༄༅། །མདོ་ཁམས་གནས་ཆེན་ཉེར་ལྔ་ལས་ཐུགས་ཀྱི་ཡོན་ཏན་གནས་མཁའ་འགྲོ་འབུམ་རྫོང་གི་གནས་ཡིག་བཞུགས་སོ། །
ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མཛད་པའི་མདོ་བྱང་།
༄༅། །ཐུགས་ཀྱི་ཡོན་ཏན་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་ལྷོ་ཟླ་ཞེས་བྱ་རུ༔ འབུམ་ཞེས་བྱ་བ་བྲག་རི་སྣང་མཐའ་འདྲ༔ རི་ཡི་དབུས་སུ་རང་བྱུང་མཆོད་རྟེན་བཞུགས༔ པད་འབྱུང་ལོ་གསུམ་སྒྲུབ་གནས་དབང་ཕུག་དང༔ གྲུབ་རྟགས་མཚན་མ་སྐུ་གསུང་ཐུགས་རྟེན་བཞུགས༔ ཨོ་རྒྱན་སྒྲུབ་ཆུ་གཡུ་མཚོ་སྔོན་མོ་དང༔ མཚོ་ཡི་དབུས་སུ་རྡོ་ཡི་སྒྲོམ་ཆེན་ཡོད༔ གཡས་ཀྱི་བྲག་རི་ཨན་ཆུང་ནམ་མཁའ་རྫོང༔ རྒྱབ་ཀྱི་བྲག་རི་ཀླུ་བཙན་མི་ཟན་དང༔ གཡོན་རི་རྫོང་འཕྲང་མདུན་རི་ཧ་རི་ཞེས༔ ཀུན་ལ་ཨོ་རྒྱན་ང་ཡི་སྒྲུབ་ཕུག་རེ༔ དེ་རུ་མན་ངག་ཕྲན་གཏེར་ཉི་ཤུ་དང༔ ཤིན་ཏུ་གཅེས་པ་ཟབ་པའི་གཏེར་ཆེན་གསུམ༔ ཞེས་གསུངས་སོ། །
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་མདོ་བྱང་།
༄༅། །ཐུགས་ཀྱི་ཡོན་ཏན་གནས་ཞེས་བྱ་བ་ནི་ནང་ཆེན་སྨད་མཁའ་འགྲོ་འབུམ་རྫོང་། དྲུང་རྨ་སེ་བློ་གྲོས་རིན་ཆེན་གྱིས་གནས་སྒོ་ཐོག་མར་ཕྱེས། གནམ་ཆོས་དང་ཆགས་མེད་ཞབས་ཀྱིས་གནས་ཡིག་མཛད། གཏེར་ཆེན་ཉིད་ནས་འཁོར་བ་དོང་སྤྲུགས་པདྨ་གར་དབང་སོགས་གཏེར་ཁ་མང་པོ་དང་གནས་ཡིག་ཀྱང་བཞེས། དེའི་གཡས་རི་ཨན་ཆུང་ནམ་མཁའ་རྫོང་ནི་ད་ལྟ་སྤོ་རུ་ཟེར་བ་དེ་ཡིན་པར་གསུངས་སོ། །
གཏེར་སྟོན་མཆོག་འགྱུར་གླིང་པས་གནས་དངོས་ནས་བཞེས་པའི་གནས་ཡིག
༄༅། །བོད་ཡུལ་གནས་ཆེན་ཉེར་ལྔའི་ཐུགས་ཀྱི་ཡོན་ཏན་གྱི་གནས་མཆོག་འབུམ་རྫོང་གི་དཀར་ཆག་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ༔ ཐུགས་ཀྱི་ཡོན་ཏན་རྩ་གསུམ་ཐམས་ཅད་ལ༔ གུས་པས་ཕྱག་འཚལ་དེ་དག་བཞུགས་པའི་གནས༔ འབུམ་རྫོང་གནས་ནི་མདོ་ཁམས་ཟླ་རྒྱུད་དུ༔ གཡང་གི་ཆུ་བོ་གཡོན་དུ་འབབ་པའི་གཡོན༔ མདོ་ཁམས་ཡུལ་དབུས་ཟལ་མོ་ཐོག་པའི་གནད༔ ཆུ་གསུམ་རྐང་གསུམ་འདུས་པ་ས་ཡི་གནད༔ ས་ཡི་དབྱིབས་རྣམས་རྒྱ་གར་ཡུལ་ལྟ་བུ༔ ལུང་ཕྲན་ཞིག་ལ་མདོ་ཁམས་མིང་དུ་གྲགས༔ དེ་ཡི་ཆུ་བོའི་སྐེད་དུ་གནས་དེ་ཆགས༔ བྲག་རི་རིན་ཆེན་འདྲ་བའི་གཡས་ལོགས་སུ༔ སྣང་བ་མཐའ་ཡས་སྐུ་ཡང་རང་བྱུང་བཞུགས༔ བྲག་རི་ཟང་ཐལ་རིན་ཆེན་གཞལ་ཡས་ཁང༔ ནང་དུ་བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་བཞུགས༔ གནས་ཀྱི་མདུན་ནང་གཡུ་མཚོ་སྔོན་མོ་ལ༔ མི་འགྱུར་རྡོ་ཡི་སྒྲོམ་ཆེན་དབུས་སུ་ཡོད༔ ལྷོ་ནུབ་སིནྡྷུའི་རྒྱ་མཚོ་ཆེན་པོ་དང༔ རང་བྱུང་བདུད་རྩིའི་མཚོ་ཡི་ཆ་ཤས་ཏེ༔ དབྱར་མི་རུལ་ལ་དགུན་མི་འཁྱགས་པའི་ཆུ༔ ཚད་པའི་ནད་བརྒྱ་འཇོམས་པའི་བདུད་རྩི་སྨན༔ དགུན་ཡང་མེ་ཏོག་འཁྲུངས་པའི་ངོ་མཚར་ཅན༔ བསྐོར་བ་གཅིག་གིས་དགེ་བ་འབུམ་དུ་འགྱུར༔ དེ་ཡི་གཡས་ནས་བརྩམས་ཏེ་བྲག་རི་རྣམས༔ ང་དང་གྲུབ་ཆེན་རྣམས་ཀྱི་གྲུབ་རྟགས་དང༔ སྐུ་གསུང་ཐུགས་ཀྱི་རང་བྱོན་མང་དུ་བཞུགས༔ སྤྱན་རས་གཟིགས་དང་འཇམ་དབྱངས་ཕྱག་རྡོར་དང༔ སྒྲོལ་མ་དཀར་སེར་དམར་སེར་མཐིང་ག་དང༔ སྟོན་པ་སངས་རྒྱས་སྣང་མཐའ་ཚེ་དཔག་མེད༔ མཁའ་འགྲོ་རིགས་ལྔ་མ་མགོན་ལྕམ་དྲལ་དང༔ ཁ་ས་རྤ་ཎི་འཁོར་བ་དོང་སྤྲུགས་སྐུ༔ བཅུ་གཅིག་ཞལ་དང་ཡིད་བཞིན་འཁོར་ལོ་དང༔ ཀུན་བཟང་རིགས་ལྔ་སེམས་དཔའ་སེམས་མ་དང༔ ཐུབ་པ་དྲུག་དང་སྒོ་བ་ཁྲོ་ཆེན་བཞི༔ རཏྣ་ཧེ་རུ་ཀ་དང་ཁྲོ་བོའི་ཚོགས༔ ཡིག་འབྲུ་ཨོཾ་ཨཱཿཧཱུྃ་དང་ཧྲཱིཿམང་པོ༔ འདི་ནི་ཐུགས་ཀྱི་ཡོན་ཏན་གནས་ཡིན་པས༔ ཐུགས་ཀྱི་རིགས་ཆེན་རིགས་ཆུང་མང་པོ་བཞུགས༔ ཡི་གེ་རྣམས་ཀྱང་ཧཱུྃ་དང་ཏྲཱྃ་ཡིག་འདྲ༔ མདུན་གྱི་རི་ལ་མཆོད་རྟེན་བརྒྱ་ཕྲག་དང༔ དབུས་ཀྱི་རི་ལ་ཆོས་སྐུའི་མཆོད་རྟེན་བཞུགས༔ ཨོ་རྒྱན་བདག་དང་གྲུབ་ཆེན་རྗེ་འབངས་ནི༔ གྲུབ་རྟགས་མཚན་མ་བྱུང་བའི་རྗེས་རྣམས་ནི༔ འབྱེད་པའི་སྐྱེས་བུ་མཁའ་འགྲོའི་ལུང་བསྟན་འབྱུང༔ སྔོན་གྱི་བག་ཆགས་སད་ནས་དྲན་པ་དང༔ དམ་གྲིབ་མཁའ་འགྲོའི་ཁྲུས་ཀྱིས་དག་པ་ན༔ ང་ཡི་རྗེས་ཞུགས་གྲུབ་རྟགས་ཐོན་པར་འགྱུར༔ དེ་ལ་དཔའ་བོ་མཁའ་འགྲོ་དངོས་བཞུགས་པའི༔ གཞན་ཡང་རང་བྱུང་རྟེན་མཆོག་བསམ་མི་ཁྱབ༔ བདེ་བ་ཅན་དང་དགའ་ལྡན་ལྷ་ཡི་ཡུལ༔ པོ་ཏ་ལ་དང་ཟངས་མདོག་དཔལ་གྱི་རི༔ གངས་རྒྱལ་ཏི་སེ་ཙཱ་རི་ཟམ་བུ་ལུང༔ ལ་ཕྱི་ཚ་བ་རོང་གི་ཁ་བ་དཀར༔ ལྷ་ས་བསམ་ཡས་གཡུ་རུ་ཁྲ་འབྲུག་སོགས༔ རྩ་གསུམ་ལྷ་ཚོགས་དངོས་སུ་བཞུགས་པ་ཡི༔ ཞིང་ཁམས་རྣམས་ཀྱི་བཀོད་པ་རང་བྱུང་བས༔ དེ་རྣམས་ཀུན་གྱི་བྱིན་རླབས་འདི་རུ་འདུས༔ ཁྱད་པར་མཁའ་ལ་སྤྱོད་པའི་མཁའ་འགྲོ་རྣམས༔ འབུམ་ཕྲག་འབུམ་ཕྲག་སྟག་གི་ལོ་ལ་འདུ༔ དེ་དུས་མཐུ་མྱུར་བཀའ་གཉན་བྱིན་རླབས་ཆེ༔ གནས་འདིར་ཕྱིན་ཚད་ངན་སོང་ལས་ཐར་ཞིང༔ མཆོད་པ་བྱས་ཚད་བསོད་ནམས་རྣམ་པར་འཕེལ༔ ཚེ་སྒྲུབ་ཚེ་འཕེལ་ནོར་སྒྲུབ་ལོངས་སྤྱོད་འཕེལ༔ ཚོགས་འཁོར་བྱས་ཚད་ཚོགས་གཉིས་ཡོངས་སུ་རྫོགས༔ སྒྲུབ་གནས་གཞན་དུ་ལོ་གཅིག་སྒྲུབ་པ་བས༔ གནས་མཆོག་འདི་རུ་ཉིན་གཅིག་སྒྲུབ་མཆོད་འཕགས༔ བསྐོར་བ་བཅུ་ཡི་དགེ་བ་འབུམ་བརྒྱར་འགྱུར༔ བསྐོར་བ་བརྒྱ་ཡིས་མཚམས་མེད་ལྔ་བྱང་ཞིང༔ གཞན་ཡང་གནས་འདི་འབྲེལ་གྲོལ་ཆེན་པོའོ༔ མ་འོངས་དུས་སུ་གནས་མཆོག་དེ་ཉིད་དུ༔ ནགས་ཚལ་རྒྱས་ཤིང་རོང་དུ་གྱུར་པ་ན༔ ཙཱ་རིའི་གནས་འགགས་སུ་ཡང་མི་ཕྱིན་ཚེ༔ ཙཱ་རིའི་གནས་མཆོག་དེ་རུ་འཕོས་པ་སྟེ༔ བྱིན་རླབས་ཐུགས་རྗེའི་མཐུ་དང་ལྡན་པ་ཡིན༔ སྐལ་བ་ལྡན་པ་རྣམས་ཀྱི་ཐུགས་ལ་ཕུར༔ སྐལ་མེད་ལོག་ལྟ་ཅན་གྱི་སྤྱོད་ཡུལ་མིན༔ མ་འོངས་དུས་སུ་གནས་སྒོ་འབྱེད་པའི་ཚེ༔ ཕྱི་ནང་གསང་བའི་ཚོགས་ཀྱི་འཁོར་ལོ་བསྐོར༔ བསང་དང་གསེར་སྐྱེམས་དམ་བདར་ལ་སོགས་བྱ༔ སྟག་ལོ་ཞྭ་དཀར་ཐོད་གྱོན་དར་དཀར་ཕྱར༔ སྤྱན་རས་གཟིགས་དང་པདྨ་བདག་ཉིད་ཀྱི༔ སྙིང་པོ་དབྱངས་སུ་ལེན་ཅིང་བསྟོད་པར་བྱ༔ སྐལ་ལྡན་ཟུར་བཟའ་མེ་ཏོག་སྒྲོན་ཁྱོད་ཀྱིས༔ ཤོག་བུ་མི་འཇིག་རྫས་དང་རྩི་ཡི་བྱུག༔ དཀར་ཆག་ཁྲོམ་གྱི་ཡི་གེ་དག་ཏུ་བྲིས༔ མ་འོངས་ཁྱོད་དང་ལྷ་སྲས་ཉིད་ཀྱིས་ནི༔ སྤྱོད་པའི་སྨོན་ལམ་ཐོབ་ལ་དབང་ཕུག་གི༔ སྦུག་ཏུ་རྡོ་ཆོལ་ཟླ་གམ་འོག་ཏུ་སྦོས༔ ཞེས་གསུངས་བཞིན་ཟུར་མཁར་བཟའ་བདག་གིས་མཆིམ་སྐྱ་བོའི་ཕོ་བྲང་དུ་ཡི་གེར་བྲིས་ཏེ་རྗེ་ཇོ་མོ་མཚོ་རྒྱལ་རིན་པོ་ཆེ་དང་ཨ་ཇོ་ལྷ་སྲས་ཁོ་མོ་དང་གསུམ་གྱིས་སྨོན་ལམ་དུ་མ་དང་བཅས་ཏེ་གཏེར་དུ་སྦས་པའོ༔ ས་མ་ཡ་རྒྱ་རྒྱ༔ ཞེས་ལྷ་སྲས་མུ་རུབ་བཙན་པོའི་རྣམ་འཕྲུལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས། གནས་ཆེན་མཁའ་འགྲོ་འབུམ་རྫོང་གི་གུ་རུའི་སྒྲུབ་ཕུག་པདྨ་དབང་གི་དཀྱིལ་འཁོར་ནས་ཁྲོམ་གཏེར་དུ་སྤྱན་དྲངས་པའི་ཤོག་སེར་ལས། གནས་དེ་ཉིད་དུ་ལེགས་པར་ཕབ་པའི་ཡི་གེ་པ་ནི་སྔགས་བཙུན་པྲཛྙཱ་དྷྭ་ཛའོ། །
མཆན། གཏེར་ཆེན་མཆོག་འགྱུར་གླིང་པའི་བཀའ་འབུམ་ལ་པོད་ནས་ཞལ་བཤུས་པའོ། །
གཏེར་སྟོན་མཆོག་འགྱུར་གླིང་པས་མཛད་པའི་གནས་ཡིག
༄༅། །གནས་མཆོག་འབུམ་རྫོང་གི་གནས་ཡིག་དགོངས་པ་ཟུང་འབྲེལ་བཅས་བཞུགས་སོ། །གནས་འདིར་འབྲེལ་ཚད་སྐལ་བ་བཟང་པོར་འགྱུར། །བསླུ་བ་མེད་པ་རྒྱལ་བའི་བཀའ་ཡིན་ནོ། །
༄༅། །ཨོཾ་སྭ་སྟི། མཆོག་དམན་ཀུན་གྱི་དགོངས་བཞུགས་ལ། གནས་མཆོག་འབུམ་རྫོང་འདིར། ཕུན་སུམ་ཚོགས་པ་ལྔ་ཡི་གཞི་བཟུང་སྟེ། འཆི་མེད་སྨན་གྱི་སྒྲུབ་པ་བགྱིས་པའི་སྐབས་འདིར། རྟེན་དང་བརྟེན་པར་བཅས་པ་འདི་དག་འོག་མིན་པདྨ་དྲ་བའི་ཞིང་ཁམས་དང་ཆེས་མཚུངས་ཤིང་། གནས་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་བརྗོད་ཀྱིས་མི་ལངས་ཞིང་། སྨན་སྒྲུབ་ཁོ་ནའི་ནུས་པས་ཀྱང་། སློབ་དཔོན་ཆེན་པོས། འདི་ཉིད་སྒྲུབ་པའི་གནས་འདི་ཡང༔ དུར་ཁྲོད་བསིལ་བ་ཚལ་དང་མཚུངས༔ དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ༔ ས་ཕྱོགས་བྱིན་དང་ལྡན་པར་འགྱུར༔ ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས༔ གང་བསྒྲུབ་པ་ཡི་གནས་འདི་རུ༔ སུ་བསྡད་མི་རྣམས་ཏིང་འཛིན་འཆར༔ ནམ་ཞིག་ཚེ་ཡི་དུས་བྱས་ཚེ༔ ཕོ་མོ་བཟང་ངན་མེད་པ་རུ༔ རིག་པ་འཛིན་པའི་ས་ལ་གནས༔ ཞེས་གསུངས་པ་ལྟར། དོན་དུ་དཔལ་ཧེ་རུ་ཀ་ཡི་གནས་སམ། འཐུང་སྤྱོད་ཙཱ་རི་ཏྲ་དང་མཚུངས་པས། ཀུན་ནས་ཉིན་མཚན་མེད་པར། དད་བརྩོན་ཆེན་པོའི་ཕྱག་དང་བསྐོར་བ་མཆོད་འབུལ་སོགས་བགྱིས་པས། གནས་སྐབས་དང་མཐར་ཐུག་ཀུན་ཏུ་ཡོངས་སུ་དགེ་ཞིང་ཤིས་པས་ཀུན་ནས་ངེས་པར་གྱིས། ཞེས་རི་བོ་ཆེ་ཡི་མཆོག་སྤྲུལ་རྣམ་གཉིས་ཀྱི་བཀའ་ལྟར་མཆོག་གྱུར་གླིང་པས་ཨེ་ཝཾ་ཆོས་སྒར་ནས་བྲིས།
