ཨ་སྐོང་བེ་ཧུ་ཚང་གི་ཁྱིམ་ཡིག་མདོར་བསྡུས།

     ལོ་རྒྱུས་ཀྱི་བསྟན་བཅོས་ལས་ཤེས་ཐུབ་པ་ནི། བེ་ཧུ་ཞེས་བྱ་བ་ས་གནས་ཀྱི་སྲིད་དཔོན་ལ་གོ་དགོས་པའི་སྐབས་ཤིག་དང་། འཁོར་དུ་དམག་མི་བརྒྱ་ལྷག་ཡོད་པའི་དམག་དཔོན་གྱི་གོ་གནས་ཤིག་ལ་གོ་དགོས་པའི་སྐབས་ཏེ་གོ་དོན་གཉིས་བྱུང་ཡོད། གོ་དོན་ཕྱི་མ་ནི་དེའི་དང་ཐོག་གི་འཇུག་དོན་ཡིན་ཞིང་། སྔ་མ་ནི་ཕྱི་མའི་དོན་རིམ་འགྱུར་བྱས་པ་ལས་བྱུང་བ་ཞིག་རེད། བེ་ཧུའི་གོ་གནས་དེ་ནི་ཆེན་པོ་ཧོར་གྱི་རྒྱལ་རབས་སྐབས་ལྷག་པར་བེད་སྤྱོད་རྒྱ་ཆེར་བཏང་ཡོད་པ་མཐོང་། ཨ་སྐོང་བེ་ཧུ་ཞེས་པ་ནི་གོ་དོན་ཕྱི་མ་ལྟར་ཡིན་ཏེ། ཁྱིམ་རྒྱུད་འདིའི་མེས་པོ་སྔ་མའི་ནང་གི་བུ་དཔའ་བོ་ཞིག་ལ་བེ་ཧུ་ཞེས་བྱ་བའི་དམག་དཔོན་གྱི་ཐོབ་བསྩལ་བ་དེ་ནས་བརྒྱུད་པའི་མི་རྒྱུད་ལ་རིམ་གྱིས་བེ་ཧུ་ཚང་ཞེས་པའི་འབོད་སྲོལ་བྱུང་བ་རེད་མ་གཏོགས། ཁྱིམ་ཚང་བརྒྱ་ཤོག་ཅིག་གི་མགོ་བ་ཡིན་པའི་ས་གནས་སྲིད་དཔོན་གྱི་དོན་ནི་མ་ཡིན་ནོ།། བེ་ཧུ་ཚང་ནི་དང་ཐོག་ཏུ་ཨ་སྐོང་ཚོ་བའི་ནང་ཚན་ཞིག་ཡིན་མོད། ཕྱིས་རྐྱེན་ག་གེ་མོའི་དབང་གིས་དེ་ལས་ཟུར་དུ་གྱེས་ཏེ་ཁྱིམ་ཚང་རང་ཚན་པར་གྱུར། ཨ་སྐོང་ཚོ་བ་ནི་ད་ལྟ་ཚོ་མིང་སྡེ་མིང་ལ་ཐོགས་ཡོད་པའི་རྒྱུ་མཚན་གྱིས་ཀྱང་ཤིན་ཏུ་གསལ་བ་ལྟར། ཨ་སྐོང་སྡེ་བའི་ས་འཛིན་གྱི་ཐོག་མ་ཡིན་ལ་ལོ་རྒྱུས་ཀྱང་ཤིན་ཏུ་མི་ཐུང་བའི་ཚུལ་ནི། དེ་ཡང་《སྐད་ཆ་དང་ལོ་རྒྱུས་ཞིབ་འཇུག་དཔྱོད་ལྡན་རིག་པའི་སྒོ་འབྱེད》དུ། འཕྲང་དམར་ཚོ་བཅུ་གཉིས་ནི་མ་མཐའ་ཡང་བསྟན་པ་ཕྱི་དར་གྱི་མགོ་ཙམ་ནས་ས་ཆ་དེ་རུ་གཏན་སྡོད་བྱས་ཡོད་པའི་ཚུལ། རྗེ་ཙོང་ཁ་པ་སྐུ་ན་ཆུང་དུས་བྱ་ཁྱུང་དགོན་པར་རབ་བྱུང་སྒྲུབ་སྐབས་ཀྱི་སློབ་དཔོན་ཏྰ་དབེན་གཞོན་ནུ་བྱང་ཆུབ་འོད་ཀྱི་འཁྲུངས་གཞིས་ནི། སྟག་རིག་སྡེ་བ་ལ་ཤོག་ཁ་བཞི་དང་གྲོང་སྡེ་དྲུག་ཡོད་པའི་ཨ་རྐོང་ཤོག་ཀའི་ཀོའུ་པ་ཚོ་བ་ཡིན་ཞིང་། དེ་དུས་ཨ་རྐོང་ཚོ་བས་གནས་གཞི་བཟུང་ནས་ཚོ་མིང་སྡེ་ལ་ཐོགས་ནས་ཡུན་རིང་འགོར་ཅིང་། དེ་ཡང་སྟག་རིག་ལ་གཏོགས་པས། སྟག་རིག་དེ་བས་ཀྱང་སྔ་བ་ལྟར། ཞེས་ཇི་ལྟར་འབྱུང་བ་དེ་ལྟར་ལགས་སོ།། ཨ་སྐོང་ཞེས་པའི་སྡེ་བ་ནི་ཁྲི་ཀ་ནང་ཁུལ་དུ་ཡང་སོ་སོར་གསུམ་ཙམ་ཡོད་སྟབས། སོ་སོའི་སྡེ་མིང་ཡི་གེར་ཕབ་ལུགས་ལ་ར་རྐོང་འབྲི་བ་དང་ས་སྐོང་འབྲི་བ་སོགས་གཅིག་ཏུ་མི་ངེས། ཚོ་བ་འདི་ཐོག་མར་གནས་འདི་དག་ཏུ་ཡོང་ནས་ས་བཟུང་ཚུལ་ལ་མེས་པོའི་ངག་རྒྱུན་འདི་ལྟར་བཤད་པ་ཐོས།

   གནའ་སྔ་མོར་སོག་པོ་དང་བོད་མ་འགྲིག་པར་ལོ་མང་པོར་དམག་འཐབ་བྱུང་བའི་དུས་སྐབས་སུ། ཁྱིམ་ཞིག་ལ་སྤུན་གསུམ་ཡོད་པ་བྲོས་ཡོང་སྟེ་ཨ་སྐོང་རྩི་ཁུག་གི་བྲག་འདབས་སུ་བསྡད་པ་དང་། གནས་དེའི་ཉེ་འཁོར་གྱི་བྲག་ངོས་སུ་ཨ་ཡིག་རང་བྱོན་ཞིག་བབས་ཡོད་པ་མཐོང་ནས་ཤིན་ཏུ་ངོ་མཚར་སྐྱེས་ཏེ་ཨ་ཡིག་དེ་མཆོད་ཅིང་དེ་རུ་གནས་བཅས་ཏེ་བསྡད་པར་བསམ་དོན་རེ་ཞིག་ལྷུན་གྱིས་གྲུབ་ནས་རེ་བ་སྐོང་བ་ཞིག་བྱུང་བས་ཨ་སྐོང་ཞེས་ཐོགས་པར་བཤད་ལ། ཡང་ཨ་ཡིག་རང་བྱོན་གྱི་སྐུ་ཞེས་པའི་ཚིག་སྣ་བསྡུས་པ་ལས་ཨ་སྐུ་ཞེས་འབོད་པ་བྱུང་བ་དེ་རིམ་གྱིས་སྒྲ་ཟུར་ཆག་པས་ཨ་སྐོང་དུ་གྱུར་པར་ བཤད་མཁན་ཡང་ཡོད། དེ་རུ་གནས་པའི་རིང་རིམ་གྱིས་ས་རྒོད་སློག་སྟེ་ཞིང་འདེབས་མགོ་ཡང་བརྩམས། དེ་དུས་ཀྱི་ཞིང་རྨོ་བྱེད་རྔ་མོང་ཡིན་པར་བཤད་ལ། རྔ་རྡོ་དེ་ད་ལྟ་ཡང་ཨ་སྐོང་ཀླུ་རིང་ཚང་ན་ཡོད་པ་དང་། དེ་ལ་ཕལ་ཆེར་རྒྱ་མ་ལྔ་བརྒྱ་ཙམ་ཡོད། ཕྱིས་སུ་ས་དེ་ནི་ཕྱུགས་ས་མ་ཡིན་ཐོག་འགྲུལ་བཞུད་ཀྱི་ལམ་མདོར་ཡང་འཁེལ་བས་ཇག་པ་རྒོད་པ་ལ་བསམ་སྟེ། ཕྱུགས་འཚོ་སྐྱོང་ལ་ཉེ་བར་བསམས་སྤུན་གསུམ་པོས་ཡུལ་གཞན་དུ་སོང་ནས་ས་འཛིན་རྒྱུར་གྲོས་འཆམ་ནས། རང་རང་གི་ཁྱིམ་ཚང་རྣམས་ཁྲིད་དེ་ཐད་ཐད་དུ་སོང་། སྤུན་གཅིག་ལ་བྲག་རྒྱ་སྒོ་ཁོགས་ལ་དེ་རུ་ས་ཟུངས་ཞེས་གདམས་པ་ལྟར་སོང་ཞིང་དེ་ནས་མི་སྡེ་བྱུང་བ་ལ་རྨ་ཕར་རིའི་ཨ་སྐོང་ཞེས་བྱ་བ་བྱུང་། སྤུན་གཅིག་ལ་སྐེ་བར་སོང་ལ་དེ་རུ་ས་ཟུངས་ཞེས་མངགས་པ་དང་དེ་ནས་མི་