སྟག་རིག་གི་རྒན་བཀུར་སྲོལ་རྒྱུན།
ང་རང་ལག་ཆགས་སའི་ཕ་ཡུལ་གྱི་མིང་ལ་སྟག་རིག་སྡེ་བ་ཟེར། སྡེ་བ་མི་ཆེ་མི་ཆུང་བ་ཞིག་སྟེ་དུད་ཁྱིམ་ཉིས་བརྒྱ་ལ་མི་གྲངས་བརྒྱད་བརྒྱར་སླེབས་པ་ཡོད། ལུང་བ་ཆེན་པོ་གསུམ་གྱི་སུམ་མདོ་ན་ཆགས་པས། སྟག་ཁེར་ཉས་ལུང་གསུམ་གྱི་མདོ་བཅད་འདྲར་བཤད། གཞི་བདག་ཆེན་པོ་གཉིས་ཀྱི་ཕང་དུ་རུ་ཆགས་པས། རྗེ་ཡི་བཙུན་མོས་རྒྱལ་སྲས་པར་འདྲར་གྲགས། རོང་འབྲོག་གཉིས་ཀྱི་ཁ་མཚམས་ན་ཆགས་པས། ནང་བཅུད་ནི་འབྲོག་པ་བཞིན་དུ་མི་གཤིས་དྲང་ཞིང་། རོང་པ་བཞིན་དུ་ལས་ལ་བརྩོན། རྫ་ཆུ་སྔོན་མོ་འཐུང་ཆུར་བྱེད། རོང་ཟས་འབྲོག་ཟས་གཉིས་ཀ་འཛོམས། ཕྱུགས་སུ་རྟ་ལུག་ཟོག་གསུམ་འཚོ། ལུས་སུ་ཕྲུག་ཚར་སློག་གསུམ་གྱོན། ཕྱི་སྣོད་ལ་རྫ་རི་སྤང་རིའི་དབྱེ་བ་གསལ། རྒྱ་ཞིང་ཆུ་མའི་ཁ་ཞེང་ཆེ། ལུང་བ་དག་ཏུ་ཆུ་ཀླུང་དལ་གྱིས་འབབ། སྡེ་འདབས་ཀུན་ཏུ་ནགས་ཀློང་སྟུག་པོས་བཀང་། རིང་ཆུ་མའི་གྲོགས་ལ་རི་མ་བསྡེབས། འབྲུ་རིགས་སྣ་ལྔའི་ལོ་ཏོག་འཁྲུངས། དགོན་པ་སྟག་སེང་ཁ་སྤྲོད་དུ་ཡོད་ལ། ཆུ་བོ་མདོ་སྔགས་ཟུང་འབྲེལ་དུ་བཞུར། རྗེ་བླ་མ་ཉི་ཟླ་སྐར་གསུམ་དུ་བཞུགས་ཤིང་། གྲོང་རི་དགོན་མཐུན་པ་སྤུན་བཞི་ལྟར་འགྲིག མི་སྡེ་ལ་མི་རིགས་གཞན་གྱི་སླད་མ་ཞུགས་ཤིང་བོད་སྡེ་སངས་མའི་རྒྱུད་པ་གཙང་མར་འཛིན། ཡུལ་མི་འདི་དག་གིས་གནས་འདིར་ཁྱིམ་གཞིས་བཏབ་ཅིང་ས་བཟུང་བའི་དུས་ཀྱང་ཤིན་ཏུ་སྔ་བ་དང་། ཚོ་བ་ཚན་པ་མང་བོ་སྔ་ཕྱིར་གྱེས་ཤིང་འཕེལ་ཏེ། ཤོག་ག་ཆེན་པོ་རྣམས་རིམ་གྱིས་བྱུང་ཡོད་པ་དང་། དེ་དག་གིས་ཡུལ་ཁམས་བཅད་བཟུང་བྱས་པའི་རྣམ་པ་ཡང་མཐོང་སྟེ། སྤྱིར་གཅན་ཚ་ཁ་གསུམ། སྦྲ་ནག་སྡེ་བ་ལྔ། འཕྲང་དམར་ཚོ་བཅུ་གཉིས་སོགས། ཡུལ་ཁམས་ཆེན་པོ་སྤྱི་མཐུན་གྱི་ཕྱོགས་སུ་འཕེལ་བའི་སྐབས་ཀྱི་མནའ་འབྲེལ་ཚོ་བའི་འབོད་སྟབས་ཀྱང་བྱུང་ཡོད། སྟག་རིག་ནི་དེ་དག་ལས་འཕྲང་དམར་ཚོ་བཅུ་གཉིས་སུ་འབོད་པའི་ནང་ཚན་དུ་གཏོགས་ཤིང་། སྟོད་ཀྱི་འབྲོག་པ་དང་སྨད་ཀྱི་རོང་སྡེ་རྣམས་ཀྱིས་འཕྲང་དམར་ཡུལ་གྱི་བོད་སྡེ་འདི་དག་ལ་འཇམ་པ་ཞེས་འབོད། འཇམ་པ་ཞེས་པའི་མིང་འདིའི་འཇུག་དོན་ཡང་དག་ད་ལྟ་བཤད་ཤེས་མཁན་མེད་ན་ཡང་། བོད་སྡེ་འདི་དག་གིས་རང་གི་ལྟོ་རྒྱབ་ཀྱི་འཚོ་རྟེན་དུ་ཞིང་ཕྱུགས་གཉིས་ཀ་མཉམ་དུ་གཉེར་བས། ལ་ལས་ང་ཚོ་ལ་འཇམ་པ་གོང་མཐའ་འམ། རོང་མ་འབྲོག་གི་ས་ཆ་ཞེས་ཀྱང་འབོད། ཆེན་པོ་ཆིང་རྒྱལ་རབས་ཀྱི་དུས་མཇུག་གི་ཁྲི་ཀའི་ཡུལ་གྱི་རྒྱའི་སྙན་ངག་མཁས་པ་ཀྲང་དབྱིན་གྱི་སྙན་རྩོམ་དུ་ཡང་། རོང་འབྲོག་གཉིས་ཀྱི་ཁ་མཚམས་ན།། ཕྱུགས་དང་ཞིང་ལས་གཉིས་ཀ་གཉེར།། ཞེས་ཡུལ་ཁམས་འདིའི་ཁྱད་ཆོས་ལ་ཆེད་དུ་བསྟོད་བསྔགས་ཡོད་པ་མཐོང་། ཡིན་ན་ཡང་ཡུལ་སྲོལ་གོམས་གཤིས་དང་བཟང་བཏུང་གྱོན་གོས། མི་གཤིས་དང་སྐད་ཆ་སོགས་ཀྱི་ཆ་ལ་སྦྲ་ནག་འབྲོག་པ་རྣམས་དང་ཁྱད་པར་ཡེ་ནས་མེད། ཁྱད་པར་དུ་ས་འདི་དག་གི་སྐད་ཆའི་སྨྲ་བརྗོད་ལ་ཨ་མདོའི་འབྲོག་སྐད་ལྟར་སྒྲ་དག་གསལ་གསུམ་གྱི་ཁྱད་ཆོས་འཛོམས་པ་མ་ཟད། སྐད་རིགས་རོང་འབྲོག་གཉིས་ཀྱི་དབུས་ལ་གནས་པས། སྒྲ་གདངས་ཀྱི་ལྕི་ཡང་། ངག་གི་རིང་ཐུང་། སྐད་ཀྱི་འགུགས་ལུགས། བརྗོད་འགྲོས་ཀྱི་མྱུར་བུལ་ཕྱོགས་སུ་སྦྲ་ནག་འབྲོག་པའི་སྐད་ལས་ལྷག་པའི་ཡོན་ཏན་མང་བོ་ལྡན། དེང་གི་གློག་བརྙན་འཕྲིན་གྱི་སྐད་བསྒྱུར་ལས་ཁུངས་རྣམས་སུ། བོད་སྡེ་འདི་དག་ལས་ཡོང་བའི་རྒན་དར་ཕོ་མོ་མང་བོས་སྐད་བསྒྱུར་གྱི་ལས་ཀ་གཉེར་ཡོད་པ་དང་། ཨ་མདོའི་སྐད་ཀྱི་ཚད་དཔེ་མཚོ་སྔོན་རྒྱང་སྒྲོག་ལས་ཁུངས་དང་བརྙན་འཕྲིན་ཁང་གཉིས་ཀྱི་སྐད་བརྗོད་པའི་ནང་དུ་ཡུལ་འདིའི་ལས་བྱེད་མི་ཉུང་ བ་འདུས་ཡོད། སྤྱིར་བོད་ཀྱི་ས་གང་ན་ཡ་རབས་ལུགས་བཟང་གི་དཔེ་ཕྱག་སྲོལ་བརྟན་པོར་ཚུགས་ཡོད་པ་དེ་ལ། ཆོས་དང་འཇིག་རྟེན་གཉིས་ཆར་མཁས་པའི་བླ་མ་དང་དཔོན་པོ་དག་གི་བཀའ་དྲིན་གྱིས་མ་ཁྱབ་པ་ཞིག་མེད་པ་ལྟར།
བཅིངས་འགྲོལ་ཡར་སྔོན་ལ་ཐུག་གི་བར། སྟག་རིག་འདི་ཡང་ཆོས་སྲིད་ཟུང་འབྲེལ་གྱི་སྤྱི་ཚོགས་ངོ་བོར་རབ་ཏུ་གནས། སྡེ་འདིར་ཐིས་པ་དགོན་དང་རྙེ་དགོན་པ་ཟེར་བའི་དམ་པའི་ཆོས་ཀྱི་སྒྲུབ་སྡེ་གཉིས་ཡོད་ན་ཡང་། ཐིས་པ་བཀྲ་ཤིས་ཆོས་རྫོང་གི་དགོན་བདག་བླ་མ་ཨ་ལགས་ཐིས་པ་སྐུ་ཕྲེང་རིམ་བྱོན་ནི། སྡེ་འདིའི་བསྟན་སྲིད་གཉིས་ཀའི་བདག་པོ་ཆེན་པོ་ཡིན་པས། ཁོང་གིས་ང་ཚོའི་གྲོང་རི་དགོན་གཉིས་ལ་བླ་དཔོན་སྦྲགས་མའི་སྒོ་ནས་ཐུགས་རྗེ་གང་སར་བསྐྱངས་ཡོད། ལྷག་པར་དུ་ཐིས་པ་སྐུ་ཕྲེང་བཞི་བ་དང་ལྔ་བ་ནི་ས་སྐྱོང་ཆེན་པོ་སྣང་རའི་དཔོན་ཚང་གི་རྒྱུད་དུ་སྤྲུལ་སྐུའི་སྐྱེ་བ་བཞེས་པས། ཁོང་རྣམ་གཉིས་ཀྱིས་རང་གི་ཁྱིམ་རྒྱུད་ཀྱི་ཆོས་འབྲེལ་ལ་བརྟེན་ནས། ཆོས་ཀྱི་ཆར་ལྰ་མོ་བདེ་ཆེན་དགོན་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོ་ག་ཕྱག་ལེན་རྣམས་སྲོག་ཤིང་དུ་བཟུང་ཞིང་། འཇིག་རྟེན་ལུགས་ཀྱི་ཕྱོགས་ས་ཆེན་པོ་སྣང་རའི་སྟོང་དཔོན་གྱིས་བཀས་བཅད་པའི་མི་ཆོས་དང་ཡུལ་ཁྲིམས་གྱི་སྲོལ་བཟང་རྣམས་ཚད་དཔེར་ བཞག་པའི་སྒོ་ནས། ཡུལ་འདི་ལ་ཆོས་ཁྲིམས་དང་སྡེ་ཁྲིམས་སྔར་ལས་ཇེ་དམ་དང་ཕུན་སུམ་ཇེ་ཚོགས་སུ་བཏང་། ད་ལྟ་ཡང་སྔར་དཔེ་ཕྱི་ལམ་བཞིན་སྡེ་འདིའི་ཁོངས་ཞབས་སུ་སྐྱེས་པའི་སྐྱེ་བ་ཕོ་ཞིག་ཡིན་ན། ཉུང་མཐའ་ཡང་མདོ་གདུགས་སྒྲོལ་གསུམ་ཁ་ཚང་བ་ཁ་བཏོན་བྱེད་མི་ཤེས་པ་མེད་ཅིང་། སྐྱེ་བ་མོ་ཞིག་ཡིན་ན་སྒྲོལ་མ་དང་མ་ཎི་ཡིག་དྲུག