གཉིས་པ། གྲུབ་མཐའ་ཆེ་ཁག་འགའ་ངོ་སྤྲོད།
བོན་གྱི་གྲུབ་མཐའ།
༡ སྤྱིར་གྲུབ་མཐའ་ཞེས་པ་ནི། ལུང་རིགས་གང་རུང་ལ་བརྟེན་ནས་རྣམ་རྟོག་གི་སྒྲོ་བཏགས་པའི་ཆ་གཞན་བཀག་སྟེ། རང་གི་བློ་ངོར་ཡང་དག་པར་འཐད་པའི་དོན་དེ་ཉིད་གྲུབ་པའམ་དམ་བཅས་ཏེ་འཛིན་པའི་ཚུལ། དེ་ལས་གཞན་དུ་མེད་དོ་སྙམ་ནས་ཐག་བཅད་པའི་ཆ་དེར་གྲུབ་མཐའ་ཞེས་བྱ་ལ། ཐག་བཅད་པ་དེ་གཞན་ལ་སྨྲ་བས་ན་གྲུབ་མཐའ་སྨྲ་བ་ཟེར། འདིར་བོད་ཀྱི་གྲུབ་མཐའ་ཁག་གཅིག་ངོ་སྤྲོད་རགས་རིམ་བཤད་པ་ལ།
༢ བོན་གྱི་གྲུབ་མཐའི་སྲོལ་འབྱེད་སྟོན་པ་གཤེན་རབ་མི་བོ་ཆེ་ནི། སྟག་གཟིག་འོལ་མོ་ལུང་རིང་ནས། ཡབ་རྒྱལ་བོ་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་གཉིས་ཀྱི་སྲས་སུ﹙ལོ་རྒྱུས་ཁ་ཅིག་ཏུ་སྤྱི་ལོ་སྔོན་གྱི་དྲུག་བརྒྱ་ཡས་མས་སུ་འཁྲུངས་པར་བཞེད།﹚འཁྲུངས་ཤིང་། སྐྱེད་བསྲིངས་ནས་གཙུག་ལག་ལ་མཁས་པར་གྱུར་ཏེ་འགྲོ་དོན་མང་དུ་མཛད། ཧོས་ཟ་རྒྱལ་མོད་སོགས་ཁབ་ཏུ་བཞེས་ཤིང་། གཏོ་བུ་འབུམ་སངས་སོགས་སྲས་མང་དུ་འཁྲུངས། ཕྱིས་མཆོད་རྟེན་རྣམ་དག་དཀར་བོའི་དྲུང་ནས་རབ་ཏུ་བྱུང་ཞིང་། བྱ་སྤྲེལ་མི་གསུམ་གྱི་འཚོ་བ་ཆ་ཤས་ཙམ་ལ་བརྟེན་ནས་དཀའ་ཐུབ་ལོ་དགུར་སྤྱད་དེ་བདུད་བཞི་བཅོམ་ནས་སངས་རྒྱས་པའི་ཚུལ་བསྟན། སྡིག་ཅན་མི་དགུ་སོགས་འགྲོ་བ་བགྲང་ལས་འདས་པ་ཐར་ལམ་ལ་བཀོད་ཅིང་། ཆོ་འཕྲུལ་མང་དུ་བསྟན་ནས་ལོག་སྒྲུབ་བྱས་པ་རེ་རེ་ནས་ཚར་བཅད། འདུལ་བ་ཕོ་གླིང་དང་མོ་གླིང་གཉིས་སུ་ཕྱེས་ནས་དགོན་སྡེ་མཛད། བོན་སྡེ་བརྒྱད་ཁྲི་བཞི་སྟོང་མཐའ་དག་དོན་ཐིག་ལེ་ཉག་གཅིག་ཏུ་བསྡུས་ཏེ། བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར། སྡུད་འཁོར་བཅུ་གསུམ་ལ་བཀའ་ཐམས་ཅད་མདོ་སྡེ་དང་འབུམ་སྡེ། རྒྱུད་སྡེ་དང་མཛོད་སྡེ་བཞི་རུ་བསྡུས་ཏེ་གཉེར་གཏད་མཛད། མཐར་མྱ་ངན་ལས་འདས་ཏེ་ཡེ་ཤེས་ཀྱི་མེ་རང་འབར་གྱིས་ཞུགས་ལ་སྦྱངས་དུས། ཐུགས་ལྗགས་སྤྱན་གསུམ་ལ་ལྷ་སྐུའི་སྣང་བརྙན་མང་དུ་བབས། ཚེམས་ལ་དུང་དཀར་གཡས་འཁྱིལ་བྱུང་བ་ད་ལྟ་འང་མཇལ་རྒྱུ་ཡོད།
༣ ལྟ་སྒོམ་སྤྱོད་གསུམ་ནི། བོན་གྱི་བསྟན་པ་འདི་བོད་ཀྱི་གདོད་མའི་ཆོས་ལུགས་ཡིན་ལ། དེ་ལ་གཡུང་དྲུང་བོན་ཞེས་གྲགས་པའང་། གཡུང་དྲུང་གི་རྟགས་འདི་བོན་བསྟན་གྱི་མཚོན་བྱེད་དེ། རྟག་བརྟན་མི་འགྱུར་བའི་དོན་ཡིན། སྤྱིར་བོན་གྱི་བསྟན་པ་ལ་ཕྱི་ནང་གསང་གསུམ་གྱི་དབྱེ་བ་ཡོད་དེ། གཤེན་རབ་མི་བོ་ཆེའི་ཡར་སྔོན་དུ་བོན་སྐུའི་སྟོན་པ་ཀུན་ཏུ་བཟང་བོས་གྲོལ་ལམ་རྫོགས་ཆེན་གྱི་བསྟན་པ་སྤེལ་བ་ལ་གསང་རྒྱུད་དང་། ལོངས་སྐུའི་སྟོན་པ་གཤེན་ལྷ་འོད་དཀར་གྱིས་གསང་སྔགས་ཀྱི་བསྟན་པ་སྤེལ་བ་ལ་རྒྱུད། ཕྱིས་སུ་སྤྲུལ་སྐུའི་སྟོན་པ་གཤེན་རབ་མི་བོ་ཆེས་སྤེལ་བ་ལ་མདོ་ཕྱོགས་ཀྱིས་གཙོས་པའི་བསྟན་པ་ལ་ཕྱི་རྒྱུད་ཟེར། གཤེན་རབ་ཀྱི་མདོ་ལས། ལྟ་བ་ནི་ཡས་ཕུབ་ཅིག སྤྱོད་པ་ནི་མས་འཛེགས་ཤིག གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག ཐབས་ཕ་རོལ་ཕྱིན་དྲུག་ལ་སྤྱོད་ཅིག ཅེས་གསུངས་པ་ལྟར། ལྟ་བ་ནི། གདུལ་བྱའི་བློ་ཁ་དང་བསྟུན་ཏེ། མདོ་ལུགས་ལ་གྲུབ་མཐའ་གོང་འོག་གཉིས་དང་། སྔགས་ལུགས་ལ་རྒྱུད་སྡེ་གོང་འོག་གི་རིམ་པ་བྱུང་བས། འོག་མ་ལའང་ནང་གསེས་གཉིས་ཏེ། གཤེན་རབ་རྣམ་རྩོད་དང་། རང་རྟོགས་གཤེན་རབ་གཉིས། གོང་མ་ལའང་གཉིས་ཏེ། ཐུགས་རྗེ་སེམས་དཔའ་སེམས་ཙམ་པ་དང་། གཡུང་དྲུང་སེམས་དཔའ་སྤྲོས་མེད་དོ། །སྤྲོས་མེད་པ་ནི་དབུ་མ་བ་སྟེ་ཆེས་མཐོ་བའི་ལྟ་བ་ཡིན་པར་བཞེད། དེ་གཏན་འབེབས་ཀྱི་གཞུང་ལའང་འབུམ་ཤེར་ཕྱིན་དང་། ཁམས་ཆེན་སྟོང་ཕྲག་བརྒྱ་བ་སོགས་འབུམ་སྡེ་ཇི་སྙེད་ཅིག་གསུངས་ཡོད། སྒོམ་པ་ནི། གཞི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་ཚོགས་བསགས་པ་དང་འབྲེལ། བདག་མེད་རྟོགས་པའི་ངེས་ཤེས་དེའི་རྒྱུན་བསྐྱངས་ནས་བསྒོམས་པས་མངོན་པར་འཚང་རྒྱ་བ་དེ་ཡིན། སྤྱོད་པ་ནི། དེ་དག་མཐར་ཕྱིན་པའི་ཆེད་དུ། གཞི་སེམས་བསྐྱེད་ཀྱིས་བཟུང་། ཐབས་ཕར་ཕྱིན་བཅུ་ལ་སློབ་དགོས་ཤིང་། དེ་ཡང་སྡོམ་པ་འོག་མ་ལ་བརྟེན་ཏེ་གོང་མ་གོང་མར་སློབ་པ་དེ་ལ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་ཞེས་བརྗོད་ལ། སྤྱོད་པ་མས་འཛེགས་ཞེས་པས་དོན་ཡང་དེ་ཡིན་ནོ། །སྔགས་ལྟར་ན་ལྟ་སྒོམ་སྤྱོད་གསུམ་ནི། གང་ཟག་དབང་བོ་རབ་འབྲིང་གི་ཁྱད་པར་གྱིས་རྒྱུད་སྡེ་བཞི་ཡོད་པ་རེ་རེ་ལ་ལྟ་སྒོམ་སྤྱོད་པ་དམ་ཚིག་གི་འབྲས་བུ་སོགས་ཀྱིས་ཁྱད་པར་ཡོད་དོ། །
