ཁྲི་ཀ་སྐེ་བའི་ཡུལ་གྱི་སྐྲ་སྟོན་ངོ་མཚར་ཀུན་དགའི་སྤྲོ་སྣང་།

རྩེ་མོར་གངས་དང་རྫ་སྨུག་ལ་ཐོད་འཛིན།།

སྐེད་པར་ལྗོན་རྩི་སྨན་གྱི་སྤང་ཐང་བཀྲ།།

རྩ་བར་འབྲུ་དྲུག་སྙེ་མའི་མགོ་ལྕོག་ལྡེམ།།

སྲིན་པོའི་སྐེ་ཞེས་སུམ་རྩེན་ལྷ་གནས་བཞིན།།

གང་དེའི་ཕང་བར་སེར་གླང་གོང་བ་སྒང་།།

བལ་ལེ་བལ་ཙོང་ཇི་བེ་གཅེས་པ་རྒྱོ།།

ཀླུ་ཕུག་སྤེན་ཐོག་ནག་ཤུལ་ཨ་གོང་དང་།།

རོང་བོ་ཚྭ་མཐའ་དྲ་ཙི་རོལ་ཞེས་པའི།།

ཚོ་དྲུག་ལྷ་སྡེར་སྡེ་བཞིས་བསྡུས་པའི་དཔལ།།

རིང་ནས་མ་ཉམས་ཉམས་དགུའི་གླུ་གར་སོགས།།

དམངས་སྲོལ་རིག་རྩེད་རྩེད་འཇོའི་ཀློང་ཡངས་ལས།།

ངོ་མཚར་སྐྲ་སྟོན་སྟོན་ལ་ཡུད་ཙམ་དགོངས།།

དེ་ཡང་ཤེལ་དཀར་གྱི་མེ་ཏོག་ཕྲེང་བས་ཡོངས་སུ་བསྐོར་ཞིང་དྭངས་གཙང་འཇམ་སྣུམ་ཡུག་གཅིག་ཏུ་ཁྱབ་པའི་གངས་ཅན་ས་ལེ་སྨན་ལྗོངས་ འདིའི་སེམས་ཅན་རྣམས་ལས་བརྩོན་ཐོས་གཉེར་དང་དགེ་སྒྲུབ་སེམས་དད་ཆེ་བས་རང་གི་མཚུངས་པ་མེད་པའི་བློ་གྲོས་དང་ཞུམ་པ་མེད་པའི་སྤོབས་སྟོབས། ཉམས་པ་མེད་པའི་རྩོལ་སྒྲུབ་བཅས་ལ་བརྟེན་ནས་འཛམ་གླིང་ཤེས་རིག་གི་གཏེར་མཛོད་ཁྲོད་མཚན་སྙན་གྱི་གྲགས་པ་དགུང་དུ་གཡོ་བའི་བོད་ཀྱི་རིག་གནས་འདི་ཉིད་གསར་སྐྲུན་བྱུང་བ་ནས་བཟུང་ནང་ཀུན་རྟོག་གིས་མྱོང་བའང་རིམ་པས་དོན་ཡོད་ཅན་དུ་ཕྱོགས་མགོ་བརྩམས་ལ། འཁོར་འདས་ཀྱི་བྱ་དངོས་ཡོད་ཚད་ཕུན་སུམ་ཇེ་ཚོགས་ནས་གྲ་རྒྱས་ལེགས་ཚོགས་ཅན་དུ་སོང་བའི་འཕེལ་རིམ་ཁྲོད་ལོ་རྒྱུས་ཀྱི་དངོས་དོན་རི་མོ་གང་མང་ཞིག་བྲིས་པ་ཐམས་ཅད་མཐར་གཏུག་ན་དམངས་སྲོལ་གྱི་ཤེས་རིག་རྒྱ་མཚོ་འདི་ལས་མཆེད་པར་སྣང་ངོ་།།

   ཁྲི་ཀའི་སྣོད་བཅུད་སྤྱིར་བཤད་པ།

  ལྗོངས་དེའི་སྨད་རྒྱུད་ཀྱི་སའི་ཆར། འཇམ་དཔལ་དབྱངས་དངོས་མིའི་རྣམ་རོལ་དུ་གྲགས་པ་གང་ཉིད་འཁྲུངས་གཞིས་ཀྱི་ཉེ་འགྲམ། བོད་ཀྱི་བཙན་པོ་ཁྲི་རལ་དེ་ཉིད་ཡུན་རིང་བཞུགས་ཤིང་སོར་བཅུའི་མེ་ཏོག་ཁྲི་ལ་བཙུགས་པས་ཁྲི་ཀ་ཞེས་ཡོངས་སུ་གྲགས་པ་གང་དེའི་གནས་ཀྱི་ཡོན་ཏན་ནི། ས་ལ་དགེ་བཅུའི་འདབ་བརྒྱད་ཚང་ཞིང་། གནམ་ལ་ཁྲི་གདུགས་རྩིབས་སྟོང་བཀྲ་བ། བར་དུ་སྤང་བླང་དགེ་བརྩོན་སོགས་ལས་གྲྭའི་འཛུགས་གཉེར་ཚོམ་བུ་སྤུངས་པ་ལྟར་ཆགས་པ་དེའི་ཕྱོགས་བཞིའི་ཤར་དུ་སྲིན་པོའི་རྫ་རི་དེ་གླང་ཆེན་ལྟར་འགྱིངས་པ། ལྷོར་གཡུ་འབྲུག་སྔོན་མོ་ས་ལ་འཁྱུད་འདྲའི་དཔའ་རྒོད་བྲག་དཀར་སྤུན་གསུམ་དེ་ཉིད་རྟ་མཆོག་རོལ་བ་རྣོན་པོའི་ཚུལ་གྱིས་སྒེག་པ། ནུབ་ཏུ་འབའ་ཙེ་གཡང་གི་ཕྱུག་མོ་དེ་ཁྱུང་དམར་ཐང་དུ་བབས་འདྲ། བྱང་དུ་ཟོ་དགུའི་རི་བོ་སེང་གེ་གནམ་དུ་མཆོངས་འདྲ་སོགས་ཕྱོགས་བཞིར་སྟག་སེང་ཁྱུང་འབྲུག་གི་ས་དཔལ་རང་ཆས་སུ་མངའ་བའི་གཞིར། ཤར་ན་གོང་བ་དང་ཀོ་ར་ལུང་བ་དང་ལྷོར་ཀབ་རོན་ལུང་བ། ནུབ་ཏུ་ཧོར་ཀྱའི་ལུང་བ་གསུམ་ལ་ཇོ་བོ་ལུང་གསུམ་ཞེས་འབོད་པ་དང་། ལུང་གསུམ་དེའི་འདབས་སུ་རྨ་ཀླུང་གསེར་ལྡན་རིང་མོ་ནོར་བུ་གཡས་སུ་འཁྱིལ་བ་ལྟར་ནུབ་ནས་ཤར་དུ་ལྷང་ལྷང་དུ་འབབ་པ། ས་དེའི་ཉེ་འཁོར་ཙམ་དུ་ཤ་འབེན་གདོང་སྣ་དང་བོན་པོ་གདོང་སྣ། ཕོ་རོག་ཚང་སྣ་བཅས་གཉན་པོ་གདོང་གསུམ་ནི་སྒྱེད་པུ་གསུམ་གྱི་ཚུལ་དུ་ཆགས་པ། མི་ཕྱུགས་གང་ལའང་གྲོགས་བྱེད་མྱུར་བའི་བཙན་པོ་ལྷ་གསུམ་སྟེ་ཁྲི་ཀའི་ཨ་མེས་ཡུལ་ལྷ། ཁྲེ་ཙེའི་ཨ་མྱེས་ཨེར་ལིང་། སྟོང་ཆེའི་ཨ་མྱེ་རྒྱ་ཐང་བཅས་སྐྱེ་བོའི་འདོད་དོན་སྒྲུབ་པ་ལ་ལུས་དང་གྲིབ་མ་བཞིན་དུ་གནས་པར་བཤད་པ། དེ་ལྟ་བུའི་ས་དཔལ་ཕུན་སུམ་ཚོགས་པའི་གནས་ཀྱི་སྙིང་བོར་བྱིན་རླབས་ཀྱི་ཚན་ཁ་མཆོག་ཏུ་འབར་བའི་མི་ཉག་མཆོད་རྟེན་དཀར་པོ་མཐོང་བ་དོན་ལྡན།ཇོ་ཇོ་ལྷ་ཁང་བྱིན་འོད་འབར་བ། ལྷ་དཀར་བོ་བྱམས་པ་རང་སྐྱེས། གདོང་སྣའི་ཐུགས་རྗེ་ཆེན་པོ་བཅས་ལ་འགངས་ཅན་གྱི་རྟེན་བཞི་ཞེས་བྱིན་རླབས་མི་ཟད་པའི་གཏེར་དུ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་ན་བརྗིད་པར་གནས་པ་དང་། སྣ་ཚོགས་ལྗོན་ཚོགས་འཁྲིགས་པར་བཞད་པ་ཡང་རྨ་བྱའི་སྒྲོ་གདུགས་ཕུབ་པ་དང་ཀུན་ནས་མཚུངས་ཤིང་། སྐད་སྙན་སྒྲོག་པའི་བྱ་བྱིའུ་འདབ་ཆགས་སྣ་ཚོགས་འཕུར་ལྡིང་གར་གྱིས་རྩེན་པ། རི་ན་འཚོ་བའི་སྲོག་ཆགས་གླ་བ་དང་རྒོ་བ། གནའ་བ། གཙོད། སྤྱང་། གཡུ་བཅས་བག་ཡངས་སུ་རྒྱུ་བ། ཆུར་གནས་ཀྱི་སྲོག་ཆགས་ཀྱང་ཉ་དང་སྲམ། ངང་བ་དང་ངུར་བ། ཆུ་སྐྱར་སོགས་གང་དགར་རྣམ་པར་རྩེན་པ། ཞིམ་མངར་ཁ་ཟས་ཀྱི་རིགས་ལ། ཤིང་འབྲས་ཨ་མྲ་དང་ཁམ་བུ། སེའུ་འབྲུ། རྒུན་འབྲུམ། ཀུ་ཤུ། སྟར་ག དཔའ་ཆེན། བ་སིལ། སྔོ་འཇོང་མ་དང་སྐྱུར་ཐུབ་མ་སོགས་ཤིང་ཏོག་སྣ་ཚོགས་ཚོམ་བུར་སྤུངས་པ། ངེས་དཀའ་ལ་བགྲང་བར་ངལ་པའི་སྔོ་ཚལ་སྣ་ཚོགས་གང་སར་མོད། གནས་དེར་མཆིས་པའི་མི་རིགས་ཁག་ཀྱང་ཕན་ཚུན་འགྲིག་མཐུན་ཡོང་ལ་བརྩི་བཀུར་ཆེ་བ། ལས་ཀར་བརྩོན་སེམས་ལྡན་ཞིང་རིག་གནས་སློབ་གསོར་དགྱེས་པ། དེ་དག་ལས་ཀྱང་བོད་རིགས་ནི་ཡབ་མེས་ནས་བརྒྱུད་པའི་སྲོལ་རྒྱུན་བཟང་བོ་འཛིན་སྤེལ་བྱུང་བའི་མི་རིགས་ཤིག་ཡིན་སྟབས། རང་གཤིས་བརྟན་པོ་དེ་ནམ་ཡང་ཉམས་པ་མེད་ལ་རང་སྲོལ་མཛེས་པོ་དེའང་འདོར་མེད་བརྒྱུད་སྤེལ་དུ་བཏང་བར་བརྟེན། དམངས་སྲོལ་གྱི་རྟ་རྒྱུག་མདའ་འཕེན་དང་གླུ་ལེན་གར་རྩེད། ཁྱད་པར་སྒྲུང་བཤད་འཆམ་གཏོང་དང་མཐུན་གཞས་གཏོང་རྒྱུར་མཆོག་ཏུ་སྤྲོ་བ་ལགས་ན། ལོ་རེའི་དྲུག་པའི་ལྷ་རྩེ་ཞེས་པའི་སྤྲོ་ཚོགས་ཉིན་ཤས་རིང་མཚོ་སྔོན་ཡུལ་ཕྱོགས་ཁག་གི་རོང་འབྲོག་གཞོན་སྐྱེས་མང་པོ་པད་མའི་ཚལ་ལ་བུང་བའི་ཚོགས་ལྟར་བཀུགས་ཏེ་བསྟུད་མར་ཉིན་ཞག་དུ་མར་རོལ་བའི་གཞས་ངག་སྙན་པོས་རེ་ཞིག་རྒན་གཞོན་ཚང་མས་རང་ཡུལ་འཛོམ་པོ་དེ་ཡང་བརྗེད་སླ་བའི་གནས་སུ་གཏོང་སྲིད། དེ་ལྟ་བུའི་གནས་ཀྱི་ཞིང་ཁམས་དེ་ལ་ཁྲི་ཀ་གསེར་མོ་ལྗོངས་ཞེས་མདོ་སྨད་ཀྱི་ཡུལ་འདིར་རིག་གནས་དང་ལོ་རྒྱུས། བཟོ་སྐྲུན་དང་ཤེས་རིག་སོགས་དར་ཡུན་ཤིན་ཏུ་རིང་ལ་དམངས་ཁྲོད་ཀྱི་གླུ་གཞས་སྣ་ཚོགས་དང་ཐ་ན་སྟོན་མོ་བཤམས་ལུགས་ཀྱང་ས་ཁུལ་ གཞན་དང་ཅུང་མི་འདྲ་བའི་ཡུལ་སྡེ་འཛོམ་ཕྱུག་ཁྱད་ཆོས་ལྡན་པ་ཞིག་ཡིན་ནོ།།

དང་པོ། སྐེ་བའི་ཡུལ་གྱི་ཆགས་གཞིས་དང་གོམས་སྲོལ་བཤད་པ།

ཁྲི་ཀ་རྫོང་གཞིས་ནས་ཤར་ཕྱོགས་སུ་སྤྱི་ལེ་བཅུ་ཤས་ཀྱིས་ཆོད་པའི་སར་གནས་ཆེན་སྲིན་པོ་རྫ་རྒན་དེ་ཉིད་འཇམ་དཔལ་རྡོ་རྗེ་རྣོན་པོའི་སྐུར་ཁྲོས་ཉམས་ཀྱིས་བཞེངས་པར་གྲགས་པ་གང་དེའི་ཕང་བའམ་གོང་སྐེད་ཙམ་དུ་ཚོ་སྒོ་དྲུག་གི་ལྷ་་སྡེ་རྣམས་མེ་ཏོག་གི་ཚོམ་བུ་འབུས་པ་ལྟར་གནས་ཤིང་འཚོ་བས་ན་སྐེ་བ་ཞེས་ཟེར། དམངས་ཁྲོད་ཀྱི་ངག་རྒྱུན་ནམ་ཡིད་རྟོན་རུང་བའི་ས་བསྟོད་གནས་བཤད་ཀྱིས་ཀྱང་དེ་ལྟར་བརྗོད་ཡོད། སྲིན་པོ་རྫ་རིའི་མཐོ་ཤོས་ནི་དེའི་དབུ་རྩེ་ཡིན་པ་དང་། དེར་རྒྱ་མཚོའི་ངོས་ལས་རྨིད་༥༠༠༠ཡན་ཟིན་ཡོད། ལོགས་སུ་སྲིན་མོའི་རྩེ་བཅས་རི་རྩ་བ་གཅིག་ལ་རྩེ་མོ་གསུམ་གནམ་དུ་ཟུག་པ། རྩེ་མོ་རྫའམ་ཀོ་རོབ་དང་གཡའ་མ་ཁོ་ན། སྐབས་ལར་གངས་སྨུག་གིས་ལ་ཐོད་བཅིངས་པས་ཁྲི་ཀའི་རི་ཀླུང་ཀུན་གྱི་མཛེས་པ་ཟིལ་གནོན་གྱི་ཚུལ་དུ་བཞུགས་པ། སྐེད་པར་རྫའམ་ཀོ་རོབ་ནགས་ཚལ་ལྗོན་རྩི་སྨན་རིགས་སྣ་ཚོགས་ཀྱིས་བརྒྱན་ཅིང་རི་སྐྱེས་སྣ་ཚོགས་བག་ཡངས་སུ་རྒྱུ་བ། རྩ་བར་ལྗོན་ཕྲན་གཡུ་ཡི་ཕང་ཕུང་འཁྲིགས་པར་བཞད་པ་དང་སྤང་ཐང་མེ་ཏོག་གོས་རིས་སུ་བཀྲ་བའི་གཞིར་རྟ་ནོར་ར་ལུག་སོགས་ གནག་ཕྱུགས་ཀྱི་ཁྱུ་ཚོགས་བར་མེད་དུ་ཁྱབ་པ། རིའི་གཡས་གཡོན་གྱི་འདབས་རོལ་དུ་སྐེ་བ་ཚོ་སྒོ་དྲུག ཆོས་ཚ། སྒོམ། དམེ་ཀྱྰ། བདུད་ཤུལ། སྟག་རིག་སོགས་ཀྱི་ཡུལ་སྡེ་ཆགས་ཡོད་པ་དང་། དོ་རྒྱ། སྣང་ར། ཁམས་ར་བཅས་གཅན་ཚའི་ཚོ་གྲོང་དུ་མ་དང་རེབ་གོང་གི་ཚོ་སྐོར་ཁ་ཤས། འཕྲང་དམར་ཚོ་བཅུ་གཉིས་ཀྱི་ནང་ཚན་རྐང་ཚ་གོང་ཞོལ་གྱི་འབྲོག་རུ། གཅན་ཚའི་འབྲོག་རུ་བཅས་ཀྱིས་མཐའ་སྐོར་ནས་ཡོད་དོ།།