དམིགས་བརྩེ་མ། འོད་དཔག་མེད་པའི་མཚན་སོགས་བརྗོད་མི་ཤེས་མཁན་ནི་མེད། སྡེ་བ་སྤྱི་ལ་སྤྱིའི་རིམ་གྲོ་དང་། ཤོག་པ་ཆུང་ངུར་ཤོག་པའི་ཆོས་ཐོགས་ཡོད། ཚོ་བར་ནང་གསེས་མང་དུ་མཆིས་ཤིང་། དེ་དག་ལ་རང་རང་གིས་མཆོད་པའི་ཡུལ་ལྷ་མང་ན་ཡང་། བསྟེན་པ་མང་བ་ནང་མི་མཐུན་པའི་གཤེད་དུ་མ་སོང་བར། རང་གི་ཚོ་བ་ཁག་གིས་བསྟོད་པའི་དགྲ་ལྷ་ལས་སྟག་རིག་གྲོང་རི་དགོན་གྱི་བླ་རི། སྤྱི་མཐུན་གྱི་བསྟེན་པ། སྐྱེས་ལྷ་དགེ་བསྙེན་བློ་བཟང་བསྟན་སྐྱོང་ལ་མཆོད་བཀུར་མཐའ་གཅིག་ཏུ་བྱེད་ཅིང་སྤྱི་མཐུན་གྱི་བསམ་པ་བརྟན། ཡུལ་མི་རྣམས་ཁྱིམ་གཅིག་གི་མི་ལྟར་ཕན་ཚུན་རུས་དུངས་ཤིང་། ཁ་ཡ་ན་ཟླ་རྣམས་མ་གཅིག་གི་སྤུན་ལྟར་གཅིག་གཅིག་་ལ་སྙིང་ཉེ། སྐྱིད་ཀྱི་སྟེང་ལ་འབོད་པའི་སྲོལ་མཆིས་ཤིང་། སྡུག་གི་སྟེང་ལ་སླེབས་པའི་དཔེ་དར། ཕྱི་ལ་འགྲོ་བའི་མི་ལ་སྡེ་བས་སྐྱེལ་མ་བྱེད་ཅིང་། ནང་དུ་ལོག་པའི་མི་ལ་ན་ཟླས་སྔོན་བསུ་བྱེད། སྐྱེས་པའི་བར་ལ་ཕ་ཁུ་ཕུ་ནུའི་འབྲེལ་བ་དང་། སྐྱེས་མའི་བར་ལ་ཨ་ཅེ་སྲིང་མོའི་མཛའ་གཅུགས་ལྡན། ཕྱི་ལ་མདུང་མོ་མཉམ་དུ་གཡུག་ཅིང་། ནང་ལ་མཐུན་སྒྲིལ་མི་གཅིག་བྱེད། གྱོད་ལ་ཐུག་ན་སྟོང་མཉམ་འཇལ། སྡུག་ལ་རེག་ན་འདུན་མཉམ་འཁུར། ཇག་ལ་འགྲོ་ན་དཔུང་མཉམ་བསྒྲིགས་སོགས་སྤྱི་གཞུང་གི་ཇུས་ལ་ཤིན་ཏུ་ཁ་འཆམ། ནང་སྒོས་སུ་རང་ལས་དགུང་ལོ་མཐོ་བའི་རྒན་པ་ལ་བཀུར་བསྟི་བྱེད་པའི་ཕྱོགས་སུ། ཁྱད་ཆོས་དེ་བས་མངོན་པར་གསལ་ཞིང་ཡི་རང་བའི་གནས་མང་སྟེ། ས་ལ་ལ་ཐུར་དང་མི་ལ་ཆེ་ཆུང་ཡོད་པ་ནི། དཔེར་ན་རྒན་པའི་ཁ་ན་གཡང་ཡོད་ཅེས་རྟགས་དང་སྟོན་མོ་སོགས་རྟེན་འབྲེལ་སྒྲིག་པའི་མཛད་སྒོའི་སྟེང་། རྒན་པ་རྣམས་གཏམ་བཤད་གནང་བའི་ཐོག་མར་བཞག་སྟེ། ཁ་གཡང་བཀྲ་ཤིས་ཀྱི་སྨོན་ཚིག་བརྗོད་དུ་འཇོག་ཅིང་། དེ་ལྟར་བྱས་པས་ཉིན་དེའི་བྱ་བ་རྣམས་བཀྲ་ཤིས་པར་འབྱུང་བར་ལྟ། དེ་བཞིན་དུ་མི་རིག་ན་སྒང་ལ་བུད།། མི་ཤེས་ན་རྒན་པར་དྲིས།། ཞེས་བརྗོད་ཡོད་པ་ནང་ལྟར། རྒན་པ་རྣམས་འཇིག་རྟེན་སྐྱིད་སྡུག་གི་ཉམས་མྱོང་ཡོད་པའི་མཁས་པར་བརྩིས་ཏེ། སྡེ་ཇུས་དང་ཁྱིམ་ཇུས་གལ་ཆེན་གྱི་སྟེང་དུ། ཐོག་མར་རྒན་པ་རྣམས་བོས་ནས་བཀའ་འདྲི་བློ་འདྲི་བྱེད་པ་དང་། གལ་ཏེ་གཞན་དབང་གིས་ཕེབས་མ་ཐུབ་ན། དོན་དག་གི་སྐོར་རྣམས་རྒན་པ་ལ་གོ་རུ་བཅུག་ནས་ཆེ་ཆུང་གཉིས་ཁ་འཆམ་པའི་ངང་། གྲོས་ཐག་གཅོད་པ་ལས་ཕྱོགས་རིས་འཐེན་ཁྱེར་བྱེད་པའི་སྲོལ་མེད། ཡང་ཆང་ཁ་སོགས་ཁྲོམ་པ་ཚོགས་ས་ནས་རྒན་པ་སླེབས་པ་རྣམས་གྲལ་མགོར་བཀུར་ནས་རང་རང་གི་གྲལ་རིམ་ལྟར་བཞུགས་སུ་འཇོག་པ་དང་། རེ་ཞིག་ཕེབས་མ་བྱུང་བ་ལ་ལ་མོར་མི་བཅུག་ནས་ནན་གྱིས་འབོད། འབོད་དུ་མངགས་པའི་མི་ལ་ཡང་གོ་བརྡ་མི་འཕྲོད་པ་མི་གཏོང་བར། བསམ་ཤེས་འགྲོ་ཞིང་སྐད་གསལ་བོ་བཤད། བོས་པའི་རྒན་པའི་རིགས་ལ་སྒུག་ནས་མ་ཡོང་བར་དུ་ཆང་ཕང་ཁ་མི་ཕྱེ། ཡོང་མ་ཐུབ་པས་དེའི་རྒྱུ་མཚན་སྐད་དུ་བསྐུར་བ་ཁྲོམ་ཚོགས་ལ་བཤད་ན། ལོ་དང་ཟ་རྒྱའི་ཆེ་ཆུང་ལྟར་དེའི་འཕྲོ་ཡི་རྒན་པ་ཞིག་གིས་ཆང་གིས་མཆོད་ཀ་འཕེན། ལྷག་པར་འདུས་ཚོགས་ཀྱི་སྐབས་འདི་དག་ཏུ། ལོ་གཙོ་བ་ལས་ཐོབ་གོ་ས་མི་གཙོ་བས། ང་ནི་དཔོན་པོ་ཞིག་ཡིན་སྙམ་སྟེ་རྗེས་སུ་ལུས་ནས་འོང་བ་དང་། གྲལ་མཚམས་ལ་མི་ལྟ་བར་གང་འདོད་ཀྱིས་གྲལ་ལ་ཙོག་རྒྱུ་འདྲ་གཏན་ནས་བྱས་མི་ཆོག ལོ་ལོན་སྒོ་ལ་ཕེབས་སྐབས་དེའི་ལོ་ཡི་མན་ཆད་དུ་གནས་པ་རྣམས། གསེད་སེ་ཡར་ལངས་ནས་ལམ་ཕྱེ་བར་བྱེད་ཅིང་ལོ་ལོན་རྣམས་ཕྱིར་འབུད་ནང་འབུད་ཀྱི་སྐབས། གྲལ་རྔའི་ཆུང་ཕྱོགས་པ་རྣམས་ལངས་ལངས་ཆས་ཆས་ཀྱི་སྟ་གོན་ལ་ཞུགས་ཏེ། ཡར་སྐྱེལ་མར་ལེན་གྱི་ལས་ལ་མཉམ་བཞག་སྟེ་གྲ་སྒྲིག་གང་ལེགས་བྱས་ནས་བསྡད་ཡོད། རྟགས་སྟོན་མོ་དང་གསོལ་སྟོན་གྱི་སྐབས་ཐོག་མར་རྒན་པ་རྣམས་ལ་གསོལ་ཇ་འདྲེན་ཞིང་། རྒན་པའི་རིགས་ཀྱིས་ཟས་ལ་མཆོད་ཀ་འཕངས་རྗེས། ཆུང་ཕྱོགས་པས་ད་གཟོད་འཐུང་བར་བྱེད་པའི་དཔེ་སྲོལ་སྐྱོང་། རྒན་པའི་རིགས་མདུན་དུ་ཕེབས་པ་མཐོང་འཕྲལ། ལོ་ལོན་གྱི་སྔོན་དུ་རྐང་པ་མི་བསྲིངས་ཤིང་། བསྲིངས་ཡོད་ན་ཕྱིར་བསྐུམས་ནས་སྤྱོད་ལམ་ཡག་པོ་ཡོང་ཐབས་ལ་འབད། རྒན་པ་སྨོས་ཅི། གྲྭ་པ་དང་འགྲུལ་བའི་རིགས་ལ་ལམ་ནས་གདོང་ཐུག་འབྱུང་སྐབས། སླེ་སྟོང་ཟོ་སྟོང་འཁུར་ཡོད་ན་ཕ་རོལ་པོ་ལ་རྟེན་འབྲེལ་མི་ཡག་པར་དགོངས་ཏེ། མྱུར་དུ་ཕྱིར་འགྲོ་བ་དང་། ཡང་ན་ལམ་གཞོལ་བའི་ཐབས་ཀྱིས་གཡོལ་ཐབས་གང་ནུས་བྱེད། རང་གི་གམ་ལ་ཉེ་བར་བཅར་འོང་བ་མཐོང་སྐབས། ཆུང་བ་རྣམས་རང་ཉིད་སྡོད་ས་དེ་ནས་མྱུར་དུ་ཡར་ལངས་ནས། རྒན་པ་ལ་གུས་པ་སྟོན་ཞིང་ཁམས་འདྲི་བྱེད་པ་དང་། ཡང་རྒན་པའི་རིགས་ཀྱིས་ལམ་དུ་ཅ་ལག་ལྕི་མོ་ཁུར་ཏེ་འགྲོ་བ་མཐོང་འཕྲལ། མི་དེ་ངོ་ཤེས་མིན་དང་རང་ལ་ཤ་ཉེ་མིན་དེར་ཅུང་ཙམ་ཡང་མི་བལྟོས་པར། དེའི་ཕྲག་གི་དངོས་པོ་རྣམས་ཆུང་ཕྱོགས་པས་བླངས་ནས་འཁུར་རོགས་བྱེད་ཅིང་། གལ་ཏེ་ངོ་ཤེས་པའི་རྒན་པའི་མཚན་ནས་འབོད་དགོས་པ་བྱུང་ཚེ། མཚན་གྱི་མགོར་རྒན་རིམ་མཚོན་པའི་གུས་ཚིག་ཏུ་ཨ་ཕ་དང་ཨ་ཁུ་སོགས་བཞག་ནས་འབོད་པ་ལས། རྒན་པ་གང་དེའི་མིང་གིས་གཅེར་བུར་བཟུང་ནས་ཐད་ཀར་དུ་མི་འབོད་པ་ཡིན། གཞན་ཡང་རྒན་པ་རྣམས་ཀྱིས་ལས་གང་ལ་མངགས་བཅོལ་བྱས་པ་དེར་ཆུང་ཕྱོགས་པས་ཨ་དང་ཡ་ཞེས་དགའ་བའི་ལན་བྱིན་ཏེ་འགྲུབ་ཐབས་ལ་བརྩོན་པ་དང་། གནས་སྐབས་གང་ནས་ཀྱང་རྒན་པོའི་རིགས་ཀྱིས་རང་ལ་སྐྱོན་བསྟན་ཅིང་། ཐ་མ་སྡིགས་མོ་དང་གཅར་རྡུང་བྱེད་པའི་སྐབས་བྱུང་ན་ཡང་། མི་དགའ་བའ་རྣམ་འགྱུར་སྟོན་པ་དང་ཕྱིར་འཁོར་ནས་ཡ་ལན་བཟློག་པ་སོགས་གཏན་ནས་མི་བྱེད་ལ། དྲིན་ཆེན་ཕ་མ་ཡིན་ཡང་རྒན་པ་ལ་མ་གུས་པའི་སྤྱོད་ལམ་བསྟན་པའི་གཏམ་ཐོས་ན། རྒན་པའི་ཕྱོགས་སུ་བརྟན་པོར་ལངས་ངེས་པ་ལས། རང་གི་བུ་ཕྲུག་གི་བྱ་བྱེད་ལ་རྒྱབ་སྐྱོར་གཏན་ནས་མི་བྱེད། ཁྱིམ་དུ་རྒན་པ་ཡོད་ན། བུ་དང་མནའ་མས་འཁྱག་པ་ཚ་ལྡི་བྱས་ནས་ལོ་ལོན་ལ་ཞབས་ཏོག་བསྒྲུབས་པ་མ་ཟད། བཟའ་བཏུང་གི་ཕྱོགས་ལ་མཐོང་ཆེན་བྱས་ནས་བཞེས་གྲངས་མང་དུ་གཏོང་སྟེ། ཐོ་རངས་ཀྱི་སྐབས་ཁ་བསལ་ཟེར་ནས་ཟ་མ་ཐུན་གཅིག་སྣོན་པ་དང་། ཕྱི་དྲོ་ཇ་ལྷག་གི་སྐབས་སུ་ཡང་གུང་ཚིགས་ཟེར་བའི་ཟས་ཐུན་གཅིག་ཁ་བསྣན་སྟེ་ཉིན་གཅིག་ལ་འཚལ་མ་ལྔ་ཡན་ལོངས་པར་བྱེད། ཡང་ཡུན་རིང་ཕ་ཡུལ་དུ་ལོག་ཁོམ་མ་བྱུང་བས། ནམ་ཞིག་རང་ཡུལ་དུ་ཕྱིར་ལོག་སྐབས་ཀ་ར་དང་སིལ་ཏོག་སོགས་ལེགས་སྐྱེས་ཉོ་ཞིང་། ཁོམ་སྐབས་གང་ཐབས་ཀྱིས་བཙལ་ཏེ་རང་སྡེའི་ལོ་ལོན་རྒན་པའི་དྲུང་དུ་ཆེད་གཉེར་འཚམ་འདྲིར་འགྲོ་བའི་སྲོལ་ཡོད། ཁྱིམ་གང་དུ་རྒན་པ་ཚེ་ལས་འདས་ན། རྒན་པ་གཞན་རྣམས་ཁྱིམ་དེར་སོང་ནས་འདུག་རོགས་དང་ཉལ་རོགས་དང་། གཞོན་པ་རྣམས་ཀྱིས་ལས་རོགས་འཐབ་རོགས་བྱེད། སྐར་མའི་དུས་ལ་བབས་ཏེ་འདས་སོང་གི་བེམ་པོ་ཕྱིར་ལ་འཁུར་སྐབས། ཁྱིམ་ཚང་རེ་རེའི་སྐྱེས་པ་ཕོ་རྣམས་མ་ལུས་པར་ཡོང་ནས། འདས་པོ་དེའི་བེམ་པོ་རྩོད་པ་བརྒྱབ་ནས་དུར་ཁྲོད་དུ་འཁུར་རོགས་བྱེད། དགུང་ལོ་བརྒྱད་ཅུར་སླེབས་པའི་རྒན་པ་ལ་བརྒྱད་ཅུའི་གྱ་སྟོན་ཞེས་ཚེ་ལོ་ཐར་ཕྱིན་པའི་