རྙིང་མ་བ།
༡ རྙིང་མའི་ཆོས་རྒྱུན་བརྒྱུད་ཚུལ། རྙིང་མའི་ཆོས་ལུགས་ནི། བོད་དུ་ནང་བའི་གསང་སྔགས་ཀྱི་ཆོས་བྱུང་བའི་ཐོག་མ་ཡིན་ལ། མདོ་ཕྱོགས་ལ་རྙིང་མ་ཞེས་པའི་ཐ་སྙད་འདི་མ་བྱུང་ལ། གསང་སྔགས་ཀྱི་སྒོ་ནས་བཞག་པ་ཡིན། དེ་ཡང་བཤད་སྲོལ་མི་འདྲ་བ་ཡོད་ཀྱང་གཙིགས་ཆེ་བ་ནི། པཎྚི་ཏ་སྨྲི་ཏི་བྱོན་པ་ཡན་ཆད་དུ་བསྒྱུར་བའི་གསང་སྔགས་ཀྱི་གཞུང་རྣམས་ལ་རྙིང་མ་དང་། མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་བོ་བྱོན་པ་མན་ཆད་དུ་བསྒྱུར་བའི་རྒྱུད་རྣམས་ལ་སྔགས་གསར་མ་ཟེར། བརྒྱུད་པའི་རིམ་པ་ལ། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་གསུམ་དང་། ཡང་། བཀའ་བབས་ལུང་བསྟན་གྱི་བརྒྱུད་པ། ལས་འཕྲོ་གཏེར་གྱི་བརྒྱུད་པ། སྨོན་ལམ་གཏད་རྒྱའི་བརྒྱུད་པ་སྟེ་དྲུག་ཏུ་འང་བཤད་ཀྱང་། འདིར་བརྗོད་པར་བྱ་བ་ནི། རིང་བརྒྱུད་བཀའ་མ། ཉེར་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་པ་སྟེ་གསུམ་གྱི་སྒོ་ནས་འཆད་ན།
རིང་བརྒྱུད་བཀའ་མ་བྱུང་ཚུལ་ནི། པཎ་ཆེན་བི་མ་ལ་མི་ཏྲས་རྨ་རིན་ཆེན་མཆོག་དང་། གཉགས་ཛཉ་ན་ཀུ་མ་ར་གཉིས་ལ་སྒྱུ་འཕྲུལ་གསང་བ་སྙིང་བོའི་སྐོར་བཤད་ཅིང་བསྒྱུར་བས། སློབ་མ་དེ་གཉིས་ལས་ཡང་སློབ་མང་བོ་བརྒྱུད་དེ་སྤེལ་བ་དང་། ཡང་སློབ་དཔོན་དྷ་ན་རཀྵ་རས་བལ་བོ་དྷ་རྨ་བྷོ་དྷི་ལ་རྩ་རྒྱུད་དང་། བཤད་རྒྱུད་སོགས་བཤད། བྲུ་ཤའི་ཡུལ་དུ་ཁྲོམ་རུམ་ཆེ་བཙན་སྐྱེས་ལ་བཤད་ཅིང་བསྒྱུར། དེ་ནས་རིམ་པར་འཕེལ་བ་ཡིན།
ཉེ་བརྒྱུད་གཏེར་མ་ནི། བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་གཏེར། རི་དང་རི་སུལ་དང་ཤིང་གི་ནང་ན་བཅུག་པ་དག་ཡོད་དེ། གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་ལྒིགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །ཞེས་པ་ལྟར། སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པ་ཚད་མའི་སྐྱེས་བུ་འགའ་ཟུང་གིས་འབྱུང་འགྱུར་གྱི་གདུལ་བྱར་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པའི་མན་ངག་མང་བོ་རི་བྲག་སོགས་ལ་གཏེར་དུ་སྦས། གཏེར་དེ་ནམ་འདོན་དང་། འདོན་པ་པོའི་མིང་རུས་དང་འཁྲུངས་གཞིས། ལུས་ཀྱི་རྟགས་མཚན་སོགས་ཆ་ཚང་གཏེར་གྱི་ཁ་བྱང་བཏབ། ཕྱིས་སུ་གནས་དུས་གང་ཟག་འཛོམས་པ་ན་གཏེར་དེ་བཏོན་ནས་དར་སྤེལ་བཏང་བ་ལ་གཏེར་ཆོས་སུ་གྲགས། ﹙གྲུབ་མཐའ་གཞན་ལའང་གཏེར་ཆོས་རེ་གཉིས་སྲིད་ཀྱང་མང་ཆེ་ཤས་རྙིང་མའི་ཆོས་ལ་ཡོད།﹚གཏེར་སྟོན་པའང་དངོས་རྫུས་ཅི་རིགས་ཡོད་ཀྱང་། སློབ་དཔོན་པདྨས་ལུང་གིས་ཟིན་མ་ཟིན་བསྡོམས་གཏེར་སྟོན་ཚད་ལྡན། རྒྱལ་དབང་ལྔ་བའི་བྱང་བདག་རིག་འཛིན་ངག་གི་དབང་བོའི་རྣམ་ཐར་ལས། གཏེར་སྟོན་བརྒྱ་དང་བཅུ་བདུན་གྱི་མཚན་ཙམ་གསལ། གཏེར་སྟོན་བརྒྱ་རྩའི་གཏེར་ཆོས་རགས་བསྡུས་རིན་ཆེན་གཏེར་མཛོད་སོགས་སུ་གསལ།
ཟབ་མོ་དག་སྣང་གི་བརྒྱུད་པ་ནི། བླ་མ་འགའ་ཞིག་ལ་ཡི་དམ་གྱི་ལྷ་ཞལ་གཟིགས་ནས་དངོས་སུ་གསུངས་པའི་མན་ངག་གི་སྐོར་ལ་ཟེར།
༢ རྙིང་མའི་ལྟ་སྒོམ་སྤྱོད་གསུམ་སོགས། ལྟ་བ་ཀློང་ཆེན་རབ་འབྱམས་ཡིན་གསུངས་པ་སྟེ། དེ་ཡང་དབྱིངས་སྤྲོས་བྲལ་ཀྱི་ཆོས་བདེ་གཤེགས་སྙིང་བོ་ཀློང་ཆེན་པོ་ན། འཁོར་འདས་ཀྱི་སྣང་བ་ཇི་སྙེད་པ་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་དུ་རྫོགས་པའི་དོན་ཤེས་པའོ། །
སྒོམ་པ་མཁྱེན་བརྩེ་འོད་ཟེར་ཡིན་གསུངས་ཏེ། དེ་ལྟ་བུའི་ལྟ་བ་སྤྲོས་བྲལ་གྱི་རང་བཞིན་མཁྱེན་ཆ་ཤེས་རབ་ལྷག་མཐོང་གིས་གཏན་ལ་འབེབས་ཞིང་། སྟོང་ཉིད་དེ་ཡང་སྙིང་རྗེ་བརྩེ་བ་ཆེན་པོའི་ཞི་གནས་ཀྱི་ཐབས་དང་མ་བྲལ་བར་རྩེ་གཅིག་ཏུ་མཉམ་པར་འཇོག་པ་སྟེ། སྟོང་ཉིད་སྙིང་རྗེ་དང་འབྲེལ་བ་ནི་སྒོམ་པའོ། །སྤྱོད་པ་རྒྱལ་བའི་མྱུ་གུ་ཡིན་གསུངས་པ་སྟེ། དེ་ལྟ་བུའི་ལྟ་སྒོམ་དང་ལྡན་པའི་ངང་ནས་རྒྱལ་བའི་མྱུ་གུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་དང་མཐུན་པའི་ཕར་ཕྱིན་དྲུག་ཉམས་སུ་ལེན་པས་སོ། །
