མདོ་སྨད་ཁྲི་ཀ་སྟག་རིག་སྡེ་བའི་སེལ་རྒྱག་པའི་ཡུལ་སྲོལ་སྐོར་གླེང་བ།
མདོ་སྨད་ཁྲི་ཀ་སྟག་རིག་སྡེ་བའི་སེལ་རྒྱག་པའི་ཡུལ་སྲོལ་སྐོར་གླེང་བ།
(ཟི་ལིང)སྟག་རིག་རྟ་མགྲིན་རྒྱལ།
བོད་མི་རྣམས་ཀྱིས་རང་གི་མི་ཚེ་བྱ་བ་ཡོད་དོ་ཅོག་དེ་སྐབས་རེར་སྐྱིད་སྡུག་གཉིས་ཀྱི་ནང་དུ་བསྡུས་ཏེ་བརྗོད་པར་བྱེད་དེ། དེ་ཡང་སྲིད་པའི་གཏམ་དཔེ་མང་པོའི་ནང་དུ། སྐྱིད་ཀྱི་རྟ་བོ་མཉམ་ཞོན། སྡུག་གི་ཁུར་པོ་མཉམ་འཁུར་ཞེས་དང་། གནམ་སྔོན་པོ་ཐང་རེས་འཁྲིགས་རེས། ས་དོག་མོ་སྐྱ་རེས་སྔོ་རེས། མི་མགོ་ནག་སྐྱིད་རེས་སྡུག་རེས་ཞེས་པ་ལྟ་བུ་དང་། ཡང་སྐྱིད་དུས་ཚ་རུ་ལ་སྩོམ་སྣང་འཆར། སྡུག་དུས་ར་སླག་ལ་འཇམ་སྣང་འཆར་ཞེས་འབྱུང་བའི་སྐབས་དང་། གཞན་ཡང་སྐྱིད་ཉི་མ་འདྲ་ཞིག་ཤར་བར་ཤོག། སྡུག་མུན་པ་འདྲ་བོ་བསངས་པར་ཤོག་ལྟ་བུ་ལ་སོགས་ཀྱིས་མཚོན་མི་ཚེ་བྱ་བ་རྣམས་སྐྱིད་སྡུག་གཉིས་ཀྱི་ནང་དུ་བསྡུས་ཏེ་སྟོན་པའི་བསམ་བློ་དེ་ཉིད་ཕྱོགས་མང་པོ་ནས་མཐོང་ཐུབ། སྤྱིར་སྐྱིད་སྡུག་གཉིས་ཀྱི་གོ་དོན་ལ་སྒྲ་དོག་ཡངས་ཀྱི་འཇུག་དོན་ཡོད་པ་ལས། སྐབས་འདིར་གླེང་བར་བྱ་བ་ནི་སྒྲ་དོག་འཇུག་གི་དབང་དུ་བྱས་པའི་སྐྱིད་སྡུག་ལ་བྱ་ཞིང་། དེ་ཡང་སྐབས་འདིའི་སྐྱིད་བྱ་བ་ནི་གཙོ་བོར་རྟགས་རྟེན་འབྲེལ་སྒྲིག་པའི་དགའ་སྟོན་སོགས་བཀྲ་ཤིས་པའི་བྱ་བ་སྤེལ་བ་ལ་ཟེར་བ་དང་། སྡུག་བྱ་བ་ནི་གཙོ་བོར་གཉེན་ཉེ་དུ་ཚེ་ལས་འདས་ཏེ་སྡུག་བསྔལ་གྱི་རང་བཞིན་ཅན་བཀྲ་མི་ཤིས་པའི་བྱ་བའི་རིགས་བྱུང་བ་ལ་ཟེར་བ་ཡིན། སྡེ་བ་དང་ཚོ་བའི་སྐྱིད་སྡུག་ལས་ཕྱིར་ཕུད་ཅེས་པ་ཡང་། ཡུལ་ཁྲིམས་དང་འགལ་བའི་ཁྱིམ་ཚང་དེ་སྐྱིད་སྡུག་གི་བྱ་བ་ལ་ཐུག་སྐབས། སྡེ་བ་དང་ཚོ་བས་དེའི་ཚང་ལ་རོགས་རམ་གང་ཡང་བྱེད་མི་ཆོག་པའི་གནས་ལ་བཀོད་པ་ལ་ཟེར་རོ།། མདོ་སྨད་ཁྲི་ཀ་འཕྲང་དམར་ཡུལ་དུ་ཁྱིམ་ཚང་ཞིག་ལ་སྡུག་གི་བྱ་བ་བྱུང་སྐབས། སྡུག་ཁྱིམ་དེས་སྒྲུབ་པའི་གཤིན་པོའི་དགོངས་རྫོགས་ཀྱི་རིམ་པ་ལ་ལུགས་སྲོལ་མང་པོ་ཞིག་བྱུང་ཡོད་པའི་ནང་། སེལ་རྒྱག་པའི་ཆོ་ག་བསྟར་སྲོལ་ནི་ལུང་ཁོག་འདི་ལ་ཡོངས་ཁྱབ་ཏུ་དར་ཡོད་ལ་གཞན་ལས་ཅུང་ཐུན་མོང་མ་ཡིན་པ་ཞིག་ཀྱང་ཡིན་པར་མཐོང་། འདིར་ཡུལ་འདིའི་གནས་ཚུལ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བའི་ཆ་ནས་རང་གི་ཕ་ཡུལ་སྟག་རིག་སྡེ་བའི་སེལ་རྒྱག་པའི་ཡུལ་སྲོལ་གཙོར་བཟུང་སྟེ་དེ་ཉིད་རང་ལ་མཐོང་ཐོས་མྱོང་གསུམ་བྱུང་བའི་རིམ་པ་རྣམས་གང་ཤེས་ཀྱིས་འདིར་གླེང་བར་བྱས་ན།
དང་པོ། སེལ་གྱི་གོ་དོན་གསེད་བཀྲོལ།
སྐབས་ཀྱི་གླེང་བར་བྱ་བའི་སེལ་རྒྱག་པ་ཞེས་བྱ་བ་ནི་བོད་ཀྱི་དག་གཙང་གི་ཆོ་གའི་ཁོངས་སུ་གཏོགས་པའི་རིག་གནས་ཤིག་ཡིན་ཞིང་། ས་ཆ་གཞན་ནས་བག་སྟོན་སྐབས་སུ་ཡང་བག་མར་སྣ་ཁྲུས་བྱེད་པ་ཞེས་པའི་འགྲོ་རིམ་ཞིག་ཡོད་པའི་ནང་ལྷ་རྡོ་དཀར་ནག་གི་སྟེང་ནས་ཁྲུས་དཀར་ནག་གི་ཆོ་ག་འདི་བྱེད་པ་མཐོང་ན་ཡང་། ཡུལ་འདི་ནས་སྐར་མ་བྱེད་པའི་དགོང་མོ་ཁོ་ན་དེ་ལ་རླངས་ཁྲུས་འདི་ལག་བསྟར་ངེས་པར་བྱེད་ལ་དུས་དེའི་རྒྱུན་སྤྱོད་ཀྱི་དག་གཙང་གི་ཆོ་ག་ཞིག་ཏུ་གྱུར་ཡོད། དེ་ཡང་མང་ཚོགས་ཀྱི་ཁ་སྐད་དུ་ལྷ་རྡོ་དཀར་ནག་ལ་ཆུ་དཀར་ནག་གི་སྒོ་ནས་གཙང་དག་བྱེད་པའི་བྱ་བ་འདི་ལ་སེ་བརྒྱབ་དང་སེའུ་རྒྱབ་ཅེས་བརྗོད་པ་དང་། དུས་གསུམ་བྱ་ཚིག་དང་སྐུལ་ཚིག་གི་དབང་གིས་སེའམསེའུ་རྒྱག་དང་སེའམསེའུ་རྒྱོབས་ཞེས་འབྱུང་བ་ནི་ཨ་མདོའི་ཁ་སྐད་ཀྱི་ཀློག་གི་ཁྱད་ཆོས་ལྟར་བྱུང་བར་ངེས་ཤིང་། འདིའི་འདོན་ཆོག་ཏུ་ཀུང་ཙེ་ལུགས་ཀྱི་སེལ་དཀར་ནག་དང་ཁྲུས་དཀར་ནག་བཞུགས་སོ་ཞེས་པ་ལྟ་བུར་ཡི་གེར་བཀོད་འདུག་ལ། དེ་ནི་ཀུང་ཙེ་འཕྲུལ་གྱི་རྒྱལ་པོས་བརྩམས་པའི་སེལ་གཞུང་ཞིག་ཏུ་དངོས་སུ་བསྟན་ཡོད། དེ་བཞིན་འདིའི་འདོན་ཆོག་གི་དཔེ་ཆ་དེ་ལ་ཡང་དུས་རྒྱུན་སེལ་དཔེ་ཞེས་བྱ་བར་འབོད་པའི་ཐ་སྙད་ཀྱང་ཀུན་ལ་རྒྱུན་འབྱམས་སུ་སོང་ཡོད། སྤྱིར་སེལ་ཞེས་བྱ་བ་ནི་བོན་པོའི་ཆོས་ལུགས་ཀྱི་ཐ་སྙད་ཅིག་ཏུ་མཐོང་སྟེ། བོན་ཆོས་ནང་སེལ་གཞུང་གི་སྐོར་མང་པོ་དར་མྱོང་བའི་གནས་ཚུལ་ལོ་རྒྱུས་ཀྱི་བསྟན་བཅོས་དག་ལས་མཐོང་བ་ལྟར་དང་། ཆོ་ག་འདི་ལག་བསྟར་བྱེད་མཁན་གྱི་ཆོས་བྱེད་མི་སྣ་དེ་ཡང་སྤྱིར་བཏང་དུ་དཔོན་ནམ་ཁྱིམ་སྔགས་པའི་རྟེན་ཅན་གྱིས་བྱེད་པ་ལས་གསར་མའི་ཕྱོགས་ཀྱི་གྲྭ་པས་མི་བྱེད་པ་མཐོང་ལ། གཞན་ཡང་བན་ཆོས་ཀྱི་ནང་གི་སེལ་ཡིག་གི་འཇུག་པ་གཙོ་བོ་ལ་ནི་བར་ཆད་སེལ་བ་དང་། དོགས་པ་སེལ་བ། འབྲུ་ནང་གི་རྡོ་སེལ་བ་ལྟ་བུ་གནོད་པ་དང་ཐེ་ཚོམ་བཟློག་པ་དང་ཡང་ན་བསལ་ཡུལ་གྱི་ནང་ནས་བསལ་བྱ་དངོས་པོ་ལོགས་སུ་འདོན་པ་སོགས་ཀྱི་གོ་དོན་ཙམ་ལས། གཙང་དག་གི་དོན་ཡོད་པ་མི་མཐོང་ཞིང་། སེལ་ལ་གཙང་དག་གི་དོན་འབྱུང་བ་ནི་གདོད་མའི་ཆོས་ལུགས་དང་བོན་ཆོས་ཀྱི་ཐུན་མོང་མ་ཡིན་པ་ཉིད་དུ་མཐོང་ལ། ཁྱད་པར་དུ་མིའི་རིགས་རིག་པའི་བདག་ཉིད་ཆེན་པོ་ཐེ་ལེར་གྱི་ཐུགས་བཅུད་ལས་འཁྲུངས་པའི《གདོད་མའི་སྤྱི་ཚོགས》ཞེས་པའི་གཙུག་ལག་བསྟན་བཅོས་གྲགས་ཅན་དེར་བཀོད་པ་ལྟར་ན། གཙང་དག་གི་རིག་གནས་སྣང་ཚུལ་ནི་མིའི་རིགས་སྤྱི་ལ་སྔོན་དུས་ཐུན་མོང་ཉིད་དུ་དར་མྱོང་བ་བརྗོད་ཡོད་ལ། ཁོང་གིས་མིའི་རིགས་ལ་བྱུང་མྱོང་བའི་གཙང་དག་གི་རིག་གནས་དེ་དག་མདོར་དྲིལ་ན་ཕལ་ཆེར་ནང་དོན་རིགས་བཞི་ཙམ་གྱི་ནང་དུ་འདུས་པར་གསུངས་པ་ནི་སོ་སོར་ཆུ་ཁྲུས་ཀྱི་རིགས། མེས་སྦྱངས་ཀྱི་རིགས། རླངས་ཁྲུས་ཀྱི་རིགས། དུ་བདུག་གི་རིགས་བཅས་སུ་བསྟན་པ་ལྟར། འདིར་བརྗོད་བཞིན་པའི་སེལ་རྒྱག་སྲོལ་ལམ་ཁྲུས་དཀར་ནག་གི་རིམ་པ་དེ་ཡང་རྣམ་པ་ཆུ་ཁྲུས་དང་རླངས་ཁྲུས་དང་དུ་བདུག་བཅས་གསུམ་འདྲེས་ཀྱི་བདག་ཉིད་ཅན་དུ་གྲུབ་ན་ཡང་། བྱེད་ནུས་གཙོ་བོའི་དབང་དུ་བྱས་ན་རླངས་ཁྲུས་ཀྱི་རིགས་སུ་གཏོགས་པ་མངོན་སུམ་དུ་མཐོང་ཐུབ། སྤྱིར་སེལ་ལ་ཆུ་དཀར་ནག་གི་ཁྲུས་ཞེས་བྱ་བར་བརྗོད་པའི་གནས་སྐབས་ཀྱང་མཐོང་མོད། དེ་གཉིས་གཅིག་མཚུངས་མ་ཡིན་པར་སོ་སོ་བར་འདོད་དེ། སེལ་ནི་རླངས་ཁྲུས་སུ་གཏོགས་པ་ལས་ཆུ་ཁྲུས་གཙོ་བོ་མིན་པ་ནི་ཤིན་ཏུ་མཐོང་སླ་སྟེ། དེའི་བྱེད་སྟངས་ཀྱང་ལྷ་རྡོ་དཀར་ནག་མེ་འོག་ལ་ཡུན་རིང་བཅུག་སྟེ་ཚོས་པའི་སྐབས་ཉིད་ན་སྟེང་དུ་ཆུ་སྟོར་ཞིང་དེ་རྒྱུ་བྱས་པ་ལས་འཕྱུར་བའི་རླངས་པས་མི་དང་ཁང་ཁྱིམ་ལ་ཁྲུས་བྱེད་པ་ཞིག་རེད། གཞན་ཡང་སེལ་རྒྱག་པ་དང་ཆུ་དཀར་ནག་གི་ཁྲུས་བྱེད་པ་གཉིས་དོན་གཅིག་མ་ཡིན་པའི་སྒྲུབ་བྱེད་གཞན་ནི། ཆུ་དཀར་ནག་གི་ཁྲུས་ལ་གནས་སྐབས་གཞན་དག་ཏུ་ཆབ་དཀར་ནག་གི་ཁྲུས་ཀྱང་བྱ་ལ། དེ་ནི་ཕྱུགས་ཟོག་ཚེ་ཐར་དུ་གཏོང་བ་དང་སྲུང་ཟོག་ཏུ་འབུལ་སྐབས་རྒྱུན་སྤྱོད་བྱེད་པའི་ཁྲུས་ཤིག་ཡིན་ཏེ། དེ་དུས་ཆུ་ནག་ཅིག་གིས་ཕྱུགས་ཟོག་གི་མགོ་ནས་ཐུར་དུ་བླུགས་ཏེ་རྔ་མའི་བར་དུ་ཁྲུས་བྱེད་པ་དང་། དེའི་རྗེས་ཆུ་དཀར་གྱིས་ཕྱུགས་ཟོག་གི་རྔ་མ་ནས་ཡར་མགོ་ལ་ཐུག་གི་བར་དུ་བླུགས་ནས་གཙང་དག་གི་ཁྲུས་བྱས་རྗེས་ཕྱུགས་ཀྱིས་སྤྲུག་རྡེབ་བྱས་པ་དང་མཉམ་དུ། དེ་ལ་སྲུང་དང་རྣ་ཚར་སོགས་བཏགས་པ་ན་སྲུང་ཟོག་ཏུ་གྱུར་པ་ཡིན། ཁྲུས་དེ་ནི་ཆུ་ཁྲུས་རྐྱང་བ་ཙམ་ལས་རླངས་ཁྲུས་མ་ཡིན་པས་ན་ཆུ་དཀར་ནག་གི་ཁྲུས་ཞེས་བརྗོད་ཀྱང་བརྗོད་འདུག་ལ་མིང་དོན་ཡང་མཐུན་ནོ།། དེའི་ཕྱིར། ལྷ་རྡོ་དཀར་ནག་གི་རླངས་ཁྲུས་འདི་ལ་ནི་སེལ་རྒྱག་པ་ཞེས་བྱ་བའི་ཐ་སྙད་སྦྱར་བའང་དེ་ལྟ་བུའི་རྒྱུ་མཚན་དང་ཁྱད་ཆོས་ལྡན་ནོ།། ཡང་སྐབས་འདིའི་རྒྱག་ཅེས་པ་ནི་བྱེད་པ་པོ་གཞན་འབྲེལ་གྱི་ལས་ཚིག་ཅིག་ཡིན་ཞིང་། དེ་ནི་སྤྱིར་ཨ་མདོའི་ཁ་སྐད་ནང་ལས་ཀྱི་དངོས་པོར་བྱེ་བྲག་གི་ལས་ཚིག་མེད་སྐབས་དེ་རིགས་ཀུན་ལ་ཐུན་མོང་དུ་རྒྱག་ཅེས་པའི་ལས་ཚིག་འདི་སྤྱིའི་གོ་ཆོད་དུ་སྤྱོད་པར་བྱེད་དེ། སྟོན་ཀ་གཡུལ་ལས་ཀྱི་བྱ་བ་ལ་བྱེ་བྲག་གི་ལས་ཚིག་གཡུལ་གཅོག་ཅེས་པ་ཡོད་ཀྱང་། སྐབས་རེར་གཡུལ་རྒྱག་ཅེས་པའི་ཐུན་མོང་གི་ལས་ཚིག་འདི་ཡང་སྤྱོད་པར་བྱེད་ཅིང་། དེ་གཉིས་མཉམ་སྤྱོད་བྱེད་པའི་གནས་སྐབས་མང་ཞིང་། སྒོ་གཏན་པ་ལ་སྒོ་རྒྱོབས་དང་རྒྱག་ཅེས་བརྗོད་ཆོག་པས་མཚོན་འདི་འདྲའི་རིགས་ཤིན་ཏུ་མང་ལ་གྲངས་ཀྱིས་མི་ལང་ངོ་།། འགའ་རེས་རྒྱག་ཅེས་པའི་ལས་ཚིག་ལ་སྤྱོད་རྒྱ་ཁྱད་པར་བ་དེ་ལྟ་བུ་ཡོད་པའི་ཧ་མི་གོ་བར། རྒྱག་ཅེས་པ་རྒྱ་སྐད་ཀྱི“打” ཡི་གོ་དོན་དུ་བཟུང་ནས། ཟ་མ་ཟ་རུ་འགྲོའམ་ལེན་དུ་འགྲོ་ལ། ཡུལ་སྐད་ལ་ལར་ཟ་མ་རྒྱག་གི་འགྲོ་ཞེས་བརྗོད་སྲོལ་ཡོད་པ་ལ། རྒྱའི“打饭” ཞེས་པའི་དོན་འགྱུར་ལ་གོ་བ་ནོར་འཁྲུལ་དུ་བཟུང་ནས་འཕྱ་བར་བྱེད་པ་ནི་རང་ཉིད་ལྟ་རྒྱ་ཆུང་བའི་རྟགས་སུ་འཁུམས་ཏེ། དེ་ལྟར་ན་ཞིང་རྨོ་ལོག་རྒྱག་ཅེས་པའི་སྐབས་ཀྱི་རྒྱག་དེ་ཡང“打”ཡི་དོན་དུ་འགྱུར་དགོས་སམ། དེ་ལྟར་མིའི་རིགས་ཀྱི་ལོ་རྒྱུས་སྤྱི་དང་བྱེ་བྲག་གི་ཁྱད་ཆོས་གང་ཆ་ནས་བལྟས་ཀྱང་། སེལ་གྱི་ཡུལ་སྲོལ་འདི་ནི་བོད་ཀྱི་གདོད་མའི་ཆོས་ལུགས་ནས་རིམ་གྱིས་བོན་ཆོས་སུ་འཕེལ་བ་དང་། དེ་ནས་བན་ཆོས་ཀྱི་ནང་དོན་གྱི་ཆ་ཡང་རིམ་གྱིས་བསྣན་པ་བྱུང་སྟེ། ཆོ་གའི་ནང་དོན་དེ་ཉིད་དང་ཐོག་དང་བསྡུར་ན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་སོང་བའི་རིག་གནས་ཤིན་ཏུ་རྙིང་བ་ཞིག་ཡིན་པ་ལ་ཐེ་ཚོམ་མེད་པ་དང། སྤྱིར་ཡུལ་ཁམས་འདིར་དར་ཞིང་འཕེལ་བའི་རིག་གནས་ཀྱི་གྲུབ་ཆ་ལ་ཡང་ཕྱོགས་མང་པོ་ནས་གདོད་མའི་ཆོས་ལུགས་དང་བོན་ཆོས། ནང་ཆོས་བཅས་བརྒྱུད་པ་གསུམ་གྱི་ལོ་རྒྱུས་འཕེལ་བའི་རིམ་པ་རྣམས་གྲ་མ་ཉམས་ཟུར་མ་ཆག་པར་གཞི་གཅིག་ལ་འགལ་མེད་རང་ཚང་དུ་གྲུབ་པའི་ཚུལ་དེ་ཡང་གསལ་བར་བསྟན་ཏོ།།
གཉིས་པ། སེལ་རྒྱག་པའི་སྟ་གོན།
སེལ་རྒྱག་པའི་ཆོ་ག་འདི་ནི་ནམ་རྒྱུན་དུ་འདས་མཆོད་སྐབས་ཀྱི་སྐར་མའི་དུས་དེར་བྱེད་པ་ཡིན་ལ། དེ་ཡང་སྐར་མ་ཞེས་བྱ་བ་ནི་སྡུག་ཁྱིམ་ག་ལ་བ་དེ་ནས་ཚེ་འདས་ཀྱི་བེམ་པོ་ཕྱི་ལ་ཕུད་དེ་དུར་ཁྲོད་དུ་བསྐྱལ་བའི་དུས་ཚོད་ལ་ཟེར་བ་དང་། སྐར་མ་པ་ཞེས་བདག་སྒྲ་སྦྱར་ཚེ་དུས་དེར་ཚེ་འདས་ཀྱི་པུར་ཉིད་དུར་ཁྲོད་དུ་བསྐྱལ་རོགས་ལ་ཕེབས་མཁན་ཚང་མ་ལ་གོ་བ་ཡིན། སྤྱིར་མཚན་མོ་སྨག་ནག་པོའི་སྐབས་པུར་ཕྱིར་འདོན་ལུགས་ནི་ཡུལ་ཁམས་མང་ཆེ་བ་འདྲ་ཡང་། ཡུལ་སྡེ་ལ་ལས་པུར་ཕྱིར་འདོན་པར་གཤིན་རྩིས་ལྟར་དུས་ཚོད་དང་སྐར་ཆ་ཡང་གཏན་འཁེལ་བྱེད་ལ། པུར་ཕྱིར་འདོན་སྐབས་ཀྱང་དུས་ཚོད་སྐར་མ་དང་བཅས་པ་གཟུར་མེད་ཐོག་འཁེལ་དུ་མ་ནོར་བར་བྱེད་པ་མཐོང་། འོན་ཀྱང་ཡུལ་འདི་ནས་སྐར་མ་བྱེད་པའི་དུས་ནི་ཕལ་ཆེ་བས་ཞོགས་པ་སྔ་སེ་ནམ་མ་ལངས་གོང་དུ་འཇོག་པ་གཏན་འཁེལ་ལྟ་བུར་གྱུར་ཡོད། སྐར་མའི་དུས་ཀྱི་བགྱི་བ་གཙོ་བོ་ཞིག་ནི་སྐར་མ་པའི་དཔུང་ཚོགས་དུར་ཁྲོད་ནས་ཕྱིར་ལོག་སྟེ་སྡུག་ཁྱིམ་དེར་སླེབས་པར་ཉེ་བ་ན། དེ་ཚང་གི་སྒོ་ཆེན་མདུན་རོལ་ནས་དེ་དག་ལ་དམིགས་པའི་དག་གཙང་གི་བྱ་བ་མང་པོ་ཞིག་རིམ་པ་བཞིན་སྒྲུབ་པར་བྱེད་དགོས་པའི་ནང་། རྡོ་དཀར་ནག་གི་སྟེང་ཁྲུས་བྱས་ཏེ་སེལ་གྱི་ཆོ་ག་གཏོང་རྒྱུ་དེ་ནི་དག་གཙང་གི་བྱ་བ་རྣམས་ཀྱི་སྔ་མ་དང་གཙོ་བོ་ཞིག་ཏུ་གྱུར་ཡོད། དེ་ལྟར་ཡང་ཁྱིམ་དེའི་སྒོའི་ཕྱི་རོལ་ནས་བྱེད་པར་འགྱུར་བའི་དག་གཙང་གི་བྱ་བ་ལ། དང་པོར་སེལ་རྒྱག་དགོས་པ་དང་། བར་དུ་མེ་ཕུང་ཞིག་སྦར་ཞིང་མཐའ་བསྐོར་ནས་སྐར་མ་པ་ཚང་མས་ཁ་ལག་སྲོ་བ་དང་། མཐར་མར་དེ་དག་ཁྱིམ་དེར་འཛུལ་ནས་འགྲོ་སྐབས་སྒོའི་ཁ་ནས་དེ་དག་ལ་མནོལ་བསང་བདུག་པ་སོགས་དག་གཙང་གི་གོ་རིམ་གསུམ་ཙམ་ཡོད་པ་རེ་རེ་བཞིན་མ་འཆོལ་བར་བརྒྱུད་དེ་སྡུག་ཁྱིམ་ལ་འགྲོ་བ་ཡིན། དེ་ཡང་སེལ་གྱི་བྱ་བ་རྩོམ་མཁན་ལ་མི་སྣ་གཉིས་ངེས་པར་ཚང་དགོས་ཏེ། གཅིག་ནི་སེལ་གྱི་ཆོ་ག་ལ་མཁས་པའི་དཔོན་ནམ་ཁྱིམ་སྔགས་པ་ཞིག་དང་། ཅིག་ཤོས་ནི་དཔོན་དེ་ལ་ཕྱག་གཡོག་བྱེད་མཁན་གྱི་མི་ཞིག་འདེམས་ནས་དེའི་ཟླ་ལ་འཇོག་རྒྱུ་དེ་ཡིན། དཔོན་དེ་ནི་རང་ལ་གཞིས་དཔོན་ཡོད་ན་དེས་བྱེད་པ་དང་། མེད་ན་དཔོན་གཞན་བོས་ཏེ་བྱས་ཀྱང་ཆོག་པ་ཡིན། ཕྱག་གཡོག་པ་དེ་ལ་མིང་གཞན་མཆོད་གཡོག་པ་ཡང་ཟེར་ལ། དེ་ནི་སེལ་རྒྱག་པའི་བྱ་བ་ལ་ཉམས་མྱོང་ཐོན་ཞིང་དེའི་མགོ་རྔའི་བྱ་བའི་འཇུག་ལྡོག་ཤེས་མཁན་ཞིག་བྱུང་ན་ནི་དེ་བས་ཀྱང་ཡག་ཐོག་ལ་ཡག་གིས་བརྒྱན་པར་བརྩི། མཆོད་གཡོག་པ་དེའི་ལས་ཀ་གཙོ་བོ་ནི། ཨ་ཁུ་དཔོན་གྱི་ངག་བཀོད་ལྟར་ཁྲམ་ཤིང་མེ་ལ་སྲེག་རན་དུས་དེ་མེར་སྲེག་པ་དང་། སེལ་རྒྱག་རན་དུས་དེ་འབྲེལ་གྱི་བྱ་བ་རྣམས་བསྒྲུབ་རྒྱུ་དེ་ཡིན། སེལ་གྱི་རྫས་ལ་ངན་པ་དུག་ལྡུམ་གསུམ་དང་བཟང་བོ་སྨན་ཤིང་གསུམ་གྲ་སྒྲིག་བྱེད་དགོས་པ་སྟེ། དུག་ལྡུམ་གསུམ་ནི་གླང་མ་དང་ར་མ་རས་ཅོག་དང་ཐང་ཁྲོམ་བཅས་ཡིན་པ་དང་། སྨན་ཤིང་གསུམ་ནི་ཤུག་པ་དང་མཁན་པ་དང་སུར་དཀར་བཅས་ཡིན། དེ་ལ་ད་དུང་རྡོ་དཀར་ནག་གཉིས་ཀྱང་གྲ་སྒྲིག་བྱེད་དགོས་པ་སྟེ་དེ་གཉིས་ནི་གྲམ་པ་སོགས་རྡོ་ཁུངས་མོད་ས་ནས་ཆེ་ཆུང་རན་ལ་འཁྱེར་བདེ་བའི་རྡོ་ནག་གམ་རྡོ་སྔོན་དང་། རྡོ་དཀར་རམ་རྡོ་ཁྲ་ལྟ་བུ་ཁྱེར་ཡོང་བས་ཆོག་ལ། རྡོ་དེ་གཉིས་ནི་སྐར་མའི་མཚན་མོ་དེར་ཁྱིམ་དེའི་གཤིན་དགེའམ་སྐར་མའི་གཤིན་ཟས་སྐོལ་བར་ཆེད་དུ་བཙུགས་པའི་ཐབས་ཆེན་པོའི་ནང་གི་མེ་རོ་ནང་ཞག་གང་བོར་བཅུག་ནས་ཚ་པོར་བཏང་སྟེ་སེལ་གྱི་དུས་ལ་བབས་ན་ཁྱེར་ཡོང་བར་བྱེད། གཞན་ཡང་ཁྲམ་ཤིང་ཞིག་ལས་དགོས་ཤིང་། དེའི་སྟེང་ལ་ཤི་བོ་དེའི་ལོ་གྲངས་དང་། དེ་ནས་སྤར་ཁ་བརྒྱད། སྨེ་བ་དགུ ། ལོ་སྐོར་བཅུ་གཉིས། རྒྱུ་སྐར་ཉེར་བརྒྱད་རྣམས་སོ་སོའི་རི་མོ་དང་ཡི་གེ་འབྲི་མི་དགོས་པར། ཆོག་དཔེ་ནས་གསུངས་པ་ལྟར་དེ་དག་གི་རྣམ་གྲངས་ཉིད་འདོན་པའི་མཚམས་དང་བསྟུན་ཏེ་རེ་རེ་བཞིན་ཆད་ལྷག་མེད་པར་ཐོག་ཏུ་ཕྱད་དགོས། ཁྲམ་ཤིང་དེ་ནི་ངེས་པར་ཤིང་གླང་མས་བཟོ་དགོས་ལ། དེ་ནི་ཤིང་ལེབ་ལེབ་གྲུ་བཞི་ཆུང་བ་ཞིག་ལས་པ་དང་དེའི་སྣེ་མོ་བྱབ་བྱ་ཞིག་བྱས་ནས་གཞོག་པར་བྱེད་པ་དེ་ལ་ཟེར། དེའི་འཕྲོར་བསེ་རག་གི་རྟ་ཟེར་བ་ཞིག་བཟོ་དགོས། བསེ་རག་ཅེས་པ་ནི་འགོང་བའི་རིགས་ཤིག་ལ་གཏོགས་ཤིང་། དེའི་ཆ་བྱད་ནི་མི་ལུས་ལ་རི་དྭགས་སྲོག་ཆགས་ཀྱི་མགོ་བརྙན་གྱིས་བརྒྱན་པ་ཞིག་ཏུ་ངོས་འཛིན་ཞིང་། རླུང་ནང་བཙག་ནང་ནས་མིས་དམར་ཟས་པའི་ཁ་ལྡེག་སྟེ་ནད་གཏོང་བ་ཞིག་ཡིན་སྣང་སྟེ། བོད་ཀྱི་དམངས་ཁྲོད་དུ་ཁྱིམ་དུ་ཤ་ཁྲག་གི་ཟས་ལ་རོལ་རྗེས་དེ་མུར་མྱུར་དུ་སྒོ་ཕྱི་ལ་སོང་ན་ཁ་བསེ་རག་གིས་ལྡེག་འགྲོ་ཞེས་དེ་ལྟར་ཕྱི་ལ་འགྲོ་བར་ཤིན་ཏུ་འཛེམས་ཤིང་འགོག་པར་བྱེད་དེ། དམར་ཟས་རྗེས་ཕྱི་ལ་བུད་དེ་སེར་ཁ་རླུང་ཁ་བརྒྱུད་ན་ཁ་ལ་རྨ་འབུད་པ་དང་ཁ་འཁྱིག་པའི་སྐབས་བྱུང་བ་དེ་ལ་འགོང་བོ་བསེ་རག་གིས་ལྡེག་པའི་གནོད་པར་ལྟའོ།། ལུང་ཁོག་འདིའི་སྡེ་བ་གཞན་དག་ལ་ཡང་སེལ་རྒྱག་སྲོལ་ནི་དར་ཡོད་མོད། དེ་དག་དང་ང་ཚོའི་སྡེ་བའི་མི་འདྲ་ས་དེ་ནི་འདོན་དཔེར་བསེ་རག་གི་རྟ་ཞེས་བརྗོད་ཡོད་སྟབས། དེ་ནང་བཞོན་པ་ཞིག་དགོས་པའི་དོན་གྱིས་ཐོག་དྲངས་ཏེ་སྡེ་འདིས་གནའ་དང་མ་ནས་བསེ་རག་གི་རྟའི་དོད་དུ་ཤིང་གི་བོང་བུ་ཤིན་ཏུ་ཆུང་ཆུང་སྲིད་ཞེང་དུ་མཐོ་གང་གི་ཚད་ཙམ་ཡོད་པ་ཞིག་ལས་པར་བྱེད་ལ། དེའི་དབྱིབས་ནི་ཤིང་བཟོས་ཤིང་གཞོག་སྐབས་རྒྱུན་སྤྱོད་བྱེད་པའི་ཤིང་གི་བོང་བུ་ཞེས་འབོད་པའི་ཡོ་བྱད་དེ་དང་ཆ་ཤིན་ཏུ་མཐུན་པ་ཞིག་ཡིན། ཡང་ན་ཀོ་བ་སྲོ་སྐབས་ཤིང་གི་སུག་ཏི་གཉིས་སྤྲད་པའི་ཡོ་བྱད་ཐོག་ཏུ་ཀོ་བ་འཕེན་སྤྱད་བྱེད་པ་དེ་ལྟ་བུ་ཞིག་ལས་སྲོལ་ཡང་ཡོད་མོད། ད་ལྟ་སྔ་མ་དེ་ལྟར་གྱི་ལས་སྲོལ་དེ་ཀུན་ལ་དར་རྒྱུག་ཆེ་བར་གྱུར་ཡོད། ཁྲམ་ཤིང་དང་བསེ་རག་གི་རྟ་དེ་ནི་འདོན་པ་མ་བཏོན་སྔོན་ནས་ལས་ཚར་དགོས་པ་ཞིག་ཡིན། དེ་ཡང་ཁྱིམ་ཚང་དེ་ལ་དེ་ཉིད་ལས་ཤེས་མཁན་གྱི་མི་མེད་ན། ཁྱིམ་དེར་ཕེབས་མཁན་གྱི་ཁྱིམ་སྔགས་པའི་ཁྲོད་དམ་ཡང་ན་ལས་ཤེས་པ་གཞན་ལ་ལས་པར་འཇུག་དགོས། གང་ལྟར་ཨ་ཁུ་དཔོན་སླེབས་དུས་བྱ་བ་རྣམས་དལ་འགོར་མེད་པ་དང་བདེ་བླག་གི་ངང་བསྒྲུབ་ཆེད། རང་རེ་སྡེ་བ་ལ་མཚོན་ན་འདོན་མཁན་སྔགས་པ་དེས་ཁྱིམ་ཚང་དེར་དེ་ལྟ་བུ་གྲ་སྒྲིག་བྱེད་དགོས་ཚུལ་སྔ་མོ་ནས་བརྡ་བཏང་ན། ཁྱིམ་དེས་དེར་ཡོང་མཁན་རྒད་པོ་རྣམས་ལ་བཤད་ནས། དེ་དག་གི་ཁྲོད་ནས་ལས་ཤེས་མཁན་ཞིག་གིས་ཁྱིམ་ཚང་དེ་ལ་རོགས་བྱས་ཏེ་སྔ་མོ་ནས་ཁྲམ་ཤིང་དང་སེལ་ལྕག་གཉིས་ལས་ཚར་ཡོད་པ་ཞིག་ཡིན། དེ་ལྟར་ལས་ཀ་དེ་འགྲུབ་པར་བྱས་ཏེ་བསྡད་ན། སྐར་མ་པ་ལ་སེལ་རྒྱག་རན་པའི་སྔོན་ཙམ་ལ་ཁྲམ་ཤིང་ལ་བྲི་བྱ་རྣམས་བྲིས་ཚར་བ་དེ་བསེ་རག་གི་རྟའམ་ཤིང་གི་བོང་བུར་བསྐྱོན་པ་སྟེ་དེའི་སྟེང་ཐད་ཀར་འཇོག་པ་དང་། དེ་བཞིན་འདོན་པ་བཏོན་ཚར་བ་དང་བསེ་རག་གི་རྟ་དང་ཁྲམ་ཤིང་གཉིས་ཀ་སྒོའི་ཕྱི་རོལ་གྱི་ཐག་ཉེ་ས་གང་འཚམ་ནས་སྐར་མ་པ་ལ་ཁ་ལག་སྲོ་བྱེད་དུ་མེ་ཕུང་ཆེན་པོ་ཞིག་སྦར་དུ་འཇུག་པ་དེའི་ནང་འཕངས་ཏེ་བསྲེགས་པར་བྱེད་དོ།། དེ་ལྟར་བསེ་རག་གི་རྟ་ནི་སྐར་མའི་དུས་འདིར་ངེས་པར་ལས་དགོས་པ་སྡེ་བ་གོང་འོག་མང་པོ་མཐུན་ན་ཡང། བྱེ་བྲག་ཏུ་དངོས་པོའི་བྱད་གཟུགས་ལས་སྟངས་ལ་སྡེ་བ་རེ་རེར་རང་རང་གི་ཕྱག་སྲོལ་མི་འདྲ་བ་དར་ཡོད་དེ། འཕྲང་དམར་སྒྱོམ་སྡེ་བ་དང་དམེ་ཀྱཱ་སྡེ་བས་བསེ་རག་གི་རྟའི་ཚབ་ཏུ་རྩྭ་གཟུགས་ཀྱི་མི་ཞིག་ལས་པ་ཡིན་ཞིང་། དེ་བཟོ་བྱེད་ཀྱི་རྩྭ་དེའང་སྡེ་བའི་ར་མགོ་མི་རིག་ས་ཞིག་ཏུ་སོང་ནས་ཁྱི་ལྡུག་བཏུས་ཡོང་དགོས་པར་བཤད་ལ། རྩྭ་གཟུགས་ཀྱི་སྟེང་ལ་ཁྲམ་ཤིང་བསྐྱོན་དེ་དེ་ལ་ཚེ་འདས་ཀྱི་ལོ་གྲངས་དང་ལོ་རིས་སོགས་ཕྱད་ནས་ཆོ་ག་ལྟར་བསྒྲུབས་རྗེས། མཐར་རྩྭ་གཟུགས་དེ་ཉིད་དང་ཁྲམ་ཤིང་དང་བཅས་པ་མེར་མི་སྲེག་པར། གཤིན་རྩིས་ནས་ཚེ་འདས་དང་ཁྱིམ་ཚང་ལ་གནོད་པའི་ཕྱོགས་གང་དུ་ཡོད་པ་བསྟན་པ་ལྟར། གནོད་པའི་ཕྱོགས་དེ་མ་ནོར་བར་ངོས་བཟུང་ནས་སོང་སྟེ་སྡེ་མཐའ་ལ་སླེབས་པའི་ས་ནས་དོར་བར་བྱེད་དོ།། ཡང་འཕྲང་དམར་ལན་འགྲོ་སྡེ་བ་ནས་བསེ་རག་གི་རྟ་ལ་རྩྭ་གཟུགས་ཀྱི་མི་ལས། དེ་ལ་ཁྲམ་ཤིང་བསྐྱོན། དེའི་སྟེང་ཚེ་འདས་ཀྱི་ལོ་གྲངས་སོགས་གོང་ལྟར་བྲིས། མཐར་མེ་ཕུང་དུ་སྲེག་པར་བྱེད་དོ།། ཡང་ཁྲི་ཀ་སྨད་པ་སྡེ་བ་ནས་རྒྱུ་ཁྱི་ལྡུག་ལ་རྩྭ་གཟུགས་ཀྱི་རྟ་དང་མི་ཆུང་ངུ་གཉིས་བཟོ། མིའི་ལག་ཏུ་ཤིང་གི་རལ་གྲི་ཞིག་འཛིན་ཅིང་རྩྭ་གཟུགས་ཀྱི་རྟ་ལ་བསྐྱོན། རྡོ་དཀར་ནག་གི་ཁྲུས་བྱེད་སྐབས་དེ་རུ་བཞག་སྟེ། སྐར་མ་པའི་བཀྲུ་ཆུ་དེའི་སྟེང་སྟོར་བ་དང་། མཐར་རྒྱ་ལམ་གྱི་བཞི་མདོ་ཞིག་ཏུ་ཁྱེར་སོང་སྟེ་འཕེན་པར་བྱེད་དོ།། གཞན་ཡང་ཁྲི་ཀ་ཀ་བརྗིད་གཡམ་སྡེ་བ་སོགས་སུ་རྡོ་དཀར་ནག་གི་ཁྲུས་བྱེད་སྲོལ་མཆིས་ཀྱང་། བསེ་རག་གི་རྟ་དེ་ལས་སྲོལ་མེད་པ་མཐོང་ངོ་།།
སེལ་ལྕག་ཅེས་པ་རྡོ་དཀར་ནག་གཉིས་ཀྱི་སྟེང་ཆུ་སྟོར་བྱེད་དུ་རྩི་ཏོས་གཞུང་ཤིང་བྱས་པའི་ཐོག་དྲངས་ལྡུམ་དུག་དང་སྨན་ཤིང་སོ་སོར་བསྡམས་ནས་ལས་པའི་སྡུད་མ་ཆུང་ཆུང་ལ་ཟེར་ཞིང་། དེ་འདྲའི་སེལ་ལྕག་གཉིས་ལས་དགོས་པ་ཡིན་ཏེ། གཅིག་གི་རྩི་ཏོའི་ནང་ལ་སུར་དཀར་དང་ཤུག་པ། ཁམ་པ་དཀར་པོ་གསུམ་མཉམ་དུ་བསྡམས་ནས་རྡོ་དཀར་སྟེང་བཙོ་ཆུ་གཅོལ་བྱེད་དུ་སྤྱོད་ལ། ཅིག་ཤོས་ཀྱི་ནང་དུ་ཐང་ཁྲོམ་དང་གླང་མ། ར་མ་རས་ཅོག་གསུམ་གཙོ་བྱས་པའི་ལྡུམ་དུག་དང་དུག་ཤིང་གཅུད་དེ་ལས་པ་ཡིན་ལ། སེལ་ལྕག་དཀར་པོ་ལ་ཐ་གུ་དཀར་པོས་བསྡམས་དགོས་ཤིང་། སེལ་ལྕག་ནག་པོ་ལ་ཐ་གུ་ནག་པོས་བསྡམས་པར་བྱེད། དེའི་འཕྲོར་ཁྲུས་ཆུ་དཀར་ནག་གྲ་སྒྲིག་བྱེད་དགོས་ཏེ། ཁྲུས་ཆུ་དཀར་པོ་ནི་སྣོད་དུ་ཆུ་དཀར་བླུགས་པ་ཞིག་སྟེ། སྟེང་ཀའི་ཆུ་མགོའི་ཆུ་དྭངས་མོ་གཙང་མ་གཞན་གྱིས་མ་རེག་པ་ལ་འོ་མ་ཉུང་ཙམ་བླུགས་ནས་དཀར་པོར་བཏང་བ་ལ་ཟེར། ཁྲུས་ཆུ་དཀར་པོ་དེ་ནི་སྔོན་ལ་ཁྱིམ་དེར་བདུན་པ་ཚུགས་སྐབས་ཀྱི་ཚོགས་ལ་བརྒྱུད་དེ་གྲྭ་བ་རྣམས་ཀྱིས་སྔགས་ཕུ་བཏབ་ནས་བྱིན་རླབས་ཞུགས་སུ་བཅུག་ཡོད་པ་དང་། སྐར་མའི་ཁྲུས་ཀྱི་སྐབས་མི་མང་བ་ལ་དམིགས་ཏེ་ཁྲུས་ཆུ་དཀར་པོ་དེ་སྣོད་ཆེ་ཞིག་ཏུ་བླུགས་ཏེ་མང་དུ་བསྐྱེད་རྗེས། ནང་ལ་བཟང་དྲུག་འདེབས་པ་དང་། སེལ་གྱི་ཆོ་ག་ལ་སླེབས་མཚམས་དེ་ཁྱེར་ཡོང་ནས་སྔགས་པའི་མདུན་དུ་བཞག་སྟེ། སྔགས་པས་སེལ་དཔེ་འདོན་ཞོར་དུ་དེ་ལ་སྔགས་ཕུ་མང་པོ་འདེབས་ཤིང་དེ་ལྟར་བན་སྔགས་གཉིས་ཀས་ཡང་དག་ཏུ་སྒྲུབ་ཡོད་པ་ཞིག་ཀྱང་ཡིན། ཆུ་ནག་གི་ཆུ་ལ་ཆོག་དཔེ་ལྟར་ན་རྫ་མགོའི་ན་ཆུ་བཞུར་རྒྱུ་མེད་པ་ཞིག་དགོས་རབས་བཤད་ཡོད་ཀྱང་། ང་ཚོའི་སྡེ་བས་རང་ཁས་ཀྱི་ལྟེང་ཀའི་ཆུ་གཙང་ལེན་པར་ཡོད་ལ། དེ་ལ་བདུན་པའི་ཚོགས་གྲལ་དུ་བཞག་ནས་སྔགས་ཕུ་འདེབས་པ་དང་ཁྱིམ་སྔགས་པའི་སྔགས་པ་གང་ཡང་བྱེད་མི་དགོས་པར་ཆུ་རྐྱང་བཞག་པས་ཆོག་གོ ། སེལ་གྱི་དངོས་གཞིའི་སྐབས་ཆུ་དཀར་དུ་སེལ་ལྕག་དཀར་པོ་དང་ཆུ་ནག་ཏུ་སེལ་ལྕག་ནག་པོ་གཉིས་སོ་སོར་སྦངས་ཏེ་ཁྲུས་བྱེད་དོ།། གཞན་ཡང་མེ་ཕོང་ཞིག་ལོགས་སུ་སྤར་དགོས་ཤིང་། དེའི་ནང་ཁྲམ་ཤིང་སོགས་བསྲེགས་རྗེས། དེའི་སྟེང་ཆ་མ་བསྣན་ནས་མེ་ཇེ་བཙན་དུ་གཏོང་བ་དང་། སྐར་མ་བ་ཡོང་ནས་རྡོ་ཁྲུས་བྱས་ཚར་རྗེས། མེ་ཕུང་དེའི་མཐའ་བསྐོར་ནས་ཁ་ལག་སྲོས་ཏེ་ཁ་ངོ་རློན་པར་བྱས་ཡོད་པ་སྐེམ་དུ་འཇུག་ལ། དེ་ནས་ཁྱིམ་ཚང་དེ་ཚང་ལ་སོང་ནས་སྐར་ཟས་སྐར་ཆུ་འཐུང་བ་དང་སྐར་འབྱེད་བླངས་ནས་རང་རང་གི་ཁྱིམ་ལ་ལོག་འགྲོ
གསུམ་པ། སེལ་རྒྱག་པའི་དངོས་གཞི །
