གཏེར་ཆེན་མཆོག་གྱུར་གླིང་པས་རྨེ་སེང་བྲག་ནས་སྤྱན་དྲངས་པའི་གནས་ཡིག
༄༅། །གུ་རུ་དྷེ་ཝ་དྷཱ་ཀི་ནི་ཧཱུྃ༔དེ་ཡང་མདོ་ཁམས་ས་ཡི་ཆར༔སྟོད་ནས་གངས་རི་ཤེལ་གྱི་ར་བ༔སྨད་ནས་ནགས་ཀློང་དུ་འཐིབས་ཤིང༔བར་ན་སྤངས་ལྗོངས་ནེའུ་གསིང་གི་དབུས་བཀྲ་ཞིང་ཉམས་དགའ་བའི་ནགས་ལུང༔ གངས་ཀྱི་འདབ་གཡུ་མཚོ་ཚེ་ཡི་བུམ་པ་བཅུད་ཀྱིས་གཏམས་པ་ལྟ་བུའི་བྲག་སྟེང་ནེའུ་གསིང་གི་དབུས་སུ༔ གུ་རུ་རིན་པོ་ཆེ་ལ་བདག་ཅག་འཁོར་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་བཤམས༔ རིན་པོ་ཆེ་དུ་མའི་མཎྜལ་ཕུལ་ནས་གསོལ་བ༔ ཀྱེ་ཧོཿ རྗེ་བཙུན་གུ་རུ་རིན་པོ་ཆེ༔ ཉམས་དགའི་གནས་མཆོག་འདི་ཉིད་ཀྱང༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ བྱིན་བརླབས་མཐོང་ཐོས་དྲན་རེག་གྲོལ་བ་ཡིས༔ ཐུགས་རྗེ་དུས་བབ་གནད་དཀྲོལ་མཛད་ནས་ཀྱང༔ ད་ལྟ་གནས་དང་སླད་ནས་འབྱུང་འགྱུར་རྣམས༔ ཡིད་ཆེས་སྤྲོ་བས་དོན་ལྡན་མཛད་དུ་གསོལ༔ ཞེས་གསོལ་བས༔ གུ་རུ་རིན་པོ་ཆེའི་ཐུགས་ཀ་ནས་འོད་ཟེར་མཐའ་ཡས་པ་སྤྲོས༔ གནས་དེ་ཉིད་བདེ་བ་ཅན་གྱི་ཞིང་ཁམས་སུ་བསྒྱུར༔ ཚེ་དཔག་མེད་ཀྱི་ལྷ་ཚོགས་རྣམས་སྤྱན་དྲངས་ནས་གནས་དེར་བཞུགས་སུ་གསོལ་ནས༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་མངོན་པར་གསལ་བར་མཛད༔ དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་རབ་ཏུ་གནས་པར་མཛད་ནས་གུ་རུའི་ཞལ་ནས༔ ཀྱེ་ཧོཿ གསོན་དང་སྐལ་ལྡན་རྗེས་ཞུགས་པའི༔ ད་ལྟ་བཞུགས་དང་སླད་ནས་འབྱོན་འགྱུར་རྣམས༔ ང་ཡིས་བཀོད་པ་བསམ་གྱིས་མི་ཁྱབ་སྟེ༔ གུས་ལྡན་ཚིམ་པའི་ཕྲིན་ལས་མཐའ་ཡས་པའི༔ འབྲེལ་ཚད་དོན་ལྡན་དཔག་མེད་བགྱིས་པ་ལས༔ སྐབས་འདིར་རྒྱམ་གྱི་གངས་རི་གནས་འདི་ཡང༔ སྔོན་གྱི་རྒྱལ་བ་རྣམས་ཀྱིས་བྱིན་བརླབས་དང༔ གདོད་ནས་ཕུན་སུམ་ཚོགས་པའི་གནས་སུ་འདུག༔ ཁྱད་པར་ཚེ་སྒྲུབ་བྱེད་པའི་གནས་མཆོག་སྟེ༔ གངས་རི་འགྱུར་མེད་འདུག་པ་ཚེ་ཡི་གནས༔ གཡུ་མཚོ་གཏན་དུ་འཁྱིལ་བ་ཚེ་ཡི་གནས༔ བྲག་རི་རྡོ་རྗེ་འདྲ་བ་ཚེ་ཡི་གནས༔ གཡུ་མཚོ་ཚེ་བུམ་འདྲ་བ་ཚེ་ཡི་གནས༔ རི་རྒྱུད་གངས་དང་འབྲེལ་བ་ཚེ་ཡི་གནས༔ ཆུ་རྒྱུད་མཚོ་དང་འབྲེལ་བ་ཚེ་ཡི་གནས༔ ཉི་ཟླའི་བགྲོད་ཐག་རིང་བ་ཚེ་ཡི་གནས༔ ལུང་པ་པདྨ་ཁ་ཕྱེ་འདྲ་བ་ཚེ་ཡི་གནས༔ མདོ་ཁམས་ས་ཡི་ཐིག་ལེ་འདི་དག་ཏུ༔ ཨོ་རྒྱན་ཡུལ་གྱི་སློབ་དཔོན་བདག་ཉིད་ཀྱིས༔ ཚེ་དཔག་མེད་པའི་གནས་སུ་བྱིན་གྱིས་བརླབས༔ མཁའ་འགྲོས་སྤྱན་དྲངས་རང་བྱུང་གཏེར་ཆེན་ལྔ༔ དབུས་སུ་མི་འགྱུར་རྡོ་རྗེ་སྐུ་ཡི་གཏེར༔ ཤར་དུ་བ་ཆེན་པོ་ཐུགས་ཀྱི་གཏེར༔ ལྷོ་རུ་དགོས་འདོད་ཀུན་འབྱུང་ཡོན་ཏན་གཏེར༔ ནུབ་ཏུ་ཚངས་པའི་སྒྲ་དབྱངས་གསུང་གི་གཏེར༔ བྱང་དུ་མངོན་སྤྱོད་མཐའ་ཡས་ཕྲིན་ལས་གཏེར༔ དབུས་སུ་རང་བྱུང་རྒྱལ་བ་རྣམས་ཀྱི་རྟེན༔ དེ་དག་བསྐལ་པ་ཞིག་ཀྱང་མཁའ་ལ་གནས༔ དུས་གསུམ་བདེ་གཤེགས་རྒྱལ་བ་མ་ལུས་བཞུགས༔ ས་རྡོ་རི་བྲག་མཚོ་རྫིང་གཡའ་གངས་ལ༔ སྐུ་གསུང་ཐུགས་རྟགས་བསམ་གྱིས་མི་ཁྱབ་གསལ༔ དཔའ་བོ་མཁའ་འགྲོ་རང་བཞིན་འདུ་བའི་རྟགས༔ དབྱར་དགུན་མེད་པར་ན་བུན་ཀུན་ཏུ་གཏིབས༔ དབུས་སུ་ཡེ་ཤེས་རྣམ་པ་དགུ་ཡི་རི༔ ཤར་དུ་མི་ཟད་རྒྱན་འཁོར་ཉེར་ལྔའི་རི༔ ལྷོ་རུ་ཡི་དམ་མཁའ་འགྲོ་གནས་ཆེན་བརྒྱད༔ ནུབ་ཏུ་ལྷ་ཡི་དགེ་བསྙེན་དུ་མའི་གནས༔ བྱང་དུ་གཏེར་བདག་བརྒྱད་ཀྱི་མཛོད་ཆེན་དང༔ བར་མཚམས་རྣམས་སུ་ཆོས་སྲུང་དྲེགས་པའི་སྡེ༔ མ་ལུས་ཀུན་གྱི་མདུན་ས་ཕོ་བྲང་ཆེ༔ ཕྱོགས་བཞིར་དཀར་ནག་དམར་ལྗང་མཚོ་ཆེན་བཞི༔ ཀླུ་བདུད་ཕོ་མོ་བསམ་གྱིས་མི་ཁྱབ་པ༔ བསྟན་པ་སྲུང་དང་ཟབ་མོ་གཏེར་གྱི་བདག༔ རི་བོ་དུ་མ་ཞི་རྒྱས་དབང་དྲག་གིས༔ དབྱིབས་དང་ཁ་དོག་ངོ་མཚར་བསམ་མི་ཁྱབ༔ བསྟན་སྲུང་དྲེགས་པ་ཕོ་མོའི་ཕོ་བྲང་ཡོད༔ འདི་ན་བདག་གིས་བྱིན་བརླབས་བགྱིས་པའི་མཐུས༔ ཀུན་ཁྱབ་ཆོས་སྐུར་ལོངས་སྤྱོད་ལྷུན་གྱིས་གྲུབ༔ སྤྲུལ་པའི་ཞིང་མཆོག་སོ་སོར་སྟོན་བྱ་སྟེ༔ སྟེང་དུ་རིག་འཛིན་རྩལ་འཆང་ཐམས་ཅད་བཞུགས༔ བར་དུ་ཡི་དམ་ཌཱཀྐི་བསམ་མི་ཁྱབ༔ རྩ་བ་བསྟན་སྲུང་དྲེགས་པ་རྒྱུད་གསུམ་གནས༔ དེ་བས་གནས་འདིར་སུས་སྒྲུབ་ཉམས་རྟོགས་འཕེལ༔ སྒྲུབ་གནས་གཞན་ལ་ལོ་གཅིག་བསྒྲུབས་པ་བས༔ འདི་ན་ཞག་གཅིག་སྒྲུབ་པ་སྟོབས་ཆེ་ཞིང༔ བྱ་བྲལ་རྫོགས་ཆེན་སྙིང་ནས་སྒོམ་མཁན་ལ༔ གཞན་ལ་རང་བཞིན་སྒྲུབ་པས་ཕྲག་དོག་འོང༔ ཚུལ་བཞིན་སྒྲུབ་ན་འཇའ་ལུས་འགྲུབ་པའི་གནས༔ ཚེ་སྒྲུབ་བྱས་ན་ཚེ་ལ་དབང་འབྱོར་ཞིང༔ ཞིང་འདི་བདེ་བ་ཅན་དང་གཉིས་སུ་མེད༔ གནས་འདིར་འབྲེལ་ཚད་བདེ་ཆེན་ཞིང་ཁམས་བགྲོད༔ གནས་མཆོག་འབུམ་ཕྲག་མང་པོའི་ཡོན་ཏན་དཔལ༔ འདི་ལ་གནས་ཕྱིར་ཁྱད་པར་དུ་མས་འཕགས༔ ད་ལྟ་བཞུགས་དང་སླད་ནས་འབྱུང་འགྱུར་ཀུན༔ དད་དང་གུས་པ་རྟེན་ཅིག་ས་མ་ཡ༔ ཞེས་གསུངས་སོ༔ ཡང་གནས་དེའི་བྱང་ཕྱོགས་སུ་རྗེ་བཙུན་འཕགས་མ་སྒྲོལ་མའི་སྤྲུལ་པ་རྒྱ་བཟའ་ཀོང་ཇོས་བཞེངས་པའི་སངས་རྒྱས་ཀྱི་སྐུ་ལ་མཆོད་པ་ཕུལ་ནས་རབ་ཏུ་གནས་པར་ལན་གསུམ་མཛད་དེ་འདི་སྐད་ཅེས་གསུངས་སོ༔ ཨེ་མ༔ འཕགས་མའི་སྐུ་མཆོག་སངས་རྒྱས་ཞལ་ཚབ་མཆོག༔ མཐོང་ཐོས་དྲན་རེག་གྲོལ་བའི་འགྲོ་དོན་མཛད༔ བདེ་ཆེན་གངས་རིའི་ར་བས་བསྐོར་བའི་ཞིང༔ དེ་དང་འབྲེལ་བའི་སྐུ་གསུང་ཐུགས་རྟེན་མཆོག༔ སངས་རྒྱས་བྱང་སེམས་སྤྲུལ་པས་བཞེངས་པ་ཡིས༔ ས་ཡི་རྒྱན་གཅིག་འཕགས་པ་དངོས་སུ་བཞུགས༔ འདི་ཉིད་མཇལ་ཚད་ངན་སོང་གསུམ་ལས་ཐར༔ མཆོད་པ་ཕུལ་ན་བསོད་ནམས་ཚོགས་ཆེན་རྫོགས༔ ཕྱག་དང་བསྐོར་བས་སྡིག་སྒྲིབ་ངེས་པར་འདག༔ སྐུ་གཟུགས་འདི་ལ་བཀུར་སྟི་སུས་བྱེད་པ༔ དེ་ནི་འཕགས་པའི་ས་ལ་གནས་པར་འགྱུར༔ སྐུ་གཟུགས་འདི་ཡི་ཡོན་ཏན་སུས་བརྗོད་པ༔ ངག་སྒྲིབ་དག་ནས་ལེགས་བཤད་སྒྲ་དབྱངས་ཐོན༔ འཕགས་པ་འདི་ཡི་སྐུ་མཆོག་སུས་སྒོམ་པ༔ མི་རྟོག་ཡེ་ཤེས་བདེ་བའི་ཏིང་འཛིན་འཆར༔ སྐུ་མཆོག་འདི་ལ་མཆོད་པ་སུས་བྱེད་པ༔ དེ་ནི་ཚོགས་གཉིས་ཡོན་ཏན་མ་ལུས་རྫོགས༔ སྐུ་རྟེན་འདི་ཡི་ཕྲིན་ལས་སུས་སྤེལ་བ༔ འགྲོ་བ་འཕགས་པའི་ས་རུ་ཁ་ལོ་བསྒྱུར༔ དད་ལྡན་ཀུན་གྱིས་དད་པས་བརྟེན་པར་གྱིས༔ ཞེས་གསུངས་པས། ཡང་འདུས་པའི་འཁོར་རྣམས་ཀྱིས༔ འདིར་འཕགས་པའི་སྐུ་བཞུགས་འདུག་ཀྱང༔ གསུང་དང་ཐུགས་ཀྱི་རྟེན་མི་བཞུགས་པས༔ དེ་དག་ཀྱང་གུ་རུ་རིན་པོ་ཆེ་ཉིད་ཀྱིས་སེམས་ཅན་གྱི་དོན་མཛད་དུ་གསོལ༔ ཞུས་པས༔ གུ་རུ་རིན་པོ་ཆེས་ཆོས་སྐུའི་མཆོད་རྟེན་དུ་མ་ཕྱག་བྲིས་སུ་གནང༔ བཻ་རོས་ཐེག་པ་ཆེན་པོའི་ཆོས་ཕྱག་བྲིས་མཛད༔ མཚོ་རྒྱལ་གྱིས་དཀར་ཆག་ཕྱག་བྲིས་བྲག་ལོགས་སུ་གནང་ནས༔ འོག་མིན་ནས་ཡེ་ཤེས་པ་དུ་མ་སྤྱན་དྲངས་ནས༔ དེ་རྣམས་ལ་བསྟིམས་འོད་ཟེར་གྱིས་ཕྱོགས་ཐམས་ཅད་གསལ་བར་བྱུང་ནས་གུ་རུ་རིན་པོ་ཆེའི་ཞལ་ནས༔ ཧཱུྃ་ཧཱུྃ༔ ཆོས་སྐུ་རང་རྩལ་སངས་རྒྱས་པདྨ་ངས༔ འགྲོ་བ་མཐོང་ཐོས་དྲན་རེག་གྲོལ་བའི་ཕྱིར༔ རང་བྱུང་གངས་རིའི་འདབས་སུ་ཇོ་བོའི་དྲུང༔ གསུང་དང་ཐུགས་ཀྱི་རྟེན་མཆོག་བཞེངས་པ་འདི༔ གནས་མཆོག་འདི་ནས་ཚིག་རྐང་ཉི་ཤུ་ཞིག་བྲིས། འདི་ནི་མ་འོངས་དུས་ཀྱི་མཐར༔ འདི་ནས་མི་ལོ་སྟོང་དང་གཅིག་བརྒྱ་དང༔ བདུན་ཅུ་རྩ་བཞི་སྤྲེལ་གྱི་ལོ་ལ་དཀྲོལ༔ སྒྲུབ་གནས་རྒྱལ་བ་རང་བྱུང་གངས་རི་དང༔ རྟེན་མཆོག་ཁྱད་འཕགས་ཇོ་བོའི་སྐུ་གསུང་ཐུགས༔ འགྲོ་དོན་དུས་ལ་ངེས་པར་བབས་ནས་སུ༔ འདབས་སུ་གནས་པའི་མི་ཆེན་དུ་མ་དང༔ ལྷག་པར་ཆོས་ཀྱི་བདག་པོས་བསྐུལ་ནས་སུ༔ ཟབ་མོའི་གཏེར་འབྱིན་གཅིག་གིས་ཕྲིན་ལས་སྤེལ༔ འདི་རུ་བཤད་དང་བསྒོམ་པའི་སྡེ་བཙུགས་ཤིང༔ ཁྱད་པར་གསང་མགུལ་གཡུ་མཚོའི་ཁ་དག་ཏུ༔ རྫོགས་པ་ཆེན་པོ་སྒོམ་པའི་སྡེ་བཙུགས་ཤིང༔ འཕགས་པའི་རྟེན་གསུང་ལྷ་ཁང་བཤད་སྒྲུབ་གླིང༔ བགྱིས་ནས་བོད་ཀྱི་བདེ་སྐྱིད་རྒྱས་པར་ངེས༔ ཕྱི་རབས་རྣམས་ཀྱིས་ཡལ་བར་མ་དོར་བར༔ པདྨ་ང་ཡི་ཐ་ཚིག་ཉན་པར་གྱིས༔ ས་མ་ཡཱ༔ རྒྱ༔ ཞེས་པའི་ཤོག་རིལ་རྨེ་སེང་བྲག་ནས་སྤྱན་དྲངས། གནས་ཀྱི་ས་བདག་བུ་ཆེན་དཔོན་གྱིས་གཞིས་སུ་མངའ་དབུལ་སྒྲུབ་ཆེན། གནས་ཀྱི་བདག་པོ་ཟུར་མང་གར་བསྟན་མཁན་སློབ་ནས། དཀར་ཆག་གཏན་ལ་ཕོབས་ཞེས་བཀའ་སྩལ་ཡང་ཡང་མཛད་པར་མཆོག་གྱུར་གླིང་པས་འོག་མིན་ཀརྨའི་གདན་ས་རུ། སྤྲེལ་ལོ་ས་ག་ཟླ་བའི་ཚེས་བཅུར་ཤོག་སེར་ལས་ཞལ་བཤུས་ཤིང་ཞུ་དག་བགྱིས་སོ། །སླར་ཡང་འདི་ལ་འགྲེལ་བཤད་རྒྱས་པར་དགོས་སོ། །
མཆན། གནས་ཡིག་འདི་ནི་མཆོག་གྱུར་གླིང་པའི་བཀའ་འབུམ་ཨ་པོད་ལས་ཞལ་བཤུས་
པའོ། །