   སྐེ་བ་ཚོ་སྒོ་དྲུག་ནི་སྲིན་པོ་རྫ་རིའི་ཤས་ནས་ནུབ་ཏུ་གོ་དོར་ལུང་བ་དང་ལུང་ནགས་ལུང་བ། མཚར་ལུང་ལུང་བ་ཞེས་ལུང་ཆེན་གསུམ་དང་དེའི་གཡས་གཡོན་གྱི་ཐང་ཆེན་གསུམ། དེའི་སུལ་གྱི་རི་ཆུང་དང་ལུང་ཕྲན་བཅས་དང་འདབས་འབྲེལ་ནས་ཆགས་ཡོད། སྐེ་བའི་ས་དབྱིབས་ཕལ་ཆེར་ཤར་ནས་ནུབ་ཏུ་ཅུང་ཟད་གྱེན་སྒུར་གྱི་ཚུལ་དུ་ཆགས་པ་དང་། དེ་ནི་ཞིང་ཕྱུགས་གཉིས་ལ་བརྩོན་པའི་བར་ས་ཁོ་ན་ཡིན། གནའ་མི་རྒན་པོ་རྣམ་པས་གསུང་བ་ལྟར་ན། ཤར་ནས་སྲིན་པོའི་རྟ་ར་མན་ཆད་ནུབ་ཏུ་བ་ལིའི་ཕངས་ལུང་ཡན་ཆད། བང་ནས་གྲ་མའི་ལའི་ཚུན་ཆད་ལྷོ་ནས་རྡོ་མ་ཎི་དཀར་དྲིས་ཀྱི་བར་སྐེ་བའི་མི་ཕྱུགས་གཉིས་ལ་དབང་བའི་ས་ཡིན་ཟེར་ལ། ས་ཆུའི་དོན་དུ་ཡབ་མེས་རྣམས་རང་རིགས་ཆོས་ཚྭའི་བར་དུ་གྱོད་འཁྲུག་ཀྱང་བསླངས་མྱོང་སྐད། སྐེ་བའི་ས་འཛིན་གྱི་ཐོག་མ་ནི་སྤེན་ཐོག་ཡིན་ཟེར་ཞིང་སྔོན་ཡུལ་འདིར་སྤེན་མ་བཞད་པ་རིམ་པས་ས་ཞིང་དུ་བཏུལ་བས་རུས་ཚོ་རྣམས་རིམ་བཞིན་དར་འཕེལ་བྱུང་བ་ཁྱུ་དང་དཔུང་སྦྲེལ་ཏེ་སྡོད་པ་དང་། དེ་ནས་རྐུན་ཇག་དང་གཅན་གཟན་ལ་གཟབ་ཕྱིར་ཚོ་སྐོར་བྱས་ཏེ་མཁར་བརྡུངས་པ་དང་ཕྱིས་སུ་ད་ལྟའི་ཤིང་ཁང་འདི་བསྐྲུན་ཞེས་བཤད་པར་དཔག་ན། རང་རེའི་ཡུལ་སྡེ་འདི་ཆགས་ཡུན་ཆེས་སྔ་བར་སེམས་ཏེ། ཡིད་རྟོན་རུང་བའི་ལོ་རྒྱུས་ཁུངས་བཙན་དང་ངག་རྒྱུན་རྣམས་སུའང་། སྔར་ཆོས་རྗེ་ས་པན་གྱིས་ཁྲི་ཀའི་མཆོད་རྟེན་ལ་རབ་གནས་གནང་བ་དང་ཧོར་རྒྱལ་པོས་གནང་བའི་མུ་ཏིག་སོགས་ཀྱིས་ཇོ་ཇོ་ལྷ་ཁང་བཞེངས་དུས་སྨད་པའི་ཇོ་བདག་ཚང་གིས་ས་བྱིན་པ་དང་། སྐེ་བའི་དད་ཅན་འགའ་རེས་ཉིན་བཀུར་བཟུང་ཞེས་པའི་ངག་རྒྱུན་ཡོད་པ་དང་། དེའི་དབོན་འགྲོ་མགོན་འཕགས་པ་ཕྱིར་ས་སྐྱར་བསྙེན་རྫོགས་ལ་ཕེབས་སྐབས་ཟི་ན་མཁན་པོས་རོགས་མཛད་ཀྱི་ཞབས་ཞུ་ཐུགས་དགྱེས་པ་ཞིག་བྱས་པའི་ཡོན་ཏུ་ཧོར་རྒྱལ་སེ་ཆེན་ཥན་དང་འཕགས་པ་རིན་པོ་ཆེ་རྣམ་གཉིས་ཀྱིས་དེར་མཆོད་སྡེ་དུ་མ་ཞིག་གནང་ བའི་གྲས་སུ་ཁྲི་ཀ་དང་སྤེན་ཐོག་ཡོད་ཚུལ་མདོ་སྨད་ཆོས་འབྱུང་དུ་བཀོད་ཚུལ་བཅས་ལ་བལྟས་ན། མེས་པོས་སྔོན་ལ་ས་རྒོད་རྣམས་བཏུལ་ཏེ་གནས་ངེས་མེད་བདག་ཏུ་བཟུང་བ་དང་དེ་ནས་མཁར་བརྡུངས་པའི་བར་ལའང་ཕལ་ཆེར་མི་ལོ་ཆིག་སྟོང་ཡན་སོང་ཚད་ད་ལྟའི་བར་ལྷག་ལུས་ཡོད་པའི་མཁར་རོ་དེ་དག་ལས་ཤེས་ཐུབ་པ་དང་། འགྲོ་མགོན་འཕགས་པས་སྐེ་བའི་སྤེན་ཐོག་གནང་ཞེས་ཡུལ་སྡེ་ཆེན་པོ་དེ་ཕུལ་ཚུལ་ལས་རྩིས་ནའང་ཕལ་ཆེར་མི་ལོ་བརྒྱད་བརྒྱར་ཉེ་བ་ཞིག་སོང་བས་གནའ་བའི་སྐེ་བ་དེ་ནི་ཁྲི་ཀའི་ཡུལ་འདིར་ཅུང་ཆགས་སྔ་ཞིང་མི་སྡེ་ཆེན་པོ་ཞིག་ཡིན་པ་རྟོགས་ཐུབ་ལ། དེའི་ཡུལ་མི་རྣམས་ཀྱང་དད་ལྡན་ལས་བརྩོན་ཆེ་བ་ནས་སྲོལ་རྒྱུན་གྱི་གླུ་གར་སོགས་ཡུལ་གོམས་སྣ་ཚོགས་ཀྱང་སྔར་ནས་དར་ འཕེལ་བྱུང་ཡོད་པ་ངང་གིས་དཔོག་ནུས་སོ།།

     གཉིས་པ། སྐེ་བའི་དམངས་སྲོལ་ལས་སྟོན་གསུམ་རགས་བཤད།

    སྐེ་བའི་ཡུལ་འདི་ཙོང་ཁ་གཡས་གཡོན་གྱི་བོད་སྡེ་དང་འབྲེལ་ཡོད། དམངས་སྲོལ་གྱི་ཆོ་ག་སྣ་ཚོགས་སྤྱིར་འདྲ་མཚུངས་སུ་སྣང་ཡང་ཞིབ་ཏུ་བལྟས་ནས་ནང་དོན་ཐད་ཁྱད་པར་ཅུང་ཡོད་དེ། སྐེ་བའི་དམངས་སྲོལ་གཙོ་ཆེར་དེའི་ས་འཛིན་ཐོག་མ་རྣམས་ཀྱི་ལོ་རྒྱུས་ཕྱིར་དྲན་ནམ་བཙན་པོའི་སྐབས་དམག་འདྲེན་གྱི་ནང་དོན་འདྲ་བ་དང་འབྲེལ་ཡོད་པ་ཞིག་རེད།  ད་ལྟའི་བར་དར་བའི་སྐྲ་སྟོན་ནི།(བག་སྟོན་ཡང་ཟེར)སྔར་བཙན་པོའི་སྐབས་ཀྱི་དམག་བཀོད་བྱེད་ཚུལ་དང་ཅུང་འདྲ་བས་འདིར་དེའི་ནང་དོན་གོ་རིམ་ལྟར་སྤྲོ་ན། སྐེ་བའི་དུད་ཁྱིམ་སུ་ཞིག་ཡིན་རུང་མི་ཞིག་སྙོམ་ལག་རྒྱས་བར་དུ་སྟོན་མོ་ཆེ་ཆུང་གསུམ་བྱེད། ཐོག་མ་བཙས་སྟོན། བར་དུ་མནོལ་སྟོན། མཐར་སྐྲ་སྟོན་ནོ། དེ་ནས་གཉེན་སྒྲིག་སྐབས་ཀྱི་བག་སྟོན་དང་གྱ་སྟོན་བཅས་བྱེད་དོ། བཙས་སྟོན་དཔེར་ན། བུ་ཞིག་བཙས་ན་ཉིན་དེའམ་བདུན་གཅིག ཡང་ན་ཟླ་གཅིག་ལོངས་མཚམས་སུ་རབ་སྡེ་མི་ཡོངས་འབྲིང་ཤ་ཉེ་འབྲེལ། མ་མཐར་ཡང་ཁྱིམ་མི་གང་བོས་བཙས་སྟོན་བྱེད། ཐོག་མར་བུ་ཁྱེར་ནས་ཞིང་དམ་པ་ལ་མཆོད་འབུལ་བྱེད་པ་དང་རྒྱལ་བའི་གསུང་རབ་ཀློག་པ། སྲུང་མར་བསང་གཏོང་བ་། སྲུང་འཁོར་འདོགས་པ་དང་བཟང་གོས་སྐོན་ཏེ་རྟར་སྐྱོན་པ། མདའ་གྲི་སོགས་གོ་མཚོན་འདོགས་པ་བཅས་བྱས་རྗེས་བཟའ་བཏུང་གྱ་ནོམ་དུ་བཤམས་བའི་གྲལ་མགོར་བཞག་སྟེ་རྒན་པོས་བཀྲ་ཤིས་པའི་ཁ་གཡང་འདི་ལྟར་འབོད་པ་ནི། བུ་ཁྱོད་ཆེར་སྐྱེད་ན་མི་བརྒྱའི་མགོ་ནས་འཁོར་ར། །རྟ་བརྒྱའི་གོང་དུ་འབུད་ལ།། དགྲ་ཚུར་ཡོང་གི་གཉའ་ནས་གནོན་ན།། ཇག་ཕར་རྒྱུགས་ཀྱི་དཔུང་འཛིན་ཉན་ན།། ཁ་རྗེ་རླུང་རྟ་དར་དར།། བདེ་སྐྱིད་ཉི་མ་ཤར་ཤར།། བཅས་ཕལ་ཆེར་བུ་དཔའ་བོ་དམག་ཆས་སུ་ཞུགས་འདྲ་ཞིག་བྱས་ཏེ་བཙས་སྟོན་བྱེད། བུ་མོ་ཞིག་བཙས་ན་བུ་ནང་བཞིན་གྱི་རྒྱས་སྤྲོ་སོགས་མི་བྱེད་ཀྱང་ནང་མི་ཡོངས་ཀྱིས་སྟོན་བཤམས་འོས་འཚམ་ཞིག་གཏོང་སྲིད།

