་ཚེ་འདིའི་མིང་དང་དབང་འབྱོར་ལ་སྙིང་ཕུར་ཐེབས་པའི་ཕྱི་རྫིག་ནང་སྟོང་གི་དྲི་མ་རིང་དུ་བོར་བའི་མཁས་གྲུབ་རིམ་བྱོན་གྱི་གདན་ས་དམ་པ་ལོ་རྡོ་རྗེ་བྲག་འདི་ནི་མེ་མཁའ་རྒྱ་མཚོའི་འདས་ལོ༢༧༨ལྕགས་བྱ་ལོ༩༠༡ལ་གླང་དར་མ་ཁྲི་འཁོད་ནས་མེ་སྟག་ལོ༩༠༦་འདས་པར། རྒྱལ་ཀུན་གསང་བའི་བདག་པོའི་རྣམ་འཕྲུལ་ལྷ་ལུང་དཔལ་གྱི་རྡོ་རྗེས་བསྟན་དོན་དུ་བགྲོངས་ཏེ་གནས་གཞི་འདིར་བྲོས་བྱོལ་དུ་ཕེབས་པ་ནས་ད་ལྟའི་བར་དུ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་། ས་སྐྱ་གོང་མ་རྣམ་ལྔའི་ནང་ཚན་དམར་བོ་རྣམ་གཉིས་དངོས་ཕེབས་ཀྱིས་འབུམ་ཁང་མཆོད་རྟེན་བཞེངས་པ་དང་། རབ་གནས་མཛད་པ། གཞན་ཡང་གསང་སྔགས་རྙིང་མའི་རིང་ལུགས་འཛིན་པའི་ལྕང་ལོ་ཅན་དང་འཇམ་མགོན་རྒྱལ་བའི་དབང་བོའི་རྗེས་སུ་འཇུག་པའི་ཞྭ་སེར་ཅོད་པན་འཆང་བ་སོགས་ཀྱི་མཁས་གྲུབ་གནམ་གྱིས་ས་བཀབ་པ་ལྟ་བུ་སྒྲུབ་པའི་དགའ་ཚལ་འདིར་རིམ་གྱིས་བྱོན་ཏེ་སྒོམ་སྒྲུབ་རྣལ་འབྱོར་གྱི་རྟོགས་པ་ཀློང་དུ་བརྡོལ་བའི་བྱིན་རླབས་ཀྱི་དྲི་མ་ཡལ་བ་འདི་ཉིད། རབ་རྒྱལ་བགྲང་བྱ་སོ་གཉིས་པ་སྤྱི་ལོ༡༩༥༨ལོར་གོད་ཆག་ཉམས་རྒུད་བསྟན་པ་དང་འགྲོ་བ་ཡོངས་ཀྱི་ཐོག་ཏུ་བསམ་བརྗོད་ལས་འདས་པར་བྱུང་བ་དང་མཚུངས་སྒྲུབ་པའི་དགའ་ཚལ་འདིའི་རྟེན་གསུམ་མཆོད་ཆ་སོགས་ཡོད་རྒུ་ཇི་སྙེད་དབང་གཞུའི་རི་མོ་ཡལ་བ་བཞིན་གྱུར་པ་ནི། ལས་འབྲས་ཀྱི་བླང་དོར་གོ་ལྡོག་ཏུ་སྤྱོད་ཐལ་དྲགས་པའི་དབང་གིས། ལས་འབྲས་ཀྱི་རྣམ་པར་སྨིན་པ་ནི། ས་ལ་མི་སྨིན། རྡོ་ལ་མི་སྨིན། ཆུ་ལ་མི་སྨིན། ཟིན་པའི་ཕུང་བོ་འབའ་ཞིག་ལ་སྨིན་ཞེས་གཉིས་མེད་གསུང་བའི་བཀའ་ལས་འབྱུང་བ་ལྟར་དང་། ལེ་ལན་ཐམས་ཅད་གཅིག་ལ་གདའ་ཞེས་པ་ལྟར། ལེ་ལན་གཞན་ལ་འགེལ་ས་མེད་པར་རང་གིས་ལས་ངན་བསགས་པའི་འབྲས་བུ་རང་གིས་མྱོང་བ་སྟེ། གཙོ་བོ་སྤྱི་མཐུན་གྱི་ལས་ཀྱི་དབང་དང་རང་རང་གི་འཕྲལ་གྱི་རྐྱེན་སྣ་ཚོགས་བསྒྲུབས་པ་ལས་བྱུང་བ་ཁོ་ནར་བསམ་མོད། རང་ཉིད་ཀྱིས་འབད་པ་དུ་མས་བསྒྲུབས་པའི་བསགས་ཤིང་བསྲུངས་པར་བྱས་པའི་ལོངས་སྤྱོད་ཀྱང་སུས་སྤྱོད་ཀྱི་གདེང་མི་རྙེད་པ། འགྲོ་བ་སེམས་ཅན་དག་གི་ཚེ་ནི་ཟག་བཅས་སུ་སྡུག་བསྔལ་ཞིང་། ལོངས་སྤྱོད་ཕུན་ཚོགས་མཐའ་དག་འདུས་བྱས་མི་རྟག་པའི་རྣམ་འགྱུར་རྒྱལ་གསུང་ཚད་མར་གྱུར་པས་གཏན་ལ་ཕབ་པ་མྱོང་ཐོག་ཏུ་བབ་པ་ན། གང་ལ་བལྟས་ཤིང་ཇི་ལྟར་བསམ་ན་ཡང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལས་སྐྱབས་རེ་ས་ཅི་ཡང་མེད་པ་དེ་ལྟའོ། །རྒྱལ་གསུང་རྒུད་པ་རྣམ་བཞིའི་ལམ་པོ་ཆེར། །སྣོད་བཅུད་སྡུག་བདེན་འཁོར་བའི་དངོས་པོ་ཀུན། །ཀུན་འབྱུང་ལས་ཉོན་སྒྱུ་མའི་ཁ་ལོ་བས། །དབང་མེད་འཇུག་པའི་ལས་འབྲས་སུ་ཡིས་བཤིག །ཅེས་ཀྱང་སྨྲའོ། །
མཆན། ༡.གནས་ཡིག་འདི་ནི་རོང་བོ་བློ་བཟང་སྙན་གྲགས་ཀྱིས་བརྩམས་པའི་མདོ་སྨད་གནས་ཆེན་རྨ་འགྲམ་རྡོ་རྗེ་བྲག་གི་ལོ་རྒྱུས་བཞུགས་སོ་ཞེས་པའི་དེབ་ཆུང་ལས་ཞལ་བཤུས་པའོ། །
༢.གནས་འདི་བཞུགས་པའི་ཡུལ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་མཁར་གྱི་བྱང་ཕྱོགས་རྨ་ཆུའི་འགྲམ་ཡིན།