ཁྲི་ཀའི་ཡུལ་བསྟོད།
ཡ། ད་ལྷོ་འཛམ་བུ་གླིང་གི་ས་ཆ།
འོད་གསལ་ལྷ་ལས་བབས་པའི་ཞིང་ས།
ཆོས་མདོ་སྔགས་གཉིས་ཀའི་བསྟན་པ་དར་ས།
ལས་དགེ་སྡིག་གཉིས་ཀའི་སྤང་བླང་ཤེས་ས།
མི་རྒན་གཞོན་གཉིས་ཀས་མ་ནི་འདོན་ས།
ཆོས་འཇིག་རྟེན་གཉིས་ཀའི་བྱ་བ་བྱེད་ས།
ཤིང་ཙན་དན་གི་ལོ་འདབ་རྒྱས་ས།
ཡ་རབས་གི་གཞི་འཛིན་ཚོགས་ས།
བུ་དཔའ་བོའི་དཔའ་སྐད་འཐེན་ས།
མི་བཙན་པོའི་ཁྲིམས་ཁ་བཅའ་ས།
ཡར་བལྟས་ན་ལྷ་ཡི་གནས་རིག་ས།
མར་བལྟས་ན་སྲིན་པོའི་ཡུལ་རིག་ས།
ལྷ་ཁང་གསེར་ཁང་རི་རབ་བརྩིགས་བརྩིགས།
སྐུ་གསུང་ཐུགས་རྟེན་བྲག་རི་ཉིལ་ཉིལ།
གྲྭ་ས་གྲུབ་སྡེ་རྒྱ་མཚོ་འཁྱིལ་འཁྱིལ།
ལྷ་རིགས་རྟེན་བཞེངས་ཉི་ཟླ་ཤར་ཤར།
སྟོད་ན་ནག་རི་སྤང་རི་སྐྱེས་ཡག་ས།
བར་ན་ཆབ་རྒྱུན་སྔོན་མོ་བཞུར་ཡག་ས།
འདབས་ན་གཡང་སྡེ་ཁྲ་མོ་གོར་ཀྱིག་སེ།
རྒན་ལོ་ལོན་ཚེ་ཐག་རིང་ས།
གཞོན་བྱིས་པ་གཉོམ་ལག་རྒྱས་ས།
ཡར་དཀོན་མཆོག་ལ་དད་པ་ཆེ་ས།
མར་དབུལ་ཕོངས་ལ་སྦྱིན་པ་གཏོང་ས།
སྐྱིད་ཀྱི་ཉི་མ་ཤར་ཐག་རིང་ས།
སྡུག་གི་མུན་པ་འཐིབས་ཐག་ཐུང་ས།
སྙན་ལྷང་ལྷང་ཁུ་བྱུག་གྲག་ས།
ཆོས་ལྷང་ལྷང་མ་ཎི་འདོན་ས།
དགའ་ལྷང་ལྷང་རྩེ་དགའ་རོལ་ས།
གནམ་འཁོར་ལོ་རྩིབས་བརྒྱད་གདུགས་ཕུབ་པའི་མངའ་འོག ས་པདྨ་འདབ་བརྒྱད་གདན་བཏིང་བའི་དཀྱིལ་ཚད་དུ་གྱུར་བའི་ཁྲི་ཀ་ས་ཆ་འདི་ལ་བསྟོད་པ་རྣམ་གསུམ་རེ་བྱས་ན། ཡ་ད།
ཁྲི་ཀ་གསེར་མིག་རྫོང་གི་ཤར་ཕྱོགས་ན་བཞུགས་ནས།
རྡོ་གཡའ་མ་སྔོན་མོའི་ཁྲི་སྟེང་ན་བཞུགས་ནས།
རྒྱབ་གཡུ་མདོག་ཅན་གྱི་ན་བཟའ་མནབས་ནས།
འཇའ་དར་ཚོན་སྣ་ལྔའི་སྐེ་རགས་བཅིངས་ནས།
སྤྲིན་དཀར་དམར་གཉིས་ཀའི་ཞྭ་མོ་མནབས་ནས།
དགུང་ཉི་ཟླ་གཉིས་ཀ་ཏོག་ལ་སྤྲད་ནས།
