ཨ་མྱེས་སྲིན་པོའི་འབྲེལ་ཡོད་ངག་རྒྱུན་དང་བསང་ཡིག བོད་ཀྱི་དམངས་སྲོལ་རིག་པའི་འཕྲིན་སྟེགས་ལས་དྲངས།

ཨ་མྱེས་སྲིན་པོའི་འབྲེལ་ཡོད་ངག་རྒྱུན་དང་བསང་ཡིག བོད་ཀྱི་དམངས་སྲོལ་རིག་པའི་འཕྲིན་སྟེགས་ལས་དྲངས།

 

ངོ་སྤྲོད།

ཨ་མྱེས་སྲིན་པོ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་དང་ཁྲི་ཀ་གཉིས་ཀྱི་བར་མཚམས་ཀྱི་སྲིན་པོ་རི་བོར་གནས་ཡོད། གནས་རི་དེའི་མཐོ་ཚད་ལ་སྨི4614ཡོད། གཞི་བདག་དེ་ནི་རྟེན་ཕོ་ལྷ་ཡིན་ཞིང་ས་བརྒྱད་པ་ཐོབ་ཡོད་པར་གྲགས། དེའི་ཆ་བྱད་ནི་སྐུ་མདོག་དཀར་ཞིང་ཕྱག་གཡས་པར་མདུང་དར་འཕྱར་ཡོད་པ་དང་། ཕྱག་གཡོན་པས་ནོར་གྱི་གཞོང་བ་འཛིན་ཅིང་རིན་པོ་ཆེས་བཀང་བ་དང་། དབུ་ལ་དར་ལྔ་ཅན་གྱི་དབུ་ཞྭ་དང་ཞབས་ལ་སག་ལྷམ་གྱོན་ཡོད། སྐེད་པར་དཔའ་ཆས་ཀྱི་སྟག་རལ་དང་གཟིག་པགས་ཀྱིས་བརྒྱན་ཞིང་། རྟའི་སྒ་ནི་རིན་ཆེན་གསེར་གྱིས་སྤྲས་པ་དང་། རྟ་མཆོག་ངང་བ་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པར་བཅིབས་པ་ཞིག་ཡིན་པ་ལྷ་རི་སྐུ་ཕྲེང་བཞི་བ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་བསང་ཡིག་ལས་ཤེས་ཐུབ། དེ་ལ་མཆོད་ན་འདོད་དོན་འགྲུབ་པའི་དངོས་གྲུབ་མཆོག་སྟེར་བ་དང་། གདོན་བགེགས་ནད་རིགས་མྱུར་བར་ཞི་བ་དང་ཚེ་བསོད་རྒྱས་པ། དཔལ་འབྱོར་རིགས་རྒྱུད་འཕེལ་ཞིང་མི་མཐུན་དགྲ་རིགས་བཟློག་པ་སོགས་ཀྱི་ཁྱད་ཆོས་ཡོད།

 

ཨ་མྱེས་སྲིན་པོ་ནི་ལྷ་མཐུ་བོ་ཆེ་ཞིག་ཡིན་པར་མ་ཟད་དྲག་པོ་ཞིག་ཀྱང་ཡིན་ལ་སྔོན་ཆད་རྗེ་གསེར་ཁང་བ་ཚང་གིས་དཀར་ཕྱོགས་སུ་བསྒྱུར་བར་བཤད། ཨ་མྱེས་སྲིན་པོ་ནི་སྐུ་མདོག་དཀར་ཞིང་སྐུ་ལ་གསེར་གྱི་ཁྲབ་དང་གསེར་རྨོག་མནབས་ཡོད། གཡོན་པར་ལྕགས་ཀྱི་ཀྱོ་བ་དང་མདའ་གཞུ་རལ་གྲི་དང་བཅས་པ་གསོལ་ཞིང་རྟ་མཆོག་ངང་སེར་ལ་བཅིབས། རྟའི་སྐེ་ན་ཟློམ་གཉིས་དང་བཅས་ཡོད། ཟློམ་ནི་ཐོབ་དང་གོ་ས་མཚོན་པ་ཡིན། སྒོ་སྲུང་ལ་འཁོར་རྟ་ནག་ཅན་ཡོད་པ་ཡིན།

 