དེ་ནས་ལོ་གསུམ་ལོངས་པའི་རྒྱ་ལོའི་ཚེས་གསུམ་ཉིན་མནོལ་སྐྲ་བཞར་བ་ལ་བང་སྐྲ་ལེན་པ་ཞེས་མའི་མངལ་གྲིབ་དག་ཕྱིར་ཐོག་མའི་མགོ་སྐྲ་བླངས་པའི་དོན་རེད། དེ་ཡང་བུ་ཡིན་ན་ཕལ་ཆེར་གོང་བཞིན་དང་བུ་མོ་ཞིག་ཡིན་ན་ཟས་སྟོན་བཤམས་རྗེས་རྒད་པོ་རྣམས་ཀྱིས་འདི་ལྟར་ཀ་གཡང་འབོད་པ་ནི། བུ་མོ་ཁྱོད་ཆེར་སྐྱེད་ན་སྐྱིད་ཀྱི་ཚེ་ཐག་རིང་ང་།། སྡུག་པའི་མུན་པ་སངས་ང་།། ཟས་དང་ཟ་མ་ཁ་ཐུག་རྒྱག་ག། རྒྱུ་དང་ནོམ་པ་ལམ་ཐུག་རྒྱག་ག། འབྲུ་བརྒྱའི་འོ་མ་བཞོ་བ།། ཞིང་བརྒྱའི་ཟས་ཕུད་ལེན་ན།། ཞེས་ཁ་ཟས་རྒྱུ་ནོམ་དར་བའི་ཕྱོགས་སུ་ཁ་གཡང་འབོད་པ་དང་དེའི་རྗེས་ནས་གླུ་གཞས་གཏོང་བ་སོགས་བྱེད་དོ།། གཞོན་དུས་རིག་པ་སློབ་པ་སོགས་བོད་བྱིངས་དང་གཅིག་མཚུངས་ཡིན་ནོ།།

གསུམ་པ། སྐྲ་སྟོན་དངོས་ཀྱི་ཉིན་དང་པོ།

འཇིག་རྟེན་ཁ་དཔེར། ཕོ་ལོ་བཅོ་ལྔར་བུད་ན་བློ་ཕར་མི་འདྲི།། མོ་ལོ་བཅོ་ལྔར་བུད་ན་གྲོ་མར་མི་སློང་།། ཞེས་གྲགས་པ་ལྟར་ཕོ་མོ་ལོ་བཅོ་ལྔར་ལོན་དུས་སྙོམ་ལག་རྒྱས་ཤིང་འགྲོ་འདུག་ལབ་གླེང་དང་བརྩི་བཀུར་ལག་ལས་སོགས་གཏམ་སྤྱོད་ཀྱི་ཕྱོགས་གང་ས་ནས་གཞན་ལ་བརྟེན་མི་དགོས་པར་རང་མགོ་ཐོན་ཐུབ་པའི་དུས་ཡིན་པས་སློབ་གྲྭ་ཆེ་འབྲིང་བརྒྱུད་དེ་རིག་པ་སློབ་རྒྱུ་དེ་གཙོ་གནད་དུ་འཛིན་པ་ལས་གཞན་འཇིག་རྟེན་མཐུན་འཇུག་གི་ལམ་སོར་སྙེག་པའི་དུས་ཀྱང་ཐོག་མ་ཙམ་དུ་འཁེལ་བར་བརྟེན། བུ་རྣམས་རྟག་ཏུ་མི་ཚོགས་འདུ་སྤྲོ་འཕེལ་སར་འགྲོ་བཞུད་ཆེ་ལ། བུ་མོ་རྣམས་རང་ཁྱིམ་ནས་མ་དང་གྱེས་ཏེ་ལོགས་སུ་ཁང་མིག་ཧ་ཅང་མཛེས་པོ་ཞིག་ཏུ་གཅིག་པུར་བསྡད་ཆོག་པའི་རྟགས་སུ་སྔོན་ལ་སྐྲ་སྟོན་དེ་བྱེད་པ་ཡིན། སྤྱིར་སྐྲ་སྟོན་བྱེད་དུས་མོ་ལོ་བཅོ་ལྔ་དང་། བཅུ་བདུན། བཅུ་དགུའི་དུས་ཡིན་ལ་དེའི་མཚོན་དོན་ནི་གཞན་མགོ་སྙེག་དུས་ཕའི་ཕྱོགས་ཀྱི་ཁུ་བོ་རྣམས་དང་མའི་ཕྱོགས་ནས་ཞང་བོ་སོགས་ཉེ་འབྲེལ་རྣམས་ངོ་སྤྲོད་བྱེད་པའི་དོན་རེད། སྐྲ་ན་གྲུབ་འཕྲལ་སྐྲ་རྟགས་རྒྱག་སྲོལ་ཡང་ཡོད། དེ་ནི་ཕན་ཚུན་བརྩེ་དུང་ཟབ་ཅིང་ལྷག་ཏུ་ཕོ་གཞོན་དེར་ཤེས་རིག་བློ་དཀྱེལ་ཡངས་ཤིང་ལས་འབྲས་སྲུང་བ། ཆེ་བཀུར་ཆུང་བྱམས་ལྡན་ཞིང་དབང་ལྡན་ལས་བརྩོན་ཆེ་བ་ཞིག་ཡིན་ཚེ་བར་བས་བར་བསྡུམ་རྗེས་ད་བཟོད་དུས་བཅད་ལྟར་བག་མར་གཏོང་སྲིད། དེ་བས་འདིའི་སྐྲ་སྟོན་ལ་བག་སྟོན་ཡང་ཟེར་རོ།། འོ་ན་བག་སྟོན་བྱེད་དུས་བག་མ་ལོ་དགུའམ་བཅུ་གཅིག་བཅུ་གསུམ་ཅན་ཡིན་དོན་ཅི་ཞེ་ན། སྤྱིར་བྱིས་པ་རྣམས་རྒན་རྒོན་ཚོས་གཉོར་སྐྱོང་བྱས་པ་ཡིན་སྟབས་དེའི་དྲིན་ལན་གསབ་བདེ་བའི་ཕྱིར་དུ། ད་ནས་བུ་མོ་འདི་སྙོམ་ལག་རྒྱས་ཏེ་རང་མགོ་ཟིན་འདུག་པས་ཁྱེད་རྒན་རྒོན་རྣམ་པས་གཉོར་སྐྱོང་མ་བྱས་ཀྱང་ཆོག་ཅེས་རྒན་རྒོན་དེ་མ་གཤེགས་གོང་ནས་དེའི་དྲིན་གསབ་ཆེད་ལོ་དུས་མ་རན་ཡང་སྐྲ་སྔོན་ལ་ཕབ་པ་དར་ཁྱབ་ཏུ་སོང་བར་བརྟེན་སྲོལ་དེ་བྱུང་བ་ཡིན་ནོ།། ཁྱིམ་གཅིག་ཏུ་བུ་མོ་ཁ་ཤས་ཡོད་ན་འབྱོར་བར་བསྟུན་ཏེ་གོང་མའི་ལོ་དུས་གཙོར་བཟུང་ཐོག་རྗེས་མ་རྣམས་དེར་མཐུད་དེ་སྐྲ་ཕབ་པ་ཡིན། སྐྲ་སྟོན་སྐབས་མེད་མི་རུང་བ་ཞིག་ནི་རྟེན་དགེ་བསྙེན་ཡིན་པའི་ཁྱིམ་སྔགས་ནུས་མཐུ་ཅན་ཞིག་ཡིན་ལ་དེས་བག་ཆོག་ལྟར་ཞི་དྲག་གཉིས་ཀྱི་སྒོ་ནས་ཆོ་ག་སྣ་ཚོགས་བསྟར་བ་དང་སྔགས་ནུས་མཐུ་ཅན་ཞིག་ཡིན་ལ་དེས་བག་ཆོག་ལྟར་ཞི་དྲག་གཉིས་ཀྱི་སྒོ་ནས་ཆོ་ག་སྣ་ཚོགས་བསྟར་བ་དང་སྔགས་པས་རབ་ཟླ་ཤས། འབྲིང་བདུན་གསུམ་རིང་མཚམས་ལ་གཞོལ་རྗེས་སྐྲ་སྐར་དང་ལོ་ཁམས་ལ་ཞིབ་ཏུ་བརྟག་སྟེ་བག་མའི་གོན་སྐལ། འདོགས་སྐལ། ཟས་སྐལ། ཐ་ན་མགོ་སྐྲ་སླེས་མཁན་དང་སྐྲ་ཤད་ཀྱི་སོ་མངས། སྐྲ་ཐིག་སོགས་སྐྲ་ཆས་སྣ་ཚོགས། རྣ་ལུང་། སྐེ་རྒྱན། སྐྲ་ལུང་ཚུན་ཆད་ཀྱང་མཐུན་ཁ་སྒྲིག་སྟེ་དག་གཙང་བཟང་བོ་ཞིག་བྱེད་དགོས་པར་མ་ཟད། བུ་མོར་ཡང་འཛེམ་བ་དུ་མ་སྲུང་དུ་འཇུག་པ་ཡིན། སྔགས་པས་ཉིན་བདུན་ལ་བག་མའི་ཁྱིམ་ནས་སྲུང་བ་འཛུགས་པ་དང་བག་ཁྲུས་བྱེད་པ། བཅད་མནན་སོགས་ཕྱི་ནང་གི་བགེགས་ཇི་ཡོད་བཏུལ་ཏེ་སྟོན་མོའི་ཉིན་གྱི་གནམ་གཤིས་ལེགས་པོ་དང་དགྲ་མི་འབྱུང་བ་སོགས་ཀྱི་འགན་ཐུབ་དགོས། སྐྲ་སྟོན་ཉིན་དང་པོ་ལ་སྟ་གོན་གྱི་ཉིན་ཟེར་ཞིང་སྡེ་མི་ཡོངས་ཀྱིས་ཉིན་དེར་ཤ་མར་ཇ་ཆང་ནས་ཀ་ར་གོ་རེ་བཅས་ཟས་འདྲེན་གྱ་ནོམ་པ་བཤམས་རྗེས་ཕྱོགས་ཕེབས་ཀྱི་མགྲོན་པོ་རྣམས་དང་ལྷག་ཏུ་བུད་མེད་མང་པོས་གཟབ་མཆོར་སྤྲས་ཏེ་ལག་ཏུ་གོ་རེ་གཡིས་བཙས་སློ་མ་གང་ངམ་ཤིང་ཏོག་འགའ་རེ། ཁ་བཏགས་གཙང་མ་རེ་ཁྱེར་ནས་ཐད་ཀར་བག་མར་ལྟ་བར་ཡོང་དུས་གཉེན་ཚང་གི་ལས་སྣ་བས་མགྲོན་མོ་ཚོ་ཕེབས་བྱུང་ཞེས་ཟེར་ཞོར་དུ་དེ་དག་ལ་སྣེ་ལེན་བྱེད། མགྲོན་མོ་ཚོ་སྔོན་ལ་ཡོང་དོན་བག་མ་གནས་ལ་འགྲོ་བའི་རྗེས་ཆོད་ཕྱིར་སྔོན་ལ་ཐོན་པ་ཞིག་རེད། བག་མ་དང་བག་མའི་ཨ་ཁུ། བག་རོགས་བཅས་ལོ་སྐར་མཐུན་སྦྱོར་ཅན་གྱི་རྗད་མེད་གཞོན་ནུ་མ་སྐྲ་ཁ་རུམ་ཁ་གཙང་བ་ཞིག་གིས་སྣེ་ཁྲིད་དེ་བག་སྙན་འཐེན་པ་དང་། དོན་དུ་བག་ངུ་ཡིན་ནམ་སྙམ་སྟེ། སྔོན་བཙན་པོའི་སྐབས་ཀྱི་དམག་ཆས་དང་ཕྱིས་གེ་སར་སྒྲུང་ཁོངས་ནའང་རུ་འཛིང་གི་འགྲིག་བསྡུམ་ཕྱིར་བུ་མོ་མཛེས་མ་མནའ་རྟེན་ཏུ་བཞག་སྟེ་མནའ་བོར་བྱས་ན་མནའ་མར་གྲགས་པ་ལྟར་བག་མའང་གནས་སར་སྟེར་དུས་ཕ་མ་ཉེ་འབྲེལ་རྣམས་དང་འབྲལ་དཀའི་མཚོན་དོན་དུ་བུ་མོ་ཁ་ཤས་ཆབས་ཅིག་ཏུ་འཛོམས་ནས་ཕན་ཚུན་འབྲལ་མི་ཕོད་པའི་ངང་བག་མའི་སྙན་ལམ་དུ་གཏད་དེ་སྒྲ་གདངས་སྙན་ལ་སྔངས་པའི་ཚུལ་གྱིས་ངུ་ངག་གིས་གླུ་མས་གཞས་ཤིག་འཐེན་པ་ལ་བག་སྙན་འཐེན་ཟེར། དེའི་ནང་དོན་ཕལ་ཆེར་ཨང་ཡེ། ཨ་ཁུ་རི་རྒྱལ།། འཛོམས་པོ་རེ་སྣང་།།  སྨན་ཆུང་རེ་འགྲོ།། སྐུ་རྒྱལ་རེ་བརྟན།། ཞེས་ཕ་མ་ཨ་ཁུ་རྣམས་བདེ་འཛོམས་ཡིན་དུས་དེ་དག་བསྐྱུར་ཏེ་གནས་ལ་འགྲོ་དུས་ཕ་ཨ་ཁུའི་སྐུ་ཚེ་བརྟན་ཚིག་ངུ་ངག་གི་ལམ་ནས་བླངས་པ་ཞིག་རེད། དེ་ནས་དགུང་ཇའི་མཚམས་སུ་གཡས་གྲལ། གཡོན་གྲལ། དཀྱིལ་གྲལ། མཐའ་གྲལ། ཕྱི་གྲལ་བཅས་གྲལ་རིང་ཆེན་པོ་ལྔའི་སྟེང་དུ་གྲོང་ཚོ་ཡར་མར་གྱི་སྟག་ཤར་ཕོ་གཞོན་རྣམས་འཁྲིགས་པར་འཁོད་དེ་གླུ་ལེན་ཤགས་འགྱེད་བྱེད་མགོ་རྩོམ་པ་དང་། བག་མས་ཀྱང་དེ་དག་རེ་རེར་གནང་ཞུའི་ཚུལ་གྱིས་བག་སྙན་འཐེན་དགོས་པར་མ་ཟད། ད་དུང་ཆང་ཕུད་དང་པོ་དང་གཉིས་པ། གསུམ་པ། དུ་ཕུད་དང་པོ་དང་གཉིས་པ། གསུམ་པ་ཞེས་ཆང་དུད་ཀྱིས་སྣེ་དྲངས་ཏེ་སྣེ་ལེན་བྱེད་དགོས། དེ་དུས་དུད་ཆང་མི་ལེན་པའམ་བསྟོད་ལན་གྱི་གཞས་ཚིག་ཀྱང་འོས་འཚམ་མིན་རིགས་བྱུང་ན་དེ་ནི་བག་མས་རང་སྡེ་སྐྱུར་ཏེ་གཞན་སྡེར་སྙེག་པར་ཕྲག་དོག་བྱས་པའི་དོན་མཚོན་པ་ཡིན། བག་མས་ཐོག་མར་གཞི་དཔོན་བསྟོད་དགོས་ལ་དེ་ནས་ཨ་ཁུ་རྣམས་བསྟོད་དགོས། བག་མའི་བསྟོད་ལན་ནམ་ཁ་འགོག་ཏུ་སྟག་ཤར་ཞིག་གིས་ཁ་དར་རམ་གོས་ཡུག་གཙང་མ་ཞིག་བཟུང་སྟེ་འདི་ལྟར། ཨ་བག་མ་ཨ་ལོ་ལོ། ཁ་ལོངས་ཁ་ལོངས། སྐད་ལ་ལན་ཆགས་མ་བསྐོལ། ང་མ་བསྟད་ལེ་གི་བསྟད་ལེ་ཡོད་ཀི། བསྟད་ན་དགུང་དང་མཉམ་ནས་ཡོད་ཀི། ཁྱེད་ཀྱིས་དགུང་ཨ་སྔོན་འདྲ་བའི་ཨ་ཞང་བསྟོད་དང་།། ཁྱོད་ལ་འབྲུག་ཕོ་ཆུང་འདྲ་བའི་མི་གཡང་འཁོར་ར།། ཆུ་གཙང་པོ་འདྲ་བའི་ཨ་ནེ་བསྟོད་དང་།། ཁྱོད་ལ་ཉ་གསེར་མིག་འདྲ་བའི་མི་གཡང་འཁོར་ར།། ཞེས་བསྟོད་ཙའམ་བག་མའི་ཁ་འགོག་གི་བཤད་པ་གོ་རིམ་ཚང་ཞིང་ནང་དོན་ལྡན་པ། ལོ་རྒྱུས་ཀྱི་ཁྱད་ཆོས་ཡོད་ཅིང་སྙན་ཚིག་གི་རོ་ནུས་ལྡན་པ་ཞིག་བཤད་རྗེས་ཁ་བཏགས་དེ་འཕྲལ་བག་མ་དང་བག་རོགས་ཀྱིས་མཚོན་པའི་ཨ་ནེ་མ་ཡོངས་ལ་འབུལ་བ་དང་། བག་མས་མུ་མཐུད་དུ་བག་སྙན་འཐེན་ཏེ་སྟག་ཤར་རེ་རེར་བསྟོད་ལ་དེ་དག་གིས་ཀྱང་བསྟོད་ཙ་སྙན་ཞིང་འཇེབས་པ་ཞིག་ཕུལ་རྗེས་ཞག་གང་བོར་གླུ་ལེན་གར་རྩེ་ཁོ་ནས་ནམ་བསླང་བར་བྱེད་པ་ནི་བུ་མོ་རེས་ཏོག་ཅེས་སྐྲ་སྟོན་གྱི་ཉིན་དང་པོ་རེད།།

