ཁྲི་ཀའི་རྫོང་མགོ་སྡེ་བས་བཀྲ་ཤིས་ཐོང་ཁ་ཕྱེས་སོང་།

ཁྲི་ཀའི་རྫོང་མགོ་སྡེ་བས་བཀྲ་ཤིས་ཐོང་ཁ་ཕྱེས་སོང་།

                       ཁྲི་ཀམགོན་ཚེ།

 

དཔྱིད་ཀྱི་དཔལ་མོའི་དྲོད་འཁོལ་ནོར་འཛིན་གཡང་གི་ར་བའི་དཀྱིལ་ལ་འཕོས་པ་ན། རིན་ཆེན་འབྱུང་གནས་ཀྱི་མཛེས་རྒྱ་ལྷུག་པོར་གྲོལ་ཞིང་། སྐྱེ་རྒུའི་ལང་ཚོ་ཡི་གསོན་ཤུགས་ཀྱང་མཐོ་རི་བོའི་རྩེ་ནས་སྨད་རྒྱ་མཚོའི་གཏིང་རུམ་གྱི་བར་དུ་རྒྱས་ཏེ། སྣོད་བཅུད་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་ཀྱི་སྒོ་མོ་ཕྱེ་ཞིང་། ལོ་འཁོར་མོ་གཅིག་གི་རྟེན་འབྲེལ་ལ་དབུ་ཁྱུད་བྲིས་བྱུང་། མི་རབས་ནས་ཚེ་རབས་ལ་ཞིང་ས་ནི་རོང་བ་མང་ཚོགས་ཀྱི་འཇིག་རྟེན་གྱི་གཞི་དང་། ཚེ་སྲོག་གི་རྟེན། འཁོར་བའི་འཇུ་ཐག་ཏུ་གྱུར་ཡོད་པས། དཔྱིད་མགོར་བདེ་སྐྱིད་ཀྱི་ས་བོན་ཞིང་ས་གཡང་གི་ར་བར་བཏབ་ནས་དགོས་འདོད་ཀྱི་ནོར་བུ་སྦྲུམ་པར་བྱེད་པ་ནི། ཞིང་བ་མང་ཚོགས་ཀྱི་ལོ་གཅིག་གི་བྱ་བའི་བཀྲ་ཤིས་ཀྱི་རྟེན་འབྲེལ་ཉིད་དུ་ལགས་ལ། ཁྲི་ཀ་རྫོང་གི་རྫོང་མགོ་སྡེ་བས་ཀྱང་དཔྱིད་ཀའི་སོན་འདེབས་ཀྱི་གྲ་སྒྲིག་ལེགས་པོར་བགྱིས་ནས། ལྷ་ཀླུ་དགའ་བའི་ཆོ་ག་དང་བཅས་ཐོང་སྐར་དང་བསྟུན་ནས་ཐོང་ཁ་ཕྱེ་སྟེ་སོ་ནམ་གྱི་ལས་མགོ་བརྩམས་སོང་།

 

ཐོང་སྐར་དུས་ཆེན་ནམ་ཡང་ན་ཐོང་ཁ་འབྱེད་པ་ནི་ཞིང་ལས་ས་ཁུལ་གྱི་དཔྱིད་ཀའི་སོན་འདེབས་དུས་ཆེན་ཞིག་ཡིན་ལ། ས་ཆ་ལ་ལས་དེ་ལ་གཉའ་སྦྲེལ་དུས་ཆེན་ཡང་ཟེར། ཨ་མདོའི་ས་ཆ་ནས་ཞིང་རྨོད་བྱེད་ཀྱི་ཡོ་བྱད་གཤོལ་མདའི་སྣེ་མོར་སྤྲད་པའི་ས་ལ་ཟུག་པའི་རྩེ་རྣོན་པོ་དེ་ལ་ཐོང་ཟེར་ཞིང་། ཐོང་གི་སྣེ་ལ་སྤྲད་ཡོད་པའི་ལྕགས་ཟུར་གསུམ་པ་དེ་ལ་ཐོང་ལྕགས་ཟེར་བ་ཡིན། སོ་ནམ་པ་ཚོས་དཔྱིད་ཀར་ཞིང་འདེབས་མགོ་རྩོམ་པའི་སྟ་གོན་ཆོ་ག་ལ་རྨོན་དོར་ཟུང་གི་གཉའ་ཤིང་སྟེང་ཐོང་གཤོལ་སྤྲེལ་ཏེ་ཐོག་མར་ཞིང་འདེབས་རྨོ་སློག་བྱེད་པ་དེ་ལ་ཡོངས་གྲགས་སུ་ཐོང་སྐར་ཕྱེ་བའམ་ཡང་ན་ཐོང་ཁ་གསོ་བ་ཟེར།

 