འབྲེལ་ཡོད་ངག་རྒྱུན།

ངག་རྒྱུན་ཁག་དང་པོ།

སྔོན་དུས་རྗེ་བཙུན་གསེར་ཁང་རིན་པོ་ཆེ་ཚང་ས་ཆ་འདིར་ཕེབས་ནས་མཚར་ལུང་བྲག་ཁུང་ཞེས་པར་མེ་ཏོག་བཅུད་ལེན་ལ་བཞུགས་སྐབས། ཨ་མྱེས་སྲིན་པོ་འདིས་མི་མངོན་པའི་དབྱིངས་ནས་རྫུ་འཕྲུལ་གྱིས་རྗེ་བཙུན་གསེར་ཁང་རིན་པོ་ཆེ་ཚང་ལ་ཉིན་རེ་བཞིན་ཞོ་མཆོད་འབུལ་མྱོང་བའི་ངག་རྒྱུན་ཡོད།

 

 

ངག་རྒྱུན་ཁག་གཉིས་པ། 

སྲིན་པོ་རྫ་འདི་ནི་སྨན་རི་ཞིག་ཡིན་པས། འདིའི་སྟེང་གི་རྩྭ་སྐྱེས་སྐྱེས་ཐམས་ཅད་སྨན་རྩྭ་ཡིན་པར་གྲགས་ཤིང་། འདིར་མཚོ་འཁྱིལ་སྒང་ཟེར་བའི་སྒང་ཞིག་ཡོད་པ་དེ་ནི་ཨ་མྱེས་སྲིན་པོའི་སྨན་ཁུག་ཡིན་པའི་བཤད་ཚུལ་ཡོད་ལ། དེང་སང་ཡང་གནས་འདིར་མྱང་རྩི་སྤྲས་དང་། མེ་ཏོག་གངས་ལྷ། ཀླུ་བདུད་རྡོ་རྗེ། ཏང་ཀུན་སོགས་སྔོ་སྨན་གྱི་རིགས་མང་པོ་ཡོད། དེ་མིན་ད་དུང་གླ་བ་དང་རྫ་ཁའི་གོའུ་ཡག་སོགས་རི་སྐྱེས་སྲོག་ཆགས་དཀོན་པོའང་ཡོད་ལ། ཆུའི་ཐོན་ཁུངས་ཀྱང་འཛོམས་པོ་ཡིན་པ་བཅས་ཀྱིས། རི་བོ་འདི་ནི་ཁྲི་ཀའི་མཛེས་ལྗོངས་བརྒྱད་དུ་གྲགས་པ་ལས་ཤར་རྫ་རིའི་སྨུག་སྤྲིན་ཆར་དུ་སྙིལ་ཞེས་སུ་བསྔགས་པའི་ལྗོངས་རྒྱུའི་གནས་སྐོར་བྱེད་ས་ཞིག་ཀྱང་ཡིན་ནོ། །

 

ངག་རྒྱུན་ཁག་གསུམ་པ།

སྲིན་པོའི་ཕར་འཁོར་ན་ཁོང་གི་རྨོག་དང་རྟ་ར་གོང་ཞོལ་གསུམ་ཡོད། སྔོན་ཞིག་ལ་ང་ཚོའི་རྒན་པོ་ཞིག་ཨ་མྱེས་སྲིན་པོའི་རྟ་རའི་སར་བརྒྱུད་སྐབས་སྨུག་པ་ཡང་འཐིབས་ཡོད། གནས་འདིར་མངོན་སུམ་དུ་མཐོང་སྣང་ལ་རྟའི་ཁ་ར་རྡོ་བ་བསྒྲིགས་ཡོད་ཅིང་། ས་དེར་ད་དུང་རྟའི་རྟུག་པ་སོགས་མཐོང་རྒྱུ་ཡོད། ཅུང་ཙམ་གྱིས་སྔོན་གྱི་རྟའི་ཁ་ར་སོགས་ཅི་ཡང་མི་མཐོང་བར་མ་ཟད་ཤུལ་ཡང་མི་ཤེས། རྟ་རའི་མཐའ་ནི་རི་དང་དཀྱིལ་ན་ཆུ་སོགས་ཡོད། ཁོང་གི་རྨོག་ནི་ཨ་བསྟན་ས་ཆ་ན་ཡོད་པས་ཨ་བསྟན་རྨོག་ཟེར། རྫ་དཀར་པོ་ནི་རི་དེ་ལ་རྩེ་མོ་གསུམ་ཅན་གྱི་རྫ་མདོག་དཀར་པོ་ཡིན་པས་དེ་ལྟར་ཐོགས་པ་དང་རྫ་གསེང་ན་བྲག་དཀར་ཡོད་པའི་རྒྱུ་མཚན་གྱིས་སོ། །  རྡེའུ་རུང་གོང་ཞོལ་སོགས་ཀྱི་ས་མིང་ངོ་མཚར་བ་དག་ཡོད་པས་གནས་དེར་འགྲོ་མ་ཐུབ། 

ཨུ་ཟུར་ཉག་ཁ་ནས་ཚུར་ཡོང་ན་བྲག་རྒྱ་སྒོ་ཟེར་བ་ཨ་མྱེས་སྲིན་རྒན་གྱི་སྒོ་ཆེན་ཡིན་ཞིང་དེ་ནི་ཁྲི་ཀའི་ཕྱོགས་སུ་ཡོད།  སྲིན་པོའི་རྟ་ར་ལྷས་རྒན་ནི་སྲིན་པོའི་འཁོར་སོགས་ཀྱི་རྟ་འཚོ་ས་ཡིན་ཟེར་སྲོལ་ཡོད་པ་དེ་ལ་ངོ་མཚར་ཤིན་ཏུ་ཆེ།

མཆན།  ཁྲི་ཀ་འཕྲང་དམར་ཆོས་ཚའི་འབུམ་ཕྱུག་ནས་གསུངས་པ་ཞིག་ཡིན།

 

ངག་རྒྱུན་ཁག་བཞི་བ། 

སྤྱིར་ཡིན་ན་ཨ་མྱེས་སྲིན་པོ་ནི་སྲིན་པོའི་ཡུལ་ནས་འོངས་པར་བཤད་ཅིང་།  སྔོན་ཆད་སྲིན་པོའི་གནས་བདག་ནི་ནག་ཕྱོགས་པ་ཞིག་ཡིན་སྟབས་རྗེ་གསེར་ཁང་བ་ཚང་གིས་དཀར་ཕྱོགས་སུ་བསྒྱུར་བར་བཤད་པ་རེད། དེ་ནས་བསང་ཡིག་དང་ཁོང་གི་སྤྱི་མཚན་ལ་སྲིན་པོ་པདྨ་དབང་སྡུད་ཞེས་གསོལ་བ་ལགས་སོ། །

 

ཨ་མྱེས་བྲག་དཀར་དང་ཨ་མྱེས་སྲིན་པོ་གཉིས་འདུམ་འགྲིག་མ་བྱུང་བས་ཨ་མྱེས་སྲིན་པོའི་དབུ་ཞལ་ཕར་རོང་བོ་སར་འཁོར་བར་བཤད། སྔོན་ཆད་ཨ་མྱེས་བྲག་དཀར་གྱིས་སྲིན་པོ་ལ། ངས་ཁྱེད་ཆུ་རྔ་མར་ཡོང་དུ་མི་འཇུག་ཟེར།  ཨ་མྱེས་བྲག་དཀར་ལ་སྲིན་པོས་ངས་ཁྱེད་ཀྱི་མགོ་ནས་དབྱར་དགུན་མེད་པར་ཁ་བ་བཞུ་མི་ཐུབ་པར་བྱ་གསུངས་པའི་ངག་རྒྱུན་ཞིག་འདུག་ཅིང་འདི་ལ་ཁོང་རྣམ་པ་གཉིས་ཇི་ལྟར་མི་འགྲིག་པ་མི་ཤེས། རྙེ་དགོན་པའི་ཤིང་ནི་ས་ཕྱོགས་འདི་རུ་བཅད་ནས་དགོན་པ་བཞེངས་ཟེར། སྲིན་པོའི་ཕར་འཁོར་ནགས་ཀྱི་རྫོང་ཆེན་པོ་ཡོད་པ་ཡང་ནགས་ཚལ་སོགས་ཀྱང་སྲིན་པོའི་ཕྱོགས་སུ་སོང་བར་བྱེད་པའི་ངག་རྒྱུན་ཞིག་ཀྱང་འདུག་གོ །

 

མཆན།  ཁྲི་ཀ་འཕྲང་དམར་ཨོའུ་རོང་གི་ལྷ་འབུམ་ཚེ་རིང་ནས་གསུངས་པ་ཞིག་ཡིན། གཞན་གོང་གི་ངག་རྒྱུན་འདི་གཉིས་ལས་གཞན་ད་དུང་ངག་རྒྱུན་མང་པོ་ཞིག་ཡོད་པས་འདིར་མ་འཁོད་པ་ཡིན།

 