གཞན་ཡང་། རྙིང་ཆོས་ཀྱི་སྙིང་བོར་གྱུར་བ་ནི། མན་ངག་རྫོགས་པ་ཆེན་པོ་ཞེས་གྲགས་པ་སྟེ། དེའི་སྒྲ་བཤད་ཀྱང་། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་སྟོང་བ་འདིའི་ནང་དུ་རྫོགས་པས་ན་རྫོགས་པ་དང་། དེ་ལས་ལྷག་པའི་འཁོར་བ་ལས་གྲོལ་བའི་ཐབས་གཞན་མཆོག་ཏུ་གྱུར་བ་མེད་པས་ན་ཆེན་པོ་བྱ་ལ། དེ་ལ་ནང་གསེས་ཀྱིས་སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་གསུམ་ལས། སེམས་སྡེ་ནི་ཅིར་སྣང་སེམས་ཡིན་ལ། སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་ཤར་བས་རང་བྱུང་གི་ཡེ་ཤེས་ལས་གཞན་དུ་གྱུར་བ་མེད་པ་དང་། ཀློང་སྡེ་ནི་ཆོས་ཉིད་ཀུན་ཏུ་བཟང་བོའི་ཀློང་ནས་འགྲོ་ས་གཞན་མེད་ཆོས་ཉིད་ཀྱི་ཀློང་ལས་གཞན་བྱུང་འགོག་པ་ཡིན། མན་ངག་གི་སྡེ་ནི། སྤང་བླང་བྲལ་བ་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་སྟོང་འཛིན་དང་བྲལ་བའི་ངང་དུ་སྐྱེལ་བའི་གནད་ཀྱིས་འཁོར་འདས་གང་དུའང་མ་ཕྱེ་བའི་རིག་པ་ཉིད་ཆོས་ཉིད་ཀྱི་ཡུལ་མངོན་སུམ་དུ་ཤར་ནས། རང་རིག་ལུ་གུ་རྒྱུད་ཀྱི་སྐུར་སྨིན་ཅིང་གྲོལ་བར་བྱེད་པའོ། །
བཀའ་གདམས་པ།
༡ བཀའ་གདམས་པའི་ཆོས་རྒྱུན་བརྒྱུད་ཚུལ། དེ་ཡང་བཀའ་གདམས་པ་ཞེས་པའི་དོན་གང་ཡིན་ཞེ་ན། སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་དོན་ཐམས་ཅད་མ་ལུས་པར་ཨ་ཏི་ཤའི་གདམས་པ་སྐྱེས་བུ་གསུམ་གྱི་ལམ་རིམ་དུ་བསྡུས་ནས་ཉམས་སུ་ལེན་པས་ན་བཀའ་གདམས་པ་ཟེར། གྲུབ་མཐའ་འདི་ཇོ་བོ་རྗེ་ཨ་ཏི་ཤ་ནས་དབུ་བརྙེས་ཤིང་། འབྲོམ་སྟོན་གྱིས་སྲོལ་ཕྱེས། སྐུ་མཆེད་གསུམ་གྱིས་དར་ཞིང་རྒྱས་པར་མཛད། གླང་ཤར་གཉིས་དང་བྱ་ཡུལ་བ་སོགས་ཀྱིས་དེ་ལས་ཀྱང་རྒྱས་པར་མཛད་པ་ཡིན། དེ་ཡང་། ཡོངས་གྲགས་སུ་བཀའ་གདམས་བརྒྱུད་པ་གསུམ་སྟེ། དགེ་བཤེས་པོ་ཏོ་བ་ནས་ཤ་ར་བ་ལ་བརྒྱུད་པ་ནས་ལོ་ཙཱ་བ་ཆེན་པོ་སྐྱབས་མཆོག་དཔལ་བཟང་བོ་བར་དུ་བརྒྱུད་པའི་བཀའ་གདམས་གཞུང་བ་བ་དང་། དགེ་བཤེས་སྤྱན་སྔ་བ་ནས་དགེ་བཤེས་བྱ་ཡུལ་བ་ལ་བརྒྱུད་པ་ནས་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་བར་བརྒྱུད་པའི་བཀའ་གདམས་མན་ངག་པ། དགེ་བཤེས་དགོན་པ་བ་ནས་དགེ་བཤེས་སྣེ་ཟུར་བ་ལ་བརྒྱུད་པ་ནས་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་བར་བརྒྱུད་པ་ལ་བཀའ་གདམས་ལམ་རིམ་པ་སྟེ། བརྒྱུད་པ་དེ་གསུམ་ཀ་ཆུ་བོ་སུམ་འདྲེས་ཀྱི་ཚུལ་དུ་རྗེ་བླ་མ་ཙོང་ཁ་པར་མངའ་བ་ཡིན་ནོ། །
༢ བཀའ་གདམས་པའི་བསྟན་པའི་སྤྱི་བབ། འབྲོམ་སྟོན་གྱིས། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ། །གདམས་པ་སྐྱེས་བུ་གསུམ་གྱིས་མཛེས་པ་ཡིས། །བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་ལ། །འགྲོ་བ་གང་གིས་བགྲང་ཀྱང་དོན་ཡོད་འགྱུར། །ཞེས་གསུངས་པ་ལྟར། དེ་ལ་རྒྱབ་རྟེན་གྱི་གཞུང་དང་། ལག་ལེན་གྱི་མན་ངག་གཉིས་ཡོད་ཅིང་། གཞུང་དེ་ལའང་ནང་གསེས་ཀྱིས་གསུམ་དུ་དབྱེ་སྟེ། ལྟ་བ་དང་། སྤྱོད་པ། ལྟ་སྤྱོད་གཉིས་ཀ་གཙོ་བོ་སྟོན་པའོ། །ལྟ་བ་གཙོ་བོར་སྟོན་པའི་གཞུང་ནི། ཇོ་བོ་རྗེས་མཛད་པའི་བདེན་གཉིས་ལ་འཇུག་པ་དང་། དབུ་མའི་མན་ངག་སོགས་ཡོད། སྤྱོད་པ་གཙོར་སྟོན་ནི། ཇོ་བོས་མཛད་པའི་སྤྱོད་བསྡུས་སྒྲོན་མེ། སེམས་བསྐྱེད་སྡོམ་པའི་ཆོ་ག་སོགས་ཡོད། ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་ནི། བྱང་ཆུབ་ལམ་སྒྲོན་ཡིན། གཞན་ཡང་། ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་ཤེས། སྟོང་ཉིད་བདུན་ཅུ་བ། རིན་ཆེན་ཕྲེང་བ་རྣམས་ལྟ་བ་གཙོར་སྟོན་གྱི་གཞུང་དང་། བཀའ་གདམས་གཞུང་དྲུག་ཏུ་གྲགས་པ་ལས། ས་རྒྱན་གཉིས། སྐྱེས་ཚོམས་གཉིས་ཏེ་བཞི་ནི། སྤྱོད་པ་གཙོར་སྟོན་གྱི་གཞུང་དང་། བསླབ་སྤྱོད་གཉིས་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པའི་གཞུང་ཡིན།
མན་ངག་ལ་འང་། ལྟ་བ། སྤྱོད་པ། ལྟ་སྤྱོད་ཟུང་འབྲེལ་སྟོན་པ་སྟེ་གསུམ་ཡོད། ལྟ་བ་གཙོར་སྟོན་ནི། ཇོ་བོ་རྗེའི་མན་ངག་སྤྱན་སྔ་བ་ནས་བརྒྱུད་པའི་བདེན་བཞིའི་ཁྲིད་དང་། ཕུ་ཆུང་བ་ནས་བརྒྱུད་པའི་རྟེན་འབྲེལ་གྱི་ཁྲིད། ཨ་མེས་བྱང་ཆུབ་རིན་ཆེན་ནས་བརྒྱུད་པའི་བདེན་གཉིས་ཀྱི་ཁྲིད་རྣམས་ཡིན་ཞིང་། བདེན་བཞི་དང་རྟེན་འབྲེལ་གྱི་ཁྲིད་ཀྱིས་ཐེག་པ་ཐུན་མོང་བའི་གང་ཟག་གི་བདག་མེད་དང་། བདེན་གཉིས་ཀྱི་ཁྲིད་ལ་བརྟེན་ནས་ཤིན་ཏུ་ཕྲ་བའི་ཆོས་ཀྱི་བདག་མེད་ལ་ཁྲིད་པ་ཡིན།
སྤྱོད་པ་གཙོར་སྟོན་ནི། ཐེག་ཆེན་བློ་སྦྱོང་གི་གདམས་པ་རྣམས་ཡིན་ཞིང་། དེའི་ཁུངས་ནི་ཐེག་ཆེན་གྱི་མདོ་སྡེ་སྤྱི་དང་། ལྷག་པར་དུ་ཕལ་ཆེན། དབུ་མ་རིན་ཕྲེང། བསླབ་སྤྱོད་སོགས་ཡིན་ཞིང་། དེ་དག་ལག་ལེན་གྱི་སྙིང་བོ་དྲིལ་བ་ནི། བློ་སྦྱོང་མཚོན་ཆའི་འཁོར་ལོ་དང་། རྨ་བྱ་དུག་འཇོམས། དོན་བདུན་མ། ཚིགས་བརྒྱད་མ། ཐུན་བརྒྱད་མ། བེའུ་བུམ་ཁྲ་བོ། ཁ་རག་སྐོར་གསུམ་སོགས་ཡིན།
ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ། བྱང་ཆུབ་ལམ་སྒྲོན། བསྟན་རིམ་སོགས་རྒྱས་བསྡུས་སྣ་ཚོགས་ཡོད།
ཡང་། ཡོངས་གྲགས་སུ་བཀའ་གདམས་གདམས་ངག་པ་ནི། མན་ངག་པ་དང་མི་འགལ་ལ། དེ་ཡང་ཇོ་བོ་རྗེ་ཨ་ཏི་ཤ་དང་འབྲོམ་སྟོན་རྣམ་གཉིས་ནས་དགེ་བཤེས་སྤྱན་སྔ་ཚུལ་ཁྲིམས་འབར་ལ་བརྒྱུད་པ་སྟེ། གཞུང་བཤད་རྒྱ་ཆེར་མ་སྤྲོས་པར། ཨ་ཏི་ཤའི་མཛད་པའི་རྟེན་འབྲེལ་དང་། བདེན་གཉིས་ཀྱི་ཁྲིད་ལ་བརྟེན་ནས་སློབ་མ་སྐྱོང་བར་མཛད་པས། མཚན་དེ་ལྟར་ཐོགས་པ་ཡིན།
འོ་ན། བཀའ་གདམས་པར་སྔགས་ཀྱི་ཉམས་ལེན་མེད་པར་མི་སེམས་ཏེ། ཐུབ་པ་དམ་ཚིག་གསུམ་བཀོད་དང། མི་གཡོ་བའི་སྐོར་དང་། སྨྱུང་བར་གནས་པ་སོགས་དེ་རྒྱས་ཆེ་ཞིང། དངོས་ཚོད་ལའང་འབྲོམ་སྟོན་ལ་རྒྱུད་སྡེ་བཞིའི་མན་ངག་ཆ་ཚང་དང་། ཁྱད་པར་ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་འཁོར་ལོ་བདེ་མཆོག་སོགས་གསང་ཚུལ་གྱིས་གནང་ཡོད་པས། འབྲོམ་སྟོན་བསྟན་པ་ཡོངས་ཀྱི་མངའ་བདག་ཏུ་གྱུར་བ་དང་། ལམ་སྒྲོན་ལའང་མདོ་སྔགས་ཡོངས་སུ་རྫོགས་པ་སྟེ། ལམ་རིམ་ལས། མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་སྟོན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་ཞེས་ཁྱད་ཆོས་སུ་གསུངས་སོ། །
བཀའ་བརྒྱུད་པ།
༡ བཀའ་བརྒྱུད་པའི་ཆོས་རྒྱུན་བརྒྱུད་ཚུལ། དེ་ཡང་བཀའ་བརྒྱུད་པ་ཞེས་པ་ནི། སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་པ་བཤད་སྒྲུབ་ཟུང་གིས་འཛིན་པས་ན། བཀའ་བརྒྱུད་པ་ཞེས་པ་ཐུན་མོང་ལྟར་དང་། ཡང་ན། རྒྱལ་བ་རྡོ་རྗེ་འཆང་གི་བཀའ་བབས་ཀྱི་ཆུ་བོ་ཆེན་པོ་བཞིའི་མཛོད་དུ་གྱུར་བའི་ཏེ་ལོ་བའི་ཆོས་རྒྱུན་འཛིན་པས་ན། བཀའ་བརྒྱུད་པ་ཞེས་ཐུན་མོང་མ་ཡིན་པ་ལྟར་རོ། །གྲུབ་མཐའ་འདི་གྲུབ་ཆེན་ཏེ་ལོ་བར། རྒྱལ་བ་རྡོ་རྗེ་འཆང་ནས་བརྒྱུད་པའི་བཀའ་བབས་ཀྱི་གདམས་པ་བཞི་མངའ་བ་སྟེ། རྒྱལ་བ་རྡོ་རྗེ་འཆང་ནས་ནཱ་རོ་ཆོས་དྲུག་གི་སྒྱུ་ལུས་དང་འཕོ་བའི་བཀའ་བབས། རྒྱལ་བ་རྡོ་རྗེ་འཆང་ནས་ནཱ་རོ་ཆོས་དྲུག་གི་རྨི་ལམ་གྱི་བཀའ་བབས། རྒྱལ་བ་རྡོ་རྗེ་འཆང་ནས་ནཱ་རོ་ཆོས་དྲུག་གི་འོད་གསལ་གྱི་བཀའ་བབས། རྒྱལ་བ་རྡོ་རྗེ་འཆང་ནས་ནཱ་རོ་ཆོས་དྲུག་གི་གཏུམ་མོའི་བཀའ་བབས་ཡིན། བཀའ་བབས་བཞིའི་གདམས་པ་འདི་པཎ་ཆེན་ནཱ་རོ་བ་དང་། མངའ་བདག་མེ་ཏྲི་བ། དཔལ་ཞི་བ་བཟང་བོ། གྲུབ་ཆེན་ཡེ་ཤེས་སྙིང་བོ་བཅས་བླ་མ་གཙོ་བོ་བཞི་དང་། གཞན་ཡང་། པཎྚྀཏ་དང་། གྲུབ་ཐོབ་མཁའ་འགྲོ་མ་སོགས་བླ་མ་བརྒྱ་དང་བདུན་ཅུ་ལྷག་ཙམ་བསྟེན་ནས་བུམ་པ་གང་བྱོའི་ཚུལ་དུ་འཐོབ་པ་ལྷོ་བྲག་མར་བ་ལོ་ཙཱ་བ་ཡིན། མར་བ་ལོ་ཙཱ་བ་བོད་དུ་བྱོན་ནས་བཀའ་བབས་བཞིའི་གདམས་པ་རྣམས་འཆད་སྤེལ་མང་དུ་མཛད་པ་ལས། མན་ངག་དང་། བཤད་རྒྱུད་འཛིན་པའི་སློབ་མ་ཀ་ཆེན་བཞི་སྟེ། མི་ལ་རས་པ། མེས་སྟོན་ཆེན་པོ། རྔོག་ཆོས་སྐུ་རྡོ་རྗེ། མཚུར་སྟོན་དབང་གི་རྡོ་རྗེ་བཅས་བཞི་བྱུང་ཞིང་། ཁྱད་པར་དུ་རྗེ་བཙུན་མི་ལ་རས་པ་དང་དེའི་སློབ་མ་མཉམ་མེད་དྭགས་པོ་ལྷ་རྗེ་ནས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར། འཕེལ་རྒྱས་ཆེན་པོ་བྱུང་བར་བརྟེན། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད། ཟུར་གཉིས་སོགས་རིམ་བཞིན་བྱུང་བ་སྟེ། བཀའ་བརྒྱུད་ཆེ་བཞི་ནི། ༡ རྗེ་སྒམ་པོ་བའི་དངོས་སློབ་འབའ་རོམ་དར་མ་དབང་ཕྱུག་ལས་བརྒྱུད་པའི་འབའ་རོམ་བཀའ་བརྒྱུད། ༢ དྭགས་པོའི་དངོས་སློབ་ཁམས་པ་མི་གསུམ་ལས་ཕག་གྲུ་རྡོ་རྗེ་རྒྱལ་བོ་བརྒྱུད་པའི་ཕག་གྲུ་བཀའ་བརྒྱུད། ༣ དྭགས་པོའི་ཐུགས་སྲས་ཁམས་པ་དབུ་སེའམ་ཀརྨ་དུས་གསུམ་མཁྱེན་པ་ལས་བརྒྱུད་པའི་ཀམ་ཚང་བཀའ་བརྒྱུད། ༤ དྭགས་པོ་ལྷ་རྗེ་དབོན་པོ་སྒོམ་པ་ཚུལ་ཁྲིམས་སྙིང་བོའི་སློབ་མ་ཞང་ཚལ་བ་འགྲོ་བའི་མགོན་པོ་ལས་བརྒྱུད་པའི་ཚལ་བ་བཀའ་བརྒྱུད་དོ། །
བཀའ་བརྒྱུད་ཆུང་བརྒྱད་ནི། ༡ ཕག་གྲུ་བའི་བུ་ཆེན་རྟེན་འབྲེལ་མཐར་ཕྱིན་སྐྱོབ་པ་འཇིག་རྟེན་མགོན་པོ་ལས་བརྒྱུད་པའི་འབྲི་གུང་བཀའ་བརྒྱུད། ༢ ཕག་གྲུ་བའི་བུ་ཆེན་མོས་གུས་མཐར་ཕྱིན་སྟག་ལུང་ཐང་བ་བཀྲ་ཤིས་དཔལ་ལས་བརྒྱུད་པའི་སྟག་ལུང་བཀའ་བརྒྱུད། ༣ ཕག་གྲུའི་དངོས་སློབ་རྒྱལ་ཚ་རིན་ཆེན་མགོན་དང་དབོན་ཀུན་ལྡན་རས་པ་སྐུ་མཆེད་ལས་བརྒྱུད་པའི་ཁྲོ་ཕུ་བཀའ་བརྒྱུད། ༤ ཕག་གྲུ་བའི་དངོས་སློབ་གླིང་རས་པ་པདྨ་རྡོ་རྗེ་ནས་ཆོས་རྗེ་གཙང་བ་རྒྱ་རས་པ་ལས་བརྒྱུད་པའི་འབྲུག་པ་བཀའ་བརྒྱུད། ༥ ཕག་གྲུའི་ཐུགས་སྲས་སྨར་བ་ཤེས་རབ་ཡེ་ཤེས་ལས་བརྒྱུད་པའི་སྨར་བ་བཀའ་བརྒྱུད། ༦ ཕག་གྲུའི་ཐུགས་སྲས་ཡེལ་བ་ཡེ་ཤེས་བརྩེགས་པ་ལས་བརྒྱུད་པའི་ཡེལ་བ་བཀའ་བརྒྱུད། ༧ ཕག་གྲུའི་བུ་ཆེན་ཟྭ་ར་སྐལ་ལྡན་ཡེ་ཤེས་སེང་གེ་ལས་བརྒྱུད་པའི་གཡའ་བཟང་བཀའ་བརྒྱུད། ༨ ཕག་གྲུའི་སློབ་མ་རོ་གཅིག་རྟོགས་པའི་བུ་ཆེན་གྱེར་སྒོམ་ཚུལ་ཁྲིམས་སེང་གེ་ལས་བརྒྱུད་པའི་ཤུག་གསེབ་བཀའ་བརྒྱུད་དེ་བརྒྱད་དོ། །
ཟུར་གཉིས་བཀའ་བརྒྱུད་ནི། ༡ ཀརྨ་ལྔ་བ་དེ་བཞིན་གཤེགས་པའི་དངོས་སློབ་རྨ་སེ་བློ་གྲོས་རིན་ཆེན་ལས་བརྒྱུད་པའི་ཟུར་མང་བཀའ་བརྒྱུད། ༢ ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་གི་དངོས་སློབ་མཁས་གྲུབ་ཀརྨ་ཆགས་མེད་ལས་བརྒྱུད་པའི་གནས་མདོ་བཀའ་བརྒྱུད་དོ། །
༢ བཀའ་བརྒྱུད་པའི་ལྟ་སྒོམ་འབྲས་བུའི་རྣམ་བཞག གདམས་ངག་ཕྱག་རྒྱ་ཆེན་པོ་ལ། མདོ་ལུགས་དང་། སྔགས་ལུགས། སྙིང་བོའི་ལུགས་གསུམ་ལས།
དང་བོ་ནི། མར་བའི་གསུང་མགུར་ལས། ཤར་ཆུ་བོ་གང་གཱའི་འགྲམ་དུ་ཕྱིན། །རྗེ་མེ་ཏྲི་ཆེན་པོའི་བཀའ་དྲིན་གྱིས། །གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །སེམས་སྟོང་བ་ཉིད་ལ་སྤར་ཟིན་བྱས། །དོན་སྤྲོས་བྲལ་གཉུག་མའི་ངོ་བོ་མཐོང་། །སྐུ་གསུམ་མ་དང་མངོན་དུ་མཇལ། །མི་ཁོ་བོས་སྤྲོས་པ་དེ་ནས་བཅད། །ཅེས་པ་ལྟར། མདོ་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། གཞི་དངོས་བོའི་གཤིས་ལུགས་འཁོར་འདས་གང་དུ་མ་གྲུབ་ཅིང་སྤྲོས་པ་མཐའ་དག་དང་བྲལ་བས། སྨྲ་བསམ་བརྗོད་ཡུལ་ལས་འདས་པ་འཁྲུལ་གྲོལ་རང་མཚན་གང་དུ་མ་གྲུབ་པས། ནམ་མཁའ་ལྟ་བུའི་སྲིད་ཞི་ཀུན་ཁྱབ་ཀྱི་གནས་ལུགས་ཟབ་གསལ་གཉིས་མེད་དོན་དམ་བདེན་པའི་སྦྱང་གཞི་རྣམ་དག་སེམས་ཀྱི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྐུ་གསུམ་དབྱེར་མེད་གདོད་ནས་ལྷུན་གྱིས་གྲུབ་པའི་གནས་ལུགས་ཀྱི་རང་ངོ་ཤེས་པས། མཚན་མ་བྲལ་བའི་གཞིའི་གནས་ལུགས་བདེ་གཤེགས་སྙིང་བོ་ངོས་ཟིན་པ་དང་། སྒོམ་པ་ནི། ཐོག་མར་སྒོམ་པ་མ་སྐྱེས་པ་སྐྱེས་པར་བྱ་བ་ལ། ལམ་རིམ་བློ་ལྡོག་རྣམ་བཞི་དང་སྐྱབས་གསུམ་བསགས་སྦྱངས་བླ་མའི་རྣལ་འབྱོར་ལ་རྟགས་ཐོན་པར་སྦྱངས་ནས། བློ་ཆོས་ལམ་དུ་འགྲོ་བ་དང་། བར་དུ། སྐྱེས་པ་ལམ་དུ་བྱེད་པ་ངོ་སྤྲོད་རྣམ་གསུམ་ནི། ལྷན་སྐྱེས་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས་ལ་སྦྱོར། །ཞེས་ལྷན་སྐྱེས་གསུམ་གྱི་ངོ་སྤྲོད་པ་ལ། རིམ་པ་བཞིན། ལམ་གྱི་འཁྲུལ་བ་བསལ། རྟོག་ཚོགས་ཆོས་སྐུར་བསྲེ། འཁྲུལ་བ་ཡེ་ཤེས་སུ་འཆར་བར་བྱེད་པའོ། །
འབྲས་བུ་སངས་རྒྱས་མངོན་དུ་འགྱུར་ཚུལ་ནི། གཞིའི་གནས་ལུགས་ལྟ་བའི་དོན་ལ་སྒྲོ་འདོགས་ཆོད་ཅིང་། སེམས་མ་བཅོས་གནས་ལུགས་ཀྱི་སྟེང་རང་བབ་ཏུ་འཇོག་པའི་སྒོམ་པའི་དོན་ཉམས་སུ་མྱོང་། སྟོང་ཉིད་སྙིང་རྗེ་ཟུང་འཇུག་འགག་མེད་ཤུགས་འབྱུང་གི་སྤྱོད་པས་བོགས་བཏོན་ཏེ། རྟོགས་པ་མཐར་ཕྱིན་པའི་འབྲས་བུ་སྟེ། སངས་རྒྱས་སེམས་ལས་རྙེད། སྐུ་གསུམ་རང་ཞལ་མཇལ་བའོ། །
གཉིས་པ་སྔགས་ལུགས་ནི། མདོར་ན། ནཱ་རོ་ཆོས་དྲུག་ཅེས་གཏུམ་མོ་ལམ་གྱི་གཞུང་དང་། སྒྱུ་ལུས་གྱི་བོགས་འདོན། རྨི་ལམ་ལམ་གྱི་ཚོད་འཛིན། འོད་གསལ་ལམ་གྱི་སྙིང་བོ། བར་དོ་ལམ་གྱི་བློ་ཆོད། འཕོ་བ་ལམ་གྱི་སྐྱེལ་མ་སོགས་གདམས་ངག་སྒོམ་པའོ། །
གསུམ་པ་སྙིང་བོའི་ལུགས་ནི། རྟོགས་ལྡན་གྱི་བླ་མས་དབང་རྣོན་གྱི་སྐལ་ལྡན་སློབ་བུ་རྣམས་ལ་ཡེ་ཤེས་ཀྱི་དབང་གིས་བྱིན་རླབས་འབེབས་པ་ཙམ་གྱིས་སྤྲོས་བཅས་ཀྱི་ས་དང། སྦྱངས་པའི་རྩོལ་བ་ལ་མ་ལྟོས་པར། ཐ་མལ་གྱི་ཤེས་པ་སྙིང་དབུས་སུ་སད་ནས་རྟོགས་གྲོལ་དུས་མཉམ་དུ་འགྱུར་བའོ། །
ཞི་བྱེད་པའི་གྲུབ་མཐའ།