   བཞི་བ། སྐྲ་སྟོན་དངོས་གཞིའི་ཉིན།

 ཕྱི་ཉིན་ཞོགས་པའི་དུས་སུ་གཞི་དཔོན་གྱིས་སྔར་བཞིན་ཆོ་ག་འདོན་པ་དང་ལྷ་བསང་གཏོང་བ། བག་མའང་རང་ཁྱིམ་ནས་ཐེངས་དང་པོར་སྒོ་ཕྱིར་འབུད་དུས་ཡིན་པས་སྲུང་མ་དང་ཐབ་ལྷ། ཤུག་ལྷ། སྒོ་ལྷ་བཅས་མཆོད་ལ་དེ་དུས་བག་སྙན་གྱི་ནང་དོན་དང་སྐད་གདངས་ཀྱང་འདར་ཞིང་སྐྱོ་བའི་ཚུལ་སྟོན་པས་མས་ཤས་མི་བཟོད་པའི་ཚུལ་གྱིས་རབ་ཡིན་ན་རང་གི་འོ་མ་ཁེམ་བུ་གང་། དེ་མིན་མཛོ་མོའི་འོ་རློན་དཀར་ཡོལ་གང་བཟུང་སྟེ་བུ་མོས་གནས་གོ་ཆོད་རྒྱུ་དང་གནས་སའི་ཕ་མར་བྱམས་སྐྱོང་བརྩི་བཀུར་ཡོད་པའི་དོན་དུ་ལྕེ་ཐོག་ཏུ་ལན་གསུམ་བཞག་སྟེ་མས་མང་གི་འོ་མ་དང་འདྲ་བའི་ཚུལ་གྱིས་མནའ་འཇོག་པའི་བཤད་པ་གོ་རིམ་ཅན་ཞིག་བཤད་པ་ལ་བག་མའི་མནའ་ཁུ་ཞེས་པ་དེ་ཡིན། དེ་ནས་དཀྱིལ་ཀ་བར་མར་སྐོར་བ་གསུམ་རྒྱག་པ་དང་ནུ་བོས་ཀ་བ་ནས་འཛིན་པ་ནི་རང་གི་ཨ་ཅེ་གནས་སར་སྟེར་མི་འདོད་པའི་དོན་རེད། བག་སྙན་འཐེན་ཞོར་དུ་གཞི་དཔོན་གྱི་རྗེས་སྙེག་སྟེ་སྒོ་ཕྱིར་བུད་དེ་རྟ་དཀར་དུང་གི་གཤོག་པ་ཅན་ཞིག་ལ་སྐྱོན་ཏེ་ར་མོ་ཆེར་སྐོར་བ་ལན་གསུམ་རྒྱག་པ་དང་། དེ་ནས་ཕྱི་ནང་གི་དགྲ་བགེགས་འདྲ་མིན་མཚོན་པའི་གཏོ་གཟུགས་བཅུ་གསུམ་རེ་རེར་རྐང་བས་བརྒྱབ་སྟེ་རྫོགས་ཚར་རྗེས་ཕྱིར་སྒོ་ཆེན་གྱི་དྲུང་དུ་བསླེབས་པ་ན་སྔགས་པས་གླང་ཆེན་སྣ་གཏོ་ཞེས་སྔར་གོང་ཙེ་འཕྲུལ་རྒྱལ་གྱིས་བརྩམས་པར་གྲགས་པའི་སྟེང་ནས་ཆོ་ག་འདོན་ལ། གླང་ཆེན་གྱི་བྱད་གཟུགས་དང་འདྲ་བའི་གླུད་ཅིག་བཟོས་ཏེ་དེར་དར་སྣ་ཚོགས་བཀལ་བ། འཁྲུ་ནག་པོས་བྱས་པའི་མི་ནག་པོ་ཞིག་གིས་ཁྲིད་པར་བྱ། དེ་ནས་སྣ་ཐག་དར་ལ་བྱས། གླང་ཐོད་སྟེང་དུ་བཞག གཡས་རྟར་ཞོན་མདུང་བཟུང་གཅིག གཡོན་དུ་དྲེལ་ཞོན་དར་ཕར་གླུད་ཟན་ཐོད་རུས་སྣ་ཚོགས་ཀྱིས་མཐའ་སྐོར་བ་ཞིག་བཞག་སྟེ་སྔགས་པས་འདི་ལྟར། བསྲོ། སྔོན་གྱི་བསྐལ་བ་དང་པོ་ལ།། གླང་ཆེན་ས་སྲུང་རྒྱལ་པོ་ཡིན།། ལུས་ལ་གོན་པ་ནག་པོ་གོན།། གོང་དུ་ཡི་དམ་ལྷའི་ཕག་རྒྱ།། དགྲ་འདྲེ་ཐམས་ཅད་འདི་ཡིས་བསྒྱུར།། ཁྲོ་བོ་གླང་ཆེན་གཏོ་ཡིས་བསྒྱུར།། ཞེས་པ་ནས་བག་སྣ་བསྒྱུར་བའི་དུས་ལ་བབས།། སྐྱེས་སྣ་བསྒྱུར་བའི་དུས་ལ་བབས།། གདོན་འདྲེ་བསྒྱུར་བའི་དུས་ལ་བབས།། ཞེས་འདོན་པ་དང་ཕྱོགས་བཞིར་གླུད་གཏོ་འཕེན་པ་སོགས་ཀྱི་ཆོ་ག་གྲུབ་རྗེས་སླར་སྔགས་པའི་རྗེས་བཞིན་སྒོ་ཆེན་གྱི་ནང་དུ་ཐོན་མ་ཉིད་ནས་ཁྱ་ཚོད་འཛིན་པ་ཡིན། དེ་ནི་བག་མ་སྒོ་ཕུག་ནས་སྐུང་སྟེ་མ་སྲི་དམན་ཤར་རྣམས་ཀྱིས་མཐར་སྐོར་ཅིང་སྐད་ཅོར་རྒྱག་པ་ན། མས་མཚོན་པའི་ཉེ་འབྲེལ་ཐམས་ཅད་ཀྱིས་གྲི་སྐོའུ་ཞེས(གྲི་སྐོར་ཡིན་ནམ་སྙམ)མོ་སྨན་ཡོངས་ལ་ཤ་ཆང་གི་མགྲོན་ཟས་ཁྱེར་དགོས་པར་མ་ཟད། ཕ་མས་བག་མར་ཁས་ལེན་པ་ཞེས་ཚེ་ཐོག་འདིར་ཁར་ཟ་རྒྱུ་དང་རྒྱབ་ཏུ་གོན་རྒྱུའི་ཕྱོགས་ནས་དམན་ཤར་མང་པོའི་ཡིད་ཚིམ་པ་ཞིག་ཁས་མ་བླངས་ན་ཁྱིམ་དུ་མི་ཡོང་བའི་རྟགས་སྣ་ཚོགས་སྟོན་ལ། དེ་དུས་ཕོ་གཞོན་ཚོས་འཕྲོག་རེས་བྱེད་ཁུལ་དང་མོ་སྨན་རྣམས་ཀྱིས་བག་མ་སྲུང་འགེབས་ཅི་ཐུབ་ལ་བརྩོན་པའི་རྩེད་མཚར་ཅི་རིགས་སྤེལ་ཚུལ་ནི་ཕལ་ཆེར་སྔོན་གྱི་དམག་ཆས་སྐབས་བག་མ་འཕྲོག་ལེན་བྱེད་ཚུལ་དང་ཀུན་ནས་མཚུངས་ཤིང་། དམག་ཁྲོད་ཀྱི་སྐྱེས་པ་རྣམས་ཀྱིས་གྲི་སྐོའུ་ཞེས་གྲི་སྐོར་ཏེ་ཀི་འདེབས་དང་བཅས་ཏེ་ཐེ་མི་ཚོམ་པར་ར་སྐོར་དུ་མཆོངས་ཡོང་བ་ལ་དེའི་གདོང་ལེན་ལ་བུ་རྣམས་ཚར་བའི་ཤུལ་དུ་མོ་སྨན་དག་ལྷག་ལུས་ཡོད་པ་རྣམས་ཀྱིས་གདོང་བཀག་མཐར་བྱ་ཐབས་ཟད་པའི་རྟགས་སུ་ཕ་མས་ད་གཟོད་ཁ་ཟས་རྒྱུ་ནོམ་ཁྱེར་ནས་རྫོང་བ་བྱས་པ་ཡིན་ནམ་སྙམ། ཉི་ཤར་གྱི་དུས་སུ་སྡེ་བའི་ཕོ་གཞོན་རྣམས་ཀྱིས་ཉིན་དེའི་ཨ་ཞང་གཙོ་བོ་སོགས་སྟོན་ཕེབས་ཀྱི་མགྲོན་པོ་ཡོངས་ལ་བསུ་མར་འགྲོ་དགོས། དེ་ཡང་གོང་མཚུངས་བཞིན་གྲི་སྐོའུ་ལན་གྲངས་གསུམ་ཡན་ཁྱེར་དགོས་ལ་འགའ་རེས་ཆང་བསུའང་ཟེར། དེ་དུས་རྟ་རྒྱུགས་འགྲན་རེས་བྱེད་ཅིང་གཉེན་ཚང་གི་གྲི་སྐོའུ་བ་རྣམས་ཤིན་ཏུ་གུས་ཉམས་དང་བཅས་ཨ་ཞང་ཚང་སྐུ་མ་བསིལ་ལམ་ཞེས་ཁམས་འདྲི་དང་བཅས་ཆང་ཕོར་བཏེགས་ཚར་ཏེ་ཕྱིར་འགྲོ་ཅི་ཐུབ་དང་དེར་ཨ་ཞང་ཚང་གི་སྟག་ཤར་ཚོས་འཛིན་ཅི་ཐུབ་ཀྱིས་རྟ་རྒྱུགས་འགྲན་པ་ནི་བག་མ་འཕྲོག་ཟིན་རྗེས་དེའི་ཞང་བོ་སྟེ་ཨ་ཞང་རྣམས་ལ་གུས་འབུལ་གྱིས་ཇ་ཆང་ངམ་བསུ་ཆང་དྲངས་ཏེ་བར་སྡུམ་མཐར་གཉེན་ཚང་གི་ཁྱིམ་དུ་གདན་འདྲེན་ཞུ་བའི་ཆོ་ག་རང་རེད། ཨ་ཞང་རྣམས་སྒོ་དྲུང་དུ་ཐོན་མ་ཉིད་ནས་ཨ་ཞང་གཙོ་བོར་འབབ་སྟན་ཞཞེས་གདན་དཀར་བོའི་སྟེང་གོས་སེར་བོའི་མཐའ་ཁ་སྔོ་ཤས་འདྲེས་ཆེ་བ་ཞིག་གི་ཐོག་ལྷ་རྫས་དྲི་མས་མ་གོས་ཤིག་མེད་ན་རྟ་ལས་མི་འབབ་པའི་རྟགས་སྣ་ཚོགས་སྟོན་ལ། ཨ་ཞང་གཙོ་བོས་ལྷའི་བསང་མཆོད་རྣར་སྙན་པ་ཞིག་བཤད་པ་དང་། དེ་དུས་གཉེན་ཚང་གི་མ་སྲི་སྨན་ཤར་རྣམས་ཀྱིས་བ་ཁྲལ་ལེན་པ་ཞེས(བ་ར་ཡིན་ནམ་སྙམ)སྐད་སྙན་ཞིང་འཇེབས་ལ་གདངས་གསལ་ཞིང་དག་པའི་སྒོ་ནས་ངེད་ཀི་སྒོ་ཡར་རྒྱག་ཡར་ནས་ཕྱེ་ལེ་ཡོད།། སྒོ་མར་སྐྱགས་མར་ར་མནན་ལེ་ཡོད།། ཁྱོད་གྲ་ཁ་ཅན་ཞིག་ཕེབས་ཀིན་སྡོད།། ངས་ཤ་རི་རབ་འདྲ་ཞིག་བརྩིགས་ནས་ཡོད།། ཆང་རྒྱ་མཚོ་འདྲ་ཞིག་སྙལ་ནས་ཡོད།། དེ་བཞེས་ཐུབ་པའི་ཨ་ཞང་ཕེབས་ཀིན་སྡོད།། ཅེས་སྔ་མོར་དམག་ཁྲོད་ནས་མིང་རྟགས་བླངས་པའི་བུ་དཔའ་བོ་རྣམས་ལ། མོ་སྨན་མཛེས་མ་རྣམས་ཀྱིས་གླུ་གཞས་གར་གསུམ་འཁྲབ་པའི་སྒོ་ནས་དེ་དག་རིམ་བཞིན་གདན་གྲལ་དུ་འཁོད་པར་བ་ར་བྱས་པ་རིམ་འཕེལ་བྱུང་བས་ད་ལྟའི་ཨ་ཞང་ཚང་གདན་ཞུའི་ཚུལ་དུ་བླངས་པའི་གཞས་རྟ་ཐུན་མོང་མ་ཡིན་པའི་སྲོལ་དེ་ཆགས་པ་ཞིག་ཡིན་ནོ།། ཨ་ཞང་གིས་ཀྱང་དེའི་ལེན་རྟ་ལྟར་ཕྱིར་ལན་བཏབ་མཐར་ཨ་ཞང་གཙོ་བོ་དཀྱིལ་གྲལ་གྲལ་མགོར་བཞུགས་པ་དང་དེ་ནས་ཤ་རུས་ཀྱི་མཐོ་དམན་ལྟར་གྲལ་གཡས་གཡོན་དུ་འཁོད་པ་ལ་འབབ་ཇའམ་ནང་ཇ་ཟེར་ཞིང་བཞེས་པ་སྡེར་ཁའི་གོ་རིམ་ལྟར་འོ་ཇ་སྣུམ་མོ་དང་གོ་རེ་གཡིས་བཙས་ཚོད་མ་གཙོ་ཆེ་བ་བཅས་ཡིན། འབབ་ཇ་གྲོལ་རྗེས་ཡང་སྐྱར་གྲལ་དུ་འཁོད་པ་ལ་རྩེད་ཇ་ཟེར་ལ་དེ་དུས་སྡེར་ཁ་རྣམས་ཕྱིར་བླངས་ཏེ་ཇ་ཆང་ཁོ་ན་འདྲེན་པ་དང་གཉེན་ཚང་གིས་གླུ་སྒོ་ཕྱེ་པ་ལ་གར་ཕྱེ་ཟེར། དེ་ནས་ད་གཟོད་གྲལ་གཡས་གཡོན་གྱི་གླུ་བ་གླུ་མ་མང་པོས་སྐད་ངག་གང་བདེ་ལྟར་རང་རང་གི་ཁྱད་རྟགས་ངོམ་དུས་ཡིན་པས་གླུ་ལེན་གྱི་མགོ་བརྩམས་པ་རེད། ཕལ་ཆེར་ཆུ་ཚོད་གཉིས་ཙམ་ཟིན་རྗེས་དཀྱིལ་གྲལ་གྲལ་རྔར་བལ་གདན་དཀར་པོ་ཞིག་བཏིང་སྟེ་དེར་བག་མ་དང་བག་རོགས་བཅས་བུ་མོ་ལྔའི་མགོ་རྣམས་ཆབས་ཅིག་ཏུ་གཏུགས་ཤིང་དབྱིབས་ཟླུམ་པོར་བྱས་མཐར་གཉེན་ཚང་གི་ཕོ་གཞོན་ཞིག་གིས་འདི་ལྟར། གྲལ་གཡས་གྲལ་གཡོན་གྲལ། བདག་ཨ་ཕ་ཨ་ཁུ། ཤ་ཉེ་རིང་ཐུང་བརྒྱུད། ཕྱོགས་འགྲུལ་བ་འགྲུལ་མོ། ཁྱོད་གླུ་བ་གླུ་མ་རྣམས་ཀྱི་གླུར་གནང་བ་ཞིག་བྱིན་དང་། ད་ནས་ངེད་ཀྱི་བག་མས་ཨ་ཞང་ཚང་དགུ་བསྟོད་བྱེད་ཀྱི་རེད་ཅེས་བསྒྲགས་མ་ཉིད་ནས་བག་སྙན་འཐེན་ཏེ་ཨ་ཞང་གཙོ་བོ་དང་དེའི་ཤ་ཁོངས་ཀྱི་ཉེ་འགྲེལ་ཐམས་ཅད། ཕའི་ཕྱོགས་ཀྱི་ཨ་ཁུ་གཙོ་བོས་དེའི་རུས་ཁོངས་ཀྱི་ཉེ་འབྲེལ་ཐམས་ཅད་ལྷག་ལུས་མེད་པར་བསྟོད་དགོས་པ་ནི་ཕ་མའི་ཕྱོགས་གཉིས་ཀྱི་ཉེ་འབྲེལ་ཅི་ཡོད་ངོ་ཤེས་པར་བྱས་པའི་དོན་རེད་ལ། དེ་དུས་ཨ་ཞང་གིས་ཀྱང་བསྟོད་ལན་དུ་བསྟོད་ཙ་ཞེས་སྔར་ལྟར་བག་མའི་བསྟོད་པ་གོ་རིམ་ལྡན་པ་ཞིག་བཤད་པ་དང་། དེའི་རྗེས་ནས་བག་མའི་ལག་འཇོག་ཅེས་ཨ་ཞང་དང་ཨ་ཁུ་གཙོ་བོས་ཤ་རུས་ཀྱི་ཆེ་ཆུང་ལྟར་ཉེ་འབྲེལ་དང་བཟང་ས་བརྒྱན་ས་སྤྱི། ཐ་ན་ཉིན་དེར་སྟོན་ཐོག་ཏུ་ཕེབས་མཁན་ཚང་མས་ཀྱང་རྒྱུ་ནོམ་གོས་དར་ཇ་ཆང་སྒོར་མོ་སོགས་བག་མའི་མདུན་དུ་སྤུངས་ཏེ། ཤ་རུས་ཀྱི་ཁུངས་བཤད་ངོ་མཚར་བ་ཞིག་བྱེད་པ་ནི་བག་མར་དེ་དག་རེ་རེ་མཚམས་སྦྱོར་ཡག་པོ་ཞིག་བྱས་པའི་དོན་རེད། དེ་ལྟར་ཕལ་ཆེར་ཉིན་གུང་བར་འགོར་རྗེས་ཨ་ཞང་རྣམས་སྒོར་བུད་དེ་ཕྱིར་ཚོགས་པ་ལ་སྟོན་ཇ་ཟེར། དེ་དུས་ཀྱི་ཟས་ནི་ཀ་ར་སིལ་ཏོག་དང་ཇ་ཆང་སྡེར་བསྒྲིགས་ལས་གཞན། བོད་ཇ་སིལ་མ་སྐོལ་དགོས་ལ་གོ་རེ་གཡིས་བཙས་ཀྱི་ཁར་ཤ་བསྒྲིགས་པ་དང་ཤ་ཚོད་གང་ཞིམ་གྱིས་བཀང་བའི་ཤིང་སྡེར་རིང་བོ་བརྒྱ་གྲངས་ལས་བརྒལ་བ། ད་དུང་གྲོ་འབྲས་སམ་ཤ་འབྲས་ཀྱི་སྡེར་མ་དང་ཇ་དཀར་མ་མཐའ་བཞི་བརྒྱའི་ཡན་གྲ་སྒྲིག་མེད་ན་སྟོན་ཇ་ཡག་པོ་ཞིག་འཁྱོངས་དཀའ་བར་བཤད། གཉེན་ཚང་གིས་ཇ་ཕུད་ཐོག་མ་འདྲེན་དུས་ཇ་ལེན་ཞེས་པའི་ཇ་བཤད་དེ་ཡང་མཚམས་འདི་ནས་བཤད་པ་ཡིན་ནོ།། དེའི་རྗེས་ནས་སླར་ཚོགས་པ་ལ་རྩེད་ཇ་ཟེར་ཞིང་དེ་དུས་ཁྱིམ་དེས་ལོ་ངོ་དུ་མའི་རིང་བསྙལ་བའི་ཆང་དཀར་ཤོས་ཁོ་ན་འདྲེན་ལ་གླུ་སྒོ་ཕྱེས་རྗེས་དམངས་གླུ་གང་སྙན་དང་གླུ་ཤགས་དགོད་བྲོ་བའི་རིགས་ལེན་པའི་དུས་རེད། གླུ་ལེན་གར་རྩེད་ཕལ་ཆེར་ཆུ་ཚོད་གཉིས་ཙམ་ལོངས་རྗེས་ཨ་ཞང་ཚང་ལ་སྐོན་བཅས་བ་ཞེས་དཀྱིལ་གྲལ་གྲལ་རྔར་གདན་དཀར་ཞིག་བཏིང་སྟེ་བག་མ་འཁོར་བཅས་བདེ་བར་འཁོད་དེ། གཉེན་ཚང་གིས་སྟོན་བཤད་གོ་རིམ་ཚང་བ་ཞིག་བཤད་པའི་ལམ་ནས་ཤ་རུས་ཉེ་འབྲེལ་རྣམས་ལ་སྐལ་བཅའ་བའི་དོན་ཡིན་ལ་ཨ་ཞང་གིས་ཀྱང་དེའི་ལན་ལ་གཏད་དེ་ཕྱིར་ལན་གྱི་སྟོན་བཤད་གྱ་ནོམ་པ་ཞིག་བཤད་སྲིད། སྐེ་བའི་སྟོན་མོར་སྐོན་ཞེས་པའི་མིང་ཆགས་དོན་ནི། སྔར་ཚོ་སྐོར་ཚོ་སྐོར་བྱས་ཏེ་དམག་འཁྲུག་གམ་འཕྲོག་རྩོད་བྱེད་པའི་སྤྱི་ཚོགས་སུ་དམག་ཁྲོད་ནས་ཕ་རོལ་བཅོམ་སྟེ་དེའི་མོ་སྨན་རྣམས་བག་མར་ཐོབ་པ་སོགས་ཀྱི་ལག་རྗེས་ཁྱད་པར་ཅན་བཞག་རིགས་གྲལ་བསྒྲིགས་ཏེ་བྱ་དགའི་ཚུལ་གྱིས་ཆེ་སྟག་གཟིག་གི་པགས་པ་ནས་ཆུང་གོས་འཇམ་གྱི་དར་ཡུག་བར་དམིགས་བསལ་གྱི་བྱ་དགའ་དེ་རིགས་སྐེར་སྐོན་ཏེ་བག་མ་འཁོར་བཅས་ལ་ངེས་པར་བྱས་པ་རིམ་འཕེལ་བྱུང་བ་ལ་ད་གཟོད་སྐོན་ཞེས་ཉེ་འབྲེལ་རྣམས་མཚམས་སྦྱོར་བྱེད་པའི་སྲོལ་ཞིག་ཏུ་བསྒྱུར་བ་ཡིན་པར་བཤད་དོ།། དེ་ལྟར་ཆུ་ཚོད་གཉིས་ཙམ་འགྱངས་རྗེས་གཉེན་ཚང་གི་གླུ་བ་གང་བཟང་རྣམས་ཀྱང་མཚམས་འདི་ནས་ཨ་ཞང་གི་གྲལ་རེ་རེའམ་ཨ་ནེ་མའི་གྲལ་དུ་གླུ་ལེན་ཤགས་གཏུག་ཏུ་སོང་ཆོག་པས་སོ་སོའི་ལ་རྒྱ་མི་ཤོར་བའི་དོན་དུ་ཕྱོགས་གཉིས་ཀས་རྒྱལ་ཕམ་ལ་ཧ་ཅང་གཟབ་ཅིང་། བག་མའི་གཉེན་སྟོན་སོགས་སྟོན་ཆེན་གྱི་རིགས་ལ་འདི་ནས་མག་སྐག་བཅིངས་པ་དང་ལྕགས་བཤད་པ། གཏམ་མམ་ས་བཤད། ཆང་བཤད་བཅས་རྗེས་མཐུད་དེ་བཤད་པ་ཡིན་ནོ།། དེ་ནས་ཨ་ཞང་དང་ཨ་ནེ་མ་ཚོ། དེ་མིན་སྐད་ངག་བདེ་བའི་ཕོ་མོ་གཞོན་ནུ་རྣམས་ཀྱིས་ཨ་རྩེད་ཅེས་པའི་ཨ་མདོའི་ཡུལ་གྱི་རྩེད་རིག་མི་གཉིས་སམ་བཞི། ཡང་ན་མོ་འགའ་རེས་བྱས་ཏེ་རྩེད་མཚར་ཡིད་དབང་འགུག་པ་ཞིག་རྩེ་རྗེས་རིམ་པས་མཇུག་བསྡུ་བའི་དུས་སུ་བསླེབས་པ་ལགས་ན། གཉེན་ཚང་གིས་སྟོན་ཕེབས་ཀྱི་མི་རེ་རེར་ཁ་བཏགས་སམ་རས་ཡུག་གཅིག་རེ་གྲ་སྒྲིག་ཡོད་པ་རྣམས་ལག་འཇོག་གི་དོད་དུ་སྟོན་སྐལ་བྱས་ཏེ་སྟེར་བར་མ་ཟད། ཨ་ཞང་ངམ་ཕྱོགས་ཡོང་གི་མགྲོན་པོ་རྣམ་པར་ལམ་གྲོའི་ཁ་སྣོན་དུའང་ལམ་ཤ་ལམ་ཆང་ཞེས་ཤ་ཆང་ལེགས་ཤོས་རེ་བྱིན་རྗེས་ཁྱིམ་ནས་ཀྱང་ལམ་ཆང་ངམ་སྒོ་ཆང་དང་པོ་དང་གཉིས་པ་བསྟུད་མར་ལྡུད་པར་བྱེད་པ་དང་། དེ་དུས་བག་མ་འཁོར་བཅས་སྒོར་བུད་དེ་ཤིན་ཏུ་གུས་ཉམས་དང་བཅས་ཏེ་ཨ་ཞང་རྣམས་སྐྱེལ་མ་བྱས་པ་དང་བཅས་ཏེ་སྟོན་མོ་དངོས་གཞི་ཡོངས་སུ་མཇུག་བསྡུས་པ་ཡིན་ནོ།།

   ལྔ་བ། མཚན་མོའི་རྡུལ་སྤུག་བཤད་པ།

  རྡུལ་སྤུག་ཅེས་པ་ནི་སྟོན་མོ་ཚར་བའི་རྗེས་ནས་སྟོན་ཆོག་ལྟར་ས་རྡུལ་སྤྲུགས་པ་སོགས་ཁྱིམ་ཕྱི་ནང་དག་གཙང་བྱས་བའི་དོན་རེད། དེ་ཡང་སྟོན་མོའི་སྐབས་སྡེ་མི་ཡོངས་ཀྱིས་རོགས་ལས་དང་དཀའ་ལས་བརྒྱབ་པས་སྟོན་ཟས་ལེགས་པོ་ཞིག་རོལ་མ་ཐུབ་ཕྱིར་ཁྱིམ་ཚང་རང་གིས་སྡེ་བར་ཇ་ཆང་གི་མགྲོན་བཟང་བོ་ཞིག་བྱེད་པར་ནང་ཚོ་བའི་རུས་ཚན་དུ་གཏོགས་པ་རྣམས་ཀྱིས་སྔོན་ལ་སྟོན་མོའི་རྒྱས་སྤྲོ་ནང་བཞིན་ཡང་བསྐྱར་དག་གཙང་སོགས་བྱས་རྗེས་ཟས་འདྲེན་གྱ་ནོམ་པ་ཞིག་ཕུལ་བ་དང་དེ་ནས་གླུ་ལེན་གར་རྩེའི་མགོ་བརྩམས་པ་ཞིག་ཡིན། སྤྱིར་རྡུལ་སྤུག་གི་མགྲོན་པོ་སྡེ་བ་རང་གི་མི་རྣམས་ཡིན་ནའང་ཕྱོགས་ཕེབས་ཀྱི་མགྲོན་པོ་རྣམས་ཀྱང་འདུས་ཏེ་གླུ་ལེན་གར་རྩེ་སོགས་གླུ་ཤགས་རྩེད་མཚར་གྱི་རིགས་སྣ་ཚོགས་སྟོན་པས་ཉིན་ལས་མཚན་མཛེས་པའི་སྣང་བ་སྟེར་སྲིད། དེ་ལྟར་མཚན་མོའི་ཆུ་ཚོད་བཅུ་ཡོལ་མཚམས་སུ་ན་གཞོན་ཕོ་མོ་རྣམས་སྡེ་འདབས་ཀྱི་ས་གཤིས་བཟང་ས་ཞིག་ནས་རང་འདུས་ཀྱིས་མེ་སྒོང་བརྒྱབ་སྟེ་འཇིག་རྟེན་མཐུན་འཇུག་གི་སྙན་གཞས་རིང་མོ་ཨ་མདོའི་ལ་གཞས་ཞེས་པའི་མཐུན་གཞས་དེ་གཏོང་བ་དང་། ཕན་ཚུན་ལ་བརྩེ་བ་ཟབ་ཅིང་རྒྱུས་མངའ་བ་རྣམས་སྙན་གཞས་ཀྱིས་དྲངས་པའི་སྣང་བ་དང་བསྟུན་ཏེ་རང་རང་སོ་སོའི་སྡོད་སར་འགྲོ་བཞུད་བྱེད་ལ། མཐུན་གཞས་ཁོ་ནར་དགྱེས་མཁན་རྣམས་ཀྱིས་ཞག་གང་བོར་ཅེར་ནས་ནམ་སློང་བར་བྱེད་དོ།།