༈ ན་མོ་གུ་རུ། དེང་སྟག་གི་ལོ་འདིར་མཁའ་འགྲོ་འབུམ་རྫོང་འདིར། གནས་ཉི་ཤུ་རྩ་བཞི། ཡུལ་སུམ་ཅུ་སོ་གཉིས་སུ་བཞུགས་པའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་བཞུགས་པས། མཚམས་སྒྲུབ་ཕྱག་བསྐོར་རྣམས་འགྱུར་ཤིན་ཏུ་ཆེ་སྟེ། དཀྱིལ་འཁོར་འབུམ་ཕྲག་བཞུགས་པ་ཡི། །གནས་སྲུང་མཁའ་འགྲོ་འབུམ་ཕྲག་འདུ། །དགེ་བ་གང་བྱས་འབུམ་དུ་འགྱུར། །སྟག་ལོ་སྟག་གི་ཟླ་བ་ལ། །གནས་མཆོག་འབུམ་གྱི་འདུ་བ་འདུས། །དགེ་བ་འབུམ་ཕྲག་འབུམ་དུ་འགྱུར། །འབུམ་འགྱུར་ཟླ་བའི་དེ་ཉིད་ལ། །དུང་ཕྱུར་འབུམ་ཕྲག་འབུམ་དུ་འགྱུར། །འདི་ལས་དགེ་བ་སྟོབས་ཆེ་བ། །གཞན་དུ་རྙེད་པར་མི་འགྱུར་རོ། །གལ་ཏེ་ཐེ་ཚོམ་ཡོད་གྱུར་ན། །སངས་རྒྱས་རིང་བསྲེལ་རེ་ཡོད་པའི། །ཅོང་ཞིའི་མཆོད་རྟེན་འབུམ་ཕྲག་བཞུགས། །ཡོད་མེད་སྒྲུབ་ཕུག་རྣམས་ནས་གསལ། །མཆོད་རྟེན་བསྐོར་བའི་ཕན་ཡོན་ནི། །རྒྱལ་པོ་གསལ་རྒྱལ་ཞུས་མདོར་ལྟོས། །སྔོན་ཚེ་གུ་རུ་པདྨ་ཡི། །སངས་རྒྱས་རིང་བསྲེལ་གཅིག་ལ་ནི། །གསོལ་བ་བཏབ་མཛད་འབུམ་ཕྲག་འཕེལ། །རི་བྲག་ལ་བཞུགས་བྱིན་རླབས་ཀྱིས། །མཆོད་རྟེན་རིང་བསྲེལ་ངོ་མཚར་རྣམས། །རིམ་པར་འབྱོན་པའི་གཏན་ཚིགས་ཡིན། །ང་ལ་བདེན་པར་འཛིན་རྣམས་ཀྱིས། །ལེགས་པར་སྤྲོ་བ་བསྐྱེད་བཞིན་པས། །གནས་མཆོག་བསྐོར་བ་བརྩོན་པར་གྱིས། །
༈ གནས་ནང་ནས་ཅོང་ཞི་ས་ལ་ལྷུང་བ་བྱིན་རྟེན་ཞུ་བ་མ་གཏོགས་རྡོས་བཀོག་པ་སོགས་མི་ཉན། མཆོད་རྟེན་རང་བྱོན་སོགས་བཤིགས་པའི་ཉེས་པ་འབྱུང་ཉེན་ཆེ། དེང་སང་གནས་རི་ལ་ཕན་ཡོན་ཡོད་མེད་ཀྱི་ཐེ་ཚོམ་ཡོད་པ་འགའ་སྲིད་མོད། དེ་ལྟར་བྱེད་མི་རིག་སྟེ་ས་རྡོ་རྣམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པར་མཛད་ནས་མཆོད་རྟེན་དང་སཱཙྪ་ཞེས་མཚན་དུ་གསོལ་བ་ཕྱག་དང་མཆོད་པའི་གནས་སུ་གྱུར་པ་དེ་བཞིན་གུ་རུ་པདྨ་འབྱུང་གནས་སོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲུབ་པ་ཐོབ་པའི་ཚུལ་དུ་བྱོན་པ་རྣམས་ཀྱིས་ས་རྡོ་རི་བྲག་རྣམས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ་དེའི་རྟགས་སུ་ཡིག་འབྲུ་སྐུ་གཟུགས་ཕྱག་མཚན་མངོན་སུམ་མཐོང་རྒྱུ་ཡོད་པ་དེ་བཞིན་ལ་ཡིད་ཆེས་བསྐྱེད་དགོས་ཏེ། དེ་ལྟར་ཐུན་མོང་ལུང་རིགས་ཀྱིས་གྲུབ་པ་ཡིན་གྱིས། དེ་ལས་ཀྱང་ཁྱད་པར་འཕགས་པའི་བསྒྲུབ་གཞི་དུ་མ་ཡོད་ཀྱང་རེ་ཞིག་དེ་ཙམ་གྱིས་ཆོག །བུམ་པ་དང་བང་རིམ་ཡོད་པ་ཞིག་ལ་མཆོད་རྟེན་དངོས་དང་། དེ་ལྟར་མེད་པ་ལ་མཆོད་རྟེན་མ་ཡིན་པ་མིན་ཏེ། འཇང་ཏཱ་ལར་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་དབྱིབས་ཐིག་ཤིང་བསླང་བ་ལྟ་བུར་ཡོད། བཟོ་དབྱིབས་བཀོད་པ་ངོ་མཚར་བ་མཐོང་རྒྱུ་ཡོད་པའི་རྒྱུ་མཚན་མེད་དེ། ཉན་ཐོས་རྣམས་ཀྱིས་ས་ཕུང་ཞིག་ཏུ་མཐོང་བ་དང་། སངས་རྒྱས་ཀྱིས་ཤེལ་གྱི་མཆོད་རྟེན་དཔག་ཚད་དུ་མར་ཡོད་པ་གཟིགས་པ་གསང་བ་རིང་བསྲེལ་གྱི་ལོ་རྒྱུས་སུ་གསལ་བ་བཞིན་ནོ། །སྐུ་གསུང་ཐུགས་རྟེན་གནས་རི་རྣམས་ལ་མེད་པ་མ་ཡིན་མ་མཐོང་བ་ཡིན། གནས་སོ་སོར་ལོ་དུས་མི་འདྲ་བར་གནས་སྒོ་བྱེ་བ་དང་། གནས་འདུས་འབྱུང་བ་འདི་ཡང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྔོན་གྱི་སྐྱེས་ཆེན་རྣམས་ཀྱིས་སོ་སོའི་སྨོན་ལམ་གྱི་སྟོབས་ཡིན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་སྟོབས་མི་འདྲ་བའི་ཁྱད་ཆོས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུང་རབ་རྣམས་སུ་འབྱུང་བས་སོ། །གཞན་དུ་ལོ་གཅིག་བསྒྲུབ་པ་ལས། འདིར་ཞག་གཅིག་བསྒྲུབ་པ་འགྲུབ་སླ། གནས་ཉེར་བཞིར་རིག་སྔགས་ལོ་སྒྲུབ་དགོས་པ་རྣམས་ཐེངས་གཅིག་འགྲུབ་པར་ཡོད། གཞན་ཡང་ཚོགས་མཆོད་མར་མེ་ཡོན་ཆབ་ཕྱག་དང་བསྐོར་བ་རྣམས་ཡིད་ཆེས་པའི་སྒོ་ནས་བྱའོ། །རི་དྭགས་གསོད་པ་སོགས་སྡིག་པའི་ལས་བགྱིས་ན་ཉེས་པ་ལྷག་པར་ཆེ་བས་བག་ཡོད་པར་གྱིས། སྡོམ་པ་དང་དམ་ཚིག་ཆག་ཉམས་རྣམས་འདིར་བཤགས་སླ། དངོས་གྲུབ་གང་འདོད་ཐེ་ཚོམ་མེད་པར་གསོལ་བ་བཏབ་ན་འགྲུབ་བོ། །
ཞེས་པ་མཆོག་གྱུར་བདེ་ཆེན་གླིང་པ་རང་ལོ་སོ་བརྒྱད་པ་མེ་སྟག་འབུམ་འགྱུར་ཟླ་ཚེས་ལ་བསྐོར་བ་དང་ཚོགས་མཆོད་བགྱིས་པའི་སྐབས་སུ་ཡིད་ཆེས་ཐོབ་པའི་གཏན་ཚིགས་མཐོང་ནས་ཚ་གྲོ་ཁ་རྣམས་སུ་བྲིས་ཤིང་ཚེ་ཆུ་ཁར་ལེགས་པར་གྲུབ་པའི་དགེ་བས་མཐའ་ཡས་འགྲོ་བ་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག
མཆན། གནས་ཡིག་འདི་གཏེར་ཆེན་མཆོག་འགྱུར་གླིང་པའི་བཀའ་འབུམ་ཇི་པོད་ནས་ཞལ་བཤུས་པའོ། །
ཆགས་མེད་རཱ་ག་ཨ་སྱས་མཛད་པའི་གནས་བསྟོད་སྙན་གྲགས་ལྷ་ཡི་རྔ་ཆེན་ཞེས་བྱ་བ་བཞུགས་སོ།།