༡ དེ་ཡང་ཞི་བྱེད་པ་ནི། ཤེར་ཕྱིན་གྱི་ཉམས་ལེན་ལ་བརྟེན་ཏེ་སྡུག་བསྔལ་ཞི་བར་བྱེད་པའི་ཆ་ནས་བཏགས་པ་ཡིན་ལ། ཆོས་བརྒྱུད་འདིའི་མ་ཁུངས་ནི་ཕ་དམ་པ་སངས་རྒྱས་ཡིན། བི་ཀྲ་མ་ཤི་ལར་མཁན་པོ་དགེ་བའི་ལྷ་ལས་རབ་ཏུ་བྱུང་། བླ་མ་མང་བོ་བསྟེན་ནས་མཁས་གྲུབ་ཀྱི་གོ་འཕང་བརྙེས། བོད་དུ་ཐེངས་ལྔར་ཕེབས་ཤིང་། སློབ་མ་དཔག་ཏུ་མེད་པ་ཞི་བྱེད་ཀྱི་གདམས་པས་སྨིན་པར་མཛད་པ་ལས། གྲགས་ཆེ་བ་ནི། ཞི་བྱེད་སྔ་ཕྱི་བར་གསུམ་སྟེ། སྔ་མ་ཁ་ཆེ་ཉྫ་ན་གུ་ཧ་ལ། དེ་ཨོང་པོ་ལོ་ཙཱ་བས་བསྒྱུར་བ། ཞི་བྱེད་སྒྲོན་མ་སྐོར་གསུམ་དང་། གཤིན་རྗེ་གཤེད་ལ་སོགས་པའི་སྒྲུབ་ཐབས་དང་། བརྒྱུད་པ་བར་མ་ནི། རྨ་ཆོས་ཀྱི་ཤེས་རབ། སོ་ཆུང་དགེ་འདུན་འབར། སྐམ་ཡེ་ཤེས་རྒྱལ་མཚན་དང་གསུམ་ལ་གདམས་ངག་གནང་ནས་འཕེལ་བ་ལ་ཟེར། བརྒྱུད་པ་ཕྱི་མ་ནི། ཕ་དམ་པ་སངས་རྒྱས་དིང་རི་གླང་སྐོར་དུ་བྱོན། དམ་པ་ཕྱར་ཆེན། ཕྱར་ཆུང་། བཛྲ་ཀྲོ་དྷ། ཀུན་དགའ་བཞི་ལས། ཀུན་དགའ་གཙོ་བོ་སྟེ། སྐུ་ཚེ་ལྔར་དམ་པ་སངས་རྒྱས་ཀྱིས་རྗེས་སུ་བཟུང་། སྐུ་ཚེ་འདིར་དེའི་གདམས་ངག་གི་མཛོད་དུ་གྱུར་བས། སློབ་མ་པ་ཚབ་སྒོམ་པ་དང་། དེ་ནས་རྒྱལ་བ་ཏེ་ནེ། རོག་ཤེས་རབ་སེང་གེ་དང་ཞིག་པོ་ཉི་མ་སེང་གེ་སོགས་བརྒྱུད་དེ་ཞི་བྱེད་དར་རྒྱས་སུ་མཛད་དོ། །ཞི་བྱེད་ཀྱི་ཆོས་ཀྱི་སྙིང་བོར་གྱུར་བ་ནི་ཤེར་མདོ་ལ་གཏུགས་ལ། ཤེར་ཕྱིན་གྱི་བརྒྱུད་པའི་བཀའ་བབས་དྲུག་གི་སྙིང་བོའི་བཅུད་བསྡུས་ནས་ཉམས་སུ་ལེན་པ་ལགས་ལ། ཁྱད་པར་དུ་ཀླུ་སྒྲུབ་ལ་ཚད་མར་མཛད་པ་སྟེ། དིང་རི་བརྒྱད་ཅུ་བར་ཡང་། སྟོང་བའི་ངང་དུ་རིག་པ་མདུང་བསྐོར་བྱ། །ལྟ་བར་ཐོགས་རྡུགས་མེད་དོ་དིང་རི་བ། །ཞེས་ལྟ་བ་མཐའ་བྲལ་དུ་གསུངས་པའི་ཕྱིར་ན་དབུ་མའི་ལྟ་བ་ལས་མ་འདས་སོ། །
༢ ཞི་བྱེད་པའི་ཡ་གྱལ་གཅོད་ལུགས། དེ་ཡང་གཅོད་ཅེས་པ་ནི། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་རང་དོན་ཡིད་བྱེད་གཅོད། སྟོང་ཉིད་ཀྱི་ལྟ་བས་འཁོར་རྩ་གཅོད། ཐུན་མོང་གི་བདུད་བཞི་གཅོད་པས་ན། གཅོད་ཅེས་བྱེད་ལས་ཀྱི་ཆ་ནས་བཏགས་པ་དང་། ཡང་ན། རྒྱལ་སྲས་ཀྱི་ཉམས་ལེན་ཐབས་ཤེས་ཀྱི་ལམ་ལ་སྤྱོད་པས་ན་སྤྱོད་ཅེས་ཀྱང་གྲགས་སོ། །
གཅོད་ཀྱི་གདམས་པ་འདི་བརྒྱུད་ཚུལ་ནི། ཕ་དམ་པ་བོད་དུ་ཕེབས་ཐེངས་གསུམ་པར། གཙང་དུ་སྐྱོ་སྟོན་བསོད་ནམས་བླ་མ་དང་། ཡར་ཀླུང་སྨ་ར་སེར་བོ་གཉིས་ལ་གཅོད་ཀྱི་གདམས་པ་གནང་། སྨ་ར་སེར་བོས་རང་གི་ཉེ་གནས་སྨྱོན་པ་སེ་རོང་། དེས་རྩེ་སྟོན་དང་སུམ་སྟོན་གཉིས་ལ། རྩེ་སྟོན་གྱིས་གཉན་སྟོན། སུམ་སྟོན་གྱིས་སྐལ་ལྡན་སྲས་མོ། དེས་གཙང་སྟོན། དེས་གཉན་སྟོན་སོགས་ལ་གནང་བའི་རྒྱུན་ལ་ཕོ་གཅོད་དང་། སྐྱོ་སྟོན་བསོད་ནམས་བླ་མས་ལབ་སྒྲོན་ལ་གནང་བའི་རྒྱུན་ལ་མོ་གཅོད་དུ་གྲགས་སོ། །སྤྱིར་ན། གཅོད་ཀྱི་གདམས་པ་འདི་ལ་རྒྱ་གཅོད་ཆུ་བོ་བཞི་དང་། ཕོ་གཅོད་མོ་གཅོད་ཅེས་ཐ་སྙད་སྦྱོར་ཚུལ་མང་ཡང་། མ་ཅིག་གི་བརྒྱུད་པ་དྲུག་ལྡན་བྱ་བ་འདི་སྟོང་དཀྲུགས་འོ་མའི་མར་ལོ་བཞིན་དྲིལ་ཞིང་། ཁྱད་པར་དུ་འཇམ་དཔལ་གྱི་རྒྱུད་སོགས་ལས། ང་ཡི་བསྟན་པའི་སྙིགས་མ་ལ། །བྱང་ཕྱོགས་ལབ་ཀྱི་གྲོང་ཁྱེར་དུ། །རྒྱལ་བའི་ཡུམ་གྱི་སྤྲུལ་བ་ནི། །སྒྲོན་མའི་མཚན་ཅན་འབྱུང་བར་འགྱུར། །སྐྱེ་མེད་སྙིང་བོའི་དོན་སྟོན་ཅིང་། །གྲོང་དང་གྲོང་ཁྱེར་རི་སུལ་དང་། །དུར་ཁྲོད་བས་མཐའ་ཁྱད་པར་ཉུལ། །དེ་ཡི་ཆོས་ནི་རྒྱས་པར་འགྱུར། །ཞེས་ལུང་གིས་ཟིན་པའི་མ་ཅིག་ལབ་སྒྲོན་འདི་ལ་བུ་སློབ་མང་དུ་ཡོད་ཀྱང་། གཙོ་ཆེ་བའི་དབང་དུ་བཏང་ན། ཐུགས་ཀྱི་སྲས་བོ་བཞི་དང་། སྲས་མོ་བཞི། རང་མཉམ་གྱི་སྲས་བརྒྱད་དེ་བཅུ་དྲུག་སོགས་བྱུང་ནས་ཆོས་རྒྱུན་འདི་རྒྱ་ཆེར་དར་བ་ཡིན་ནོ། །
གཅོད་ཀྱི་གདམས་པའི་ངོ་བོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔགས་དང་མཐུན་པར་སྤྱོད་པ་སྟེ། གདམས་པའི་ཁུངས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་། ལྷག་པར་དུ་སྡུད་པ་ལས། རྒྱུ་རྣམས་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་བར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་བསྟན་ཏོ། །སྔགས་དང་ཇི་ལྟར་རྗེས་སུ་མཐུན་ན། བརྟག་གཉིས་ལས། ཤིང་གཅིག་དང་ནི་དུར་ཁྲོད་དང་། །མ་མོའི་ཁྱིམ་དང་མཚན་མོ་དང་། །ཡང་ན་དབེན་པའི་བས་མཐའ་རུ། །བསྒོམ་པ་བཟང་བར་བརྗོད་པར་བྱ། །ཞེས་པས་ཉམས་སུ་བླངས་པའི་གནས་དང་། ལུས་ཀྱིས་སྦྱིན་པ་སྦྱིན་བྱས་ནས། །ཕྱི་ནས་སྤྱོད་པ་ཡང་དག་སྤྱད། །ཅེས་པས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་དང་། ངེས་པར་སྔོན་དུ་ལྷ་མིན་དང་། །བརྒྱ་བྱིན་ལྟ་བུར་འོངས་ན་ཡང་། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། །ཞེས་པས་ཉམས་སུ་བླངས་པ་ལ་བརྟེན་ནས་སློང་དང་ཆོད་ཚད་འབྱུང་ཚུལ་བཅས་བསྟན་ཏོ། །
ས་སྐྱ་བ།
༡ ས་སྐྱ་བའི་ཆོས་རྒྱུན་བརྒྱུད་ཚུལ། ས་སྐྱ་བ་ནི་བོད་རབ་བྱུང་དང་བོའི་ཆུ་གླང་༡༠༧༣ ལོར་འཁོན་དཀོན་མཆོག་རྒྱལ་བོས། དབོན་པོ་རི་གླང་ཆེན་ཉལ་བ་འདྲ་བའི་མཁལ་ཁུང་གཡས་པའི་ཐད་ནས་ས་དཀར་ཞིང་སྣུམ་ལ། ཆུ་གཡས་སུ་འབབ་པ་སོགས་ཀྱི་བཀྲ་ཤིས་དགེ་མཚན་དུ་མ་ལྡན་པར་གཟིགས་ནས། ས་དེར་དགོན་པ་བཏབ་པས་སའི་ཁ་དོག་གི་ཁྱད་པར་གྱིས་དཔལ་ལྡན་ས་སྐྱ་བ་ཞེས་པའི་གྲུབ་མཐའ་འདི་བྱུང་བ་ཡིན། འཁོན་དཀོན་མཆོག་རྒྱལ་བོ་འདི་བ་སྔ་སོར་རྙིང་མ་བ་ཞིག་ཡིན་ཀྱང་། ཁྲོམ་དཀྱིལ་དུ་སྔགས་པ་མང་བོས་དབང་མོ་ཉེར་བརྒྱད་ཀྱི་འབག་གྱོན་ནས་འཆམ་བྱེད་པ་མཐོང་བ་བླ་མ་གཅེན་ལ་ཞུས་པས། གཅེན་གྱི་ཞལ་ལས། ད་གསང་སྔགས་འཆོལ་བའི་དུས་བྱུང་བ་ཡིན། ཕྱིན་ཆད་སྔགས་རྙིང་མ་ལ་གྲུབ་ཐོབ་ཚད་ལྡན་མི་འོང་གསུངས་ཏེ། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་དྲུང་དུ་མངགས་ནས་གསང་སྔགས་ཕྱི་འགྱུར་ལ་སྦྱངས་པ་བྱེད་དུ་བཅུག གཞན་ཡང་། འགོས་ཁུག་པ་ལྷས་བཙས་སོགས་བླ་མ་མང་བོའི་ཞབས་ལ་གཏུགས་ནས་ལྷ་ཆོས་མང་བོ་གསན། ལོ་ངོ་སུམ་ཅུ་ཐམ་པར་གདན་ས་བསྐྱངས་ཏེ་འཆད་ཉན་བྱས། མཐར་དགུང་གྲངས་རེ་དགུ་བར་གཤེགས། ཕྱིས་སུ་ས་སྐྱ་གོང་མ་རྣམ་ལྔ་སྟེ། ས་ཆེན་ཀུན་དགའ་སྙིང་བོ། ས་སྐྱ་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པཎ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་ཀྱིས་ཆོས་རྒྱུན་སྤེལ་ཞིང་། ཁྱད་པར་དུ་སྤྱི་ལོ ༡༢༥༣ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཧུ་པི་ལི་སི་ཆེན་ཧན་གྱིས་དབུ་བླར་བཀུར་ཏེ། དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་གནང་བ་ནས་བཟུང་དར་རྒྱས་ཆེན་པོ་བྱུང་བ་ཡིན་ནོ། །བརྒྱུད་འཛིན་མཆོད་གཞིས་ཀྱི་དབང་དུ་བཏང་ནའང་། ངོར་ཨེ་ཝཾ་གླིང་། གོང་དཀར་རྡོ་རྗེ་གདན། རྟ་ནག་ཐུབ་བསྟན་རྣམ་རྒྱལ། ཞ་ལུ་དགོན། དྷི་དགོན་སོགས་ཡོད་དོ། །
༢ ས་སྐྱ་བའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག གཞི་དུས་ཀྱི་རང་བཞིན་འོད་གསལ་སྤྲོས་པ་དང་བྲལ་བ་ནི། འཁོར་བ་མྱ་ངན་ལས་འདས་པ་གཉིས་ཀའི་རྒྱུ་ཡིན་ལ། དེ་ངོས་མ་ཟིན་པ་གཟུང་འཛིན་གཉིས་སུ་ཤར་བའི་ཉོན་མོངས་པ་མངོན་གྱུར་བག་ལ་ཉལ་དང་བཅས་པ་འདི་འཁོར་བའི་རྩ་བ་ལྷན་སྐྱེས་ཀྱི་མ་རིག་པ་ཡིན་པས། འདིའི་རྩ་བ་བཅད་དེ་དབྱིངས་སུ་བསྟིམ་པའི་ཐབས་ཁྱད་པར་ཅན་གྱིས་ཟིན་པ་ནི་འཁོར་འདས་དབྱེར་མེད་ཀྱི་ལྟ་བའོ། །
སྒོམ་པ་ནི། ལྟ་བ་རྒྱུད་ལ་སྐྱེས་པའི་ཐབས་ནི་བསྒོམས་ནས་གོམས་དགོས་པ་ཡིན་པས། དེ་ཡང་། ཞི་ལྷག་གི་ཏིང་ངེ་འཛིན་དང་རིམ་གཉིས་ཀྱི་རྣལ་འབྱོར་སོགས་ལ་བརྟེན་ནས་སྒོམ་པའོ། །
སྤྱོད་པ་ནི། བསྒོམས་པས་ལྟ་བ་ལ་བརྟན་པ་ཐོབ་པར་གྱུར་བ་ན། ལྟ་ཐོག་དེར་འཁྲུལ་སྣང་ཐམས་ཅད་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོལ་བར་ངོ་ཤེས་པའི་ཕྱིར། ཀུན་འདར་གསང་སྤྱོད་དང་མངོན་སྤྱོད་སོགས་ལ་རིམ་གྱིས་ཞུགས་ནས་ལྟ་བ་ལ་བོགས་འབྱིན་པ་ནི་སྤྱོད་པའོ། །
ཇོ་ནང་བ།
༡ ཇོ་ནང་བའི་ཆོས་རྒྱུན་གྱི་ཁུངས་སོགས། ཇོ་ནང་བའི་གྲུབ་མཐའ་ནི། ཡུ་མོ་མི་བསྐྱོད་རྡོ་རྗེ་ནས་ལམ་སྲོལ་ཆེས་ཆེར་ཕྱེས་པ་ཡིན་ལ། དེ་ཡང་སྨྲ་བའི་ཁྱུ་མཆོག་ལེགས་ལྡན་ཞབས་ཀྱི་དབུ་མ་རིན་ཆེན་སྒྲོན་མེ་ལས། རགས་པ་ཕྱི་ཡི་དབུ་མ་ཐལ་རང་གཉིས། །ཕྲ་བ་ནང་གི་དབུ་མ་གཞན་སྟོང་སྟེ། །ཞེས་གཞན་སྟོང་གི་ལྟ་བ་འདི་སློབ་དཔོན་ཀླུ་ཐོགས་དང་། དུས་འཁོར་རྩ་རྒྱུད་སོགས་ལས་བསྟན་པར་ཁོ་བོ་ཅག་འདོད་ཅིང་། ཇོ་ནང་བ་ཞེས་པའི་མིང་འདི་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་མོ་ནང་དུ་དགོན་པ་བཏབ། དོལ་བོ་བ་དེར་བཞུགས་ནས་གྲུབ་མཐའ་འདི་རྒྱ་ཆེར་སྤེལ་བ་ནས་བཟུང་། བརྒྱུད་འཛིན་རྣམས་ལ་ཇོ་ནང་བར་གྲགས་སོ། །གྲུབ་མཐའ་འདིའི་བླ་མའི་གཙོ་བོ་དོལ་བོ་བ་ཤེས་རབ་རྒྱལ་མཚན﹙༡༢༩༢ -༡༣༦༡﹚དང་། ཇོ་ནང་ཏཱ་ར་ནཱ་ཐ། ཕྱོགས་རྒྱལ་བ། ལོ་ཙཱ་བ་བློ་གྲོས་དཔལ། ས་བཟང་མ་ཏི་པཎ་ཆེན། ཉ་དབོན་ཀུན་དགའ་དཔལ﹙རྗེ་ཐམས་ཅད་མཁྱེན་པས་ཀྱང་ཕྱོགས་ལས་རྒྱལ་བ་ལས་དུས་འཁོར་དང་། ཉ་དབོན་ལས་ཕར་ཕྱིན་སོགས་གནས།﹚སོགས་ཡིན། ཡི་དམ་གྱི་གཙོ་བོ་དུས་འཁོར་དང་། དཔལ་འཁོར་ལོ་བདེ་མཆོག མཁའ་འགྲོའི་གཙོ་བོ་མཁའ་སྤྱོད་མ་དང་། ཆོས་སྐྱོང་གི་གཙོ་བོ་དཔལ་ལྡན་གུར་གྱི་མགོན་པོ་དང་བདུད་མགོན་ཏྲཀྵད་ནག་པོ་ཡིན།
