བོད་ཁམས་གནས་ཆེན་ཉེར་ལྔའི་གཙོ་བོ་རྒྱམ་རྒྱལ་རྡོ་ཏི་གངས་དཀར་གྱི་དཀར་ཆག་རོལ་པའི་རྡོ་རྗེའི་གཏེར་བྱོན་བཞུགས་སོ། །
༄༅། །ན་མོ་གུ་རུ་དྷེ་ཝཱ་དྷ་ཀི་ནི་ཡེ༔ ཨེ་མ་དུས་གསུམ་རྒྱལ་བ་ཀུན་གྱི་གཙུག་གི་རྒྱན༔ འདྲེན་པ་མཉམ་མེད་རྗེ་བཙུན་པད་འབྱུང་ནམ༔མ་འོངས་སྙིགས་མའི་སེམས་ཅན་འདུལ་བའི་ཕྱིར༔ ཐབས་མཁས་ཐུགས་རྗེ་ཡེ་ཤེས་མཐའ་ཡས་པ༔ རི་རྣམས་མཐོང་གྲོལ་ཆུ་རྣམས་མྱོང་གྲོལ་མཛད༔བོད་དུ་གནས་ཆེན་བརྒྱ་དང་རྩ་བརྒྱད་དང༔ ཡང་ཕྲན་སྟོང་དང་རྩ་གཉིས་བཞུགས་ལགས་ཀྱང༔ ཁྱད་པར་འཕགས་པའི་རྒྱམ་རྒྱལ་རྡོ་ཏི་འདི༔འདས་པའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས༔ ད་ལྟའི་སངས་རྒྱས་པད་འབྱུང་ལུང་བསྟན་པ༔ མ་འོངས་རྗེས་འཇུག་རྣམས་ཀྱི་འགྲོ་དོན་མཛད༔འདི་ཉིད་བཞུགས་པའི་ཕྱོགས་རྣམས་ཐམས་ཅད་དུ༔ བཀྲ་ཤིས་བདེ་སྐྱིད་རྣམ་པ་ཀུན་ཏུ་འབྱུང༔ དེ་ཡང་རྡོ་ཏི་གངས་ཀྱི་ར་བ་འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་པ་ནི། འོ་ན་སྔོན་བསྐལ་པ་ཀུན་གྱི་ཐོག་མར་སྣང་སྲིད་ཡེ་མེད་ཀྱི་དུས་ན༔ བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་རང་བྱུང་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར་བའི་ཚེ༔ ཆོས་སྐུ་ཀུན་ཟླུམ་འོད་ཀྱི་ངང༔ སྐྱེ་མེད་སྤྲོས་བྲལ་མི་འགྱུར་ཀ་དག་ཡེ་སངས་རྒྱས་པའི་ཐུགས་ཀྱི་ཀློང་ནས༔ ཡེ་ཤེས་ལྔའི་འོད་ཟེར་སྣང་འཕྲོ་འདུ་ལས༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ཞེས་བྱ་བས་སྤྲུལ་པའི་ཐུགས་ཀ་ནས༔ ལོངས་སྐུ་གངས་ཅན་མཚོ་རྒྱལ་ཕྱག་མཉམ་བཞག་གི་བཻཌཱུརྱའི་ལྷུང་བཟེད་སྤོས་ཆུའི་རྒྱ་མཚོས་གཏམས་པའི་དབུས་ནས༔ ཆུ་དང་རླུང་གི་མཎྜལ་བྱེ་བ་བརྩེགས་པའི་སྟེང་དུ་ནོར་བུ་ཀུན་ཏུ་སྣང་བར་བྱེད་པའི་ཆར་གྱི་ཞིང་ཉི་ཤུ་རྩ་ལྔ་བརྩེགས་མར་ཆག ས་བཅུ་གསུམ་ཐུབ་པའི་འདུལ་ཞིང་མི་མཇེད་འཇིག་རྟེན་སྟོང་གསུམ་གྱི་གླིང་ཆགས་པ་སྟེ༔ རིའི་རྒྱལ་པོ་རི་རབ་དང་གླིང་བཞི་སོགས་ཆགས་པ་ལས༔ དེ་ཡང་རྡུལ་རགས་སྦུ་བ་སྨུག་པོ་རྒྱ་སྲན་ཙམ་གཅིག་ལ་མཚོན་པས་རྒྱམ་རྒྱལ་རྡོ་ཏི་གངས་དཀར་འདི་ཆགས་སྔ་དེ་ནས་བར་གྱི་བསྐལ་པ་ལ་རི་རབ་ཀྱི་རྩེ་མོར་ལྷ་ཆེན་པོ་མ་ཧཱ་དེ་ཝ་དང༔ ལྷ་མོ་ཨུ་མ་དེ་ཝ་གཉིས་ཀྱིས་བཟུང་ནས་གླིང་བཞི་གླིང་ཕྲན་གྱི་ཡུལ་ཆེན་པོ་ཉེར་བཞི༔ གནས་སུམ་ཅུ་རྩ་གཉིས༔ དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པའི་གནས་དེར༔ ཞིང་སྐྱོང་དང༔ ལང་ཀ་དང༔ ཕྲ་མེན་ལ་སོགས་དྲེགས་པ་ཅན་མང་དུ་བསྡུས་ནས་རྡོའི་ཕོ་མོའི་མཚན་མ་རེ་རེ་བཞེངས༔ ལྷ་ཆེན་པོ་མཆོད་པའི་ཕྱིར་དུ་གླིང་བཞིའི་སེམས་ཅན་ཐམས་ཅད་ཀྱི་སྲོག་དབུགས་བསྡུས་ཏེ་ཉིན་རེ་བཞིན་དམར་མཆོད་དཔག་མེད་བྱས་པས༔ དེའི་ཚེ་སངས་རྒྱས་ཀྱི་བསྟན་པ་ནུབ་ཏུ་ཉེ་བས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐུགས་བསྡུས་ཏེ༔ བཅོམ་ལྡན་རྡོ་རྗེ་འཛིན་རི་རབ་ཀྱི་རྩེ་ནས་རྫུ་འཕྲུལ་གྱིས་འོག་མིན་ཆོས་ཀྱི་དབྱིངས་སུ་སོང་ནས་བཅོམ་ལྡན་འདས་དྲུག་པ་རྡོ་རྗེ་འཆང་ཆེན་ལ་འདུལ་ཐབས་ཞུས་པས༔ རྡོ་རྗེ་འཆང་ཆེན་པོ་ནས་འབྲུག་གི་ཧཱེ་རུ་ཀ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་མཉམ་པར་སྦྱོར་དུ་ཡོད་པ་མཛད་དེ༔ རི་རབ་ཀྱི་རྩེ་མོར་མ་ཧཱ་དེ་ཝཱ་གནས་པའི་ཐད་དུ་གཤེགས་ནས་འཁོར་འདུལ་བའི་ཕྱིར་དུ་སྡིག་པའི་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ་སྐུ་ཤིན་ཏུ་ཁྲོས་པའི་ཉམས་ཅན་སྒེག་པ་འཇིགས་གཏུམ་སོགས་དཔལ་དང་དུར་ཁྲོད་ཆས་ཀྱི་རོལ་པས་མ་ཧཱ་དེ་ཝཱ་བཏུལ་ནས༔ དོན་ཧེ་རུ་ཀ་རྡོ་རྗེ་འཛིན་པར་སྤྲུལ་ནས་ལྷ་ཆེན་ཡབ་ཡུམ་བསྒྱེལ་བའི་སྟེང་དུ་བཞུགས་པས་ལྷ་ཆེན་པོས་ཟག་པ་ཤོར་བ་ལས་དཔག་བསམ་གྱི་ཤིང་ཆེན་པོ་བྱུང༔ ཀླད་པ་ལས་བོད་ཀྱི་གངས་ར་ཉེར་ལྔ་བྱུང༔ ཁྲག་རྣམས་བླ་མཚོར་གྱུར༔ རུས་པ་དུར་ཁྲོད་དུ་གྱུར༔ ནང་ཁྲོལ་རྣམས་རང་བྱོན་གྱི་གཟུགས་སྐུའི་སྤྲུལ་པས༔ སྟེང་གི་ལྷ་བརྒྱད༔ འོག་གི་ཀླུ་བརྒྱད༔ བར་གྱི་གཉེན་བརྒྱད༔ དྲེགས་པའི་སྡེ་དཔོན་སུམ་ཅུ་འཇིགས་བྱེད་ཆེན་པོ་དགུ་དང༔ གཙང་རིགས་ཀྱི་དཔལ་མགོན་ཐམས་ཅད་འཁོར་དུ་བཙུད༔ གནས་ཡུལ་དུར་ཁྲོད་ཐམས་ཅད་དུ་ཞིང་སྐྱོང་མ་མོ་ལང་ཀ་འདུལ་བའི་ཕྱིར་དུ་དཔའ་བོ་ཐམས་ཅད་ཀྱི་དུམ་བུ་སོགས་དང༔ ཕྱི་ལྟར་ན་དཔའ་བོ་མཁའ་འགྲོ་རྒྱ་མཚོ་སྐུ་རི་རབ་ཀྱི་རྡུལ་དང་མཉམ་པ༔ སངས་རྒྱས་བྱང་ཆུབ་སེམས་དཔའི་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པར༔ ནང་ལྟར་དཔའ་བོ་མཁའ་འགྲོ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས༔ གསང་བ་ལྟར་ཆེ་མཆོག་ལྷ་ལྔ་ལ་སོགས་པ་སྤྲུལ་ནས༔ དེའི་ཚེ་གསང་དུ་འབྲས་འདས་དང་མ་འདས་པའི་ཆོས་བསམ་གྱིས་མི་ཁྱབ་པ་གསུངས་པའི་དུས་སུ༔ རྡོ་ཏི་གངས་དཀར་གྱི་ར་བ་འདི་ཡང་གནས་སུ་བྱིན་གྱིས་བརླབས༔ མ་ཧཱ་དེ་ཝཱ་ལ་གསང་བའི་འཆོམ་པོ་བརྒྱད་ཡོད་པ་དེ་འདིར་སྐོས་ནས་གནས་སྲུང་དུ་ཁས་བླངས༔ མདོར་ན་བྱང་སྒོ་ཁྱི་གདོང་ནག་མོའི་གནས་ཡིན༔ དེའི་འོག་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ནས་རྩ་མཆོག་འོད་མའི་ཚལ་དུ་སྐུ་མྱ་ངན་ལས་འདས་པར་མཛད་པས༔ འཁོར་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སོགས་པ་དྲེད་ནས་བཞུགས་པར་གསོལ་ཀྱང༔ སྐུ་དངོས་ཀྱི་གདུལ་བྱ་རྫོགས་པར་ལུང་བསྟན་པས༔ དེའི་ཚེ་དགྲ་བཅོམ་ལྔ་བརྒྱས༔ སྟོན་པ་ཉིད་མྱ་ངན་ལས་འདས་ན༔ ཉིད་ཀྱི་བསྟན་པ་ནུབ་པར་འགྱུར་འཆི༔ དམ་པའི་ཆོས་ཀྱང་ནུབ་པར་འགྱུར་ཏེ་འཆི༔ འགྲོ་བའི་སྐྱབས་མགོན་མེད་པར་འགྱུར་ཏེ་འཆི༔ ཞེས་གསོལ་བས༔ སྟོན་པས་བཀའ་སྩལ་པ༔ ཉི་མ་ནུབ་ཀློང་ཉི་མ་འཆར༔ ང་ནི་མྱ་ངན་འདས་འོག་ཏུ༔ ལོ་ནི་བཅུ་གཉིས་ལོན་པའི་ཚེ༔ དྷ་ན་ཀོ་ཤིའི་མཚོ་གླིང་དུ༔ པདྨའི་ནང་ནས་རང་བྱུང་བའི༔ ང་ལས་ལྷག་པའི་པད་འབྱུང་བྱོན༔ གསང་སྔགས་ཆོས་ཀྱི་རྒྱལ་མཚན་འཛུགས༔ ཁྱེད་རྣམས་མྱ་ངན་མ་བྱེད་ཅིག༔ བསྟན་པ་རྒྱས་ཕྱིར་གསུང་ཆོས་རྣམས༔ སྟེང་འོག་ཕྱོགས་བཅུར་གཏེར་དུ་སྦས༔ ཞེས་གསུངས་སོ། །ཁྱད་པར་དུ་རྒྱ་ཡུལ་ལ་ཚད་པ་ཆེ་བས་དཔེ་བཏུལ་ཞིང༔ སྐུ་གསུང་ཐུགས་རྟེན་སྦས་རུང་བའི་ཆོས་དང་གནས་ཁྱད་འཕགས་ཅན་ཐམས་ཅད་དུ་མུ་སྟེགས་རྣམས་ཀྱིས་ངན་རྫས་བཏབ་ནས་བྱིན་བརླབས་ཉམས་པར་བྱེད་པས༔ དེའི་ཕྱིར་བོད་ཁ་བའི་ཡུལ་དུ་གངས་ར་ཉེར་ལྔ་ལ་སྦས་ན་བྱིན་བརླབས་མི་ཉམས་ཤིང་འགྲོ་བའི་དད་རྟེན་དུ་འགྱུར་རོ༔ མུ་སྟེགས་མི་འོངས་ཁ་གནོན་དུ་བསྟན་མ་བཅུ་གཉིས་ལ་བཀའ་གཏད་ནས༔ བཅོམ་ལྡན་འདས་འཁོར་དང་བཅས་ནམ་མཁའ་ནས་བོད་ཡུལ་དུ་བྱོན༔ གངས་ཏི་སེར་ཐོག་མར་ཕེབས༔ མ་ཧ་དེ་ཝཱས་བསྟན་འགྱུར་ཕུལ༔ མཆོད་གནས་སུ་གནས་བསྟན་ཡན་ལག་འབྱུང་གནས་གནང༔ ཕེབས་པའི་རྟགས་ལ་སྟོན་པའི་ཕྱག་རྗེས་ཡོད༔ དེ་ནས་ཙཱ་རི་ལ་ཕེབས༔ ཕེབས་པའི་རྟགས་ལ་མཁའ་འགྲོ་འབུམ་ཕྲག་གི་དབུ་རྩེར་སྟོན་པའི་ཞབས་རྗེས་ཡོད༔ དེ་ནས་སྤུ་བོ་པདྨ་བཀོད་ཆུང་དུ་ཕེབས༔ དེར་ཞབས་རྗེས་ཡོད༔ དེ་བཞིན་པདྨ་བཀོད་ཆེན༔ འབྲས་མོ་ལྗོངས༔ མཁའ་འགྲོ་ཁ་རག༔ འོད་དེ་འབྲི་ཏི༔ གཟེ་རྒྱལ༔ ཁ་བ་དཀར་པོ༔ རི་བོ་བྱ་རྐང༔ ཀཾ་པོ་གངས་ར༔ ཤམ་པོ་གངས་ར༔ རྡོ་ཏི་གངས་ར་སོགས་ལ་ཕེབས༔ རྡོ་ཏི་འདི་རུ་ཕེབས་པའི་རྟགས་ལ་བླ་མཚོ་ནག་པོའི་ནང་དུ་སྟོན་པའི་ཕྱག་རྗེས་ཡོད༔ གངས་རིའི་ནང་རྟེན་ཁྱད་པར་ཅན་ཐམས་ཅད་གཏེར་དུ་སྦས་སོ༔ དེའི་འོག་ཕྱག་ན་རྡོ་རྗེས་ཆོས་གསུངས་པའི་ཚེ༔ འདིར་གསང་སྔགས་ཀྱི་ཆོས་སྐལ་དུ་ཕྱག་མཚན་རྡོ་རྗེ་འཕངས་པས་གངས་རི་རྡོ་རྗེ་རྩེ་ལྔའི་དབྱིབས་སུ་གྱུར༔ རྡོ་ཏི་མཆེད་བརྒྱད་ཀྱིས་གདམས་ངག་ཆོས་ཐོབ༔ དེ་འོག་སློབ་དཔོན་ཆེན་པོ་སྤྲུལ་པའི་སྐུ་ལ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་སྐུ་འཁྲུངས་ནས༔ སྤྲུལ་པས་སེམས་ཅན་གྱི་དོན་མཛད་པའི་ཚེ༔ གནས་འདིར་ཟླ་བ་བདུན་བཞུགས་ནས་ལྷ་འདྲེ་རྣམས་ལ་ཆོས་གསུངས༔ རྨ་རྒྱལ་སྤོམ་ར་ལ་སོགས་མདོ་ཁམས་ཀྱི་དགེ་བསྙེན་དྲེགས་པ་ཅན་ཐམས་ཅད་ཀྱི་སྲོག་སྙིང་ཕུལ༔ གསང་སྔགས་ཐེག་པ་ཆེན་པོའི་དབང་གྲལ་དུ་བཙུད༔ ཐུགས་དགོངས་ཀྱི་གནས་རི་བླ་མཚོ་ཐམས་ཅད་རྫུ་འཕྲུལ་གྱིས་སྤྲུལ་ནས་བྱིན་གྱིས་བརླབས༔ མ་འོངས་འགྲོ་བའི་དད་རྟེན་སྨོན་ལམ་གྱིས་རྒྱས་བཏབ༔ གཏེར་ཁ་དཔག་མེད་སྦས་ནས་བཀའ་སྩལ་པ༔ ངའི་རྗེས་འཇུག་ལས་ཅན་སྐྱེས་བུ་རྣམས༔ འགྲོ་དོན་དུས་བབས་གནས་སྒོ་འདི་འབྱེད་ཚེ༔ སེམས་བསྐྱེད་རྒྱ་ཆེན་བསྔོ་སྨོན་ཡང་ཡང་ཐོབ༔ འགྲོ་བ་ཕོ་མོ་ཆེ་ཕྲ་ཐམས་ཅད་ཀྱིས༔ རྟེན་འབྲེལ་མ་འཆུག་རྗེས་འཛིན་གསུང་དང་བསྟུན༔ སྙིང་རུས་ཅན་གྱི་འགྲོ་བ་ཕོ་མོ་རྣམས༔ གནས་འདི་སྐོར་ན་ངན་སོང་གཡང་ས་གཅོད༔ ཚེ་འདིར་བསོད་ནམས་བདེ་སྐྱིད་དཔག་མེད་འབྱུང༔ སྐྱེ་བ་གསུམ་ནས་གསང་སྔགས་ཆོས་ལ་སྤྱོད༔ ཕྱི་མ་ཨོ་རྒྱན་བདག་གི་དྲུང་དུ་སྐྱེ༔ ཚེས་བརྒྱད་ཉ་སྟོང་དུས་ཆེན་ཐམས་ཅད་དུ༔ དད་མོས་རྩེ་གཅིག་སྐོར་དང་ཕྱག་འཚལ་ན༔ བསྐོར་བ་གཅིག་ལ་འབུམ་འགྱུར་ཐེ་ཚོམ་མེད༔ མི་ལུས་དོན་ཡོད་ཚོགས་བསགས་སྒྲིབ་སྦྱོང་ཕྱིར༔ མཐོང་གྲོལ་ཁྱད་འཕགས་གནས་འདི་ངོ་མཚར་ཆེ༔ དད་མོས་ཅན་ལ་འོག་མིན་ཞིང་དང་མཉམ༔ ལོག་ལྟ་ཅན་ལ་སངས་རྒྱས་སྐྱོན་དུ་མཐོང༔ ཐེ་ཚོམ་ཅན་ལ་བདག་གིས་སྐྱོབ་མི་འགྱུར༔ ཞེས་གསུངས་ཤིང་སློབ་བུའི་ཚོགས་ལ་གདམས་སོ༔
དེ་ནས་ཡང་གནས་ཀྱི་ཚུལ་བརྗོད་པ་ནི༔ རི་བོའི་རྩེ་མོ་རྡོ་རྗེ་རྩེ་ལྔ་འདྲ༔ གསང་སྔགས་ཐེག་པ་ཆེན་པོའི་གནས་སུ་བཟང༔ སངས་རྒྱས་བསྟན་པ་ཀུན་ཏུ་རྒྱས་པའི་རྟགས༔ ཕྱོགས་བཞིར་ཆུ་བཞི་འབབ་པ་འདི༔ ཐུགས་རྗེ་རྒྱུན་ཆད་མེད་པའི་རྟགས༔ རིན་ཆེན་བྲག་རིས་བརྒྱན་པ་འདི༔ གསང་སྔགས་ཕོ་བྲང་བརྒྱན་པའི་རྟགས༔ རྩེ་མོ་གངས་རིས་བརྒྱན་པ་དེ༔ སྐྱེ་མེད་ཆོས་སྐུ་མཚོན་པའི་རྟགས༔ རི་བོ་རྔམ་བརྗིད་ལྡན་པ་དེ༔ མ་འགག་ཡོན་ཏན་རྫོགས་པའི་རྟགས༔ ཆུ་ཕྲན་སྣ་ཚོགས་འབབ་པ་དེ༔ སྤྲུལ་པས་འགྲོ་དོན་མཛད་པའི་རྟགས༔ བླ་མཚོ་སྣ་ཚོགས་བསྐོར་བ་དེ༔ བསོད་ནམས་ཤེས་རབ་འཆར་བའི་རྟགས༔ འཁོར་གདུག་པ་ཅན་གྱིས་བསྐོར་བ་དེ༔ ཆོས་སྐྱོང་སྤྲིན་ལྟར་འདུས་པའི་རྟགས༔ སྤོས་ངད་ཆིལ་ཆིལ་འབྱུང་བ་དེ༔ མ་དང་མཁའ་འགྲོ་འདུས་པའི་རྟགས༔ དུས་བཟང་འཇའ་ཚོན་འཁྲིགས་པ་དེ༔ རིག་འཛིན་ཕོ་བྲང་ཡིན་པའི་རྟགས༔ རྩེ་ནས་སྤྲིན་ནག་འཁྲིགས་པ་དེ༔ དྲག་པོའི་ཕོ་བྲང་ཡིན་པའི་རྟགས༔ བར་ནས་འབྲུག་སྒྲ་སྒྲོགས་པ་དེ༔ གསང་སྔགས་ཆོས་སྒྲ་སྒྲོག་པའི་རྟགས༔ ཐོག་དང་སེར་བ་འཁྲུགས་པ་དེ༔ གནས་སྲུང་དྲག་རྩལ་མྱུར་བའི་རྟགས༔ ཡ་མཚན་ཁྱད་པར་འཕགས་པའི་གནས༔ རྒྱལ་བས་བྱིན་གྱིས་བརླབས་པའི་གནས༔ དད་ལྡན་མཐོ་རིས་འདྲེན་པའི་གནས༔ ཚོགས་གཉིས་དངོས་གྲུབ་སྟེར་བའི་གནས༔ འཛམ་བུ་གླིང་གི་རྒྱན་གྱུར་གནས༔ མདོ་ཁམས་ས་ཡི་ལྟེ་བའི་གནས༔ རི་བོ་ཤེལ་གྱི་མཆོད་རྟེན་འདི༔ འགྲོ་བའི་མཆོད་པའི་རྟེན་དུ་གྱུར༔ རྩེ་མོ་ལྷ་ཡི་ཡུལ་དུ་སླེབས༔ དེ་ལ་ལྷ་ཡི་དབྱངས་བསྐོར་བྱེད༔ སྟེང་གནས་ལྷ་རྣམས་མཐོ་རིས་འདྲེན༔ བར་ཕྱོགས་མི་ཡི་ཡུལ་དུ་བཞུགས༔ མི་རྣམས་ཕྱག་དང་མཆོད་བསྐོར་བྱེད༔ སྐྱེ་འགྲོའི་མཆོད་གནས་འགྲོ་དོན་བྱེད༔ རྩ་བ་ཀླུ་ཡི་ཡུལ་དུ་ཟུག༔ ཀླུ་ཡི་ཚོགས་ཀྱིས་དབྱངས་བསྐོར་བྱེད༔ ཕྱི་ནི་ཏི་སེ་གངས་ཀྱི་དབྱིབས༔ ཤེལ་གྱི་མཆོད་རྟེན་གྲུ་བཞི་པ༔ འདི་མཐོང་བ་ཙམ་གྱིས་གནས་ངན་ཆོད༔ ནང་ནི་དག་པ་ལྷ་ཡི་ཞིང༔ དུས་གསུམ་རྒྱལ་བས་ནམ་མཁའ་གང༔ དཀྱིལ་འཁོར་གྲུ་བཞི་ཚུལ་དུ་གནས༔ གྲུབ་ཐོབ་རྣམས་ཀྱིས་ཞབས་ཀྱིས་བཅགས༔ དགའ་ལྡན་དངོས་གྲུབ་ལེན་པའི་གནས༔ ཚེ་གཅིག་སངས་རྒྱས་འགྲུབ་པའི་གནས༔ འཇའ་ལུས་ཆོས་སྐུ་ཐོབ་པའི་གནས༔ བྱིན་བརླབས་དངོས་གྲུབ་འབྱུང་བའི་གནས༔ ཉམས་དང་རྟོགས་པ་འཕེལ་བའི་གནས༔ མཁའ་འགྲོ་ལུང་བསྟན་བྱེད་པའི་གནས༔ ཡི་དམ་ཞལ་གཟིགས་འབྱུང་བའི་གནས༔ ཕ་ནོར་ལག་ཏུ་ལོན་པའི་གནས༔ སྒྲུབ་ལ་བར་ཆད་མེད་པའི་གནས༔ རྩ་རླུང་རང་དབང་ཐོབ་པའི་གནས༔ ཐིག་ལེ་རྟག་ཏུ་འཆར་བའི་གནས༔ སངས་རྒྱས་བསྟན་པར་དར་བའི་གནས༔ དད་ལྡན་གདུལ་བྱ་འབྱུང་བའི་གནས༔ གསང་སྔགས་རྒྱལ་མཚན་ཚུགས་པའི་གནས༔ ཁམས་གསུམ་དབང་དུ་བསྡུས་པའི་གནས༔ ཕྱི་ནང་བར་ཆད་ཞི་བའི་གནས༔ ཚེ་དཔལ་ཡོན་ཏན་རྒྱས་པའི་གནས༔ མཐའ་དམག་དུས་འཁྲུགས་བཟློག་པའི་གནས༔ ཨོ་རྒྱན་བསྟན་པ་འཕེལ་བའི་གནས༔ ཐེག་ཆེན་ཆོས་སྒྲ་འཛུགས་པའི་གནས༔ དྲོད་རྟགས་ཡོན་ཏན་འབྱུང་བའི་གནས༔ མཆོག་ཐུན་དངོས་གྲུབ་འབྱུང་བའི་གནས༔ གནས་མཆོག་ཆེན་པོ་རྡོ་ཏི་འདི༔ ཆོས་སྐུ་ཟང་ཐལ་ཤ་ར་ར༔ ལོངས་སྐུའི་ཉི་ཟླ་ཀྱི་ལི་ལི༔ སྤྲུལ་སྐུའི་སྤྲིན་ཚོགས་ཐིབས་སེ་ཐིབས༔ ཆོས་སྐྱོང་གློག་དམར་ཁྱུགས་སེ་ཁྱུགས༔ ལས་བྱེད་ཐོག་རྒོད་ཤ་ར་ར༔ དམ་ཅན་སེར་དྲག་ཆི་ལི་ལི༔ མཁའ་འགྲོ་གླུ་ལེན་ཀྱུ་རུ་རུ༔ གནས་སྲུང་དྲག་རྩལ་ལམ་སེ་ལམ༔ རྒྱམ་རྒྱལ་རྡོ་ཏི་མཆེད་བརྒྱད་ཁྱོད༔ དྲེགས་པ་འཆོལ་བ་ལྷ་ཡི་བུ༔ ལྷ་མི་ཀླུ་ལ་གཉེན་གྱི་རིགས༔ གཉན་བདུད་རིགས་ལ་དྲག་རྩལ་ཆེ༔ མ་རུང་སྣ་ཚོགས་འཇིགས་ཚུལ་སྟོན༔ བྲག་ནག་རླུག་འདུར་ཤ་ར་ར༔ ང་བདེ་ཆེན་རྡོ་རྗེས་བརྩམས་པ་ཡིན༔ སེམས་ངན་འཆང་བའི་སྡེ་དཔོན་དང༔ དགྲ་བོ་ཁ་མང་མི་ཁ་ཁོག༔ མིག་མང་མིག་སྒྲིབ་ལག་མང་ཆོག༔ དགྲ་ཁ་རྒྱ་གྲམ་དམར་པོ་ཐོབ༔ དམ་ཅན་རྒྱ་མཚོས་ཚར་ཆོད་ཅིག༔ སྲོག་དབུགས་དོན་སྙིང་རྔམ་ཟས་གྱིས༔ ལོ་དང་ཟླ་བ་མ་བཞག་པ༔ ཐལ་བ་རྡུལ་དུ་ཡུད་ཀྱིས་བརློགས༔ ཨོཾ་ཏྲི་སཾ་བཛྲ་ས་དྷུ་ལོག་ཏྲི་རྦད༔ ས་མ་ཡ༔ རྒྱམ་རྒྱལ་རྡོ་ཏི་མཆེད་བརྒྱད་འདི༔ རྩེ་མོ་གསུམ་དུ་འདུག་པ་དེ༔ ཕྱི་ལྟར་རིགས་གསུམ་མགོན་པོ་ཡིན༔ ནང་ལྟར་དུས་གསུམ་སངས་རྒྱས་ཡིན༔ གསང་བ་ཆོས་ལོངས་སྤྲུལ་གསུམ་ཡིན༔ དེ་ཕྱིར་ཐེག་པ་དགུ་རྣམས་ཚང༔ ཤེལ་གྱི་མཆོད་སྡོང་འབར་བ་ལ༔ གྲུ་བཞི་སྒོ་བཞི་རྡོ་རྗེ་གདན༔ དབང་ཆེན་གཏིང་ནི་རྒྱ་མཚོ་ཐུག༔ བང་རིམ་དེ་ནི་བཅུ་གསུམ་སྟེ༔ བཅུ་གསུམ་རྡོ་རྗེ་འཛིན་པའི་བརྡའ༔ སྒོ་ནི་བརྒྱད་ཁྲི་བཞི་སྟོང་ཡོད༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་མཚོན༔ རྩེ་མོ་ཉི་ཟླ་ནོར་བུ་ལ༔ ཆོས་སྐུ་ཐེག་ལེ་ཤིག་སེ་ཤིག༔ ལོངས་སྐུའི་ཟེར་ཐག་བྲེང་སེ་བྲེང༔ སྤྲུལ་སྐུའི་འཇའ་མཚོན་ཡ་ལ་ལ༔ རིག་འཛིན་རུས་རྒྱན་སི་ལི་ལི༔ མཁའ་འགྲོའི་གཡེར་ཁ་སིལ་ལེ་ཡོད༔ ཏོག་ལ་ཆོས་སྐུ་དཀྱིལ་འཁོར་ཡོད༔ གཙོ་བོ་ཀུན་བཟང་ཡབ་ཡུམ་ལ༔ ལོངས་སྐུ་རིགས་ལྔ་སྟོང་གིས་བསྐོར༔ སྐལ་ལྡན་དབང་པོ་རབ་ཀྱིས་མཇལ༔ སྐྱེ་མེད་ཆོས་སྐུའི་དོན་མཐོང་ནས༔ ཀ་དག་རྫོགས་ཆེན་གདེངས་ཚད་ཐོབ༔ ཨ་ཏི་ཅིག་ཆར་དཀྱིལ་འཁོར་ཡིན༔ འོག་མིན་གནས་མཆོག་རྡོ་ཏི་གངས༔ ཁྲིག་ཆོད་ཐོད་རྒལ་སྒོམ་པའི་གནས་སུ་བཟང༔ ཉི་ཟླ་སངས་རྒྱས་མཉམ་སྦྱོར་དཀྱིལ་འཁོར་ཡིན༔ འབྲས་བུ་རྫོགས་པའི་ཧེ་རུ་ཀ༔ དཀར་དམར་རྡོ་དྲིལ་ཡུམ་དང་སྦྱར༔ འཁོར་ལོ་བདེ་མཆོག་དཀྱིལ་འཁོར་ཡིན༔ དབུ་ལ་རྒྱལ་བ་རིགས་ལྔས་བརྒྱན༔ ཞི་བ་བཞི་བཅུ་རྩ་གཉིས་ནི༔ སྒེག་མཛེས་ཡིད་འོང་ཚུལ་དུ་བཞུགས༔ སྐུ་དང་ཡིག་འབྲུ་ལམ་སེ་ལམ༔ ཐིག་ལེ་འཇའ་ཚོན་ཤིག་སེ་ཤིག༔ འཇའ་ཚོན་སྤྲིན་ཕུང་ཐིབ་སེ་ཐིབ༔ དྲུག་ཅུ་རྩ་གཉིས་ལྷ་ཚོགས་འདི༔ གནས་ཡུལ་དུར་ཁྲོད་འདུལ་བའི་ཞིང༔ དག་པ་ལོངས་སྐུའི་ཞིང་ཁམས་ཏེ༔ སྟུག་པོ་བཀོད་པའི་ཞིང་དང་མཉམ༔ རྩ་རླུང་ཐིག་ལེ་བསྒོམ་པའི་གནས༔ སྐལ་ལྡན་དབང་པོ་རབས་ཀྱིས་མཇལ༔ མཆོག་གི་དངོས་གྲུབ་ཐོབ་པར་ཐེ་ཚོམ་མེད༔ ཚུལ་ནི་ཨ་ནུ་ཡོ་གར་མཚུངས༔ གདུགས་ནི་ཀུན་ལ་ཁྱབ་པར་བྱེད༔ རིན་ཆེན་བྲག་རི་དྲ་ཕྱེད་ལ༔ མཆོད་པའི་ལྷ་མོ་འབུམ་འབུམ་འཕྲོ༔ ཆོས་འཁོར་བཅུ་གསུམ་རིམ་བརྩེགས་ལ༔ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི༔ མདོ་སྔགས་ཆོས་རྣམས་དཔག་མེད་བཞུགས༔ ཐེག་དགུའི་སྤྱི་རྒྱལ་རིམ་བགྲོད་དུ༔ ས་བཅུ་གསུམ་གནས་འདིར་བགྲོད་པའི་བརྡའ༔ ཤར་ནི་རྡོ་རྗེ་རིགས་ཀྱི་ཞིང༔ ལྷོ་ན་རིན་ཆེན་རིགས་ཀྱི་ཞིང༔ ནུབ་ན་པདྨ་རིགས་ཀྱི་ཞིང༔ བྱང་ན་ལས་རབས་རྫོགས་པའི་ཞིང༔ དབུས་ན་རྣམ་སྣང་བཀོད་པའི་ཞིང༔ རྩ་འཁོར་ལྔ་ཡི་གཞལ་ཡས་ལ༔ རླུང་ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་ཆགས༔ དོན་སྒྲོན་མ་དྲུག་གི་ལྷ་དང་མཇལ༔ འདི་མ་བཅོས་སྐྱེ་མེད་ཟང་ཐལ་ངང༔ གནད་ཕྱག་རྒྱ་དྲུག་གིས་བཅིང་བཀྲོལ་ཏེ༔ དོན་མི་འགྱུར་ངེས་དོན་གཏན་ལ་ཕབ༔ ཐེག་ཆེན་བསྟན་པ་འཛིན་པའི་གནས༔ དེ་འོག་བྲེ་ལ་སྤྱི་ཏིག་གཞལ་ཡས་ཁང༔ ཆོས་རྣམས་ཀུན་གྱི་འབྱུང་བའི་དལ༔ དབུས་སུ་འཇམ་དཔལ་ཕྱག་སྟོང་བཞུགས༔ སྤྲུལ་སྐུའི་ལྷ་ཚོགས་འབུམ་གྱིས་བསྐོར༔ བུམ་པ་སྐྱེ་མེད་ཟླུམ་པོའི་དལ༔ བཅོམ་ལྡན་འདས་ཀྱི་སྐུ་ཚབ་ཡིན༔ བོད་ཁམས་ཡོངས་ཀྱི་རྟེན་སྐལ་ཡིན༔ རྫུ་འཕྲུལ་རིང་བསྲེལ་མང་པོ་དང༔ དགྲ་བཅོམ་ལྔ་བརྒྱའི་རྣམ་རྒྱལ་བཞུགས༔ དེ་ནང་གཙོ་བོ་ཆོས་ཀྱི་སྐུ༔ སྣང་བ་མཐའ་ཡས་ལོངས་སྤྱོད་རྫོགས༔ བྱང་ཆུབ་སེམས་དཔའ་ཕོ་མོས་བསྐོར༔ ལས་དང་སྐལ་བ་ལྡན་པ་ཡིས༔ སྐྱེ་མེད་ཆོས་རྣམས་གསུངས་པ་གོ༔ སྟི་གུ་རྣམས་ཀྱིས་ཀྱི་མ་གོ༔ དེ་ཡི་གཡས་སུ་སྤྱན་རས་གཟིགས༔ ཕྱག་སྟོང་སྤྱན་སྟོང་ཚུལ་དུ་བཞུགས༔ ཕྱག་ལ་འཁོར་ལོའི་སྒྱུར་རྒྱལ་བསྣམས༔ སྤྱན་ལ་བསྐལ་བཟང་སངས་རྒྱས་སྟོང༔ སངས་རྒྱས་འོད་དཔག་མེད་བཞུགས་པས༔ གནས་འདི་བདེ་ཅན་མཇལ་དང་ཁྱད་པར་མེད༔ སྤྱན་རས་གཟིགས་དབང་བཞུགས་པས་ན༔ རི་བོ་ཏ་ལ་མཇལ་དང་ཁྱད་པར་མེད༔ གཡས་སུ་ཨོ་རྒྱན་པདྨ་ལ༔ རྗེ་འབངས་གྲུབ་ཐོབ་རྒྱ་མཚོས་སྐོར༔ ཟངས་མདོག་དཔལ་རི་མཇལ་དང་ཁྱད་པར་མེད༔ དེ་ནས་བུམ་པའི་ད་ལ་རུ༔ སྦྱོང་གི་དྲུག་གི་བླ་མཚོ་རུ༔ སྤུང་ངེ་ཐིབས་སེ་གྲངས་མི་ལོང༔ ཚད་མེད་བཞི་ལ་རྒྱུད་སྡེ་བཞི༔ ཤར་ན་བྱ་རྒྱུད་ལྷ་ཚོགས་བཞུགས༔ ལྷོ་ན་སྤྱོད་རྒྱུད་ལྷ་ཚོགས་བཞུགས༔ རྒྱས་བྱེད་ཞི་བའི་བླ་མཚོ་ཡོད༔ ནུབ་ན་རྣལ་འབྱོར་ལྷ་ཚོགས་བཞུགས༔ ཟབ་ལམ་གསུམ་གྱི་བླ་མཚོ་ཡོད༔ བྱང་དུ་བླ་མདོ་རུད་སྒོ་ཡོད༔ ཕྲིན་ལས་བཞི་ཡི་བླ་མཚོ་བཞུགས༔ སེང་ཁྲ་རྟ་བབ་སྒོ་ཁང་དུ༔ སྒོ་ནི་བརྒྱད་ཁྲི་བཞི་སྟོང་ཡོད༔ ཡེ་ཤེས་ལས་ཀྱི་མཁའ་འགྲོ་ནི༔ བྱེ་བ་བདུན་འབུམ་དག་གིས་བསྐོར༔ མ་ཧཱ་དེ་ཝཱ་ཡབ་ཡུམ་བཞུགས༔ དེ་དབུས་མཁའ་འགྲོའི་ཚོགས་ཁང་གཞལ་ཡས་ཁང༔ ཆེ་མཆོག་ཁྲག་འཐུང་ལྷ་ཚོགས་བཞུགས༔ ལྔ་བཅུ་རྩ་བརྒྱད་ལྷ་ཚོགས་ཡོད༔ སྒོ་ལ་མགོན་པོ་སྟོང་སྐུ་ཡོད༔ ཕྱག་ན་མགོན་པོ་སྟོང་སྐུ་ཡོད༔ སྒྲོལ་མ་དཀར་སྔོན་སྟོང་སྐུ་ཡོད༔ དོན་ཡོད་གྲུབ་པ་སྟོང་སྐུ་ཡོད༔ རྒྱལ་པོ་ཆེན་པོ་སྡེ་བཞི་ལ༔ དྲི་ཟ་གྲུལ་བུམ་ལྟོ་འཕྱེ་དང༔ མཁའ་ལྡིང་མི་མིན་ལྗོན་པ་སོགས༔ ཕྱོགས་བཅུ་སྐྱོང་བའི་མགོན་པོས་བསྐོར༔ རྣམ་སྲས་སྐྱ་བདུན་འཁོར་དང་བཅས༔ ཤ་ཟ་ཁྲག་འཐུང་ཌཱཀྐི་ཡོད༔ སྐྱབས་འགྲོ་རིམ་གསུམ་ཐེག་པ་གསུམ་གྱི་ཚུལ༔ ཉན་ཐོས་རང་རྒྱལ་བྱང་སེམས་ཀྱི༔ ལྷ་ཚོགས་ཐམས་ཅད་རང་བྱོན་བཞུགས༔ རྩ་བ་པད་སྡོང་འདབ་སྟོང་ལ༔ ཀླུ་ཆེན་བརྒྱད་ཀྱི་ལྟེ་གནས་ཡོད༔ དེ་ལ་ཀླུ་ཕྲན་མང་པོ་ཡི༔ ཕྱག་དང་མཆོད་པ་བསྐོར་བ་བྱེད༔ སྤྱིར་གནས་མཆོག་ཆེན་པོ་རྡོ་ཏི་འདི་ལ༔ མདོ་གནས་སྔགས་གནས་གཉིས་ཀ་ཡིན༔ གསར་གནས་རྙིང་གནས་གཉིས་ཀ་ཡིན༔ ཞི་གནས་དྲག་གནས་གཉིས་ཀ་ཡིན༔ སྦས་གནས་སྒྲུབ་གནས་གཉིས་ཀ་ཡིན༔ ཡབ་གནས་ཡུམ་གནས་གཉིས་ཀ་ཡིན༔ བཀའ་གནས་གཏེར་གནས་གཉིས་ཀ་ཡིན༔ བན་གནས་བོན་གནས་གཉིས་ཀ་ཡིན༔ གནས་ཆེན་གནས་ཕྲན་གཉིས་ཀ་ཡིན༔ རྒྱ་གནས་བོད་གནས་གཉིས་ཀ་ཡིན༔ ཕྱི་གནས་ནང་གནས་གཉིས་ཀ་ཡིན༔ ཁྱད་པར་འཕགས་པའི་གནས་མཆོག་འདི༔ ཡེ་ཤེས་འཇིག་རྟེན་གཉིས་ཀ་ཡིན༔ ལན་གཅིག་མཇལ་བ་ཙམ་གྱིས་ཀྱང༔ བསྐལ་པ་མང་པོའི་སྡིག་སྒྲིབ་དག༔ བསྐོར་བ་ལན་གཅིག་བྱས་པས་ན༔ ངན་སོང་གཡང་ལས་སྐྱོབ་པར་ནུས༔ གསོལ་བ་ལན་གཅིག་བཏབ་ཙམ་གྱིས༔ ཕྱི་ནང་བར་ཆད་ཐམས་ཅད་ཞི༔ མཆོད་པ་ལན་གཅིག་ཕུལ་ཙམ་གྱིས༔ བསོད་ནམས་ཚོགས་ཆེན་རྫོགས་པར་བྱེད༔ ཕྱག་ནི་ལན་གཅིག་ཕུལ་བས་ཀྱང༔ ལུས་ངག་ཡིད་གསུམ་སྡིག་སྒྲིབ་དག༔ བ་གླང་ར་ལུག་རྟ་ནོར་ཁྱི༔ དུད་འགྲོ་འབུ་སྲིན་ཐམས་ཅད་ཀྱང༔ གནས་འདིར་བསྐོར་བ་ཙམ་གྱིས་ཀྱང༔ ཕྱི་མ་མི་ལུས་གཙང་མ་ལེན༔ ངན་སོང་སྐྱེ་སྒོ་འགགས་པར་ནུས༔ གནས་མཆོག་རྡོ་ཏི་གངས་དཀར་འདི༔ ཐར་ལམ་བགྲོད་པའི་ཐེམ་སྐས་ཡིན༔ ངན་སོང་འཕྲང་གཅོད་སྒོ་མོ་ཡིན༔ ཡོན་ཏན་གཏེར་མཛོད་ནོར་བུ་ཡིན༔ དུག་གསུམ་ནད་སེལ་སྨན་མཆོག་ཡིན༔ ཀུན་ལ་དབང་བསྒྱུར་རྒྱལ་པོ་ཡིན༔ ཟག་མེད་བདེ་སྟེར་བཙུན་མོ་ཡིན༔ ཉོན་མོངས་གཅད་བྱེད་རལ་གྲི་ཡིན༔ བོད་ཁམས་ས་ཡི་ལྟེ་བ་ཡིན༔ དད་ལྡན་རྣམས་ཀྱི་རྟེན་སྐལ་ཡིན༔ སྐལ་ལྡན་རྣམས་ཀྱི་སྒྲུབ་གནས་ཡིན༔ དད་མེད་རྣམས་ཀྱི་སྲོག་གཅོད་ཡིན༔ བཞེངས་མ་དགོས་རང་འཁྲུངས་མཛད་པ་ཡིན༔ སྒྲུབ་མ་དགོས་རང་གྲུབ་མཛད་པ་ཡིན༔ གདན་མ་དགོས་རང་བྱོན་མཛད་པ་ཡིན༔ ཞུ་མ་དགོས་རང་གསུང་མཛད་པ་ཡིན༔ རྟེན་ཁྱད་འཕགས་རྡོ་ཏི་གངས་དཀར་འདི༔ ལྷ་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཡིན༔ དྲག་པོ་འདུས་པའི་དུར་ཁྲོད་ཡིན༔ མཁའ་འགྲོ་འདུས་པའི་ཚོགས་ཁང་ཡིན༔ དམ་ཅན་འདུས་པའི་མགོན་ཁང་ཡིན༔ གཏེར་སྲུང་འདུས་པའི་གཏེར་ཁང་ཡིན༔ ལས་བྱེད་འདུས་པའི་ལས་ཁང་ཡིན༔ དྲེགས་པ་འདུས་པའི་བཤས་ཁང་ཡིན༔ གནས་མཆོག་རྡོ་ཏི་གངས་དཀར་འདི༔ སངས་རྒྱས་རྣམས་ཀྱིས་གཟིགས་པའི་ཚེ༔ ཆོས་སྐུའི་གཞལ་ཡས་གཟིགས་པར་འགྱུར༔ བྱང་སེམས་རྣམས་ཀྱིས་གཟིགས་པའི་ཚེ༔ ཞི་བའི་གཞལ་ཡས་ཤར་བར་འགྱུར༔ བླ་མ་རྣམས་ཀྱིས་གཟིགས་པའི་ཚེ༔ རྩ་རླུང་གཞལ་ཡས་ཤར་བར་འགྱུར༔ གྲུབ་ཐོབ་རྣམས་ཀྱིས་གཟིགས་པའི་ཚེ༔ སྦས་གནས་དཀྱིལ་འཁོར་མཐོང་བར་འགྱུར༔ མཁའ་འགྲོ་རྣམས་ཀྱིས་གཟིགས་པའི་ཚེ༔ མཁའ་འགྲོའི་ཚོགས་ཁང་གཟིགས་པར་འགྱུར༔ སྔགས་འཆང་རྣམས་ཀྱིས་གཟིགས་པའི་དུས༔ དྲག་པོའི་དལ་ལ་འཆར་བར་འགྱུར༔ སྐལ་ལྡན་རྣམས་ཀྱིས་གཟིགས་པའི་ཚེ༔ དག་པའི་ཞིང་ཁམས་མཐོང་བར་འགྱུར༔ དད་ལྡན་རྣམས་ཀྱིས་མཇལ་བའི་ཚེ༔ གནས་ཆེན་གཙོ་བོར་མཇལ་བར་འགྱུར༔ དད་མེད་རྣམས་ཀྱིས་མཇལ་བའི་ཚེ༔ སྔངས་སྐྲག་འཇིགས་གསུམ་འབྱུང་བར་འགྱུར༔ གནས་མཆོག་རྒྱམ་རྒྱལ་རྡོ་ཏི་འདི༔ རྩེ་སྐོར་བསྐོར་ལམ་ལྷ་ཡི་ཡུལ༔ ལྷ་བུའི་གར་ཐབས་ཁྱུགས་སེ་ཁྱུགས༔ ལྷ་མོའི་གླུ་ལེན་ཀྱུ་རུ་རུ༔ བར་བསྐོར་མི་སྔོན་གཞལ་ཡས་ནས༔ དཔའ་བོས་གར་བྱེད་ཁྲིགས་སེ་ཁྲིགས༔ དཔའ་མོའི་ད་བསྐོར་ལམ་སེ་ལམ༔ དེ་འོག་ལྷ་སྲིན་རྣམས་ཀྱིས་བསྐོར༔ སྡེ་བརྒྱད་རྒྱུན་འདུར་ཤ་ར་ར༔ ལས་བྱེད་ཤུགས་སྒྲ་རྩེ་རེ་རེ༔ རྩ་བསྐོར་འོག་གི་ཀླུ་ཡི་བསྐོར༔ ཀླུ་ཕྲུག་ཕོ་མོ་ཉི་ལི་ལི༔ ཤར་ན་རྡོ་རྗེ་མཁའ་འགྲོ་འབུམ༔ རྡོ་རྗེའི་གར་སྟབས་ཤིག་སེ་ཤིག༔ ལྷོ་ན་རིན་ཆེན་མཁའ་འགྲོ་འབུམ༔ རིན་ཆེན་འགྱིང་འགྲོས་ལྡེམས་སེ་ལྡེམ༔ ནུབ་ན་པད་མ་མཁའ་འགྲོ་འབུམ༔ པདྨའི་གར་སྟབས་ཀྱི་ལི་ལི༔ བྱང་ནས་ལས་ཀྱི་མཁའ་འགྲོ་འབུམ༔ ཕྲིན་ལས་སྣ་ཚོགས་ལམ་སེ་ལམ༔ ཞི་བ་རིགས་ལྔ་སྤུངས་སེ་སྤུང༔ དྲག་པོའི་ཤུགས་སྒྲ་དི་རི་རི༔ མཁའ་འགྲོའི་ཕཊ་སྒྲ་འུ་རུ་རུ༔ མ་མོས་བྷྱོ་སྒྲ་ཁྲ་ལ་ལ༔ ལས་བྱེད་ཕཊ་སྒྲ་སངས་སེ་སང༔ མགོན་པོའི་བསྭོ་སྒྲ་དི་རི་རི༔ གནས་ཉུལ་བཤུད་གླུ་རྩ་ར་ར༔ གླུ་ལེན་འོ་འབོད་ལྷང་སེ་ལྷང༔ དུས་འགྱུར་བུ་ཡུག་སི་ལི་ལི༔ གནས་མཆོག་རྡོ་ཏི་གངས་དཀར་འདི༔ ཆོས་སྐུ་རྣམས་ཀྱིས་བྱིན་བརླབས་པས༔ རྣལ་འབྱོར་འཇའ་ལུས་ཐོབ་པར་འགྱུར༔ ལོངས་སྐུ་རྣམས་ཀྱིས་བྱིན་བརླབས་པས༔ སངས་རྒྱས་ཞིང་ཁམས་བགྲོད་པར་འགྱུར༔ སྤྲུལ་སྐུ་རྣམས་ཀྱིས་བྱིན་བརླབས་པས༔ མ་ངེས་རྫུ་འཕྲུལ་འབྱིན་པར་ནུས༔ རིག་འཛིན་རྣམས་ཀྱིས་བྱིན་བརླབས་པས༔ གསང་སྔགས་བསྟན་པ་འཕེལ་བར་ནུས༔ གྲུབ་ཐོབ་རྣམས་ཀྱིས་བྱིན་བརླབས་པས༔ སྐལ་ལྡན་དངོས་གྲུབ་ཐོབ་པར་འགྱུར༔ ཡི་དམ་རྣམས་ཀྱིས་བྱིན་བརླབས་པས༔ དཀྱིལ་འཁོར་སྒྲུབ་ཐག་ཉེ་བར་འགྱུར༔ མཁའ་འགྲོ་རྣམས་ཀྱིས་བྱིན་བརླབས་པས༔ རྩ་རླུང་རང་དབང་ཐོབ་པར་འགྱུར༔ ཁྲག་འཐུང་རྣམས་ཀྱིས་བྱིན་བརླབས་པས༔ དུག་ལྔའི་བདུད་ལས་རྒྱལ་བར་འགྱུར༔ ཆོས་སྐྱོང་རྣམས་ཀྱིས་བྱིན་བརླབས་པས༔ ཆོས་སྲིད་མཐའ་རུ་རྒྱས་པར་འགྱུར༔ མ་ཧཱ་དེ་ཝཱས་བྱིན་བརླབས་པས༔ ཚེ་དཔལ་དབང་ཐང་འཕེལ་བར་འགྱུར༔ རྒྱམ་རྒྱལ་གངས་ཀྱི་ར་བ་འདི༔ སེམས་ཅན་འདྲེན་པའི་ལྕགས་ཀྱུ་ཡིན༔ ཡིད་བཞིན་ནོར་བུ་དགོས་འབྱུང་ཡིན༔ སྐལ་ལྡན་སྐྱེས་བུ་ཕོ་མོ་སོགས༔ ལས་འཕྲོ་ཆོས་ལ་དད་པ་རྣམས༔ གནས་མཆོག་འདི་ལ་མ་དད་ན༔ དཀོན་མཆོག་གསུམ་ལ་མ་དད་འདྲ༔ གནས་མཆོག་འདི་ལ་མ་མཆོད་ན༔ ཡི་དྭགས་ཡུལ་དུ་སྐྱེ་བར་འགྱུར༔ གནས་མཆོག་འདི་ལ་མ་བསྐོར་ན༔ ཞ་བོའི་ལུས་སུ་སྐྱེ་བ་འགྱུར༔ གནས་མཆོག་འདི་ཉིད་མ་མཇལ་ན༔ ལོང་བའི་ལུས་སུ་སྐྱེ་བར་འགྱུར༔ གནས་མཆོག་འདི་ལ་མ་གུས་ན༔ དམྱལ་བའི་ཡུལ་དུ་སྐྱེ་བར་འགྱུར༔ སེམས་ལ་ཐེ་ཚོམ་སྐྱེ་གྱུར་ན༔ སྨྱོན་པའི་ལུས་སུ་སྐྱེ་བར་འགྱུར༔ གནས་མཆོག་འདི་ལ་བརྙས་བྱེད་ན༔ གཙང་ཆེན་ལུས་སུ་སྐྱེ་བ་འགྱུར༔
༈ གནས་ཁྱད་འཕགས་རྡོ་ཏི་གངས་དཀར་འདི༔ གང་མཇལ་རིམ་པར་བྱེ་བ་ནི༔ རིམ་པར་གྲངས་ཀྱིས་མེ་ལོང་ཡང༔ ཅུང་ཟད་ཙམ་ཞིག་བཀྲོལ་ན་ཡང༔ མ་དང་མཁའ་འགྲོས་གནང་བ་སྩོལ༔ གཙོ་བོའི་མདུན་གྱི་གངས་ར་འདི༔ རྒྱང་ནས་མཇལ་ན་པད་ཞྭ་འདྲ༔ རྩ་ནས་སེང་གེ་མགོ་བོ་འདྲ༔ གངས་ཏི་སེ་མཇལ་དང་ཁྱད་པར་མེད༔ མདུན་དུ་མཚོ་གསུམ་འདུག་པ་དེ༔ ཨོ་རྒྱན་པདྨའི་བླ་མཚོ་དང༔ ཁྲོ་སིང་དཀར་མོའི་བླ་མཚོ་ཡིན༔ གནས་ཀྱི་ཤར་གྱི་སྒོ་སྲུང་ཡིན༔ མ་ཕམ་གཡུ་མཚོ་མཇལ་དང་ཁྱད་པར་མེད༔ མཚོ་རྡེལ་ལུས་ལ་བཅང་གྱུར་ན༔ ཐོག་དང་ནད་རིམས་མཚོན་ཆ་རྣམས༔ བསྲུང་བར་འགྱུར་ཏེ་ཐེ་ཚོམ་མེད༔ བྱད་ཀ་ཕུར་ཀ་ཟུག་པ་ལ༔ མཚོ་དེར་ཚོགས་འཁོར་ཕུལ་བ་ན༔ བྱད་ཀ་ཕུར་ཀ་བཟློག་པར་ནུས༔ ཨོ་རྒྱན་པདྨའི་བཞུགས་ཁྲི་ཡོད༔ ཤཱཀྱ་ཐུབ་པའི་སྐུ་གཟུགས་ཡོད༔ གུ་རུ་རྫུ་འཕྲུལ་ཕུག་པ་ཡོད༔ འདས་པའི་སངས་རྒྱས་རབ་བདུན་ཡོད༔ དགྲ་བཅོམ་ལྔ་བརྒྱའི་བྱོན་ཚུལ་ཡོད༔ དེའི་གཡས་ཀྱི་ཕྱོགས་རོལ་ན༔ བྲག་རི་དཔལ་བཤོས་འབར་བ་འདྲ༔ ཟངས་མདོག་དཔལ་རི་མཇལ་དང་ཁྱད་པར་མེད༔ བྲག་རི་དེ་ཡི་མདུན་ཕྱོགས་ན༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ རྗེ་འབངས་ཉེར་ལྔས་བསྐོར་བ་ཡོད༔ སྨད་གཡས་གཟའ་བདུད་རང་བྱོན་ཡོད༔ དེ་འོག་གཡས་ཀྱི་བྲག་ངོས་ན༔ རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ཡོད༔ དཔལ་མོ་དཔལ་ཐང་ཆགས་ཚུལ་ཡོད༔ དེ་ནས་གནས་ཆེན་སྐུ་མདུན་གྱི༔ གཡོན་ཕྱོགས་བྲག་ནག་ངོས་ཞིག་ལ༔ མགོན་པོ་ཕྱག་བཞིའི་སྒྲུབ་བསྐོར་ཡོད༔ མགོན་པོའི་བླ་མཚོ་འཇིགས་རུང་ཡོད༔ དེ་ཡི་གཡས་ཀྱི་རི་གདོང་ལ༔ ཡི་དམ་རྟ་ཕག་དཀྱིལ་འཁོར་ཡོད༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཡོད༔ མ་ཧཱ་དེ་ཝཱ་རང་བྱོན་ཡོད༔ དེ་འོག་བྱམས་མགོན་རང་བྱོན་ཡོད༔ གཡས་ཀྱི་གངས་རིའི་འདབས་རོལ་ན༔ རྫ་ལ་སྤྱན་གཟིགས་རང་བྱོན་ཡོད༔ སྤྱན་རས་གཟིགས་ཀྱི་བླ་མཚོ་ཡོད༔ རི་བོ་ཏ་ལའི་ཆགས་ཚུལ་ཡོད༔ ཨོ་རྒྱན་པདྨའི་རྟེན་སྒམ་ཡོད༔ རྡོ་རྗེ་ཕག་མོའི་བྷ་ག་ཡོད༔ གང་ནས་མཁྱེན་བྲག་ངོས་ལ་ཡོད༔ ཨོ་རྒྱན་པདྨའི་སྒྲུབ་ཕུག་ཡོད༔ དེ་འོག་ཐུར་དུ་བབས་པ་ན༔ ཁྱི་གདོང་ནག་མོའི་བླ་མཚོ་ཡོད༔ གནས་ཤམ་བླ་མཚོ་སྔོ་དཀར་འདི༔ བོན་ལུང་དཔལ་ལྡན་ལྷ་མོའི་མཚོ༔ ཡང་གསང་ཁྲོས་མ་ནག་མོའི་མཚོ༔ ཕྱི་ལྟར་ཀླུ་མོ་འོད་ལྡན་མཚོ༔ བོན་ལུང་དཔལ་ལྡན་ལྷ་མོའི་མཚོ༔ དེ་ལ་སྐོར་བ་རེ་རེ་ལ༔ འབུམ་རེ་བཀླགས་དང་ཕན་ཡོན་མཉམ༔ དེའི་གང་བར་འཕྲང་ལམ་ལ༔ ཨོ་རྒྱན་ཚེ་བུམ་རང་བྱོན་ཡོད༔ དེ་ཕུག་མྱོང་གྲོལ་དམ་རྫས་ཡོད༔ ཕྱག་མཚན་རྡོ་རྗེ་རང་བྱོན་ཡོད༔ ཨོ་རྒྱན་པདྨའི་བཞུགས་ཁྲི་ཡོད༔ དེ་ནས་གཡས་བསྐོར་སོང་བ་ན༔ རྫ་རི་ཁམས་ནག་ཕག་གདོང་ཚུལ༔ དེ་གནས་མྱ་ངན་སེལ་བའི་ཐང༔ ཨོ་རྒྱན་པདྨའི་བཞུགས་ཁྲི་ཡོད༔ ཀླུ་ཡུལ་ན་ར་སིང་སྔོན་ཡོད༔ བཀོད་པ་ཁྱད་པར་འཕགས་པ་ཡི༔ གང་དུ་བོན་ཞུ་རང་བྱོན་ཡོད༔ དེ་ནས་བོན་གྱི་བླ་མཚོ་རང་བྱོན་ཡོད༔ དམུ་གཤེན་སྡེ་དྲུག་རང་བྱོན་ཡོད༔ སྲིད་པ་ཡེ་རྒྱལ་རང་བྱོན་ཡོད༔ བོན་གྱི་རིག་འཛིན་བརྒྱད་ཅུ་ཡི༔ སྐུ་ནི་རང་བྱོན་བྲག་ལ་ཡོད༔ གཡུ་འོད་འབར་བའི་བླ་མཚོ་ཡོད༔ དེའི་གཡས་སུ་སྦས་ཡུལ་པདྨ་བཀོད་ཀྱི་ཚུལ་ཡོད༔ བར་དོའི་འཕྲང་ལམ་ཆེན་མོ་ཡོད༔ དེ་ན་མཁའ་འགྲོའི་བླ་མཚོ་ཡོད༔ དེའི་དབུས་སུ་རྡོ་རྗེའི་གསང་ལམ་ཟབ་མོ་ཡོད༔ སྒྲོལ་མ་སྔོན་མོའི་བླ་མཚོ་ཡོད༔ ཐར་པའི་བདེ་ཆེན་ལ་མོ་ཡོད༔ སྟེང་ན་སྒྲོལ་དཀར་བླ་མཚོ་ཡོད༔ བར་སྒོ་རྟ་ཕག་རང་བྱོན་ཡོད༔ རྟ་ཕག་ཕྱག་རྡོར་བླ་མཚོ་ཡོད༔ མགོན་པོ་དྲེགས་པ་འབུམ་གྱིས་བསྐོར༔ དགྲ་ལ་ཆས་པའི་ཚུལ་ཅན་ཡོད༔ རྩེ་ལ་གངས་རི་དྲག་པོའི་གཞལ་ཡས་ཁང༔ ཐོད་དཀར་འབར་བའི་ཕོ་བྲང་ན༔ ནང་ན་དཀྱིལ་འཁོར་བཞི་བཞེངས་གཟུགས༔ བྲག་ནག་རྔམ་པའི་ངོས་ལ་ནི༔ ཆེ་མཆོག་དྲག་པོ་རང་བྱོན་ཡོད༔ མདུན་དུ་ཆེ་མཆོག་བླ་མཚོ་ཡོད༔ མཚོ་ནག་རྦ་ཀློང་འཁྲུགས་པ་ལ༔ རིག་འཛིན་འདུས་པའི་གཏེར་ཁ་ཡོད༔ མཚོ་དེ་མཇལ་ན་འཆི་བདག་ལག་ནས་ཐར༔ དབང་མོ་ཉེར་བརྒྱད་བླ་མཚོ་ཡོད༔ རྡོ་རྗེ་ལེགས་པའི་བླ་བྲག་ཡོད༔ མགར་བའི་ཐབ་དང་ཏི་ཚ་ཡོད༔ ཤ་མ་ལ་ཡི་སྡོང་པོ་ཡོད༔ དེ་ནས་ཐུར་དུ་ཕེབས་པའི་ཚེ༔ ཤར་རྡོ་རྗེ་རིགས་ཀྱི་ཞིང་ཁམས་ན༔ བླ་མཚོ་ཟླ་བ་ལྟར་དུ་དཀར༔ ཞི་བ་བཞི་བཅུ་རྩ་གཉིས་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་མཚོ་ན་གསལ༔ ཞི་བ་འདུས་པའི་བླ་བྲག་ཡོད༔ སངས་རྒྱས་སྨན་བླ་རང་བྱོན་ཡོད༔ དེ་ཡི་གཡས་སུ་སངས་རྒྱས་སྨན་བླའི་བླ་མཚོ་ཡོད༔ དེའི་གཡོན་ཕྱོགས་གཡུ་མཚོ་འབར་བ་ན༔ འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གསལ༔ མཚོ་རྔ་ཆུ་ཆེན་ཕྱར་བའི་ནང༔ གཤིན་རྗེ་ཆོས་རྒྱལ་ཞལ་རས་བཞུགས༔ དེ་ལ་གཤིན་རྗེ་འབུམ་གྱིས་བསྐོར༔ དགེ་སྡིག་འབྱེད་པའི་ལྡེའུ་ཡོད༔ དེ་འོག་ཆུ་ཕྱར་ངོས་ཤིག་ལ༔ ལས་མཁན་གཏུམ་པོ་རབ་བརྟན་ལ༔ གདུག་པའི་གཤིན་རྗེས་བསྐོར་བ་ཡོད༔ དེ་མདུན་མཚོ་སྨན་བླ་མཚོ་ཡོད༔ དབུས་ལུང་ནང་ན་ཐུགས་རྗེ་ཆེན་པོ་ཡོད༔ གཡས་ལུང་ནང་དུ་འཕགས་པ་འཇམ་དཔལ་ཡོད༔ ཆུ་ནི་དབུ་རྐྱང་རོ་མའི་ཚུལ༔ གཡས་ཕྱོགས་བླ་མཚོ་གནས་པའི་བླ་མཚོ་ཡོད༔ མཚོ་ཆེན་པདྨ་གླང་ཚུལ་ཡོད༔ ལུང་པའི་ནང་དུ་ཨོ་རྒྱན་བཞུགས་ཁྲི་ཡོད༔ སྒྲུབ་པ་བཀའ་བརྒྱད་མཎྜལ་ཡོད༔ བསིལ་བ་ཚལ་གྱིས་བཀོད་པ་ཡོད༔ བྱང་ཆུབ་ལམ་དུ་སྨན་མོའི་མཚོ་ཡང་ཡོད༔ བྲག་ལ་ཕྱག་རྡོར་སྟོང་སྐུ་ཡོད༔ ཤར་གྱི་ཕྱོགས་སུ་བདུད་ཀྱི་བླ་མཚོ་ཡོད༔ ཡང་རྡོ་ཏི་ལྕམ་མོའི་བླ་མཚོ་ཡོད༔ ཚུར་ལུང་བདུད་མཚོ་ནོར་གྱི་བླ་མཚོ་ཡོད༔ སྤྱི་ན་མཚོ་ཆེན་མཚོ་ཆུང་བརྒྱ་རྩ་བརྒྱད༔ དེ་དག་རེ་རེ་བགྲང་དུ་མེད༔ དམར་ནག་རཀྟའི་ཁྲག་མཚོ་ཁོལ་མ་དང༔ ཞི་རྒྱས་དབང་དྲག་བཞི་ཡི་བླ་མཚོ་དང༔ སྲོག་མཚོ་བཞི་སོགས་ཁྱད་པར་འཕགས༔ ཕྱོགས་བཞིར་སྦས་གནས་ལུང་པ་བཞི༔ ཕྱོགས་བཞི་ཨོ་རྒྱན་བཞུགས་ཁྲི་ཡོད༔ ཕྱོགས་བཞི་དངོས་གྲུབ་ལུང་པ་ཡོད༔ དེ་ལ་ཁྱད་འཕགས་སྒྲུབ་ཕུག་བཞི༔ ལུང་ཕྲན་བཞི་རེས་བསྐོར་ནས་ཡོད༔ ཆུ་མིག་བརྒྱ་དང་རྩ་བརྒྱད་ཡོད༔ ཕྱོགས་བཞི་ཕྱི་ནང་བློན་པོ་བཞི༔ རི་རྣམས་བློན་པོ་གྲ་བསྒྲིགས་འདྲ༔ ཆུ་རྣམས་ཨཱ་ལི་ཀཱ་ལི་འདྲ༔ རླུང་རྣམས་དྲག་པོའི་རྔམ་སྒྲ་ཅན༔ རི་རྣམས་འབར་ཞིང་སྤྲིན་རྣམས་འཁྲུགས༔ ཕྱོགས་རྣམས་འཚུབ་ཅིང་གཅན་གཟན་སྒྲ་སྐད་འདོན༔ ཤིན་ཏུ་འཇིགས་པ་དྲག་པོའི་གནས༔ ཕྱོགས་བཞི་ལུང་པའི་སྒོ་བཞི་ལྡན༔ མཐའ་བསྐོར་ལྕགས་རིས་ཕྱི་ནས་བསྐོར༔ བར་བསྐོར་རྩེ་བསྐོར་རིམ་པ་བཞི༔ ཐེག་པ་དྲང་ངེས་གསུངས་དང་མཚུངས༔ ཡོན་ཏན་བསམ་གྱིས་མི་ཁྱབ་བོ༔ ས་མ་ཡ༔