༄༅། །ན་མོ་གུ་རུ་དེ་ཝ་ཌཱཀི་ནཱི་ཡེ། འབུམ་རྫོང་ཆོས་ཀྱི་ཕོ་བྲང་གི་གནས་ཀྱི་ལོ་རྒྱུས་ལ་ས་བཅད་གསུམ་ལས། དང་པོ་གནས་ཀྱི་འབྱུང་ཁུངས། བར་དུ་གནས་བྱིན་གྱིས་བརླབས་ཚུལ། ཐ་མ་གནས་སྒོ་ཕྱེ་ལུགས་དང་ཕན་ཡོན་བཤད་པའོ། །བསྐལ་པ་འདི་ཆགས་ནས་སྲིད་པའི་མེས་པོ་ལྷ་དབང་ཕྱུག་ཆེན་པོ་ཡབ་ཡུམ་གྱིས། དྲག་པོ་འཇིགས་བྱེད་ཉི་ཤུ་རྩ་བཞིར་སྤྲུལ་ནས། ཡུལ་ཉི་ཤུ་རྩ་བཞི་གནས་ཆེན་པོ་སུམ་ཅུ་རྩ་གཉིས་དང་། དེ་ལས་འཕྲོས་པའི་གནས་ཕྲན་ཐམས་ཅད་བདག་ཏུ་བཟུང་། དེ་ལ་འཁོར་ལྷ་མ་སྲིན་དཔག་ཏུ་མེད་པས་བསྐོར་ནས་སེམས་ཅན་ལ་གནོད་འཚེ་བྱེད་དོ། །དེའི་ཚེ་དབང་ཕྱུག་ཡབ་ཡུམ་གྱིས་བདག་ཏུ་བཟུང་བའི་ཕྱིར། འདིར་དབང་ཕྱུག་ཡབ་ཡུམ་གྱི་གསང་གནས་ཁ་སྤྲོད་བྱང་སེམས་བབས་པའི་ཤུལ་ཡང་ཡོད། དེ་ཡི་དུས་ན་འོག་མིན་སྡུག་པོ་བཀོད་པའི་ཞིང་ཁམས་ནས། སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཏུ་སྤྲུལ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་ཕག་མོར་སྤྲུལ། བྱང་ཆུབ་སེམས་དཔའ་ཉི་ཤུ་རྩ་བཞི་དཔའ་བོ་ཉི་ཤུ་རྩ་བཞིར་སྤྲུལ། བྱང་ཆུབ་སེམས་མ་ཉི་ཤུ་རྩ་བཞི་དཔའ་མོ་ཉི་ཤུ་རྩ་བཞིར་སྤྲུལ་ནས། འཛམ་བུ་གླིང་འདིར་བྱོན་ཏེ། དབང་ཕྱུག་གི་སྤྲུལ་པ་ཇི་ཙམ་ཡོད་པའི་གྲངས་དང་མཉམ་པའི་བདེ་མཆོག་ཡབ་ཡུམ་དུ་སྤྲུལ་ནས། དབང་ཕྱུག་ཡབ་ཡུམ་ཞབས་འོག་ཏུ་མནན་ནས་དམ་ལ་བཏགས། དབང་ཕྱུག་ཡབ་ཡུམ་གྱིས་གནས་ཐམས་ཅད་བདེ་མཆོག་ཡབ་ཡུམ་ལ་ཕུལ་ནས་བདེ་མཆོག་ཡབ་ཡུམ་གྱིས་གནས་སུ་བྱིན་གྱིས་བརླབས་པས། གནས་འདིར་ཡང་བདེ་མཆོག་ཡབ་ཡུམ་གྱི་སྐུ་རང་བྱོན་ཡོད་དོ། །དེ་ནས་སངས་རྒྱས་འོད་སྲུང་གི་བསྟན་པ་ནུབ་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་མ་བྱུང་གི་བར་དུ་དེར་བདུད་ཕོ་མ་ཏྲཾ་རུ་ཏྲས་འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་དབང་དུ་བསྡུས་ཏེ། བདུད་དམག་བྱེ་བ་འཁོར་དང་བཅས་ནས་ལྷ་མི་ལ་སོགས་པའི་སྲོག་ཆགས་ཐམས་ཅད་ལ་གནོད་པ་བྱེད་དོ། །དེའི་ཚེ་དཔལ་རྟ་མགྲིན་ཡབ་ཡུམ་གྱིས་བདུད་རུ་ཏྲ་ཐར་པ་ནག་པོ་དམ་ལ་བཏགས། དེའི་ཚེ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱིས་གནས་ཉི་ཤུ་རྩ་བརྒྱད་ཕུལ། ལྷ་ཨ་འཁྲོ་རྒྱལ་པོའི་གནས་འདི་རྟ་མགྲིན་ཡབ་ཡུམ་ལ་ཕུལ། དེར་གནས་བདུད་སྲིན་མོ་སྐྲ་ཡི་རལ་པ་ཅན་ཞེས་བྱ་བ་འདིར་གནས་པ་ལ། སྲིན་མོ་དེ་བསྒྲལ་ནས་གནས་འདི་རྟ་མགྲིན་ཡབ་ཡུམ་གྱི་གནས་སུ་བྱིན་གྱིས་བརླབས་པས། ཕུག་པ་ཟླ་གམ་དམར་པོ་རྟ་མགྲིན་དབང་གི་གནས་དང་། རྟ་མགྲིན་ཡབ་ཡུམ་གྱི་བྱང་སེམས་དང་། སྲིན་མོ་བསྒྲལ་བའི་ཐོད་པ་རྣམས་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདའ་ཁར་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་བྱོན་ནས་ད་དུང་ཁ་བ་ཅན་ཞབས་ཀྱིས་མ་བཅགས་པས་མྱ་ངན་ལས་མི་འདའ་བར་བོད་ཀྱི་དོན་མཛད་པར་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ནི་གདུལ་བྱ་རྫོགས་པས། མྱ་ངན་ལས་འདའོ། །བོད་ཁ་བ་ཅན་འདི་བྱང་ཆུབ་སེམས་དཔའ་ཁྱོད་ཀྱི་གདུལ་བྱ་ཡིན་པས་ཐུལ་ཅིག་གསུངས་ནས། བཅོམ་ལྡན་འདས་ཀྱི་ཞལ་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཇའ་ཚོན་ལྟ་བུར་འཕྲོས་ཏེ་བོད་ཡུལ་དུ་སོང་ནས་འོད་དེ་གར་ཐིམ་པ་རྣམས་སུ་རང་བྱོན་དང་གནས་རྣམས་བྱུང་སྟེ། གནས་འདིར་ཡང་སངས་རྒྱས་ཀྱིས་འོད་ཟེར་ཕོག་པས་སངས་རྒྱས་རྡོ་རྗེ་སེམས་དཔའི་སྐུ་རང་བྱོན་དང་། མཁའ་འགྲོའི་འཇའ་ལམ། དབྱངས་གསལ་གྱི་ཡི་གེ་རྣམས་ཡོད་དོ། །དེ་ནས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷོ་ཕྱོགས་རི་བོ་གྲུ་འཛིན་གྱི་རྩེ་ནས་བོད་ཁ་བ་ཅན་ལ་གཟིགས་ཏེ། སྐུ་ལས་འོད་ཟེར་སྣ་ཚོགས་འཕྲོས་ནས་བོད་ཁ་བ་ཅན་གྱི་གནས་རྣམས་བྱིན་གྱིས་བརླབས་ནས། དེ་དུས་འོད་ཟེར་གང་དུ་ཐིམ་པ་རྣམས་རང་བྱོན་བྱུང་བས། གནས་འདིར་ཡང་དགྱེས་རྡོར་གྱི་སྐུ། ཕག་མོའི་ཞལ་གཟུགས་དང་གསང་བ་ལ་སོགས་པ་རང་བྱོན་མང་པོ་དང་། ཐུགས་རྗེ་ཆེན་པོའི་གསུང་སྤྲུལ་དམ་པ་རྒྱ་གར་གྱི་སྐུ་དང་། སྒྲོལ་མའི་སྤྲུལ་པ་མ་ཅིག་ལབ་སྒྲོན་གྱི་སྐུ་རང་བྱོན་ཡོད་དོ། །