༢ ཇོ་ནང་གི་གཞན་སྟོང་འདོད་ཚུལ། ཡུ་མོ་མི་བསྐྱོད་རྡོ་རྗེས་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་བསྒོམས་པ་དང་། རྒྱུད་འགའ་ཞིག་ལ་བརྟེན་ནས། གཞན་སྟོང་དོན་དམ་པའི་བདེན་པ་རྟག་བརྟན་ཐེར་ཟུག་བརྟན་གཡོ་ཐམས་ཅད་ལ་ཁྱབ་པ། བདེ་གཤེགས་སྙིང་བོ་དང་དོན་གཅིག་པ་གཞིའི་གནས་ཚུལ་ལ་ཡོད་པ་དེ་ཉིད། རྣལ་འབྱོར་དྲུག་གི་རིམ་པས་ཉམས་སུ་བླངས་པས་འབྲས་བུ་ཆོས་ཉིད་མངོན་དུ་འགྱུར་བར་འདོད་པ་དང་། དོལ་བོ་བས་ལྟ་བ་དེ་སྟོན་པའི་བསྟན་བཅོས་ངེས་དོན་རྒྱ་མཚོ་བརྩམས་ཏེ། ལུང་རིགས་ཀྱི་སྒྲུབ་བྱེད་མང་དུ་བཀོད་ནས་གཞན་སྟོང་དོན་དམ་པའི་ལྟ་བ་ཞེས་པའི་གྲུབ་མཐའི་རྐང་བཙུགས། དེའི་རྗེས་འབྲང་ཕྱོགས་ལས་རྣམ་རྒྱལ་གྱིས་འཁྲུལ་འཇོམས་ཆེ་ཆུང་གཉིས་དང་། ཉ་དབོན་གྱིས་གྲུབ་མཐའ་འོད་གསལ་རྒྱན་སོགས་བརྩམས་ཏེ་ཇོ་ནང་བའི་གྲུབ་མཐའ་འདི་དར་སྤེལ་བཏང་བ་ཡིན་ནོ། །
དགེ་ལུགས་པ།
༡ དགེ་ལུགས་པའི་ཆོས་རྒྱུན་བྱུང་ཚུལ། དགེ་ལུགས་པ་ནི། འཇམ་མགོན་བླ་མ་ཙོང་ཁ་པས﹙༡༣༥༧ -༡༤༩༡﹚སྤྱི་ལོ༡༤༠༩ བོད་རབ་བྱུང་བདུན་པའི་ས་གླང་ལོར་དགའ་ལྡན་དགོན་པ་བཏབ་སྟེ། སྐུ་ཚེ་སྨད་དེར་བཞུགས་པས། རྗེའི་རང་ལུགས་པ་ཚོས་གདན་སའི་མཚན་གྱི་ཆ་ལས་རི་བོ་དགའ་ལྡན་པ་ཞེས་འབོད་པ་བྱུང་། ད་ལྟ་དགའ་ལྡན་པ་ཞེས་པ་བརྗོད་བདེའི་དབང་གིས་དགེ་ལྡན་པ་ཞེས་རྒྱུན་ཆགས་སུ་གྱུར་རོ། །ཡང་བླ་ཆེན་དགོངས་པ་རབ་གསལ་དང་ཀླུ་མེས་སོགས་སྔོན་གྱི་འདུལ་འཛིན་པ་རྣམས་ཀྱིས་ཞྭ་སེར་མནབས་པར་བརྟེན། རྗེ་བླ་མས་ཀྱང་འདུལ་བསྟན་ཉམས་པ་གསོ་བའི་རྟེན་འབྲེལ་དུ་དགོངས་ནས་ཞྭ་སེར་འདི་མནབས་པས། གྲུབ་མཐའ་འདི་ལ་ཞྭ་སེར་བའང་ཟེར། རྗེ་ཉིད་བཞུགས་ཐོག་དེར་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་གཙོར་བྱས། འཁོར་དག་པ་རྣམ་བརྒྱད་སོགས་དངོས་སློབ་གྲགས་ཆེ་བའང་བརྒྱ་དང་ཞེ་བདུན་བྱུང་བ་དང་། དགོན་སྡེའི་དབང་དུ་བཏང་ནའང་སེར་འབྲས་དགེ་གསུམ་སོགས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཇི་སྙེད་ཅིག་བྱུང་བ་དང་། ཁྱད་པར་དུ་རྗེ་བློ་སྒོ་གསུམ་སོགས་གྱི་ཡིག་ཆ་བརྩམས་ཏེ་ཞྭ་སེར་གྱི་བསྟན་པ་རིན་པོ་ཆེ་ཉི་མ་ལྟར་ཤར་བ་འདི་ཉིད་བྱུང་ངོ་། །
༢ ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག དགེ་ལུགས་པའི་ལྟ་བ་ནི། གཟུགས་ནས་རྣམ་མཁྱེན་བར་ཆོས་ཐམས་ཅད་ཀྱི་སྟེང་དུ་དགག་བྱ་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར། རང་གི་གདགས་གཞི་ལ་བརྟེན་ནས་རྟོག་པས་བཏགས་པ་ཙམ་དེ་རྟེན་འབྱུང་གི་དོན་ཡིན་ལ། སྟོང་བས་ཡོད་མཐའ་སེལ་ཞིང་སྣང་བས་མེད་མཐའ་སེལ་ཚུལ་ནི། ཆོས་གང་དང་གང་དེ་ལྟ་བུའི་རྟེན་འབྱུང་དུ་བློ་ལ་ནམ་ཤར་བའི་ཚེ། ཆོས་དེ་དང་དེ་རང་བཞིན་གྱིས་སྟོང་བར་ངེས་ཤེས་འདྲེན་པ་ནི་སྣང་བས་ཡོད་མཐའ་སེལ་ཚུལ་དང་། གཅིག་ཏུ་བྲལ་ལྟ་བུས་རིགས་པས་དཔྱད་དེ། ཆོས་གང་དང་གང་རང་བཞིན་མེད་པའི་ཚུལ་བློ་ལ་ནམ་ཤར་བའི་ཚེ། ཆོས་དེ་དང་དེ་རྟོག་པས་བཏགས་ཙམ་གྱི་རྟེན་འབྱུང་ཡིན་པར་འབད་མེད་དུ་འཆར་བ་ནི། སྟོང་བས་མེད་མཐའ་སེལ་ཚུལ་ལོ། །
སྒོམ་པ་ནི། དཔྱད་སྒོམ་དགོས་པ་རྣམས་ལ་དཔྱད་སྒོམ། འཇོམ་སྒོམ་དགོས་པ་རྣམས་ལ་འཇོག་སྒོམ། དཔྱད་འཇོག་སྤེལ་མ་དགོས་ལ་སྤེལ་མ་དང་། ཏིང་འཛིན་ཡང་དག་སྒྲུབ་ཚུལ་གྱི་མན་ངག་མདོའི་དོན། བྱམས་ཆོས་དང་། ས་སྡེ། དབུ་མ་སྒོམ་རིམ་སོགས་ལས་བཀྲལ་བ་བཞིན། ཞི་ལྷག་སོ་སོའི་ཚོགས་བརྟེན་ཚུལ། དམིགས་རྟེན་གྱི་ཁྱད་པར། སེམས་གནས་པའི་ཐབས་དགུ་དང་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པར་བྱས་ཏེ་སྒོམ་པའོ། །
སྤྱོད་པ་ནི། རྗེ་བདག་ཉིད་ཆེན་པོས་བསྟན་པའི་གཞི་མ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལགས་པར་དགོངས་ནས། བྱིན་ལེན་རུང་ཆུ་སོགས་འདུལ་བའི་བཅས་ཁྲིམས་ཕྲ་མོ་རྣམས་ཀྱང་མ་ཚང་བ་མེད་པའི་སྒོ་ནས། འདུལ་བའི་ཀུན་སྤྱོད་ལ་གནས་བཞིན་པའི་ངང་ནས་རིམ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་ལེན་པ་སོགས་ཀུན་སྤྱོད་དག་པ་དང་། དེའི་སྟེང་དུ་བྱང་སེམས་དང་སྔགས་ཀྱི་འདུལ་བ་ནས་གསུངས་པའི་བཅས་མཚམས་རྣམས་ཀྱང་མིག་འབྲས་བཞིན་སྲུང་བས་སྤྱོད་པ་རྣམ་པར་དག་པའོ། །མདོར་ན། གུང་ཐང་བསྟན་པའི་སྒྲོན་མེས། ལྟ་བ་རྣམ་དག་རྟག་ཆད་མཐའ་ལས་གྲོལ། །སྒོམ་པ་རྣམ་དག་བྱིང་རྨུགས་མུན་པ་སངས། །སྤྱོད་པ་རྣམ་དག་རྒྱལ་བའི་བཀའ་བཞིན་བསྒྲུབས། །བློ་བཟང་རྒྱལ་བའི་བསྟན་པ། ཞེས་གསུངས་སོ། །
གཞན་དུ་ནང་བསྟན་གྱི་གྲུབ་མཐའ་བཅུ་གཉིས་ཞེས་ཀྱང་བརྩི་སྲོལ་ཡོད་དེ། དེ་དག་ནི། རྙིང་མ་བ། ས་སྐྱ་བ། དགེ་ལུགས་པ། ཇོ་ནང་བ། ཤངས་པ། འབྲི་གུང་བ། ཀརྨ་བ། བུ་ལུགས། བཀའ་གདམས་པ། རྫོགས་ཆེན་པ། ཕྱག་ཆེན་པ། ཞི་བྱེད་པ་བཅས་སོ། །