སྡེ་བྱུང་བ་ལ་སྐེ་བའི་ཨ་སྐོང་ཞེས་བྱ་བ་བྱུང་། སྤུན་གཅིག་ལ་འཕྲང་དམར་ལུང་ཁོག་ཏུ་སོངས་ལ་ས་ཟུངས་ཞེས་དེའི་རྒྱུད་པའི་མི་སྡེ་བྱུང་བ་ལ་འཕྲང་དམར་ཨ་སྐོང་དུ་གྲགས་སོ།། འཕྲང་དམར་ཨ་སྐོང་དུ་ཕེབས་མཁན་དེ་ད་ལྟའི་ཨ་སྐོང་གི་གནས་འདིར་ཡོང་སྟེ་ས་བཟུང་བ་དང་། དང་ཐོག་འབྲོག་ལས་བཟུང་ནས་ཡུན་རིང་པོར་བསྡད་ཚུལ་ནི། མགོ་མང་ཆུ་ལམ་ལ་ཡི་གོང་སྟོད་ཀྱི་ཨ་སྐོང་ར་བུག(ཕུག)་ནང་ཞེས་འབོད་པའི་ལུང་བ་ན། ད་ལྟ་ཡང་ར་ཡི་ནང་། ར་བུག་ལྷས་རྒན། ལྷས་གོང་མ། ལྷས་ཞོལ་མ་སོགས་དེ་དུས་ཕྱུགས་འཚོས་ནས་ཟོག་ར་བསྐོར་བའི་སྐབས་ཀྱི་ཐ་སྙད་རྣམས་མ་ཉམས་པར་ཡོད། རིམ་གྱིས་ཁྱིམ་ཚང་ཇེ་མང་དུ་འཕེལ་བས། ཕྱིའི་དགྲ་ཇག་འགོག་ཆེད་དུ་ཨ་སྐོང་ཚོ་བའི་མེས་པོ་སྔ་མ་རྣམས་ཀྱིས་མཁར་བསྐོར་ཏེ་ཁྱིམ་ཚང་རྣམས་དེ་ལ་བསྡད། མཁར་དེ་ནི་ཁྲི་ཀའི་མཁར་དང་དུས་མཉམ་ཡིན་པར་བཤད་ལ། མཁར་གྱི་ཕྱོགས་བཞིའི་གླིང་རེ་རེའི་རིང་ཐུང་ལ་གོམ་པ་བརྒྱ་ལོངས་པ་ཡོད་ཅིང་། མཁར་དེ་ད་ལྟ་ཡར་གི་མཁར་ནང་ཚང་ཟེར་བའི་ཤུལ་དེ་ཡིན་ཞིང་། དེ་ནི་ཨ་སྐོང་ཚོ་བའི་ཁྱིམ་ཚང་གི་ཐོག་མ་ལ་ངོས་འཛིན་པར་བྱེད། བཤད་ཚུལ་ལ་སྐབས་ཤིག་ཆུ་གར་ལོག་གི་དམག་ཡོང་སྟེ་སྡེ་འདི་དང་འཁྲུག་སྐབས། དེ་དག་གིས་མཁར་བརྐོས་ཏེ་ཁུང་བུ་མང་པོ་དོད་པ་ད་ལྟ་ཡང་སྟོན་རྒྱུ་ཡོད། མཁར་གྱི་མཐོ་སའི་མཐོ་ཚད་ལ་ཁྲི་ཙི་བཅོ་ལྔ་ནས་ཉི་ཤུ་ཡོད་ཅིང་། མཐུག་ཚད་ལ་རྨིད་གཉིས་ཀྱིས་མི་ཚད་པ་ཙམ་ཡོད། ད་ལྟ་ཡང་གླིང་གསུམ་ཙམ་ལྷག་ལུས་བྱུང་ཡོད་པ་ཡིན། རྒྱ་ཆུ་དཀར་ལོག་གི་དམག་གིས་མཁར་བསྐོར་སྐབས། ཨ་སྐོང་ཙིག་རྒྱ་ཚང་ལ་མདའ་བ་སྐྱེན་པ་ཞིག་ཡོད་པས། རྒྱའི་དམག་དཔོན་ཞིག་གིས་མཁར་ཕྲ་བའི་བུ་གའི་ནང་ནས་རྨོག་གིས་འགེབ་སྲུང་བྱས་ཏེ་ནང་དུ་ལྟ་བའི་ཚེ། མདའ་བ་དེས་མདའ་འཕངས་ཏེ་རྨོག་ཕྲ་བ་བྱུང་བས། མཁར་གྱི་ནང་དུ་མདའ་བ་ངར་བ་ཡོད་པས་སོང་ན་ཉེན་ཁ་ཆེ་ཞེས་དམག་ཟློག་སྟེ་ཕྱིར་བྲོས་སོང་ཟེར། དེ་ནས་ཨ་སྐོང་རྣམས་ཚོགས་ཏེ་ང་ཚོའི་རྒྱུ་ནོར་