དེ་ཡང་སྐར་མ་པ་དུར་ཁྲོད་ནས་ཁ་ཕྱིར་འཁོར་ཏེ་ལོག་རན་ཡོད་འདོད་པའི་སྐབས་ཙམ་ན༼དུས་ཚོད་བྱེ་བྲག་པ་ནི་དུར་ཁྲོད་དུ་འགྲོ་བའི་ལམ་ཐག་གི་རིང་ཐུང་ལ་བལྟས་ཏེ་སྐབས་བསྟུན་གྱིས་ཐག་གིས་གཅོད་དོ༽། སྡུག་ཁྱིམ་དེ་ནས་སེལ་རྒྱག་པའི་བྱ་བའི་མགོ་ཡང་རྩོམ་པར་བྱེད་དེ། ཐོག་མར་སྡུག་ཁྱིམ་དེའི་སྒོ་ཆེན་གྱི་གཡས་སུ་གདན་དཀར་ཞིག་འདིང་ཞིང་། དེའི་མདུན་དུ་ཅོག་ཙེ་ཞིག་བཞག་པའི་སྟེང་ཤིང་གི་བོང་བུ་ལ་ཁྲམ་ཤིང་བསྐྱོན་པར་བྱས་ཏེ་འཇོག་པ་དང་། ཅོག་ཙེའི་མདུན་དུ་ཆུ་དཀར་དང་ཆུ་ནག་བརྟེན་པའི་སྣོད་གཉིས་པོ་ལ་དུག་སྡུད་སྨན་སྡུད་སྦངས་པ་ཡང་གོང་སྨད་དུ་གོ་ས་ཕྱེ་སྟེ་སོ་སོར་འཇོག་གོ། ཁྲུས་བྱེད་ཚུལ་ཡང་དཔེ་ཆ་ལྟར་ན། བཟང་བོ་ཤིང་སྨན་དང་ངན་པ་ལྡུམ་དུག་དེ་དག་སོ་སོར་རྡོ་དཀར་ནག་སྟེང་བཞག་པའི་ཐོག་ལ་ཆུ་བླུགས་ཏེ། ཁྲུས་དང་རླངས་པ་ཟུང་འབྲེལ་གྱིས་ལུས་ཕུང་གཙང་དག་བྱེད་དགོས་པར་བཤད་ཡོད་ཀྱང་། ང་ཚོའི་ཕྱག་ལེན་དུ་དང་མ་ནས་ལོ་ལོན་ཚོས་དུག་སྨན་གྱི་རྩྭ་ལྡུམ་དེ་དག་རྩི་ཏོའི་ནང་གཅུད་དེ་སེལ་ལྕགས་ལས་སྲོལ་བྱུང་ཡོད་ལ། ཁྲུས་ཀྱི་སྐབས་སེལ་ལྕགས་དཀར་ནག་གཉིས་ཀ་ཆུར་སྦངས་ནས་བླངས་རྗེས། སྐར་མ་པ་རེ་རེའི་ལུས་སྟེང་ལ་བྲན་པར་བྱེད་པ་དང་། ཆུ་དཀར་ནག་གཉིས་པོ་སྐར་མ་པ་སོ་སོའི་ལག་མགོར་སྔ་གཞུག་ཏུ་ལྡུག་པ་དང་ཁྲུས་ཆུ་རྡོ་དཀར་ནག་སྟེང་སྟོར་ཏེ་བྱུང་བའི་རླངས་པ་དང་ཟུང་དུ་འབྲེལ་བའི་སྒོ་ནས་ལུང་ཕུང་དག་གཙང་བྱེད་པ་ཡིན་ལ། ཁྲུས་ཀྱི་སྔ་གཞུག་གི་རིམ་པ་ཡང་ཐོག་མར་ཆུ་ནག་དང་། དེའི་རྗེས་ཆུ་དཀར་གྱིས་བྱེད་པ་ཡིན་ནོ།།
དེ་ལྟར་དུས་ལ་བབས་པ་ན་ཨ་ཁུ་དཔོན་སྤྱན་དྲངས་ཡོང་ནས་གདན་དེ་ལ་འཁོད་དེ་སེལ་དཔེ་འདོན་པའི་མགོ་རྩོམ། སྡེ་འདིའི་ལུགས་ལ་ཨ་ཁུ་དཔོན་ནི་ངེས་པར་སེལ་གྱི་ཆོ་ག་སྤེལ་བའི་ཡུལ་དངོས་ལ་སྐུ་ཕེབས་གནང་དགོས་པ་ཞིག་ཡིན་ཏེ། དེའི་རྒྱུ་མཚན་ཡང་སེལ་གྱི་བྱ་བའི་གོ་རིམ་ཐམས་ཅད་འདོན་དཔེ་ལ་བསྟུན་དགོས་པ་དང་། སྐབས་འཕྲལ་སྐབས་འཕྲལ་ལ་འོས་བསྟུན་གྱིས་བྱེད་དགོས་པའི་ཆ་མང་བའི་རྒྱུ་མཚན་གྱིས་སོ།། དེའི་ཕྱིར་ས་ཆ་གཞན་ན་དཔོན་རྣམས་སྒོའི་ཕྱི་ལ་མི་ཕེབས་པར་ཁྱིམ་དེའི་ཚ་ཐབ་དྲོན་པོའི་སྟེང་འདུག་ཅིང་འདོན་པ་བཏོན་ཚར་རྗེས་ཆུ་དཀར་ནག་ཕྱི་ལ་བསྐྱལ་དུ་བཅུག་སྟེ་ཁྲུས་བྱེད་བཅུག་པས་ཆོག་རབས་ཤིག་དར་ཡོད་མོད། རང་རེའི་སྡེ་བར་ཐ་ན་དགུ་ཟུག་སྟེ་ཙག་གི་ངན་སྒང་དུ་འཁེལ་དུས་ལ་ཡང་། སྒོ་ཆེན་ཕྱི་རོལ་དུ་གདན་བཏིང་བའི་སྟེང་དཔོན་རྣམས་འཁྱག་སྒོང་ལ་ལངས་ཏེ་སེལ་གྱི་བྱ་བ་མཇུག་སྒྲིལ་རག་བར་དུ་དེར་ཚུགས་འདུག་བྱེད་པ་གནའ་ནས་གོམས་ཡོད་ལ། དུས་ད་ལྟ་ཡང་སྔ་དཔེ་དེ་ཉིད་ཅུང་ཙམ་ཡང་མདོག་མ་འགྱུར་བར་དཔོན་གཞོན་རྣམས་ཀྱིས་དེ་ནི་དཀའ་རབས་དང་འགན་འཁུར་ལྕི་རབས་ཀྱི་འཁང་ར་ཅུང་ཟད་ཙམ་ཡང་མེད་པར་རྒྱུན་འཁྱོངས་མཐའ་འཁྱོལ་བྱེད་བཞིན་དུ་མཆིས་སོ།། དེ་ལྟར་ཨ་ཁུ་དཔོན་སེལ་གྱི་ཆོ་ག་སྤེལ་བའི་དངོས་གཞི་ལ་ཞུགས་པ་ན། འདོན་པའི་མགོ་འཛིན་ཅིང་ཁྲམ་ཤིང་གི་འདོན་མཚམས་ལ་སླེབས་ན་གོང་ནས་ངོ་སྤྲོད་གནང་ཟིན་པ་ལྟར། ཁྲམ་ཤིང་སྟེང་ཚེ་འདས་དེའི་ལོ་གྲངས་དང་སྨེ་བ་སྤར་ཁ། ལོ་སྐོར་བཅུ་གཉིས། རྒྱུ་སྐར་ཉེར་བརྒྱད་སོགས་ཀྱི་གྲངས་ངེས་སོ་སོར་འབྲི་བར་བྱེད་པ་ཡིན་ལ། མཚམས་མཚམས་སུ་འདོན་པའི་ནང་དོན་ལྟར་མདུན་གྱི་ཆུ་དཀར་ལ་སྔགས་ཕུ་བཏབ་ནས་བྱིན་གྱིས་བརླབས་པར་བྱེད་པ་དང་། ཡང་བསེ་རག་གི་རྟ་དང་ཁྲམ་ཤིང་མེར་སྲེག་རན་པའི་དུས་དེར་ཉེ་བ་ན། མཆོད་གཡོག་པ་ལ་དེའི་དོན་བརྡ་རུ་བསྟན་ན། མཆོད་གཡོག་པའི་གཙོ་བྱས་དེར་ཡོད་པའི་སྐྱེས་པ་རྣམས་ཀྱིས་ཁྱིམ་དེ་ཚང་གི་སྒོ་བྱ་སོགས་ནས་ཆ་མ་ཤོག་དང་ཤོག་ཁྱེར་ཡོང་སྟེ་ཐག་ཉེ་གཏན་འཁེལ་གྱི་ས་ནས་མེ་ཕུང་སྦར་བར་བྱེད་ལ། ཡང་དེ་དག་སྲེག་རན་དུ་སླེབས་པ་ན་མཆོད་གཡོག་པས་བསེ་རག་གི་རྟ་དང་ཁྲམ་ཤིམ་གཉིས་མེ་ཕུང་དེའི་ནང་ལ་འཕངས་ཏེ་བསྲེགས་པར་བྱེད་དོ།། དེ་ནས་འདོན་དཔེ་བཏོན་ནས་ཁྲུས་ཆོག་གི་མཚམས་ལ་ཐོན་ཡང་སྐར་མ་པ་ད་དུང་སླེབས་མི་འདུག་པ་ཡིན་ན། འདོན་པ་འདོན་པའི་ས་ནས་བཏོན་ཚར་ཐབས་རང་མི་བྱེད་པར། ཨ་ཁུ་དཔོན་གྱིས་འདོན་པ་རྣམས་ངེས་པར་མཚམས་བཞག་ནས་སྐར་མ་པ་རྣམས་ཐོན་རག་ཏུ་སྒུག་དགོས་པ་ཡིན་ལ། སྐར་མ་པ་སྔ་མ་སླེབས་པ་དང་། དཔོན་གྱིས་སེལ་དངོས་གཞིའི་ཆོ་གའི་མགོ་བཟུང་སྟེ་སེལ་གྱི་འདོན་པ་འདོན་ཞིང་། དེ་ཡང་འདོན་པ་དང་ཁྲུས་ཀྱི་བྱ་བ་གཉིས་དུས་མཉམ་ཡོང་དགོས་སྟབས། འདོན་པ་འདོན་པའི་ཞོར་དུ་མཆོད་གཡོག་ལ་རྡོ་དཀར་ནག་གཉིས་པོ་འཁྱེར་ཡོང་དགོས་པའི་བརྡ་བརྒྱབ་ན། མཆོད་གཡོག་དེ་མ་