དགའ་སྟོན་བཤམས་པ་དང་། དེའི་སྐབས་སྡེ་བའི་སྐྱེས་ཕོ་མོ་ཐམས་ཅད་ཁྱིམ་དེ་ཚང་ལ་འདུས་ནས། གླུ་ལེན་གར་རྩེད་སོགས་རིག་རྩལ་གྱི་རྣམ་གྲངས་མང་པོའི་སྒོ་ནས། བཀྲ་ཤིས་བདེ་ལེགས་དང་ཚེ་རིང་ལོ་བརྒྱ་ཞུ། ཕ་མ་འདས་པའི་འཕྲོར་ལོ་འགའ་ན། རུ་རོགས་ཁྱིམ་མཚེས་སོགས་ཀྱི་ཕྲུ་གུའི་ནང་། རང་གི་ཕ་མའི་ཤུལ་དངོས་ངོས་ཟིན་པ་དང་རང་གི་ཁྱིམ་མི་ངོ་ཤེས་ནས་མིང་གི་འཛིན་མཁན་གྱི་རྣམ་ཤེས་གསལ་བོའི་ཁྱེའུའི་རིགས་བྱུང་ན། དེ་ནི་རང་གི་ཕ་རྒན་མ་རྒན་གྱི་རྣམ་ཤེས་འཁྲུལ་མེད་དུ་ངོས་བཟུང་ནས་ཁྱིམ་མི་གཅིག་ལྟར་གཅེས་སྐྱོང་ལེགས་པར་བྱེད་པ་སོགས་རྒན་བཀུར་ སྲོལ་བཟང་གི་དཔལ་ཡོན་ལོ་ངོ་སྟོང་ཕྲག་གི་རིང་མ་ཉམས་པར་ཡོངས་སུ་རྒྱས་ཡོད། ད་ལྟའི་དཔལ་འབྱོར་སྤྱི་ཚོགས་སུ་རྒན་པ་བཀུར་བའི་ལུགས་སྲོལ་བཟང་བོ་ཅུང་ཙམ་ཉམས་དམད་པའི་ཕྱོགས་སུ་འགྲོ་བཞིན་པ་མཐོང་ན་ཡང་། བོད་སྡེ་འདིས་སྔར་གྱི་སྲོལ་བཟང་རྣམས་མ་དོར་བར། ད་ལོ་ཁོ་ན་ལ་སྡེ་བའ་བསྟན་སྲིད་རིག་གནས་འཕེལ་བའི་ཞལ་འདེབས་སུ། སྤྱི་སེམས་ཆེ་བའི་ཁྱིམ་ཚང་འགས་སྒོར་བདུན་སྟོང་དུ་ལོངས་པ་སྦྱིན་འབུལ་བྱས་པས་མཚོན། ལས་བྱེད་པ་དང་ཆུང་ཕྱོགས་པས་རང་འཐད་ཀྱིས་བདག་རྐྱེན་སྦྱར་བའི་མཐུན་རྐྱེན་འོག གཞིས་བྱེས་ལྷན་འཛོམས་བྱེད་པའི་ལོ་སར་གྱི་གོ་སྐབས་བེད་སྤྱད་དེ། ལོ་རེར་རྒན་པ་བཀུར་བའི་ལོ་སར་དགའ་སྟོན་ཆེད་དུ་བསྡུས་པའི་སྟེང་། རྒན་པའི་རིགས་ལ་ལོ་གསར་བའི་ལེགས་སྐྱེས་སྟེར་བ་དང་། རྒན་པར་བཀུར་བསྟི་དགོས་པའི་སློབ་གསོ་སྒྲོག་པ། རྒན་བཀུར་ལེགས་པའི་ཡ་རབས་ཁྱིམ་ཚང་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པ་སོགས་རྒན་བཀུར་གྱི་བྱ་བ་གལ་ཆེན་གྱིས་གཏིང་ཟབ་ཏུ་སྤེལ་བཞིན་ཡོད་དོ།།