སྤྱིར་དབང་ཕྱུག་ཡབ་ཡུམ་གྱི་གནས་བདེ་མཆོག་ཡབ་ཡུམ་གྱི་གནས་སུ་བྱིན་གྱིས་བརླབས་པ་ཡང་། ས་འོག་སྤྱོད་སྐུའི་དབང་དུ་བྱས་ནས་སྤང་རིའི་ནང་དུ་འཛུལ་ས་ཡོད་པས། ས་འོག་སྤྱོད་སྐུའི་འཁོར་ལོའི་གནས་ཡིན་ཏེ། དཔའ་བོ་མཁའ་འགྲོའི་སྐུ་རང་བྱོན་མང་དུ་ཡོད་དོ། །ཁྱད་པར་ས་འོག་ནས་བྲག་རྒྱུད་འབྲེལ་ནི་ཡོད་པས། ས་འོག་སྤྱོད་པའི་དཔའ་བོ་ཌཱཀི་རྣམས་རྒྱུ་བའི་ལམ་ཡོད་པའི་ཕྱིར། བོད་ཀྱི་རི་བོ་རྩེ་ལྔ། བྱང་ནཱ་ལེནྡྲའི་རྒྱབ་རི་དང་། དབུས་རི་དྲང་སྲོང་སྲིན་པོ་རི་ནས་མཆིམས་ཕུ་ཀུན་བཟང་ནགས་ཁྲོད། ཟངས་རི་མཁར་དམར་ནས་རི་རྒྱུད་རྒྱ་ལ་རྩེ་བདུན། དེ་ནས་མདོ་ཁམས་ཟལ་མོ་སྒང་ནས། རྒྱ་ནག་རི་བོ་རྩེ་ལྔའི་བར་འབྲེལ་ནས་ཡོད་པ་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་གསུངས་པ་ལྟར། འདི་ཡང་རྒྱ་ནག་རི་བོ་རྩེ་ལྔའི་གནས་ལག་འཇམ་དབྱངས་ཀྱི་གནས་ཀྱང་ཡིན་པས། འཇམ་དབྱངས་ཀྱི་རལ་གྲི་པུ་ཏིའི་རྗེས་དང་། མ་ཧཱ་གསེར་གྱི་རུས་སྦལ་ཡོད་དོ། །ས་སྤྱོད་གསུང་གི་འཁོར་ལོའི་གནས་ནི། ས་ཡི་སྟེང་དུ་ཡོད་པའི་གནས་ཏེ། དཔལ་ཙཱ་རི་ཏྲ་རང་བྱུང་གི་མཆོད་རྟེན་གྱི་ཕྱོགས་མཚམས་བརྒྱད་དུ་གནས་བརྒྱད་ཡོད་པར་བཤད་པའི་རྫ་རྒྱལ་གོ་བོ་ཁྱུང་ཕུག་ཙཱ་རིའི་ཤར་སྒོའི་གནས། འབུམ་རྫོང་ཆོས་ཀྱི་ཕོ་བྲང་ཙཱ་རིའི་བྱང་ཤར་གྱི་གནས་ལག་ཡིན་པས། སིནྡྷུ་ར་རིགས་ལྔ། མཆོད་པ་རྣམ་པ་ལྔ་སོགས་ས་སྟེང་དུ་ཡོད་དོ། །མཁའ་སྤྱོད་ཐུགས་ཀྱི་འཁོར་ལོའི་གནས་ནི། གནས་བཟང་པོ་འདི་དག་གི་ཐད་ཀྱི་ནམ་མཁའ་ལ། ཕལ་པས་མི་མཐོང་བའི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་སྤྲིན་གྱི་ཕུང་པོ་ལྟ་བུར་དུས་རྟག་ཏུ་བཞུགས་པས་བསྐོར་བ་བྱས་པས་ཕན་ཡོན་ཆེའོ། །དེ་ཡན་ཆད་སྤྱིར་གནས་ཐམས་ཅད་དང་། ཁྱད་པར་གནས་འདི་ཡི་བྱུང་ཁུངས་ལགས་སོ། །
༈དེ་ནས་དོན་གཉིས་པ་གནས་བྱིན་གྱིས་བརླབས་ལུགས་ནི། ཨོ་རྒྱན་རིན་པོ་ཆེ་བོད་དུ་ཕེབས་ནས་ས་གཞི་རྟ་རྨིག་ཙམ་མ་ལུས་པ་ཞབས་ཀྱིས་བཅགས་ནས། ཁྱད་པར་བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ། ཕྱོགས་བཞི་སྦས་པའི་ཡུལ་ཆེན་པོ་བཞི། མཚམས་བཞིར་ལུང་ཕྲན་ཆེན་པོ་བཞི། གངས་ཆེན་པོ་ཉི་ཤུ་རྩ་གཅིག་དང་། སྒྲུབ་གནས་ཆེན་པོ་བརྒྱ་དང་རྩ་བརྒྱད་ལ་སོགས་པ་རྣམས་སུ། སྒྲུབ་པ་མཛད་ནས་གནས་བྱིན་གྱིས་བརླབས་པའི་དུས་སུ། གནས་འདིར་ཡང་ཨོ་རྒྱན་རིན་པོ་ཆེས་སྒྲུབ་གནས་སུ་བྱིན་གྱིས་བརླབས་ཤིང་། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཤོ་ལོ་ཀ་འབུམ་ཡོད་པ། མཁའ་འགྲོའི་བརྡ་ཡིག་ཏུ་བྲིས་ནས་གཏེར་དུ་སྦས་པས་འབུམ་རྫོང་དུ་གྲགས་སོ། །གནས་ཀྱི་བཀའ་སྲུང་རཱ་ཧུ་ལ་བསྐོས་པས་གཟའ་ཡི་སྐུ་རང་བྱོན་ཡོད། གཞན་ཡང་ཨོ་རྒྱན་རིན་པོ་ཆེ་ཡབ་ཡུམ་གྱི་ཕྱག་ཞབས་ཀྱི་རྗེས་དང་། རྗེ་འབངས་སངས་རྒྱས་ཡེ་ཤེས་ཀྱི་ཞབས་རྗེས་སོགས་ཡོད་དོ། །དེ་ནས་ཨོ་རྒྱན་རིན་པོ་ཆེའི་ཡེ་ཤེས་ཀྱི་མགོན་པོ་བྱ་རོག་གདོང་དང་། མ་མོ་ཨེ་ཀ་ཛ་ཊི་དང་། གཟའ་རཱ་ཧུ་ལ་གདོང་མོ་མཆེད་བཞི་དང་བཅས་པ་བཀའ་སྲུང་དུ་བསྐོས་ནས་བཞག་པས། སུ་ཡིན་གྱི་གནས་སྒོ་འབྱེད་པའི་དབང་མེད་དོ། །བསྟན་པ་ཕྱི་དར་གྱི་སྐབས་སུ་རྗེ་ཏཻ་ལོ་སངས་རྒྱས་ཀྱི་རྣམ་འཕྲུལ་དྲུང་རྨ་སེ་རིན་པོ་ཆེའི་གནས་འདི་བྱིན་རླབས་ཆེ་བར་དགོངས་ནས་ཡུན་རིང་པོར་སྒྲུབ་པ་མཛད་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་སྟེ་དབེན་གནས་འབུམ་རྫོང་དུ་གྲགས་པ་ངོ་མཚར་དེ་ཡན་ནི་གནས་བྱིན་གྱིས་བརླབས་ཚུལ་ལོ། །
༈ གསུམ་པ་གནས་སྒོ་ཕྱེ་ལུགས་དང་ཕན་ཡོན་ནི། པདྨ་བཀའ་ཐང་འབྲིང་པོ་དང་། རྒྱལ་པོ་བཀའ་ཡི་ཐང་ཡིག་དང་། རཏྣ་གླིང་པ་དང་། བདུད་འདུལ་རྡོ་རྗེ་སོགས། སྔོན་གྱི་གཏེར་ཁ་དུ་མ་ནས་ལུང་བསྟན་པ་ལྟར། ལོ་ཆེན་ཤུད་བུ་དཔལ་སེང་གི་སྐྱེས་མཐའ་རིག་འཛིན་མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་དགུང་ལོ་བཅུ་བཞི་པར་ས་ཕྱོགས་དེར་ཕེབས་དུས་རྨང་ལམ་དུ་གནས་འདི་ཡི་ཁ་བྱང་གི་ཡི་གེ་མཚལ་གྱིས་བྲིས་པ་གཅིག་ཕྱག་ཏུ་བྱུང་བར་བརྟེན་ནས་གནས་སྒོ་ཕྱེས། གནས་ནང་དུ་ཨོ་རྒྱན་རིན་པོ་ཆེའི་ཕྱག་ཏུ་གསེར་གྱི་སྒྲོམ་བུའི་ཕྱོགས་བཞིར་འཇའ་གོར་ནང་དུ་ཞལ་གདམས་ལུང་བྱང་གི་ཡི་གེ་ཡོད་པ་རྣམས་ཞལ་གཟིགས། དེ་མ་ཐག་ཨོ་རྒྱན་རིན་པོ་ཆེ་རྩ་བ་གསུམ་གྱི་ལྷ་ཚོགས་དཔག་ཏུ་མེད་པ་གནས་འགྱུར་བར་གཟིགས་པ་ལ་བརྟེན་ནས། རང་བྱོན་རྣམས་འདི་ཡིན་ནོ་ཞེས། ཕྱི་ནང་གི་གནས་ཡིག་ཐམས་ཅད་ཐུགས་ལ་བཀྲ་ལམ་མེར་བྱུང་ནས་མི་རྣམས་ལ་ངོ་སྤྲད་པར་མཛད་དོ། །དེ་ཡང་གནས་འདི་གཉན་པས་དམ་ཚིག་ཅན་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། དད་པ་ཅན་གྱིས་མཇལ་ན་སྒྲིབ་པ་དག