ཡོད་དོ་ཅོག་མཁར་འདིའི་ནང་ཡོད་པ་ལ། གལ་ཏེ་ད་ཐེངས་ལྟར་དགྲ་བོས་བསྐོར་ཏེ་ཟླ་བ་མང་པོར་ལུས་དགོས་བྱུང་ན། ཟ་འཐུང་ལ་དཀའ་ཁག་ཆེན་པོ་འབྱུང་ངེས་པས་ཐབས་བཟང་པོ་མ་རེད་ཟེར་ནས་ནང་གྲོས་བྱས་མཐར། དེའི་གོང་སྟོད་དུ་མཁར་ཆག་སྒང་ཟེར་བ་ཞིག་ཡོད་པའི་སྟེང་དུ་རུ་སྤོས་ཤིང་དེ་རུ་མཁར་གསར་དུ་བརྡུང་། འདིའི་ཤུལ་ད་ལྟ་ཡང་མཐོང་རྒྱུ་ཡོད་པ་ཡིན། མཁར་ཆགས་སྒང་དེ་ནི་ས་བརྩན་ལ་ངོས་གཟར་ཞིང་འགྲོ་ལམ་གཅིག་ལས་མེད་པ་ཞིག་ཡིན་ལ། མཁར་དེའི་ནང་དུ་གྲམ་པ་ནས་རྡོ་མང་པོ་དང་སྟོན་མཇུག་རྡོ་རིལ་རྣམས་ཁུར་ཡོང་སྟེ་སྤུང་གསོག་ཏུ་བཞག་ནས། དགྲ་བྱུང་ན་ཐོག་མར་རྡོ་རྣམས་ཐུར་དུ་དྲིལ་ཏེ་འགོག་པ་དང་། དེ་ཚར་ན་མདའ་འཕངས་ཏེ་འགོག་བརྩིས་དང་། དེ་ཡང་ཚར་ན་གྲི་ཡིས་བཀག་སྟེ་མཁར་སྒོ་འགོག་སྲུང་བྱས་པར་བཤད།

  དེ་དུས་བྲག་དཀར་ནི་ས་འདིའི་རི་མཐོན་པོ་དང་ཚང་མས་བཀུར་བའི་གཞི་བདག་ཡིན་པ་དང་། ཨ་སྐོང་གི་མདུན་རིར་ཨ་མྱེས་སྙན་དོར་འཁེལ་ཞིང་། སྙན་དོར་ནི་བྲག་དཀར་གྱི་སྒོ་སྲུང་ཡིན་པས། དེའི་རི་མགོར་ལབ་ཙེ་བསྟད་ཏེ་བྲག་དཀར་སྤུན་གསུམ་པོ་སྡེ་བའི་གཞི་བདག་ཏུ་བཀུར་ཏེ་མཆོད་པར་བྱས།

  དེ་ནས་རིམ་གྱིས་མཁར་ནང་ཚང་ལས་ལོགས་སུ་ཨ་སྐོང་ཚོ་བའི་ཁྱིམ་ཚང་འགའ་རེ་ཕྱིར་ལ་གྱེས་པ་ནི། སྒྲོ་གོ་ཚང་དང་། ཁྲོ་ལོ་ཚང་། མགོ་ཉལ་ཚང་། བེ་ཧུ་ཚང་། ཨ་ཁུ་ཀུན་གསལ་གྱི་གཞིས་རྙིང་རྣམས་ཡིན་ལ། མཁར་ནང་ཚང་ཡང་ཕྱིས་སུ་ཁྱིམ་གཉིས་སུ་ཆད་པ་དང་། དེ་ནས་རིམ་པར་ཚོ་བ་གཞན་ཀླུ་རིང་ཚང་། ཀོའུ་བ་ཚང་དང་སྒྱོམ་ཚང་། ཧོར་ཀྱྰ་ཚང་། ཙིག་རྒྱ་ཚང་སོགས་ཚོ་བ་རྣམས་སྔ་ཕྱིར་བྱུང་སྟེ་ཨ་སྐོར་སྡེ་བ་གྲུབ་པར་གྱུར་ཏོ།། ཨ་སྐོང་བེ་ཧུ་ཚང་གི་ཁྱིམ་ཚང་ཐོག་མ་དེ། དང་ཐོག་ཏུ་ཨ་སྐོང་སྡེ་བའི་ཤར་མཐའ་ན་ཡོད་པའི་ཉི་མ་ཤར་རམ་ཅོག་གཞིས་ནང་ངམ། ཉི་མ་ངོ་ཡང་ཟེར་བ་དེར་ཆགས་པ་ཡིན་ཞིང་། དེ་རུ་ལོ་མང་པོར་བསྡད་པའི་འཕྲོར་ཕ་དབང་ཕྱུག་གི་རིང་བ་རིང་ནང་དུ་འབོད་པའི་ད་ལྟའི་གནས་ལ་ཁྱིམ་གཞིས་