ཐག་འགྲོ་ཞིང་མི་གཞན་རོགས་ལ་བོས་པ་ཁྲིད་སོང་སྟེ་ཐབ་ཀྱི་མེ་རོའི་ནང་གི་རྡོ་དཀར་ནག་ཚ་པོར་གྱུར་པ་གཉིས་ཀ་བླངས་རྗེས། སྣོད་ཀྱིས་འཁྱེར་ནས་སྒོ་ཆེན་གྱི་མདུན་རོལ་གྱི་ས་ཁོད་ཡངས་པ་དང་ཆུ་འདམ་མི་ལངས་ས་ཞིག་ཏུ། རྡོ་ནག་སྔུན་ལ་རྡོ་དཀར་གཞུག་དང་། དེ་གཉིས་ཀྱི་བར་ལ་གོ་ས་བར་ཐག་ངེས་ཅན་ཡོད་པ་ཞིག་བྱས་ཏེ་འཇོག་པར་བྱེད། དེ་འཕྲོར་ཆུ་དཀར་ནག་གི་ཁྲུས་སྣོད་གཉིས་པོ་ཡང་འཁྱེར་ཡོང་ནས་རྡོ་ནག་ལ་ཆུ་ནག་དང་རྡོ་དཀར་ལ་ཆུ་དཀར་བྱས་ཏེ་ཁམས་མཐུན་ལྟར་རང་རང་གི་ཟླ་ལ་འཇོག་ཅིང་། ཁྱིམ་དུ་ཡོད་པའི་སྐྱེས་པ་རྒན་གཞོན་གང་ཡང་རུང་བ། ཉིན་དེར་པུར་དང་དམར་ལ་ལག་པས་མ་རེག་པ་གཉིས་ཀྱིས་ཆུ་དཀར་ནག་གི་ཁྲུས་ཆུ་སོ་སོར་ལྡུག་པའི་ལས་བྱེད་དགོས་པ་ཡིན། དེ་ལྟར་སྐར་མ་པ་རྣམས་སྔ་ཕྱིའི་གོ་རིམ་ལྟར་ཡོང་ནས་རྡོ་ནག་གི་མཐའ་བསྐོར་ཏེ་རུབ་བསྡད་ན། ཐོག་མར་སེལ་ལྕག་ནག་པོས་ལུས་སྟེང་ལ་ཆུ་ནག་བྲན་པར་བྱེད་པ་དང་མཉམ་དུ་ཐོམ་བུས་ལག་མགོར་ཆུ་ནག་བླུགས་པས་ཁ་ངོ་གཙང་མར་བཀྲུ་ཞིང་། བྱབས་ཁྲུས་ཀྱི་སྐབས་རྡོ་སྟེང་ལ་ཁྲུས་ཆུ་སྟོར་བ་ལས་བྱུང་བའི་རླངས་ལུམ་གྱིས་རང་གི་ལུས་ཡོངས་ལ་བདུག་པ་གང་ཐབས་ཀྱིས་བྱས་ཏེ་རླངས་ཁྲུས་ཡང་དག་པ་བྱེད་ངེས་ཡིན་ལ། རིམ་པ་དེ་ཚར་རྗེས་ཡང་དེའི་གོང་གི་རྡོ་དཀར་གྱི་ཁ་ལ་ཡོང་སྟེ་སྔ་མའི་རིམ་པ་ཇི་བཞིན་ཆུ་དཀར་གྱིས་བྱབས་ཁྲུས་དང་རླངས་ཁྲུས་ཡང་དག་པ་ཞིག་བྱེད་པ་ཡིན། ཁྲུས་དེ་གཉིས་ལ་སེལ་རྒྱག་པ་ཞེས་བྱ་བར་འབོད་ལ། ཡང་ན་རྡོ་དཀར་ནག་གི་ཁྲུས་སམ་ཆུ་དཀར་ནག་གི་ཁྲུས་ཞེས་ཀྱང་འབོད་སྲོལ་ཡོད་ལ། ཚིག་བསྡུས་པས་ཁྲུས་དཀར་ནག་ཅེས་ཀྱང་བྱའོ།། སྤྱིར་བོད་ཀྱི་ལུགས་ལ་དཀར་པོ་བཀྲ་ཤིས་པ་དང་ནག་པོ་བཀྲ་མི་ཤིས་པར་འབྱུང་གཉིས་འགལ་ཟླ་ལ་ངོས་འཛིན་པ་ལྟར། ཆུ་ནག་པོས་ཐུར་དུ་བཀྲུས་པ་དེས་མི་གཙང་བས་མི་གཙང་བ་ཐུར་དུ་བཤལ་བ་མཚོན་པ་དང་། ཆུ་དཀར་གྱིས་གྱེན་དུ་བཀྲུས་པ་དེས་དཀར་པོ་བཀྲ་ཤིས་པས་སྣོད་དེ་ཉིད་གཡང་དང་དཔལ་འཁོར་བའི་རྟེན་དུ་དག་གཙང་བྱས་པར་བཤད་དོ།། སེལ་གྱི་སྐབས་འདིར་ངན་པ་དུས་འཇོམས་དང་བཟང་བོ་སྨན་སྦྱོར་གྱི་མཚན་ཉིད་རིག་པའི་བསམ་བློ་ཞིག་ཀྱང་ནར་མར་ཐོན་ཡོད་པ་མཐོང་ཐུབ། ཁྲུས་དེ་ལ་ཕན་ཡོན་དེ་ལྟ་བུ་ཡོད་པའི་རྒྱུ་མཚན་གྱིས། སྐར་མ་པ་དུར་ཁྲོད་ནས་ཕྱིར་ལོག་སྐབས། ངོ་མ་ཅང་མི་ཤེས་པ་ཞིག་མ་ཡིན་གཤིས། སེལ་མ་བརྒྱབ་པར་ལམ་སྐེད་ནས་རང་ཁྱིམ་དང་ས་གཞན་ལ་གང་འདོད་དུ་འགྲོ་བར་མི་བྱེད་པར། རིལ་གྱིས་སྐར་མ་པའི་ཚོགས་དང་འགྲོགས་ཏེ་ཁྱིམ་དེར་ཡོང་ནས་རྡོ་དཀར་ནག་གི་ཁྲུས་དང་བཅས་པའི་གཙང་དག་གི་བྱ་བ་རྣམས་ལ་ངེས་པར་ཞུགས་པར་བྱེད་པ་ཡིན། དེའི་ཕྱིར། དགོང་མོར་དེའི་སྐར་མ་པ་རྣམས་སེལ་རྒྱག་པའི་ས་ལ་སླེབས་པ་ན། ཚང་མས་འཕྲོག་རྩོད་ཀྱིས་རྡོ་དཀར་ནག་གི་ཁྲུས་བྱས་ཏེ་རང་ལ་དག་གཙང་ཡང་དག་ཅིག་ཡོང་ཐབས་ལ་འབད་པར་བྱེད་དོ།། ཁྲུས་དེ་གཉིས་ནི་སྔ་གཞུག་གི་གོ་རིམ་ལྟར་བྱེད་དགོས་ལ། གོ་རིམ་དེ་ལྟར་མི་ནོར་བར་བྱེད་པ་ནི་གལ་ཤིན་ཏུ་ཆེ་བ་ཞིག་ཡིན། ད་ལྟ་སྐར་མ་པ་ལོ་གཞོན་ལ་ལས་ཚུལ་དེ་མ་ཤེས་པར་གོ་རིམ་འཆོལ་བ་དང་སྣ་གཅིག་ལ་མ་གཏོགས་ཁྲུས་མི་བྱེད་པ་ནི་གནས་དེ་ལ་རྨོངས་པའི་རྟགས་ཁོ་ནའོ།། དེ་ལྟར་རིམ་པ་དེ་གཉིས་བརྒྱུད་ཚར་བའི་སྐར་མ་པ་རྣམས། དེས་ཀྱང་གོང་དུ་ཡོང་སྟེ་མེ་ཕུང་ཆེན་པོ་སྦར་བའི་མཐའ་ཀ་རིང་ཐུང་བསྐོར་ཏེ་ཁ་ལག་སྲོ་བཞིན་དུ་ཅུང་ཙམ་གྱི་ཡུན་དུ་བསྡད་ན། མེ་གཡོག་བྱེད་པ་རྣམས་ཀྱིས་ཆ་མ་ཤོག་དང་ཤོག་བྱས་ཏེ་མེ་ཕུང་དུ་འཕེན་པར་བརྩོན་པ་དང་མཉམ་དུ། མེ་ཆེན་འབར་བའི་མེ་འོད་དང་མེ་ལྕེ་ཡིས་ནམ་མཁའ་བཀང་སྟེ་ཁྱིམ་དེའི་སྒོ་མདུན་གྱི་ས་ཁྱོན་ཆེན་པོར་མེ་འོད་ཀྱི་ཁྱབ་འགྲོ་ཞིང་། མེ་ལ་སྲོ་མཁན་རྣམས་མེ་ཕུང་གི་མཐའ་དང་རྒྱང་དུ་བཀྱེད་ནས་མ་བསྡད་པར་ཁ་ངོ་ཡང་སྲེག་ཡོང་སྙམ་པ་བྱེད་ལ། དེ་ལྟ་བུའི་ངང་ནས་སྐར་མ་པ་རྣམས་ཀྱིས་རང་རང་གི་ཁ་ངོ་དང་ལག་པ་ཁྲུས་ཀྱིས་རློན་པར་བྱས་པ་མེ་འོད་དང་མེ་ལྕེ་ལ་བསྲོས་ཏེ་སྐེམ་པར་བྱེད་པ་ཡིན། སྤྱིར་སྐར་མ་ལ་འགྲོ་མཁན་ནི་སྐྱེས་པ་ཕོ་ཞིག་ཡིན་དགོས་ཤིང་། ཁྱིམ་རེ་ནས་ཉུང་མཐའ་ཡང་ཞི་ལི་གཅིག་རེ་ཡོང་དགོས་ལ། ལོ་ཚོད་བཅོ་ལྔ་ཡན་ཏེ་བློ་ཕ་ལ་མི་འདྲི་བའི་དུས་སུ་སླེབས་པ་རྣམས་