དད་པ་མེད་པ་དང་ལོག་ལྟ་ཅན་དམ་ཉམས་ཀྱིས་མཇལ་ན་དུག་ཏུ་འགྱུར་ཏེ་འབྱུང་དོགས་ཡོད་པས་གནས་ནང་དུ་འགྲོ་ཁ་དད་པ་བྱེད་པ་གལ་ཆེའོ། །དད་པ་ཡོད་ཀྱང་རང་བྱོན་རྣམས་བཀོག་ནས་མ་ཁྱེར། བཀའ་སྲུང་གཟའི་ར་མདའ་འོང་དོགས་ཡོད། དེ་ཡང་གནས་འདི་ལ་ཡོད་ལུགས་ཀྱི་གནས་ཡིག་རྒྱས་པ་ནི་འདི་ལྟ་སྟེ། གཡས་རི་གསེར་ཕྲེང་འཐེན་པ་འདྲ། །གཡོན་རི་རྒྱལ་མཚན་ཕྱར་བ་འདྲ། །མདུན་རི་ཕྱག་གི་སོར་ཀ་འདྲ། །རྒྱབ་རི་བསིལ་ཡབ་བཀྲམ་པ་འདྲ། །ཁ་དོག་ལྔ་ནི་རིགས་སྡེ་ལྔ། །འབྱུང་བ་ལྔ་ཡབ་ཡུམ་ལྔའོ། །གཡས་ཕྱོགས་སུ་ཕྱིའི་སྒོ་སྲུང་གད་པ་དུག་སྦྲུལ་གྱི་གཟུགས། བནྡྷ་དང་བདུད་རྩིར་ཁར་བཟུང་བ། རྡོ་སྦྲུལ་གྱི་གཙུག་གི་ནོར་བུ། གནས་གང་ནས་མཇལ་ཡང་དེར་གཏུགས་དགོས་ལ། དམ་ཚིག་ཅན་ལ་བདུད་རྩི་དང་། དམ་མེད་ལ་དུག་ཏུ་འགྱུར་རོ། །ལུང་པར་སྡིག་པ་རཱ་ཙས་གནས་མཇལ་བའི་གཟུགས་དགོན་པ་ཆེན་པོའི་ཆོས་རྗེ་འཚོགས་པ་སྟོང་གི་ཚོགས་དཔོན་དང་། བླ་མ་བརྒྱ་འདུས་སྟོང་འདུས་ཀྱི་ཚོགས་དཔོན་གནས་མཇལ་བའི་ཚུལ། འབུ་བསེ་ཁྲབ་པས་འགྲོ་བ་རིགས་དྲུག་གནས་ནང་དུ་ཁྲིད་པའི་ཚུལ། མ་ཧཱ་གསེར་གྱི་རུས་སྦལ་གྱིས་གནས་མཇལ་བའི་ཚུལ། སིནྡྷུ་ར་རིགས་ལྔ། མཆོད་པ་རྣམ་པ་ལྔ་ཡོད། ལྷ་འདྲེ་བརྒྱ་གཤར་བའི་སྒོ་མོ། སྟོང་འཚོགས་པའི་འདུ་ར། བྲག་གི་ནང་ནས་ནམ་མཁའ་མཐོང་བ། འཇའ་ཡི་ནང་ནས་སྤྲིན་མཐོང་བ་ཡོད། རྨ་སེ་བློ་གྲོས་རིན་ཆེན་གྱི་སྒྲུབ་ཕུག གཤིན་རྗེའི་ཕོ་དོང་། གཤིན་རྗེའི་མོ་དོང་། གཤིན་རྗེའི་དོང་ཆེན། སེམས་ཅན་དམྱལ་བའི་གནས། ཕྱག་འབུལ་སྒང་། མཁའ་འགྲོ་ཕྱག་རྒྱབ་མ། རི་ཡི་རྒྱལ་པོ་ལྷུན་པོ་རི་བོ་མཆོག་རབ། གླིང་བཞི། གླིང་ཕྲན་བརྒྱད་དང་བཅས་པའི་མཎྜལ་སྒང་། བསྟོད་པ་བྱེད་ས། མི་འཇིགས་པ་སེང་གེའི་ཁྲི་གཡུ་རལ་དང་བཅས་པ། དེ་སྟེང་མ་ཆགས་པདྨའི་གདན། ཁྲི་དྲུག་མགྱོགས་ཁྱུང་གིས་བརྒྱན་པ། གཡོན་བྲག་མཚོན་ཆ་གཟིང་འདྲ། གནས་སྲུང་གཏེར་མགོན་ཕྱག་བཞི་པའི་སྤྲུལ་པའི་བྱ་རོག་གི་གཟུགས། རྣམ་པར་ཐར་པའི་སྒོ་གསུམ་མཚོན་པའི་ལམ་གསུམ། ཕུག་པ་ཟླ་གམ་དམར་པོ། རྟ་མགྲིན་དབང་གི་གནས། དགྲ་བགེགས་ལོག་འདྲེན་ཚར་གཅོད་པའི་བརྡར་ཧོཾ་ཁུང་ནང་དུ་ཕུར་པ་བཏབ་པའི་ཚུལ་ཁྲོ་བོའི་ཞལ་གཟུགས། དབུ་མ་རོ་མ་རྐྱང་མ་གསུམ་གྱི་ངོ་བོ་ནང་དུ་ལམ་གསུམ། དགོས་འདོད་ལྷུན་གྱིས་གྲུབ་པའི་ཕྱིར། རིན་པོ་ཆེའི་སྦུག །གཡས་སུ་རིན་པོ་ཆེ་དགོས་འདོད་ཀུན་འབྱུང་ངོ་། །དེ་གཉིས་ལ་ཐོད་པ་གཏུགས་ནས་སྨོན་ལམ་གང་བཏབ་ཐམས་ཅད་འགྲུབ་བོ། །དེ་སྟེང་དག་པ་སངས་རྒྱས་ཀྱི་ཞིང་ཁམས་ཡོད་པའི་འོག་ཏུ་མ་དག་འཁོར་བའི་གྲོང་ཁྱེར་དུ་འགྲོ་དོན་མཛད་པ། དེ་ན་སྲིན་པོའི་གྲོང་ཁྱེར་ཡོད་པ་ལ་མགོ་གཏུགས་དང་སྨོན་ལམ་འདེབས་མི་རུང་། གཡོན་ཕྱོགས་སུ་མཁའ་འགྲོའི་ཐག་ར། དེ་སྟེང་སྲིན་པོ་དང་། དམྱལ་དོང་། སྒོ་ཐོད་ཨོ་རྒྱན་རིན་པོ་ཆེའི་ཕྱག་སྦུབ་ཁ་ཡ་ལུང་ཆད་ནས་ཤོར་བའི་མལ་དུ་ཤིང་སྐྱེས་པ། བར་དོའི་འཕྲང་ཆེན་དུ་མཁའ་འགྲོ་མ་རྣམས་འཚོགས་པའི་ཚོགས་དཔོན་རྟ་མགྲིན་ཡབ་ཡུམ་བྱང་སེམས་དཀར་དམར་ནམ་མཁའ་བྲག་གི་གཞལ་ཡས་སུ་བྲག་གིས་ཀ་བ་བརྒྱབ་པ། མཁའ་འགྲོ་མ་རྣམས་ཀྱི་འབྱོན་ལམ། ཕུག་པ་དེའི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྟེན་འབྲེལ་སྙིང་པོ་དང་དབྱངས་གསལ་གྱི་ངོ་བོ་རྣམས་སོ། །ཤལ་མ་ལི་ཡི་སྡོང་པོ། རྡོ་རྗེ་ཕག་མོའི་ཤེལ་གུར་དཀར་མོ་ལ་ཤེལ་གྱི་ཀ་བ་བརྒྱབ་པ། རྡོ་རྗེ་འཆང་གི་སྐུ། སྤྱན་རས་གཟིགས་ཀྱི་སྐུ། ཡི་གེ་དྲུག་རང་བྱོན་ཡོད། སྒོ་བ་ཡབ་ཡུམ་བརྒྱད། མར་མེ་རང་འབར། ཤར་སྟག་སྲིན། ཟོར་བའི་གདོང་སོགས་གདོང་མོ་མཆེད་བཞི། རྡོ་རྗེ་རྣམ་པར་འཇོམས་པའི་སྐུ། རིན་པོ་ཆེའི་བེ་ཅོན། མེ་ཏོག་པདྨ་ཡུམ་ཆེན་པདྨ། སློབ་དཔོན་པདྨའི་གསང་རྗེས་གདམས་པ་དང་། མ་ཅིག་ལབ་སྒྲོན་གྱི་སྐུ། དགྱེས་པ་རྡོ་རྗེའི་སྐུ། རིན་པོ་ཆེའི་གཏེར་གྱི་བང་མཛོད་ཀྱི་སྒོ། ལྷ་འདྲེའི་དོང་དུ་མི་ཁྱེར་བའི་ཁ་གནོན་དུ་ཨོ་རྒྱན་རིན་པོ་ཆེའི་ཁྲི། ཅོག་ཙེ་ལྷ་འདྲེའི་ཆོས་ཞུ་ས། ལྷ་འདྲེས་ཕུལ་བའི་ཐུད། དཔལ་འཁོར་ལོ་བདེ་མཆོག་གི་སྐུ། སློབ་དཔོན་པདྨའི་སྐུ། སློབ་དཔོན་པདྨའི་ཞབས་རྗེས། ཕྱག་གི་རྡོ་རྗེ་རྒྱབ་མལ་དུ་བདུད་རྩི་བརྡོལ་བ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས། འཁོར་ལོ་རྩིབས་བརྒྱད། གུ་རུ་པདྨའི་ཕྱག་རྗེས། ཡེ་ཤེས་མཚོ་རྒྱལ་གྱི་ཕྱག་རྗེས། འགྲོ་བ་རིགས་དྲུག་གི་དོང་ཡོད་པར་ལྟ་མི་རུང་། ཨེ་ཀ་ཛ་ཊིའི་སྐུ། རྒྱལ་མཚན། ཁྲོ་ཆུའི་སྐུ། ཨོ་རྒྱན་རིན་པོ་ཆེའི་བྷནྡྷའི་རྗེས། ཁ་ཊྭཱཾ་རྩེ་དབུས་མའི་རྗེས། གུ་རུ་དྲག་པོའི་ཐོད་སྐམ་གྱི་རྗེས། སངས་རྒྱས་ཡེ་ཤེས་ཀྱི་ཞབས་རྗེས། དུང་གི་ཕུག་རོན་མགོན་དཀར་གྱི་གཟུགས། ལྷ་ཨ་འཁྲོ་རྒྱལ་པོའི་རྟ་རྗེས། འདྲ་དཔེ། ལྷ་དབུ་དཀར་ཅན་གྱི་དམག་ཚོགས་བྱེ་བ་དང་ཉི་ཁྲི། མི་དབུ་ནག་ཅན་གྱི་དམག་ཚོགས་བྱེ་བ་དང་ཉི་ཁྲི། ཀླུ་དབུ་སྔོན་ཅན་གྱི་དམག་ཚོགས་བྱེ་བ་དང་ཉི་ཁྲི། མཁའ་འགྲོ་མའི་གཤག་ར། མུན་ནག་གི་གླིང་། ལྷ་ཡི་ནུ་མ་བརྒྱད་བརྒྱད། ཀླུ་ཡི་ནུ་མ་བརྒྱད་བརྒྱད། མི་ཡི་ནུ་མ་བརྒྱད་བརྒྱད། མཁའ་འགྲོ་མའི་ཆའུ། སྨན་སྦྲུལ་དང་དུག་སྦྲུལ་གཉིས་ལྕེ་བརྐྱངས་སུ་སྔ་བྱས་པས། སྨན་སྦྲུལ་ལྕེ་བརྐྱངས་པས་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་འབྱུང་བ། དུག་སྦྲུལ་གྱི་ལྕེ་བསྐུམ་པ། མ་ཧེ་ཕོ་མོའི་ནུ་མ། མཁའ་འགྲོ་སྡེ་བཞིས་ཀ་བའི་བརྒྱན་ནས་མར་མེ་བཟུང་བ། ལྷ་ཆེན་དབང་ཕྱུག་ཆེན་པོ་དང་། ལྷ་མོ་ཨུ་མ་དེ་ཝ་གཉིས་ཀྱི་གསང་རྗེས། བྱང་སེམས་འབབ་པ། ཨ་འཁྲོ་རྒྱལ་པོའི་ཐེབ་རྗེས། གཏེར་གྱི་བང་མཛོད། ཕུག་པ་ལྷ་འདྲེའི་སྔགས་ཁང་རྔ་བརྡུང་བའི་སྐད་བོང་བ། འོ་མའི་ཆུ་མགོ ཨ་འཁྲོ་རྒྱལ་པོས་ཕྱག་རྗེས། ཨ་འཁྲོ་རྒྱལ་པོའི་ངལ་གསོའི་མལ། ཨེ་ཀ་ཛ་ཊིའི་གཏོར་ཟོར་བརྒྱབ་པ། བདུད་རྩི་ཆུའི་འབྱུང་ཁུངས། གླང་ཆེན་དྲོད་པར་བདུད་རྩིའི་ཆུ་འཁྱིལ་བ། པ་ཏྲ། སྤྱན་རས་གཟིགས་ཀྱི་ཕྱག་གི་མེ་ཏོག་རང་བྱོན། སྨན་ལྷའི་ཕྱག་གི་ཨ་རུ་ར་རང་བྱོན། མཁའ་འགྲོའི་སྐྲ་འཐེན་རུས་སྦལ་གྱི་རྒྱབ། མཁའ་འགྲོའི་སྐྲ་ཆུ། དུག་སྦྲུལ། སྲིན་པོའི་ཨོལ་ཀྲོང་། དུག་སྦྲུལ་ཆུན་པོ། མཁའ་འགྲོའི་སྐྲ་བསླས། མཁའ་འགྲོའི་འཇའ་ལམ། ཟངས་མདོག་དཔལ་རི། རྡོ་རྗེ་ཕག་མོའི་ཞལ་གཟུགས། སྲིན་པོའི་ལྗགས། སྲིན་མོ་བསྒྲལ་བའི་ཐོད་པ། ཨ་འཁྲོ་རྒྱལ་པོའི་སྐུ་གཟུགས། སྲིན་པོའི་བྷནྡྷ། མཁའ་འགྲོ་མས་འོ་མས་ཆག་ཆག་བཏབ་མལ། སྨན་སྦྲུལ་ལྕེ་བརྐྱང་བའི་རྩ་བ་ནས་བདུད་རྩི་འབབ་པ། ལྷ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྤྲུལ་པའི་བྱ་གཅན་རི་དྭགས་གཡུང་དྭགས་སྣ་ཚོགས་ཀྱི་རྩེ་ཀྱུ་བྱས་མལ། མཁའ་འགྲོའི་ཚོགས་ཁང་འདིར་ཨོ་རྒྱན་རིན་པོ་ཆེ་རྩ་བ་གསུམ་གྱི་ལྷ་ཚོགས་གནས་འགྱུར་བ། རྡོ་རྗེ་གསེར་སྒྲོམ་བསྣམས་པ་སྒམ་དེའི་ཕྱོགས་བཞིར་འཇའ་གུར་དང་དུང་མཚལ་གྱི་ཡི་གེ་ཡོད་པ་ཞལ་གཟིགས། འགྲོ་བ་རིགས་དྲུག་གི་ལམ་རང་རང་གི་མདོག་ཅན་པདྨ་སཾ་བྷའི་ཞབས་རྗེས། ཨོ་རྒྱན་རིན་པོ་ཆེའི་ཆའུ་ཆ་ཚང་། མཁའ་འགྲོའི་ལམ་འཁྱིལ་བ་ལ་རྡོའི་བཅོལ་བརྒྱབ་པ། མཁའ་འགྲའི་ཚོགས་ཁང་ལ་ཀ་བ་བརྒྱབ་པ། མཁའ་འགྲོའི་ཚོགས། ཡུར་བ་དང་བཅས་པ། མཁའ་འགྲོའི་གསོལ་བཀྱག་མཁའ་འགྲོའི་དཔོན་མོའི་གསོལ་བཀྱག་དང་གསོལ་སྐྱེམས། མཁའ་འགྲོ་མའི་གཏེར་མ་དང་བཅས་པ། མཆོད་རྟེན་བརྒྱ་དང་རྩ་བརྒྱད། མཁའ་འགྲོའི་ཀ་བ་ལ་སྐུ་འདྲ་མང་པོ། མཁའ་འགྲོའི་གཙོ་བོའི་དངུལ་སྐུ། མཁའ་འགྲོས་ཆུ་ལེན་པའི་ཆུ་བོ། མཁའ་འགྲོ་མའི་བྱང་སེམས་དཀར་པོའི་རིལ་བུ། རྡོ་རྗེ་སེམས་དཔའི་སྐུ། ཧོམ་ཁུང་། གསེར་ཉ། ལྷ་ཨ་འཁྲོ་རྒྱལ་པོའི་གསེར་གྱི་ཐག་པ་འདོམ་སྐོར་འདོམ་པ་བརྒྱད་ཅུས་གནས་ལྷ་ཡུལ་དུ་གདན་འདྲེན་ཤོམ་བྱས་པ། བར་དོའི་འཕྲང་ཆུང་ངུ་སྲིན་པོའི་མཆེ་བ། ཚོགས་ཟན་ལན་ས། མཁའ་འགྲོའི་འཇའ་འོད། བཀྲ་ཤིས་པའི་རྟགས་བརྒྱད། འཁའ་འགྲོ་མའི་འོ་མ་བླུགས་པའི་སྐྱེམས། གུ་རུ་སྐུ་ལྔ་མཚན་བརྒྱད་ཀྱི་ཕྱག་རྔ་བཏགས་པ། དུག་སྦྲུལ་མགོ ཞབས་རྗེས་དང་། པད་ཞྭའི་རྗེས། ཨ་འཁྲོ་རྒྱལ་པོའི་རྟ་རྗེས་ཆ་གཅིག རྡོ་རྗེ་ཕག་མོའི་གསང་བ། སྲིན་མོ་གནས་འདྲེ་མ་བསྒྲལ་བའི་ཐོད་པ། གསུང་རབ་པོ་ཏི་དམར་པོའི་རྩིག་པ། མཁའ་འགྲོ་མ་རྣམས་ཀྱི་བྲོ་ར་ལ། སྲིན་མོ་སྐྲ་ཡི་རལ་པ་ཅན་གྱིས་གཡང་ས་བཟོས་པ། མཁའ་འགྲོ་མ་གཙོ་མོའི་གསོལ་ཞལ་བཞག་པ། ཚོགས་ཀྱི་མཆོད་པ། དྲང་སྲོང་རཱ་ཧུ་ལའི་སྐུ་ཤིན་ཏུ་གསལ་བ། རྡོ་རྗེ་ཕག་མོའི་སྐས་བཙུགས་པ། སྲིན་མོ་སྐྲ་རོལ་མས་འཕྲོག་པ། ལྷ་ཁང་གི་སྒོ་བཀྲ། མཁའ་འགྲོ་མས་དར་དཀར་གྱི་ཡོལ་བ་བཀྱག་པ། མཁའ་འགྲོ་མར་ཁུའི་མཚོ་ལ་རིན་པོ་ཆེ་དང་རྡོ་ཡིས་བཅོལ་བརྒྱབ་པ། བར་དོའི་འཕྲང་འབྲིང་བ། བར་དོའི་འཕྲང་། བདུད་རྩི་མར་ཁུའི་ཆུ་འདི་ཁར་སོང་ཚད་ནད་གདོན་བར་ཆད་ཞི། མཁའ་འགྲོའི་དར་དཀར་བདུད་རྩི་ཞུ་བ། མཁའ་འགྲོ་མས་མེ་ཏོག་གི་མཆོད་པ་ཕུལ་བ་འཕགས་པ་འཇམ་དཔལ་གྱི་པདྨའི་སྟེང་དུ་པོ་ཏི་དང་རལ་གྲི་གསུམ་གྱི་རྗེས། ཕུག་སྲུང་སྦལ་གདོང་ཅན། ཕུག་སྲུང་སྤྲེལ་གདོང་ཅན། མཁའ་འགྲོ་མ་ཡེ་ཤེས་ཀྱི་གདོང་པ་ཅན་གྱི་ཤངས། རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་སྐུ། ལྕགས་སྡིག་གི་གཟུགས། དེ་ཡི་སྟེང་དུ་འབུམ་བཞུགས་སོ། །ཨ་འཁྲོ་རྒྱལ་པོའི་མདའ་མཆོང་གི་ནོར། རིན་པོ་ཆེ་རྔ་མོང་ཉི་ཤུའི་རྒྱབ། གསེར་གྱི་ནོར་བུ་རིན་པོ་ཆེ་གླང་པོ་ཆེ་ལྔ་བརྒྱའི་རྒྱབ། དངུལ་གྱི་ནོར་བུ་རིན་ཆེན་རྟ་སྟོང་གི་རྒྱབ། གཡུ་ཡི་ནོར་བུ་རིན་ཆེན་རྔ་མོང་ལྔ་བརྒྱའི་རྒྱབ། གསེར་གྱི་ནོར་བུ་རིན་པོ་ཆེ་གླང་ཆེན་ཁྲི་ཡི་རྒྱབ། དངུལ་གྱི་ནོར་བུ་རིན་ཆེན་རྟ་ཁྲི་ཡི་རྒྱབ། མཆོང་གི་ནོར་བུ་རིན་ཆེན་མཛོ་ཁྲི་ཡི་རྒྱབ། དུང་གི་ཕ་བོང་དཀར་པོ་ལ་གཡུ་ཡི་དྲེག་པ་ཆགས་པའོ། །