སྤོས་པ་ཡིན། ཕ་དབང་ཕྱུག་གི་ཡར་སྔོན་དུ་མི་རབས་མང་པོར་ཕ་བུ་ཆིག་བརྒྱུད་ཡིན་པས་བུ་ཚའི་འདབ་ལག་ཆེར་མ་རྒྱས་མོད། ཁོང་གི་རིང་ལ་རིགས་རྒྱུད་དུ་མིང་སྲིང་བདུན་བྱུང་བ་དང་། དེ་དང་གི་བུ་ཕྲུག་དང་བཅས་པས་གཉེན་དང་སྣག་གི་གཉེན་མཚམས་རྒྱས་པ་བྱུང་སྟེ། ཨ་སྐོང་རང་དུ་ད་སྔ་ཁྱིམ་ཚང་རང་ཚན་པ་བདུན་ཙམ་དུ་འཕེལ་ཡོད། བེ་ཧུ་ཞེས་པའི་ཐོབ་ནི་ཁྱིམ་འདིའི་མི་རབས་སུའི་རིང་བྱུང་བ་ད་ལྟ་བཤད་ཤེས་མཁན་དཀའ་སྣང་ཡང་། མེས་པོ་སྔ་མ་རྣམས་དཔའ་རྒྱུད་ཡིན་པའི་གཏམ་གྲགས་ཆེ་སྟེ། ཨ་སྐོང་འདི་ལ་བུ་དཔའ་བོ་སྟག་ཕྲུག་དོམ་ཕྲུག་ཏུ་འབོད་པ་གཉིས་བྱུང་བའི་དོམ་ཕྲུག་ནི་ཕ་དབང་ཕྱུག་ནས་ཡར་བརྩིས་པའི་ཡབ་མེས་བཞི་བ་

ཡིན་པར་ཀུན་ལ་གྲགས། ཡབ་མེས་ལྷུན་འགྲུབ་ཀྱི་རིང་ཨ་སྐོང་སྒྱོམ་ཚང་དང་གཉེན་འབྲེལ་བྱུང་བས། བེ་ཧུ་ཚང་དང་སྒྱོམ་ཚང་ཞང་གཉེན་དུ་གྱུར་བའི་ལམ་ཕྱེ། སྒྱོམ་ཚོ་བ་དང་ཐོག་རེབ་གོང་ན་ཡོད་པ་ནས་སྒྱོམ་དུ་ཆད་པ་དང་། དེ་ནས་སྟག་རིག དེ་ནས་ཨ་སྐོང་དུ་ཆད་པར་བཤད་ལ། ཨ་སྐོང་སྒྱོམ་ཚང་གིས་སྟག་རིག་གི་དམར་གདོང་ལབ་ཙེ་ངེས་པར་བསྟོད་སྲོལ་ཡོད་པ་ལ་དཔག་ན་འདི་ཚང་སྟག་རིག་སྒྱོམ་ཚང་ལ་འབྲེལ་བ་ཤིན་ཏུ་ཆེ་བ་མཐོང་། ཨ་སྐོང་གི་ཚོ་བ་རྣམས་ཀྱི་འབྲེལ་བ་ཡང་། ཨ་སྐོང་ཀླུ་རིང་ཚང་གཉིས་ཚོ་མཐུན་ཡིན་ཞིང་། ཀོའུ་བ་དང་སྒྱོམ་གཉིས་ཚོ་མཐུན་དང་། ཙིག་རྒྱ་དང་ཧོར་ཀྱྰ་གཉིས་ཚོ་མཐུན་དུ་འབྲེལ་ཡོད། ཨ་སྐོང་གི་ཚོ་བ་རྣམས་ལས་ཁྲོ་ལོ(གྲོ་ལོ)ཚང་སྟེ་ད་ལྟ་ཚེ་བརྟན་རྒྱལ་གྱིས་ཤུལ་བཟུང་བའི་ཁྱིམ་དེ་ནི་རུས་ཀྱི་མཐོ་ས་དང་ཚོ་བའི་གཞིས་རྒན་ཞིག་ཏུ་ཀུན་ནས་བྱེད་དེ། རྒྱ་ལོའི་ཚེས་ཞིག་ལ་ཨ་སྐོང་ཚོ་བ་རྣམས་ཀྱིས་དེའི་ཚང་ལ་ལོ་སར་ངེས་པར་འཁྱེར་དགོས་པའི་སྲོལ་ཡོད་པར་མ་ཟད། རྒྱ་ལོའི་ཚེས་པ་བཞིའི་ཉིན་བྲག་ཁང་སྣ་ཁའི་ལབ་ཙེ་བསྟད་དེ་རྟ་རྒྱུགས་བྱས་ཚར་རྗེས་ཚང་མ་མཉམ་དུ་ཁོ་ཚང་ལ་ཡོང་ནས་ཆང་འཐུང་ཞིང་ཞག་གང་བོར་གླུ་ལེན་གར་རྩེ་བྱས་ཏེ་ནམ་སློང་བའི་དཔེ་སྲོལ་ཡོད་པ་ཞིག་ཀྱང་རེད། ཀ་ཙེ་ཆགས་ག་ན་གསེར་ཁུའི་ལབ་ཙེ་ཟེར་བ་ཞིག་ཡོད་པ་དེ་ཨ་སྐོང་བེ་ཧུ་ཚང་གིས་ཐོག་མར་བསྟད་པ་དང་། ལབ་ཙེ་དེར་གཙོ་བོ་བྲག་དཀར་མཆོད་པ་ཡིན། དེ་ལ་ཕྱིས་སུ་སྡེ་བ་གཞུང་སྤྱི་བསྟོད་དུ་འགྲོ་སྲོལ་ཆགས་ཤིང་། འགྲོ་དུས་ཁྱིམ་ཚང་རྣམས་ཀྱིས་རང་རང་ས་ནས་བྲོ་ཁ་གང་ལེགས་གྲ་སྒྲིག་བྱས་ཏེ་འགྲོ་ལ། གཞུང་གིས་ར་ཞིག་ཁྲིད་ནས་དེ་རུ་གསུར་ལ་ཕུལ་སྲོལ་མཆིས་ཤིང་། ར་དེ་ནི་ཁྱིམ་ཚང་སུ་ཞིག་གི་ར་ཁྱུ་ནས་ར་ཤེད་མོང་ཅན་གང་ཞིག་བློར་བབས་ཏེ་འདེམས་པ་བྱུང་ན། མི་སྟེར་ཟེར་མི་ཆོག་པར་ངེས་པར་སྟེར་དགོས་པ་ཞིག་ཡིན། ར་དེ་དེ་རུ་བཤས་ཏེ་གསུར་ཤ་རྣམས་བླངས་ནས་མཆོད་རྗེས། ཤ་འཕྲོ་མ་རྣམས་བཙོས་ཏེ་ཉིན་གསུམ་དུ་དེ་རུ་སྟོན་མོ་ལ་རོལ་བར་བྱེད་པ་དང་། དེའི་སྐབས་སྡེ་བ་ལ་ཤ་སྐལ་རྒྱག་དུས། བྲང་མགོ་དང་མཚང་ར་བླངས་ཏེ་ཨ་སྐོང་བེ་ཧུའི་བཞེས་པ་ཡིན་ཞེས་ཤ་སྐལ་ཕུལ་སྲོལ་ཡོད། ལབ་ཙེ་བསྟོད་པའི་དུས་ནི་ལོ་རེའི་དྲུག་པའི་བཅོ་ལྔ་ཡིན་ཞིང་། གསུར་ར་དེ་ལ་ཁྲུས་དཀར་ནག་གཉིས་ལྡུག་སྲོལ་ཡོད་པའི་ནང་གི་ཁྲུས་དཀར་ལྡུག་མཁན་དེ་ངེས་པར་ཨ་སྐོང་བེ་ཧུ་ཚང་ཡིན་དགོས་པ་དང་། བདག་ཅག་གི་ཕ་བཞུགས་དུས་ཁོས་དེ་ལྟར་དུ་ཁྲུས་ཆུ་གྲ་སྒྲིག་བྱེད་ཅིང་རི་ལ་འཁྱེར་ནས་ལྡུག་གི་ཡོད་ཟེར། ཕ་རྒན་གྱི་སྐབས་སྡེ་མི་ཚང་མ་འདྲ་མཉམ་ཡོང་ན་དོན་ཆེ་བར་དགོངས་ཏེ་ཤ་སྐལ་མི་ལེན་པའི་སྲོལ་བཏོད་པ་དེ་ནས་བཟུང་སྔ་དཔེ་མཚམས་བཞག གཞན་ཡང་རྒྱ་ལོའི་ཚེས་པ་བཞི་ལ་བྲག་ཁང་སྣ་ཁའི་ལབ་ཙེ་བསྟད་ནས་ཚར་རྗེས། རྟ་ཁེར་རྒྱུགས་ཉིས་རྒྱུགས་ཀྱིས་ཨ་སྐོང་རྣམས་སྔ་དྲོ་གཡུལ་ཀའི་སྐེ་ཟེར་བ་ལ་ཡོང་སྟེ་ལྷ་བསང་རྒྱ་ཆེན་པོ་བཏང་རྗེས་རྟ་རྒྱུགས་འགྲན་བསྡུར་བྱེད་པ་དང་། ཕྱི་དྲོ་ཨ་སྐོང་གི་རྒད་པོ་རྣམས་དེ་རུ་ཚོགས་ཏེ་གྲལ་བཅས་ཆང་ཁ་བཟུང་ནས་གླུ་ལེན་གར་རྩེ་བྱེད་པའི་སྟེང་། ཁྱིམ་ཚང་རེ་རེས་རང་རང་གི་ལོ་སར་གྱི་ཆང་སྐལ་སྤྱི་གཞུང་ལ་སྟེར་སྲོལ་ཡོད་པ་དང་། དེ་ལ་ཆང་གང་ཡིན་ཞིག་བྱིན་ན་མི་ཐུག་པར་རང་གིས་བཙག་པའི་ཆང་གི་ནང་ནས་ནས་ཆང་ལེགས་ཤོས་སྟེར་དགོས་པ་ཡིན་ཏེ། དེ་དུས་རྒད་པོ་རྣམས་ཀྱིས་ཆང་མཛུབ་མོའི་མགོར་བླངས་ཏེ་མེ་ལ་ཨེ་འབར་བལྟས་ནས་ཆང་གི་བཟང་ངན་ལ་བརྟག་པར་བྱེད། དེ་ཡང་མེ་སྔོན་པོ་འབར་བ་ཆང་རབ་ཏུ་བརྩི་བ་དང་། མེ་དམར་པོ་འབར་བ་ཆང་འབྲིང་དང་། མེ་མི་འབར་བ་ཆང་ངན་པར་བརྩིས་ནས་མི་ལེན་པ་ཡིན་ཡང་། ཨ་སྐོང་བེ་ཧུ་ཚང་གིས་དེའི་ཉིན་ཁྲོམ་པ་ལ་ཆང་རྫ་ལོག་གང་སྟེར་དགོས་པ་ལ་བཟང་ངན་ཀྱི་བྱ་བྱེད་ཅི་ཡང་གནང་མི་ཆོག་པར་བླངས་ནས་འཐུང་དགོས་པ་ཡིན་ལ། གཞན་ཡང་ལོ་དེའི་གཉེར་བས་སྡེ་བའི་དུད་ཁྱིམ་རེ་རེས་ཁྱེར་ཡོང་བའི་ལོ་ཆང་བཟང་ཤོས་མེས་བརྟག་བརྒྱུད་དེ་ཐུག་པ་རྣམས་ལས། ཆང་ཕུལ་སོ་སོར་བླངས་ཏེ་ཆང་སྣོད་དམ་བུ་གཅིག་ཏུ་བཅད་རྗེས། དེ་ལ་ཇ་ནག་གཅིག་དང་མཚང་ར་དང་བྲང་མགོས་ཐོག་དྲངས་ཏེ་ཨ་སྐོང་བེ་ཧུའི་ལོ་སར་ཡིན་ཟེར་ནས་ཁྲོམ་གྱི་དབུས་ནས་སྟེར་བ་དང་། ཡང་ན་ལོ་སར་རྣམས་བེ་ཧུའི་ཁྱིམ་དུ་བསྐྱལ་བའི་དཔེ་སྲོལ་ཡོད། དེ་ནས་ཕྱི་དྲོ་ཉི་མ་ནུབ་ཁར་དེ་རུ་གྲལ་གྲོལ་བ་དང་དེར་འདུས་ཚང་མ་རང་ཁྱིམ་དུ་མི་འགྲོ་བར་མཉམ་གཅིག་ཏུ་ཨ་སྐོང་གྲོ་ལོ་ཚང་གི་ཁྱིམ་དུ་ ཕེབས་ནས་མུ་མཐུད་དུ་ཆང་འཐུང་ཤ་ཟོས། གླུ་ལེན་གར་རྩེ་བྱས་ཏེ་ནམ་ལངས་པར་བྱེད་དོ།།

     ཨ་སྐོང་གི་ཡུར་ཆུ་གཙོ་བོ་ནི་མགོ་མོང་ནང་གི་ཆུ་ཡིན་ཞིང་། ཆུ་དེས་གཏོང་བའི་ཞིང་མང་ཆེ་བ་ཁྱོ་རྒྱའི་མར་ཁ་དང་ཞིང་གི་ཁུག་སོགས་ཨ་སྐོང་ཚོ་བའི་ཞིང་རྣམས་ཡིན། དེ་ལས་གཞན་སྡེ་འདི་ལ་ཆུའི་ཐོན་ཁུངས་ཆེར་མེད་གཤིས་ཚོ་བ་གཞན་ལ་ཆུ་རེས་ཐོབ་པ་ཧ་ཅང་དཀའ་བ་བྱུང་བས། ཀོའུ་སྒྱོམ་གཉིས་ཀྱིས་སྟག་རིག་གི་མ་མགོའི་རྩ་ཐུར་དུ་ནེའུ་མགོའི་ཆུ་རང་བཞུར་འགྲོ་བ་ཡུར་ཆུར་དྲངས་འདོད་དེ། ཀོའུ་བ་ཚང་དང་སྒྱོམ་ཚང་གི་རྒད་པོ་གཉིས་ཀྱིས་མཛོ་འགའ་ལ་དོར་བཅོས་ནས་སོང་སྟེ། སུལ་རིག་གི་སྐེ་རྒྱུད་ལ་ཐོང་ཀ་ཕྱེ་ཞིང་ཁིས་གའི་ཉག་ག་ལ་ཐུག་པའི་བར་ཆུ་རྐ་གཤགས་ཏེ་ནེའུ་མགོའི་ཆུ་རྒྱུན་ཡུར་ཆུར་དྲངས་པས་ཆུ་དེ་ལ་ཀོའུ་ཆུ་སྒྱོམ་ཆུ་ཞེས་ཐོགས་པར་གྲགས་པ་དང་། དེའི་རྐ་ཤུལ་དེ་ད་ལྟ་ཡང་སྟོན་རྒྱུ་ཡོད། ཡང་འགག་བཟའི་ནང་གི་ཆུ་ལ་ཉོག་ཆུར་ཐོགས་པའི་ལོ་རྒྱུས་ཀྱང་བྱུང་མྱོང་སྟེ། འགག་བཟའི་ལུང་བ་ན་བཞུར་བའི་གྲམ་ཆུ་དེ་ཨ་སྐོང་གིས་ཞིང་ལ་དྲངས་འདོད་ཀྱིས་གང་བྱེད་ཐབས་འཚོལ་བའི་སྐབས་ཙམ་ན། ཉིན་ཞིག་འགག་བཟའི་དཔོན་ཚང་གི་རྒད་པོ་ཞིག་སྟག་རིག་ལ་འགྲོ་བཞེད་ཡོད་པའི་གཏམ་ཐོས་པས། ཨ་སྐོང་ཚོ་བའི་རྒད་པོ་ཐབས་མཁས་ཞིག་གིས་ཁོ་ཕྱིར་ལ་ཡོང་སྐབས། ཁིས་གའི་ཉག་ག་བརྟོལ་ཅིང་མགོ་མང་གྲམ་པ་བརྒལ་དགོས་པ་དང་། དེ་ནས་ཨ་སྐོང་གི་སྡེ་དཀྱིལ་བརྒྱུད་དེ་འགག་བཟའ་ལ་འགྲོ་དགོས་པ་དེ་དུས་ཀྱི་སྟག་རིག་ནས་འགག་བཟའ་ལ་འགྲོ་བའི་བརྒྱུད་ལམ་ཉག་ གཅིག་ཡིན་པ་མཁྱེན་ནས། གོ་སྐབས་དེ་དང་བསྟུན་ནས་ཁྱིམ་ནས་གཡིས་ཉོག་ཞིམ་པོ་ཞིག་བཅོས་ཏེ་སྒུག་བསྡད་པར། ཕྱིར་ལོག་པའི་ལམ་དུ་ཁོས་འགག་བཟའི་དཔོན་ཚང་རྒད་པོའི་སྔུན་བཀག་ནས་རང་ཁྱིམ་ལ་མགྲོན་དུ་ནན་གྱིས་བོས་ཏེ་སྣེ་ལེན་བཟང་བོ་བྱས་པ་དང་། གྲམ་ཆུ་དེ་གྲམ་པ་ན་རང་བཞུར་བྱེད་ཅིང་ཁྱོད་ཚོ་ལ་ཕན་ཐོགས་ཆེར་མེད་ན་ང་ཚོ་ལ་བསྐོར་ན་ལེགས་ཚུལ་སོགས་ཀྱི་ཞུ་གཏམ་ཕུལ་ཏེ་འགག་ཆུ་བསླངས་པས། རྒད་པོ་འཐད་དེ་རེ་བ་གང་བཏོན་ལྟར་འགག་ཆུ་བྱིན། དུས་ཕྱིས་བཤད་དྲུག་རྒོད་པ་ཁ་ཤས་ཀྱིས་འགག་ཆུ་ཉོག་དཀར་ཡོལ་གང་ལ་བརྗེས་སོང་ཞེས་བཏགས་པ་དི་རིར་བྱས་པས་དེ་ལ་རིམ་གྱིས་ཉོག་ཆུར་ཐོགས་སྐད།

   དེ་ལྟར་ཨ་སྐོང་ཚོ་བ་དང་ཁྱིམ་འདིའི་བྱུང་ཡིག་ཅུང་རྒྱས་ཙམ་ཞིག་འབྲི་འདུན་ཡོད་ཀྱང་། ཐེངས་འདིར་ཁོམ་སྐབས་མ་བྱུང་བས་རེ་ཞིག་འདི་ཙམ་བགྱིས་ཏེ་ཁྱིམ་ཡིག་གི་ས་བོན་དུ་བྱེད་པ་ཡིན་ན། འདི་ལ་ནོངས་པའི་ཆ་ཅི་མཆིས་ཤེས་ནས་སྨྲ་བ་རྣམས་ཀྱི་སྤྱན་སྔར་འཆགས་ཤིང་། འདི་ལས་ལྷག་པའི་གནའ་གཏམ་ཁུངས་མའི་སྣོན་པ་ཡོད་ན་ཐེངས་རྗེས་མའི་དག་བཅོས་ལ་ཆེ་ཆེར་སྨན་དུ་འགྲོ་ངེས་པས་གང་ཤེས་ལྷུག་སྩོལ་ དང་མ་དག་པ་འཁྲུལ་སེལ་ཡོད་པ་ཞུའོ།།