བོད་ཡུལ་གྱི་ས་ཁུལ་སོ་སོའི་ས་བབ་མཐོ་དམའ་མི་འདྲ་བའི་དབང་གིས། ཆུ་མ་ས་ཆ་དང་རི་མ་ས་ཆའི་དཔྱིད་ཕར་འདེབས་དང་སྟོན་ཚུར་ལེན་གྱི་དུས་ཚོད་ཀྱང་གཅིག་མཚུངས་མིན། དཔྱིད་ཀར་ཞིང་གདབ་རན་པའི་དུས་ལ་བསླེབས་ཚེ། གནམ་གཤིས་དྲོ་བའི་དམའ་གཤོང་ས་ཆ་ཁ་ཤས་ནས་བོད་ཟླ་དང་བོའི་ཚེས་བཅུ་གཅིག་དང་ཚེས་སུམ་ཅུ་ཉིན་ལྷ་གསོལ་བསང་གཏོང་གིས་རྨོ་འདེབས་ཀྱི་ཐོང་སྐར་ཕྱེ་བའམ་ཐོང་ཁ་གསོ་བ་ཟེར།   ཡུལ་ལུང་འགའ་རེས་བོད་ཟླ་གཉིས་པའི་ཚེས་གསུམ་དང་ཉེར་གསུམ་གང་རུང་ལ་སོན་འདེབས་ཀྱི་གཟའ་སྐར་འཕྲོད་སྦྱོར་ཡག་མིན་བརྟགས་ནས་ཐོང་སྐར་དུས་ཆེན་གྱི་བྱེད་སྒོ་སྤེལ་བ་རེད། ཉིན་དེར་སྔ་དྲོའི་ཆུ་ཚོད་དགུ་བ་ཡོལ་ཙམ་ན།  དགེ་འདུན་པ་ཞིག་གིས་བཀྲ་ཤིས་སྨོན་འདུན་གྱི་ཆོ་ག་འདོན་པ་དང་། དེ་ནས་སྡེ་བའི་རྒན་པོ་བསམ་ཤེས་དག་གིས་ལྷ་གསོལ་བསང་གཏོང་གིས་ལོ་ལེགས་ཕུན་ཚོགས་འབྱུང་བར་གསོལ་མཆོད་འབུལ་བ་དང་། ཐོང་སྐར་ཕྱེ་མཁན་གྱི་སོན་འདེབས་པ་དང་སྐྱེ་ཕོ་མོ་མང་ཤོས་ཀྱིས་གྱོན་གོས་གཟབ་མཆོར་སྤྲས་ཏེ་གཉའ་སྦྲེལ་རྟེན་འབྲེལ་བྱེད་སའི་ཞིང་ས་གཤིན་པོ་ཞིག་ཏུ་འདུ་འཛོམས་ཀྱིས་བཀྲ་ཤིས་ལོ་ལེགས་ཀྱི་རྟེན་འབྲེལ་མཚོན་བྱེད་དུ་གྲོ་སོ་ཕྱེ་མ་དང་ཇ་ཆང་ཟས་རིགས་སྣ་ཚོགས་བཤམས།  

 

སྤྱིར་བཏང་དུ་སྔོན་བྱོན་མེས་པོ་གོང་མ་རྣམས་ཀྱི་ཉམས་མྱོང་ལྟར་སྐྱ་ཀའི་ཚང་སྒོ་ལ་བསྟུན་ནས་རྨོ་འདེབས་ཀྱི་མགོ་རྩོམ་ས་གཏན་ཁེལ་བྱ་བ་རེད། བཤད་རྒྱུན་དུ། སྐྱ་ཀའི་ཚང་སྒོ་ཤར་ལ་གཏད་ན་ལོ་དེར་ཆར་ཆུ་མོད་པ་དང་ཤྭ་འོད་ཆུ་ལོག་འོང་བའི་རྟགས་ཡིན་ཟེར་ལ།  ཚང་སྒོ་ཀླད་པ་གཏད་ན་ལོ་དེར་གནམ་གཤིས་ངན་པ་དང་ཐན་པ་ཆེ་རྟགས་ཡིན་ཟེར། བྱང་ལ་གཏད་ན་ལོ་ལེགས་དང་ལྷོ་ལ་གཏད་ན་ཕྱུགས་ཟོག་འཕེལ་རྟགས་ཡིན་ཟེར།

 

རྫོང་མགོ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མངའ་ཁོངས་ཀྱི་སྡེ་བ་ཞིག་སྟེ། ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་སྤྱི་ལེ3ཙམ་གྱི་མཚམས་ན་ཆགས་ཡོད་ཅིང་། འདིའི་ཁོངས་སུ་རྫོང་མགོ་དང་། ཨ་བསེ་ཁུག  སིལ་ར་བཅས་སྡེ་ཆུང་གསུམ་ཡོད། སྔོན་ཆད་སྡེ་བ་འདི་ནི་ལུང་བ་འདིའི་ནགས་རྫོང་སྟུག་པོའི་ཕུ་མགོ་ན་ཆགས་ཡོད་པས་མིང་ཡང་དེ་སྐད་དུ་ཐོགས་པར་བཤད། འདི་ལ་རྡོ་རའི་རྫོང་མགོ་ཡང་ཟེར།