༈ དེ་ནས་གནས་ཀྱི་ཕན་ཡོན་ནི། ཁ་བྱང་གི་ཡི་གེ་ལས། ཕྱི་སྐོར་བདུན། བར་སྐོར་བཅུ། ནང་སྐོར་ཉི་ཤུ་དུང་ཕྱུར་ཡིན། ཞེས་པ་སྣང་གསུངས་པས། ཕན་ཡོན་ཡིག་དྲུག་དུང་རེ་དང་མཉམ། གཞན་ཡང་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་བཀའ་རྒྱ་མ་ལས། དེས་ན་གནས་ཆེན་གནས་ཕྲན་ལ་སོགས་དང༔ ཡུལ་དང་ཡུལ་འདྲ་སྦས་པའི་ཡུལ་རྣམས་སུ༔ བསྒྲུབས་པ་བྱས་པའི་ཡོན་ཏན་བསམ་མི་ཁྱབ༔ ཕལ་པའི་གནས་སུ་ལོ་གཅིག་བསྒྲུབ་པ་བས༔ དེ་དག་རྣམས་སུ་ཞལ་གཅིག་འགྲུབ་ཐག་ཉེ༔ དེ་དོན་ཤེས་པར་མཛོད་ཅིག་རྗེས་འཇུག་རྣམས༔ ཞེས་གསུངས། གནས་ནང་དུ་འགྲོ་དུས་གསོལ་འདེབས་ཡིག་དྲུག་གམ་བཛྲ་གུ་རུ་གཅིག་བཟླས་ཀྱང་བྱེ་བ་མང་པོའི་འགྱུར་ཡོད་དོ། །ཁྱད་པར་བདུད་རྩི་མར་ཁུའི་ཆུ་ཁར་སོང་ཚད་གདོན་རིགས་ཐམས་ཅད་ཀྱི་གནོད་པ་ཞི་ཞིང་ཕྱི་མ་ངན་སོང་མེད་པར་གསུངས། གཞན་ཡང་གནས་འདི་ནི་ཨོ་རྒྱན་རིན་པོ་ཆེ་དང་། གནུབས་སངས་རྒྱས་ཡེ་ཤེས། དམ་པ་སངས་རྒྱས། དྲུང་རྨ་སེ་རྣམས་ཀྱི་སྒྲུབ་གནས་ཡིན་པས་གནས་འདི་མཇལ་བ་དང་བསྐོར་བ་བྱས་ན་བྱིན་རླབས་འཇུག་ཉམས་རྟོགས་སྐྱེ། ཙྭ་རིའི་གནས་ལག་ཡི་དམ་འཁོར་ལོ་བདེ་མཆོག་གི་གནས་ཡིན་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། མཁའ་འགྲོ་རྡོ་རྗེ་ཕག་མོ་དང་ཡེ་ཤེས་མཚོ་རྒྱལ་ལབ་སྒྲོན་མ་རྣམས་ཀྱི་གནས་ཡིན་པས་བར་ཆད་ཐམས་ཅད་སེལ། རི་བོ་རྩེ་ལྔའི་གནས་ལག་འཇམ་དབྱངས་སྐུ་ཡི་གནས་ཡིན་པས་ལུས་ཀྱི་སྒྲིབ་པ་དག ཤེས་རབ་འཕེལ། རྟ་མགྲིན་གསུང་གི་གནས་ཡིན་པས་ངག་གི་སྒྲིབ་པ་ཐམས་ཅད་དག་ངག་ལ་ནུས་པ་སྐྱེ། དཔལ་ཀྱེ་རྡོ་རྗེ་དང་ཐུགས་མཆོག་རྡོ་རྗེ་སེམས་དཔའི་གནས་ཡིན་པས་ཡིད་ཀྱི་སྒྲིབ་པ་དག་ཉམས་རྟོགས་འཕེལ། མགོན་པོ་བྱ་རོག་ཅན་དང་སྔགས་སྲུང་ཨེ་ཀ་ཛ་ཏྲི། གཟའ་བདུད་དུག་གི་སྤུ་གྲི་ལྷ་སྲིན་སྡེ་བརྒྱད་དང་བཅས་པའི་འདུ་ར་ཡིན་པས་བར་ཆད་སེལ། ཚོགས་མཆོད་གཏོར་མ་མར་མེ་ཕུལ་ན་བསམ་པའི་དོན་དང་ཕྲིན་ལས་གང་བརྩམ་འགྲུབ། རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་གནས་ཡིན་པས་ནོར་བུ་རིན་པོ་ཆེ་དགོས་འདོད་ཀུན་འབྱུང་སོགས་རིགས་མང་པོ་ཡོད་པས་གནས་འདི་ལ་མཆོད་བསྟོད་བསྐོར་བ་བྱས་ན་ཚེ་དང་བསོད་ནམས་དབང་ཐང་ཐམས་ཅད་འཕེལ་ཞིང་རྒྱས་སོ། །ཞེས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་གྱིས་གསུངས་པའི་གནས་ཡིག་ལ་གཞིར་བྱས། གསར་རྙིང་གི་རྒྱུད་སྡེའི་བཤད་པ་རྣམས་དང་། རྒྱལ་པོའི་བཀའ་ཆེམས། པདྨ་བཀའ་ཐང་། ལུང་བསྟན་བཀའ་རྒྱ་མ་སོགས་ནས་གནས་ཀྱི་བཤད་པ་རྒྱ་ཆེར་བྱུང་བའི་དོན་བསྡུས། ཡི་གེ་མང་དོགས་པས་ལུང་འདྲེན་རྣམས་སྤྲོས་པ་སྐྱུང་སྟེ་གོ་བདེ་བར་དགེ་སློང་རཱ་ག་ཨ་སྱས་བྲིས་པ་ལ་འགལ་བ་མཆིས་ན་གནས་གསུམ་མཁའ་འགྲོའི་ཚོགས་ལ་འཆགས་ཤིང་། དགེ་བས་འདི་ལ་འབྲེལ་བ་ཐོགས་ཚད་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པར་གྱུར་ཅིག །སརྦ་མངྒ་ལཾ། །
མཆན། ༡.གནས་ཡིག་འདི་ནི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་གི་པོད་ལས་ཞལ་བཤུས་པའོ། །༢.གནས་ཀྱི་མདུན་ཕྱོགས་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་ཀརྨ་ཞང་། གཡས་ཕྱོགས་མཚོ་སྔོན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་སྤྲེལ་ཚྭ་ཞང་དང་གཡོན་ནང་ཆེན་རྫོང་ཉག་ལ་ཞང་གསུམ་གྱི་ས་མཚམས་ཡིན། གནས་བསྐོར་པའི་རྒྱུད་རིམ་དང་བར་ཐག་ནི་ནང་ཆེན་རྫོང་སྲིད་གཞུང་གནས་ས་ནས་གནས་མདུན་གྱི་ཉེ་འགྲམ་དུ་རླངས་འཁོར་འགྲོ་ཐུབ། ལམ་ཐག་སྤྱི་ལེ༦༠ལྷག་ཡོད། ཆབ་མདོ་ནས་གནས་མདུན་ལ་རླངས་འཁོར་བགྲོད་ལམ་ཡོད། ཕལ་ཆེར་སྤྱི་ལེ༡༠༠ལྷག་ཙམ་ཡོད། གནས་བསྐོར་གྱི་འཚོ་སྡོད་ཡོ་བྱད་ནི་རང་གིས་གྲ་སྒྲིག་བྱེད་དགོས། གནས་འདིའི་དགོངས་སྙིང་ནི་སྟག་ལོ་ཡིན་པས་དེར་བསྐོར་བ་བྱས་ན་བྱིན་བརླབས་ཤིན་ཏུ་ཆེ་བར་གསུངས། བསྐོར་ལམ་ཀྱག་ཀྱོག་དང་ལ་ཐུར་ཡིན་པས་རྐང་ཐང་ལ་འགྲོ་མཁན་འབྲིང་པོ་ཞིག་གིས་ཆུ་ཚོད་བཞི་ཡས་མས་ལ་འགྲོ་དགོས།