འདིའི་རྫ་མགོ་ཡག་པ་ནགས་ཀྱིས་བཟུང་ནས།
རྫ་སྐེད་ཡག་པ་ཕྱུགས་ཀྱིས་བཟུང་ནས།
རྫ་འདབས་ཡག་པ་ཞིང་གིས་བཟུང་ནས།
ཞགས་ནག་གཡས་ལ་བཟུང་ནས།
དར་མདུང་གཡོན་ལ་བཟུང་ནས།
རྟ་ངང་བའི་བཅིབས་པ་བཅིབས་ནོ།
ས་བརྒྱད་པ་དབང་ལ་བསྡུ་ནོ།
ངའི་ཨ་ཁུའི་བླ་རི་སྨུག་པོ།
སྲིན་རྒན་པདྨ་དབང་རྒྱལ་འདི་ཚོ་ཡང་ར་འོར་གིས་མཆོད་ལེ་བཀུར་དགོས་ནས་ཟེར་གི། ཡ་ད། ལྷོ་ཕྱོགས་ན་བཞུགས་པའི་ཨ་མྱེས་བྲག་དཀར་འདི་ཚོ།
རི་རྩེ་མོ་དགུང་སྔོན་གནམ་ལ་ཟུག་འདྲ།
གངས་དཀར་བོའི་བང་རིམ་བརྩིགས་འདྲ།
སོག་པོ་རྣ་ཏོག་ཅན་གྱི་གྱ་ལ་གཅོད་ནོ།
ཨ་མྱེས་བྲག་དཀར་དགེ་བཤེས་བསྟན་འཛིན་གི་
བུ་ཆེ་བ་རབ་བརྟན་ཐོགས་མེད།
བུ་འབྲིང་བ་བཀྲ་ཤིས་དོན་གྲུབ།
བུ་ཆུང་བ་དཀོན་མཆོག་འཇིགས་མེད་བྲག་དཀར་སྤུན་
གསུམ་པོ། རང་ས་རང་ཡུལ་གི་ཕ་རིང་བུ་རིང་།
མི་རིང་ལ་མི་རྒྱུད། ཕ་མ་བཞིན་དུ་བཀུར་རེ་སོང་ན།
བུ་ཕྲུག་བཞིན་དུ་སྐྱོང་ངེ་འདུག་ནོ།
བྱང་ཕྱོགས་ན་བཞུགས་པའི་ཨ་མྱེས་སྒོ་རྩེ་འདི་ཚོ།
སྒོ་རྩེ་དགྲ་འདུལ་དབང་ཕྱུག་རྒྱལ་བོ།
ཟོ་དོར་དགྲ་ལྷའི་གསེར་མཁར་བཞེངས་འདྲ།
ལྷ་ཕྲུག་སྟོང་གི་དམག་དཔོན།
རི་རྩེ་མོ་དགུང་སྔོན་གནམ་ལ་ཟུག་འདྲ།
སེང་གེ་བརྒྱ་ཡི་བླ་རི།
སྟག་དར་མ་བརྒྱ་ཡི་རྒྱུགས་ལམ།
འབྲོང་དར་མ་བརྒྱ་ཡི་འགྱིང་ལམ།
འབྲུག་ཕོ་ཆུང་བརྒྱ་ཡི་འབྲུག་དོང་།
ཕྱག་ན་དུག་སྡོང་ནག་པོ།
དགྲ་ཉེས་ཆེན་སྲོག་གི་འཛེར་མ།
རྟ་དཀར་པོ་རླུང་གི་གཤོག་པ་ཅན།
དགྲ་འདུལ་རྒྱལ་བོའི་དབང་བོ།
ནང་བུ་རྟའི་ཁ་འཛིན་བྱེད་མཁན།
གནམ་ས་ཁ་ལོ་བརྗེ་གི།
རི་རབ་མགོ་གཞུག་བརྗེ་གི།
ཉི་ཟླ་ཆ་ལང་རྡེབ་རྡེབ་བྱེད་ནི་གཟིག་ཡིན་ནོ།