ནི་རང་རང་གི་ཁྱིམ་དེས་སྐར་མ་ལ་འཇུག་པ་དང་། མང་དུས་སྡུག་ཁྱིམ་གཅིག་ལ་སྐར་མ་པ་ཕོ་སྐྱེས་ཉིས་བརྒྱ་ལ་འབུད་པ་ཡོད་པ་དང་། ཉུང་ན་ཡང་ཁྱིམ་གཅིག་ཏུ་སྐྱེས་པ་ལྔ་བཅུ་དྲུག་ཅུ་ཙམ་ནི་རྒྱུན་ལྡན་དུ་སྐར་འགྲོ་བྱེད་མཁན་ཡོད་དོ།། དེའི་ཕྱིར་སྐར་མའི་དགོང་མོ་དེར་མེ་ཕུང་ཅུང་ཡུན་རིང་དུ་སྦར་དགོས་པ་དེའི་ཕྱིར། ཁྱིམ་དེས་ཆ་ཤིང་གི་ཤོག་མང་པོ་སྔོན་ནས་གྲ་སྒྲིག་ཚད་དུ་ལོང་བ་བྱེད་དགོས་པ་ཞིག་ཀྱང་ཡིན། དེ་བཞིན་སྐར་མ་པ་མང་བའི་དུས་སེལ་རྒྱག་པའི་བྱ་བ་ཡང་སྐར་མ་པ་སྔ་ཕྱི་བསྐོར་ཐེངས་དང་བསྐོར་ཐེངས་ལ་བགོས་ཏེ་བྱེད་པ་མཐོང་ངོ་།། སྡེ་འདིར་མེ་ཕུང་དེའི་སྟེང་འགོམ་སྟེ་འགྲོ་བའི་དཔེ་ནི་མེད་ལ། ཡུལ་འདིའི་དབང་དུ་བྱས་ན་མེ་ཕུང་དེ་ནི་གནས་སྐབས་སུ་སྐར་མ་པ་རྣམས་མི་གྲང་བ་དང་རློན་པ་སྐེམ་སླད་ཁ་ལག་སྲོ་བྱེད་དུ་སྦར་བར་བྱས་པ་ཙམ་དུ་མཐོང་ཡང་། རེབ་གོང་གི་ཡུལ་སོགས་ནས་མེ་ཕུང་དེ་ལ་འགོམ་ནས་འགྲོ་བའི་ལུགས་སྲོལ་ཡོད་པ་མཐོང་ངོ་།། སྤྱིར་ཡིན་ན་དེ་ལ་འགོམ་ཏེ་འགྲོ་བ་དེ་ལ་ནི་གནས་ལུགས་དང་མཐུན་པའི་ཆ་མཐོང་སྟེ། བོད་ཀྱི་ཡུལ་ཁམས་མང་པོས་རང་ཁྱིམ་ན་ནད་པ་ཡོད་པ་དང་བྱིས་པ་བཙས་མུར་ཡོད་དུས། མཚན་མོ་ཧ་ཅང་འཕྱིས་ཏེ་ཡོང་མཁན་ལ་མི་གཙང་བ་འགོག་ཆེད་དུ་སྒོ་ཆེན་ཁ་ནས་མེ་འབུད་པ་དང་མཐར་དེའི་སྟེང་དུ་ངེས་པར་ལྡིང་ནས་ཁྱིམ་དེར་ཡོང་བའི་ལུགས་སྲོལ་ནི་གང་ས་གང་ནས་མཐོང་ཐུབ་པའི་ཕྱིར་རོ།། འདིར་མེ་ཕུང་ལ་འགོམ་སྲོལ་མེད་པ་ནི་མེ་ཕུང་དེ་ཧ་ཅང་ཆེ་སྟབས་ཀྱིས་ཡིན་ཡང་སྲིད་སྙམ་ལ། འོན་ཀྱང་མེ་ལྕེ་བཙན་པོ་ལ་ལྡེ་བ་ཁོ་ནས་ཀྱང་ལུས་ཀྱི་ནད་གདོན་དང་བཙོག་གྲིབ་མ་ལུས་ཁོགས་པར་སྟོན་པའི་རིགས་པ་རྙེད་མི་ཐུབ་པ་ཡང་མ་ཡིན་ཏེ། བཙོ་དམར་སྐོལ་བའི་གནས་སྐབས་སུ་སྣུམ་ཟངས་སུ་མེ་ལྕེ་དྲག་ཏུ་འབར་བའི་མེ་ཤུགས་དང་ངར་དབལ་གྱི་མཐའ་ནས་བསྡད་དེ་བཞུས་ན་བསྒྲུབ་བྱའི་ལུས་སྟེང་གི་ནད་གདོན་གཞོམས་པར་བྱེད་པ་ཡང་མཐོང་ཞིང་། ནགས་ཚལ་གྱི་ཆ་རྐྱེན་ཡོད་པའི་ཡུལ་སྡེ་འགའ་ནས། མེ་ཕུང་དེ་ལ་ཤིང་གཞན་མི་ཆོག་པར་ངེས་པར་ལྷ་ཤིང་ཤུག་པ་དང་གསོམ་པའི་ཤིང་དུམ་བསྒོངས་དགོས་པ་དང་། སྔོན་དུ་དེ་ལྟ་བུ་གྲ་སྒྲིག་མེད་ན་དུས་དེར་རྫ་མགོ་ལ་མི་མངགས་ནས་འཐུ་བར་ཡིན་ཡང་འགྲོ་སྲོལ་ཡོད་ལ། ཡུལ་འདི་དག་ན་མེ་སྟེང་ལ་འགོམ་པའི་སྲོལ་མེད་ཀྱང་མེ་དེ་ལྷ་ཤིང་གི་མེ་ཕུང་ཡིན་དགོས་ལ་ལུས་ཕུང་ངེས་པར་དེ་ལ་སྲོ་བར་བྱེད་པའི་སྲོལ་ཡོད་པ་ཡང་མཐོང་ངོ་།།
དེ་ལྟར་མེ་ཕུང་ལ་ཁ་ལག་བསྲོས་ཚར་རྗེས་སྡུག་ཁྱིམ་གྱི་ཁ་མགོ་པ་རྣམས་ཀྱིས་གོ་རིམ་མ་ནོར་བ་ཡོང་ཆེད་འདི་ལྟར་བཀོད་སྒྲིག་བྱེད་པ་སྟེ། སྔོན་ལ་ས་ཐག་རིང་དང་སྲིབ་སྡེ་ནས་ཡོང་བའི་སྐར་མ་པ་རྣམས་ཁྱིམ་དེར་གདན་དྲངས་ནས་སྐར་ཟས་དང་སྐར་ཆུ་ལྡུད་པར་བྱེད་ལ། བར་དུ་རང་སྡེ་ནས་ཡོང་མཁན་སྐར་མ་པ་ཁྱིམ་དུ་ཁྲིད་པར་བྱེད་པ་དང་། ཆེས་མཐའ་མར་རང་གི་ཚོ་བ་དང་ཤ་ཉེ་རིང་། རུ་ཁ་ཁྱིམ་མཚེས་རྣམས་ལ་སྐར་ཟས་སྐར་ཆུ་ལྡུད་པར་བྱེད་པ་ཡིན་ནོ།། ཐག་ཉེ་རིང་གི་སྐར་མ་པ་སུ་ཡིན་ཡང་སྡུག་ཁྱིམ་དུ་འགྲོ་དུས། རྒྱ་སྒོའི་ལོགས་འགྲམ་དུ་མི་ཞིག་གིས་ལྕགས་ཁེམ་སོགས་ཀྱི་སྣོད་དུ་མནོལ་བསང་མེ་རོ་ལ་སྦར་ཏེ་དུ་བ་ལྷོག་ལྷོག་ཏུ་འཕྱུར་བ་བཟུང་ནས་སྒུག་བསྡད་ཡོད་ལ། སྐར་མ་པ་རྣམས་རེ་རེ་བཞིན་ངེས་པར་མནོལ་བསང་གི་དུ་བདུག་འཁྲིགས་པའི་ནང་བརྒྱུད་དེ་སྔ་གཞུག་གིས་སྡུག་ཁྱིམ་དེར་འགྲོ་བ་ཡིན། མནོལ་བསང་ནི་སྐར་མའི་དགོང་མོ་དེའི་ཆེས་མཐར་མཇུག་གི་དག་གཙང་གི་རིམ་པ་དེ་ཉིད་ཡིན་པའོ།། མནོལ་བསང་བདུག་སྟེ་ནང་དུ་ཡོང་བ་ན་སྐར་མ་པ་རྣམས་ཁྱིམ་དེར་གྲལ་ཤུར་བཅོས་པའི་སྟེང་དཀྱིལ་ཀྲུང་དུ་བསྡད་ནས་སྐར་ཟས་སྐར་ཆུ་འཐུང་བ་དང་སྐར་འབྱེད་སྟེར་བ་བླངས་རྗེས་ཕྱིར་རང་རང་གི་ཁྱིམ་དུ་ལོག་ཕེབས་ཆོག་པ་དང་། འདས་མཆོད་དེའི་སྐར་མའི་བྱ་བ་རྣམས་ཀྱང་གཞི་ནས་དེ་ལྟར་མཇུག་རྫོགས་པ་ཡིན། དེ་ཡང་ཨ་ཁུ་དཔོན་གྱིས་དེ་སྔ་ཁྲུས་ཆོག་གི་མགོ་བརྩམས་ཏེ་སྐར་མ་པ་མང་ཤས་ལ་སེལ་བརྒྱབ་ཚར་རྗེས་སུ་འདོན་པའི་མཇུག་བསྡུས་ཆོག་ལ། སྐར་མ་པ་རྣམས་དང་འདྲ་བར་སྡུག་ཁྱིམ་དེར་ཕེབས་ནས་སྐར་ཟས་མཆོད་ཅིང་སྐར་འབྱེད་དང་ཆོས་ཀྱི་ཡོན་རྣམས་བླངས་རྗེས་རང་ཁྱིམ་དུ་ཕྱིར་འགྲོ་བར་བྱེད་དོ།།