བསང་ཡིག་གི་སྐོར།

བསང་ཡིག་ཁག་དང་པོ།

ཨ་མྱེས་སྲིན་པོའི་བསང་མཆོད།

དང་པོ། ཀྱེེ། སྟེང་ན་ཆུ་འཛིན་དཀར་པོ་ཞ་ལྟར་མཛེས། ། ཕུ་ན་བརྗིད་ཆགས་ཤེལ་དཀར་ལྷུན་པོས་མཛེས། ། འདབས་ན་རྨ་ཆུ་སྔོན་མོ་དལ་གྱིས་འབབ། ། བར་དུ་དགེ་མཚན་གཡང་དུ་འཁྱིལ་བའི་དབུས། ། རབ་མཛེས་གངས་ཀྱི་ལྷུན་པོ་བརྗིད་ཆགས་ཅན། ། རྩ་བར་ནགས་ཚལ་ཆུ་བོ་ལྷུང་ལྷུང་འབབ། ། ཕྱོགས་མཚམས་བཀྲ་ཤིས་རི་ཕྲན་དུ་མས་བསྐོར། ། ཕྱི་བལྟས་ས་འཛིན་དཔའ་བོའི་རྣམ་པ་ལ། ། ནང་དུ་རིན་ཆེན་ལས་གྲུབ་ཕོ་བྲང་ཆེ། །གསེར་གཡུའི་རྒྱ་ཕིབས་ནོར་བུའི་ཏོག་གིས་མཛེས།། ཁོར་ཡུག་ཡིད་འོང་འདོད་རྒུའི་སྤྲིན་ཕུང་འཁྲིགས། ། མཛེས་ཤིང་བརྗིད་པའི་གཞལ་མེད་ཁང་བཟང་ནས། ། སྐྱེས་ལྷ་སྲིན་པོ་འཁོར་བཅས་འདིར་གཤེགས་ཤིག །

 

གཉིས་པ་དམངས་ཁྲོད་དུ། ས་འཛོམས་པོ་ཁྲི་ཀའི་ས་ཆ། ། སྐྱིད་ཀྱི་ཉི་མ་དྲོ་ས། ། སྡུག་གི་མུན་པ་མེད་ས། ། དུས་བཞིའི་དབྱེ་བ་གསལ་ས། ། རྨ་ཆུ་སྔོན་མོ་དྭངས་ས། ། འབྲུ་རིགས་སྣ་ལྔ་སྐྱེས་ས། ། གཡུ་ལོའི་ལྡིང་ཁང་སྐྱིད་ས། ། འཇོལ་མོའི་དྲུག་འགྱུར་སྙན་ས། ། མེ་ཏོག་གིས་མཆོད་པ་བཤམས་ས། ། སིལ་ཏོག་གི་འབྲས་བུ་སྨིན་ས། ། རི་མགོ་གངས་ཀྱིས་བརྒྱན་ས། ། རེ་སྐེད་སྨུག་གིས་འཛིན་ས། ། རི་རྟིང་ཆུ་ཡིས་བསྐོར་ས། ། བྱ་རྒོད་པོ་མཁའ་ནས་ལྡིང་ས། ། གླག་རོག་མོ་གཟན་ལ་བཅུམ་ས། ། ཤྭ་བརྒྱད་པས་རུ་ལག་ངོམ་ས། ། ས་བརྒྱད་པ་ཐོབ་པའི་གཞི་བདག ། སྐྱེས་ལྷ་ཨ་མྱེས་སྲིན་རྒན། ། མ་རིག་ས་ནས་མིག་ཉན་དགོས། ། མ་ཤེས་ས་ནས་སེམས་ཉན་དགོས། ། ཞེས་མཆོད་གསོལ་བྱེད་བཞིན་ཡོད་པའོ། ། ཨ་མྱེས་སྲིན་པོ་ཞེས་པའི་ཡུལ་ལྷ་གཞི་བདག་འདི་ནི་ཡུལ་ཕྱོགས་འདིའི་མགོན་སྐྱབས་ཡིན་པ་དང་། ཨ་མྱེས་རྨ་ཆེན་གྱི་འཁོར་ལ་གཏོགས་ཤིང་། ལྷ་ཀླུ་གཉན་གསུམ་ལས་གཉན་གྱི་གྲས་སུ་འཇོག་དགོས་པའོ། །

 

 