སྒོ་རྩེ་དགྲ་འདུལ་དབང་ཕྱུག་རྒྱལ་བོ་ཁྱོད་ཡིན་ནས་ཟེར་གི།
ནུབ་ཕྱོགས་གི་འབའ་ཙེ་དཀར་བོ་འདི་ཚོ།
ཁྱུང་ཆེན་གི་རྭ་བར་ནོར་བུས་བརྒྱན་འདྲ།
གཡུ་རིན་ཆེན་སྣ་ལྔའི་མཎྡྲལ་ཕུལ་འདྲ།
ཡན་ལག་བརྒྱད་ལྡན་རྨ་ཀླུང་རིང་མོ་འདི་ཚོ།
རིན་ཆེན་གི་མུ་ཏིག་བསྟར་ལ་བརྒྱུས་འདྲ།
དར་དཀར་བོའི་ཡོལ་བ་གཞུང་ལ་འཐེན་འདྲ།
འབའ་ཙེ་དཀར་བོའི་མཐོངས་འོག་ན་བཞུགས་ནས།
རྨ་ཆུ་སྔོན་མོའི་རབ་ཁ་ན་བཞུགས་ནས།
ཕ་བོང་དཀར་བོའི་ཁྲི་ཐོག་ན་བཞུགས་ནས།
ཁྲི་ཀའི་ཤན་འབུན་གྱི་ཨ་མྱེས་ཡུལ་ལྷ།
གཡས་ན་ཤན་པ་ཙི་ཐུང་བཞུགས་ནས།
བསང་དར་འགྱིང་བ་ཁྲག་ལ་དགའ་བ།
གཡོན་ན་ཤན་པ་རྭ་མགོ་བཞུགས་ནས།
དར་ཚར་མངར་བ་ཕྱུགས་ལ་དགའ་བ།
དྲེལ་དཀར་གི་བཅིབ་པ་བཅིབས་ནས།
རླུང་དཀར་གི་གཤོག་པ་ཐོགས་ནས།
གོས་མང་ནག་གི་ན་བཟའ་མནབས་ནས།
ར་རོག་རོག་གི་ཤ་ཁྲག་བཞེས་ནས།
རྒྱ་གོང་མ་ཞིང་ས་བཅོ་བརྒྱད་གི་བདག་པོ།
འཁོར་དམག་མི་རལ་བ་དུང་ཕྱུར་གི་བདག་པོ།
བོད་རྒྱ་ནག་གཉིས་ལ་ཉིས་བསྐོར་རྒྱག་ནོ།
འཇམ་དབྱངས་ནག་པོ་དུག་གི་སྤྲུལ་བ།
ས་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་འདི་ཚོ་རང་ར་འོར་གི་
མཆོད་ལེ་བཀུར་དགོས་ནས་ཟེར་གི
ཡ། མདོ་སྨད་སྐྱིད་པའི་ཞིང་ཁམས།
ཀུན་སྨོན་གཡང་གི་ར་བ།
ཁྲི་ཀ་གསེར་སྨུག་རྫོང་གསུམ་ནས།
ངས་འགྱུར་བ་མེད་པའི་རྟེན་གསུམ་མཆོད་ན།
རྟེན་དང་པོ་ཤྰཀྱ་མུ་ནེ་མཆོད།
གཉིས་པ་བྱམས་པ་ཆུ་གཟིགས་མཆོད།
གསུམ་པ་མི་ཉག་མཆོད་རྟེན་མཆོད།
གནས་ཡ་མཚན་ཐུགས་རྗེ་ཆེན་པོ་མཆོད།
རྟེན་འགངས་ཆེན་མ་ཎི་ཆུ་འཁོར་མཆོད།
ཕྱོགས་ཀུན་ན་བཞེངས་གི་དགོན་སྡེ་མཆོད།
དེའི་ནང་ན་བཞུགས་གི་དགེ་འདུན་ཚོ་ཡང་ར་འོར་གི་
མཆོད་ལེ་བཀུར་དགོས་ནས་ཟེར་གི།