 

ས་དེའི་ཞིང་པ་རྣམས་ཀྱིས་དགུན་གྱི་དུས་སུ་ཞིང་ཁར་ལུད་གསོག་ཐལ་གསོག་བྱས་ནས་དཔྱིད་འདེབས་ལ་གྲ་སྒྲིག་གང་ལེགས་བྱས་ཏེ་དཔྱིད་ཀ་ཐོན་པ་ན་ཞིང་འདེབས་པའི་ཉིན་མ་སྐར་མ་ལ་བརྟགས་ཏེ་ཐོང་སྐར་ཕྱེ་བའམ་ཡང་ན་ཐོང་ཁ་གསོ་བ་རེད། ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་ཙམ་དུ། རྫོང་མགོ་ཡུལ་གྱི་ཕོ་མོ་རྒན་གཞོན་ཚང་མ་གཞི་གཅིག་ཏུ་རྟེན་འབྲེལ་བྱེད་སའི་ཞིང་ས་གཤིན་པོ་ཞིག་ལ་འཛོམས་ནས་སྔོན་ནས་བྱུང་བའི་ཡུལ་སྲོལ་གོམས་འདྲིས་ལྟར་ཞིང་སའི་ལུད་ཕུང་ཞིག་གི་སྟེང་དུ་སྤོས་བསྒྲོན་ནས་འཛུགས་པ་དང་། གཞི་བདག་དང་ས་བདག་གི་ཐུགས་མཉེས་ཕྱིར་བསང་ཕུད་ནས་མཆོད་ཆང་གཏོར་བཞིན་བཀྲ་ཤིས་ལོ་ལེགས་འབྱུང་བའི་ཞལ་གཡང་བརྗོད་པ་དང་མཉམ་དུ་རྨོ་འདེབས་མཁན་དང་གཤོལ་མདའ་འཛིན་མི་ལ་ལོ་དེའི་ལོ་རེས་སྤར་ཁ་དང་མཐུན་པ་ཞིག་བདམས་ནས་རྨོན་ཆས་ཀྱི་རྭ་མགོར་མར་གྱིས་བྱུགས་པ་དང་བལ་མདའ་འདོགས་པ། ཐོང་གཤོལ་གྱི་སྟེང་དང་རྨོ་འདེབས་མཁན་གྱི་ཐོད་པ་ཡང་མར་གྱིས་བརྒྱན་རྗེས། ལོ་དེའི་ལོ་ལྷ་གང་དུ་བཞུགས་པའི་ཕྱོགས་སུ་འཁོར་ནས་ཕྲུ་སློག་བྱེད། ཐོང་དབོར་སྣ་ཚོགས་མིག་གི་མཛེས་རྒྱན་དུ་ཕུལ་བ། ཞིང་འདེབས་མགོ་རྩོམ་དུས། རྒན་པ་ཡ་རབས་བསམ་ཤེས་ཤིག་གིས་ཐོག་མར་སྙན་མོ་དབྱངས་ལ་བཀུག་ནས། སྟོད་རྒྱ་གར་རྒྱལ་པོའི་ལོ་ཡག  སྨད་རྒྱ་ནག་རྒྱལ་པོའི་ལོ་ཡག  སྐུ་རྒྱལ་བོད་ཀྱི་ལོ་ཡག  ཁམས་གསུམ་ལོ་ཡག་འདིར་འདུས་ནས།  འབྲུ་དྲུག་ལོ་ཡག་མཛོད་དུ་བལྟམས་ནས། ཟས་གོས་འཛོམས་པོ་ལྷ་ཡུལ་དང་ཀླུ་ཡུལ་ལ་འགྲན་པ་བྱུང་ནས། མི་ཕྱུགས་ཐམས་ཅད་སྐྱིད་ཀྱིས་ཁེངས་པར་ཤོག་ཅིག་ཟེར་བཞིན་ཞིང་འདེབས་མགོ་རྩོམ་པ་དང་། ཉིན་གུང་ཐོན་ཚེ་ཚང་མས་མཉམ་གཅིག་ཏུ་དྲོས་ཇ་འཐུང་ནས་ཆེད་དུ་གྲ་སྒྲིག་བྱས་པའི་ཁྱིམ་ཚང་སོ་སོའི་གོ་རེ་གང་ཞིམ་དང་ཆང་གང་བཟང་ལ་རོལ་ནས་ཐོང་སྐར་དུས་ཆེན་ནམ་ཐོང་ཁ་གསོ་བར་རྟེན་འབྲེལ་ཞུ་བ་ཡིན།