༄༅། །དེ་ཡང་གནས་མཆོག་ཆེན་པོ་རྡོ་ཏི་གངས་ཀྱི་ར་བ་འདི་ལ༔ ཡར་ངོའི་ཚེས་བཟང་དུས་ཆེན་རྣམས་སུ༔ སྤོས་ངད་ཆིལ་ཆིལ༔ འཇའ་སྤྲིན་ཤར་ཤར༔ རྔ་སྒྲ་འུར་འུར༔ ལྷོ་སྤྲིན་ཐིབ་ཐིབ༔ གློག་དམར་འཁྱུགས་འཁྱུགས༔ འབྲུག་སྒྲ་ཁྲོལ་ཁྲོལ༔ རི་རྣམས་འབིར་འབིར༔ འབྱུང་བ་དེའི་ཚེ་མཉམ་མེད་ཨོ་རྒྱན་པདྨ་སོགས༔ རྒྱ་གར་གྱི་གྲུབ་ཆེན་རིག་འཛིན་མཁའ་འགྲོ་ཐམས་ཅད་བྱོན་པའི་རྟགས་ཡིན༔ གནས་འདིར་ཚོགས་འཁོར་མཛད་ནས་ལྷ་འདྲེ་རྣམས་ལ་ཆོས་གསུངས་པ་ཡིན་པས༔ དེ་དུས་མཆོད་བསྟོད་བསྐོར་བ་གང་བྱས་འགྱུར་ཆེ༔ འབྲུག་གློག་ཐོག་སེར་ཅི་བྱུང་ཡང་དཀོན་མཆོག་ལ་གསོལ་བ་འདེབས་ནས་བསམ་པ་ལྷུན་གྲུབ་འདོན་ཞིང་མ་དྲེད་པར་བྱའོ༔ དེ་ཡང་གནས་མཆོག་ཆེན་པོ་རྡོ་ཏི་གངས་ཀྱི་ར་བ་འདི་བསྐོར་བ་གཅིག་བསྐོར་ན་ཕྱི་ནང་བར་ཆད་ཞི༔ གཉིས་བསྐོར་ན་ལས་ངན་སྡིག་སྒྲིབ་དག༔ གསུམ་བསྐོར་ན་ངན་སོང་སྐྱེ་སྒོ་ཆོད༔ བཞི་བསྐོར་ན་ས་ལམ་བར་ཆད་ལས་རྒྱལ༔ ལྔ་བསྐོར་ན་ཉོན་མོངས་དུག་ལྔ་ཞི༔ དྲུག་བསྐོར་ན་རིགས་དྲུག་སྐྱེ་སྒོ་དགག༔ བདུན་བསྐོར་ན་དཀོར་ཟས་སྡིག་སྒྲིབ་བྱང༔ བརྒྱད་བསྐོར་ན་ས་བརྒྱད་མངོན་དུ་གྱུར༔ ཕ་མའི་དྲིན་ལན་སོད༔ དགུ་བསྐོར་ན་ཕྱི་མ་མིའི་ལུས་ལེན༔ ཁྱད་པར་གསང་སྔགས་ཀྱི་བདག་པོར་འགྱུར༔ བཅུ་བསྐོར་ན་རྔ་གཡབ་ཨོ་རྒྱན་གྱི་ཡུལ་དུ་སྐྱེ༔ ཁྱད་པར་ཨོ་རྒྱན་གྱི་ཡུལ་དུ་སྐྱེ༔ ཁྱད་པར་ཨོ་རྒྱན་ཐུགས་སྲས་སུ་འགྱུར༔ བཅུ་གཅིག་བསྐོར་ན་ཨོ་རྒྱན་མཁའ་འགྲོའི་གླིང་དུ་སྐྱེ༔ བཅུ་གཉིས་བསྐོར་ན་གྲུབ་ཐོབ་རྒྱ་མཚོས་དབང་བསྐུར༔ བཅུ་གསུམ་བསྐོར་ན་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ༔ འོད་དཔག་མེད་ཀྱི་ཞལ་མཐོང༔ དེ་རྣམས་རྩེ་བསྐོར་ཡིན༔ འགྱུར་ནི་བསྐོར་བ་རེ་ལ་འབུམ་ཐེར་རེ་འགྱུར༔ བར་བསྐོར་རེ་ལ་འབུམ་ཐེར་གཉིས་རེ༔ མཐའ་བསྐོར་གཅིག་ལ་འབུམ་ཐེར་གསུམ་རེ་འགྱུར༔ ཁྱད་པར་དུ་ཁྱད་འཕགས་ཚེས་བཅུ་སོགས་ལ་བསྐོར་ན་བསྐོར་བ་བྱེ་བ་འགྱུར༔ སྤྲེའུ་ལོ་དང་སྤྲེལ་ཟླ་ལ་བསྐོར་ན་བསྐོར་བ་རེ་ལ་བཛྲ་གུ་རུ་དུང་ཕྱུར་བརྒྱ་རེ་སྟོན་པ་དང་ཕན་ཡོན་མཉམ༔ ཡང་དཔྱིད་གསུམ་གནས་བདག་རྣམས་གནས་ཉུལ་དུ་སོང་ཡོད༔ མཁའ་འགྲོ་རྣམས་ཀྱི་སྒོ་བཅད་མཛད་པས་བསྐོར་ཡོན་ཆུང༔ དབྱར་གསུམ་དང་སྟོན་གསུམ་རྣམས་སུ་གོང་བཞིན་ཕན་ཡོན་གང་ལ་ཞུ་བ་དུ་བཞུགས༔ དགུན་གསུམ་གནས་ལམ་ཁ་བས་འགགས་པ་ཡིན༔ དེ་ལྟར་གནས་མཆོག་ཁྱད་པར་འཕགས་པ་འདི་ཉིད་ཕྱོགས་སུ་འཁོར་བ་རྣམས་ཀྱི༔ གཞོབ་གསུར་འཁྲུགས་རྩོད་མནོལ་གྲིབ་གསུར་སོགས་འཛེམ་པར་གལ་ཆེ༔ ཁྱད་པར་གནས་ནང་ཤ་བ་རྣ་བ་རྒོ་བ་སོགས་རི་དྭགས་གཅན་གཟན་ཐམས་ཅད་གནས་ཀྱི་སྒོ་ནོར་ཡིན་པས་བསད་འདེད་རྔོན་སོགས་བྱས་ཚེ༔ ཡུལ་ལ་ནད་མུག་འོང་བས་འཛེམ་པར་བྱ༔ ཁྱད་པར་དུ་སྒྲུབ་པ་སོ་སོས་སྐལ་ལྡན་ལས་འཕྲོ་ཅན་ཐམས་ཅད་གནས་གཞན་ནས་ལོ་བརྒྱ་བསྒྲུབས་པ་ལས༔ འདིར་ལོ་གཅིག་སྒྲུབ་འགྲུབ་ཐག་ཉེ༔ གནས་གཞན་དུ་ལོ་གཅིག་སྒྲུབ་པ་ལས་འདིར་ཟླ་གཅིག་བསྒྲུབས་མྱུར༔ གཞན་ཟླ་གཅིག་སྒྲུབ་པ་བས༔ འདིར་ཞག་གཅིག་སྒྲུབ་འགྱུར་ཆེ་བས་གནས་ཀྱིས་གང་ཟག་ལ་བྱིན་གྱིས་བརླབས་པ་ཞེས་བྱ་བ་ཡིན་པས་སྒྲུབ་པ་པོ་སོགས་སྙིང་རུས་མཛད་པར་ཞུ་ཞུ༔ ཁྱད་པར་གནས་འདིར་ཚོགས་འཁོར་བསྐོར་ན་ལོངས་སྤྱོད་ཆེ་བར་འགྱུར༔ ཁྱེའུ་མ་སོས་པས་གནས་འདིར་བསྐོར་ན་ཁྱེའུ་སོས༔ བྱད་ཀ་ཟུགས་པས་བསྐོར་ན་བྱད་ལས་གྲོལ༔ ཁ་མཆུ་ཅན་གྱིས་བསྐོར་ན་ཁ་མཆུ་ལས་གྲོལ༔ རྐྱེན་ཆེ་བ་རྣམས་ཀྱིས་བསྐོར་ན་རྐྱེན་ལས་གྲོལ༔ ནོར་རྒབ་མ་སོས་པའི་ནོར་གྱིས་བསྐོར་ན་རྒབ་སོས༔ ནད་ཀྱིས་ཉེན་པ་རྣམས་ཀྱིས་བསྐོར་ན་ནད་ལས་གྲོལ༔ གདོན་གྱིས་ཟིན་པ་རྣམས་ཀྱིས་བསྐོར་ན་གདོན་ལས་གྲོལ༔ དབང་ཐང་ཉམས་པ་རྣམས་ཀྱིས་བསྐོར་ན་དབང་ཐང་རྒྱས༔ ཤི་ཆད་ཆེ་བ་རྣམས་ཀྱིས་བསྐོར་ན་ཤི་རྒབ་ཆད༔ ནད་རིམས་ལ་སོགས་བྱུང་ཚེ་གནས་འདིར་བསྐོར་ན་ནད་རིམས་ཆད༔ དམག་ཆེན་འཁྲུགས་པའི་དུས་སུ་གནས་འདི་བསྐོར་ན་ཕལ་རོལ་གྱི་དམག་ལས་རྒྱལ༔ མདོར་ན་ཐུན་མོང་གི་བར་ཆད་ཐམས་ཅད་སེལ་ཞིང་དངོས་གྲུབ་ཐེ་ཚོམ་མེད༔ མཆོག་གི་དངོས་གྲུབ་ཐམས་ཅད་ཐེ་ཚོམ་མེད་ན་འགྲུབ་པར་འགྱུར་རོ༔ སྤྱིར་དུས་བོད་ཀྱི་ཕྱོགས་སུ་ཨོ་རྒྱན་གྱི་བསྟན་པ་དར་བའི་སྨོན་ལམ་ཡོད་པས་སེམས་ཅན་རིམ་གྱིས་གྲོལ་བ་འགྱུར་རོ༔ སཱ་མ་ཡཱ༔ དེ་ལྟར་གནས་ཡིག་མཁའ་ཀློང་རྡོ་རྗེ་སྒྲོམ་གྱི་ཤོག་སེར་ལས་ཤར་བ་དག་པར་བཤུས་སོ༔ སརྦ་མངྒ་ལྃཿ དགེའོ། །
མཆན།༡.གནས་ཡིག་འདི་ནི་བླ་བོ་དགོན་གྱིས་འདོན་སྤྲོད་གནང་བའི་རོལ་པའི་རྡོ་རྗེའི་གཏེར་བྱོན་ལས་ཞལ་བཤུས་པའོ། །༢.གནས་འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཡུལ་ཤུལ་རྫོང་གི་ལྷོ་ཕྱོགས་རག་ཤུལ་ས་ཁུལ་དུ་ཡོད། བསྐོར་ལམ་ནི་ལམ་ཐག་རིང་ཞིང་ལ་མཐུར་ཆེ་བས་མཐའ་བསྐོར་ལ་ཉིན་གཅིག་ཙམ་འགོར་འདུག སྐྱེ་རྒུ་གྲོང་བརྡལ་ནས་གནས་ཀྱི་བར་ལ་སྤྱི་ལེ༡༠༠ལྷག་ཙམ་ཡོད། ཉིན་གཅིག་རིང་གནས་མདུན་དུ་སོང་ནས་གནས་མཇལ་དང་མཚོ་བསྐོར་བྱས་ཏེ་རྩི་ཆུའི་བརྒྱུད་ནས་མཐའ་སྐོར་བྱས་ན་དགོང་མོར་སྐྱེ་རྒུ་མདོ་རུ་སླེབས་ཐུབ།