བསང་ཡིག་ཁག་གཉིས་པ།

ཨ་མྱེས་སྲིན་རྒན་པད་མ་དབང་སྡུད་ཀྱི་གསོལ་མཆོད་བཞུགས་སོ། །

ཀྱཻ།  སྔོན་གྱི་བསྐལ་བ་དང་པོ་ལ། ། དུས་གསུམ་སངས་རྒྱས་སྤྱན་སྔ་རུ། ། བསྟན་པ་སྲུང་བའི་གཞི་བདག་ཆེ། ། བདུད་འདུལ་གཏུམ་པོ་འཕྲོག་བྱེད་ཆེ། ། ཡུལ་ས་ཀུན་གྱི་རྒྱལ་བོ་ནི། ། རིག་འཛིན་ཀུན་གྱི་བཀའ་སྲུང་ཡིན། ། རྣལ་འབྱོར་ཀུན་གྱི་ཆོས་སྐྱོང་ཡིན། ། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། ། ཁྱེད་ཀྱི་རྫུ་འཕྲུལ་བསམ་མི་ཁྱབ། ། ལྷོ་ཕྱོགས་སྲིན་པོའི་ཁ་གནོན་མཛད། ། གསེར་ཁྲབ་སེར་པོ་ལུས་ལ་གྱོན། ། དབུ་ལ་གསེར་གྱི་མོག་ཞྭ་མནབས། ། ཕྱག་ན་རྦ་ལྕག་སེར་པོ་ཕྱར། ། བཅིབས་སུ་ངང་བ་སེར་བོ་ཆིབས། ། གསེར་ཁྲབ་གཡུ་མཐུར་སི་ལི་ལི། ། གསེར་འོད་སྒ་སྟན་ལྷབ་སེ་ལྷབ། ། གསེར་སྒ་སེར་བོ་བང་སེ་བང་། ། གསེར་གྱི་ཡོབ་ཆེན་ཁྲ་ལ་ལ། ། མུ་ཏིག་གོང་རྨེད་ཀྱིག་སེ་ཀྱིག ། སྲིན་པོ་ཐམས་ཅད་ཟིལ་གྱིས་གནོན། ། གསེར་གྱི་ཁྲབ་ཅན་སྟོང་གིས་བསྐོར། ། ཁྱེད་ལ་གང་མཆོད་རྣམས་ཀྱི་མགོན་སྐྱབས་ཡིན། ། མཆོད་པའི་གནས་འདིར་གཤེགས་སུ་གསོལ། ། སྲིན་པོ་རི་ལ་སོགས་ཟིལ་གྱིས་གནོན། ། བདུད་འདུལ་ས་བདག་ཀླུ་གཉན་བསངས། ། བསང་དང་མཆོད་པ་འདི་བཞེས་ལ། ། ཁྱེད་རྣམས་མཉེས་ཤིང་ཚིམ་གྱུར་ནས། ། བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །  ཧྲཱིཿ  སྐྱབས་གསུམ་ངོ་བོ་བླ་མའི་སྐྱབས་འོག་ནས། ། ཡི་དམ་ལྷ་ཡིས་བྱིན་རླབས་སྲུང་མ་ཡིས། ། དེ་རིང་རྣལ་འབྱོར་བདག་གི་དགྲ་ལྷ་མཛོད། ། འཇིག་རྟེན་འདས་དང་མ་འདས་དགྲ་ལྷ་བསྟོད། ། བསྟོད་དོ་མཐུ་རྩལ་བསྐྱེད་ལ་རུ་མཚོན་ཕྱོར། ། དགྲ་ལྷ་གཉན་པོ་སྐད་ཅིག་མ་འབྲལ་བར། ། འགྲོ་འམ་འདུག་ཀྱང་ཁ་འཛིན་རྒྱབ་རྟེན་མཛོད། ། མ་གཡེལ་དྲན་པ་རྩུབ་མོས་འགོག་པའི་འཕྲིན་ལས་བསྒྲུབས། ། ཕྱོགས་བཅུའི་ཞིང་ནས་ཕུན་ཚོགས་གཡང་ཆགས་རྣམས། ། ཐམས་ཅད་དེ་རིང་འདི་རུ་གཡང་ལ་བྱོན། ། བླ་མ་ཡི་དམ་སྲུང་མའི་ཚོགས་རྣམས་ཀྱིས། ། བཀྲ་ཤིས་བདེ་ལེགས་དངོས་གྲུབ་ཐམས་ཅད་སྩོལ། །  ཀྱཻ།   འདིར་བྱོན་མགྲོན་རིགས་ལྷ་ཚོགས་རྣམས། ། མཆོད་པའི་མཉེས་ནས་དངོས་གྲུབ་སྩོལ། ། སླར་ཡང་འབྱོན་ལ་དེ་རིང་དུ། ། འཇིག་རྟེན་འདས་པའི་མགྲོན་རིགས་རྣམས། ། རང་རང་སོ་སོའི་གནས་སུ་བཤེགས། །  རྗེ་གསེར་ཁང་བས་སྲིན་རྒན་གྱི་ཞལ་མངོན་སུམ་དུ་གཟིགས་པས་གསོལ་མཆོད་འདི་སྦྱར་བའོ། །