༄༅། །སྨད་ཀྱི་ཕྱོགས་སུ་གནས་ཆེན་ཉེར་ལྔ་སྟེ་མདོ་བྱང་རབ་ཏུ་བསྟན་ཏེ་འདིར་བཤད་བྱ། བོད་ཀྱི་ས་ཕྱོགས་ལྷོ་ཟླ་ཞེས་བྱ་རུ༔ སྐྱོ་ཞེས་བྱ་བ་དུང་སེང་གནམ་མཆོངས་འདྲ༔ གནས་ཀྱི་ལྟེ་བ་སེང་གེ་རྫོང་ཞེས་བྱ༔ ཨོ་རྒྱན་པདྨ་བདག་གིས་ཟླ་གསུམ་བསྒྲུབ༔ ཕུག་པའི་སྒོ་རུ་གྲུབ་རྟགས་ཞབས་རྗེས་ཡོད༔ གཡས་ཀྱི་བྲག་ལ་ཐུགས་རྗེ་ཆེན་པོ་དང༔ གཡོན་གྱི་བྲག་ལ་རྡོ་རྗེ་ཕག་མོ་བཞུགས༔ གཡས་གཡོན་དབུས་གསུམ་ཨོཾ་གྱི་ཚུལ་དུ་གནས༔ བོད་ཡུལ་སྤྱི་ལ་དགོས་པའི་གཏེར་གསུམ་སྦས༔ སོ་སོར་དབང་བའི་གཏེར་ཁ་ཉི་ཤུ་སྦས༔ གང་འདོད་འདོན་པར་རུང་བའི་གཏེར་བཅུ་སྦས༔
༄༅། །དེ་ལ་མདོ་ཁམས་གནས་ཆེན་ཉེར་ལྔའི་ཐོག་མ་སྐུའི་གནས་ཀྱི་གཙོ་བོ་སྐྱོ་ཞེས་བྱ་བ་རྫ་ཆུ་ཕ་རི་སྐྱོ་བྲག་སེང་གེ་རྫོང་ཡོངས་གྲགས།
༄༅།།ན་མོ་གུ་རུ་པདྨ་རཱ་ཛ་སརྦ་སིདྡྷི་ཧཱུྃ།དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་མེས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་རྣམ་པར་འཕྲུལ་བ་དཔལ་ལྡན་སངས་རྒྱས་པདྨ་ལས་འཁྲུངས་པ་དེ་ཉིད་ཀྱི་ཞབས་ལ་ཕྱག་འཚལ་ཞིང་ཉེ་བར་སྐྱབས་སུ་མཆིའོ། །དུས་རྣམས་ཀུན་ཏུ་ཐུགས་བརྩེ་ཆེན་པོས་སྐྱོང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། རྒྱལ་བའི་རྒྱལ་ཚབ་པདྨ་འབྱུང་གནས་ཀྱི། །རྣམ་འཕྲུལ་རིག་འཛིན་མི་འགྱུར་རྡོ་རྗེ་ཡི། །ཁམས་ཀྱི་སྤྱི་འབྱམས་གནས་ཀྱི་ཞལ་གཟིགས་རྣམས། །དུས་ལས་མ་ཡོལ་རྟེན་འབྲེལ་འཛོམས་པས་བཀོད། །གནས་སྲུང་དགེ་བསྙེན་ཆེན་པོས་རྒྱ་གྲོལ་མཛོད། །དེ་ཡང་ཨོ་རྒྱན་རིན་པོ་ཆེ་བོད་དུ་ཕེབས་ནས་ས་གཞི་རྟ་རྨིག་ཙམ་མ་ལུས་པ་ཞབས་ཀྱིས་བཅགས། ཁྱད་པར་དུ་བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་ཕྱོགས་བཞིར་སྦས་པའི་ཡུལ་ཆེན་པོ་བཞི། གངས་ཆེན་ཉི་ཤུ་རྩ་གཅིག་སྒྲུབ་གནས་བརྒྱ་དང་རྩ་བརྒྱད་ལ་སོགས་པ་རྣམས་སུ་སྒྲུབ་པ་མཛད་པའི་རབས་ནི། བཀའ་ཐང་རྣམས་ལས་གསལ་བར་འབྱུང་ལ། ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ལས། ལ་ལར་སངས་རྒྱས་རྣམས་ཀྱི་སྤྲུལ་པ་ནི། །ས་རྡོ་རི་བྲག་ལམ་འཕྲང་ལ་སོགས་སུ། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རང་བྱུང་འབྱོན། །དེ་མཐོང་ཐོས་དང་གང་འབྲེལ་ངན་སོང་མེད། །ཕྱོགས་ནི་མ་ངེས་ཕྱོགས་མཚམས་ཀུན་ལ་སོགས། །ཉེ་རིང་མེད་ཕྱིར་ཀུན་ཏུ་འབྱོན་པར་འགྱུར། །དེ་བཞིན་དུས་ནི་མ་ངེས་འབྱོན་པར་འགྱུར། །ཡུལ་ལ་ཚད་བཟུང་མེད་དེ་འཁོར་མཐའི་བར། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་གསེར་གྱི་ཕྲེང་བ་རཏྣ་གླིང་པའི་གཏེར་མ་ལས། མཆིམས་ཕུས་སྣ་དྲངས་བོད་ཀྱི་ཡུལ་གནས་མ་ལུས་པ། གངས་ཏི་སེ་མན་ཆད། ཁམས་གཙང་བ། ལྕིན་བྲག རྒྱ་ནག་རི་བོ་རྩེ་ལྔ། གན། འཇང་། ཧུ་དང་། མི་ཉག ཧོར། ལི་ཡུལ། གྲུ་གུ། ཀོང་པོ། རྒྱ་ལ། མོན་སྟག་སྒོ། བུམ་ཐང་། སྤ་གྲོ་ལ་སོགས་ཐམས་ཅད་དུ་སྒྲུབ་གནས། གཏེར་ཁ་ས་གཞི་ཐམས་ཅད་བྱིན་གྱིས་བརླབས་ཤིང་འགྲོ་བ་ཐམས་ཅད་སྨིན་གྲོལ་ལ་བཀོད་དོ། །ཞེས་སོགས་གསུངས་པའི་ཕྱིར། བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་ཨོ་རྒྱན་ཆེན་པོས་བྱིན་གྱིས་བརླབས་པའི་ལུང་པ་ལྔ། ལྗོངས་གསུམ། གླིང་བཞི། གངས་ཆེན་ཉི་ཤུ་རྩ་གཅིག གྲུབ་པའི་གནས་བརྒྱད། ངོ་མཚར་བའི་གནས་མཆོག་ཉི་ཤུ་རྩ་ལྔ། གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་དང་རྩ་གཉིས་ཡོད། དེ་རྣམས་སུ་སྐུ་ཚབ་བྱིན་བརླབས་ཅན་རྣམས། གསུང་ཚབ་ཤོག་སེར། ཐུགས་རྟེན་མཆོད་རྟེན་དང་རིང་བསྲེལ། ཡོན་ཏན་གྱི་རྟེན་ནོར་བུའི་རིགས་བྱེད། ཕྲིན་ལས་མྱོང་གྲོལ་དམ་རྫས་ཀྱི་གཏེར་ཁ་མང་དུ་སྦས་ནས་ཡོད་དོ། །གནས་དེ་རྣམས་ཀྱིས་ནང་ནས་ཁྱད་པར་མཆོག་ཏུ་གྱུར་པ། གྲུབ་པའི་གནས་བརྒྱད་ཀྱི་ཡ་གྱལ་ཟླ་སྤྱི་འབྱམས་ཀྱི་གཡས་ཕྱོགས། བྲག་སེང་གེ་གནམ་མཆོངས་ཞེས་ཀྱང་བྱ། རི་བོ་གར་མཛད་ཅེས་ཀྱང་བྱ་བ་དེའི་གནས་སྒོ་ཇི་ལྟར་ཕྱེས་པའི་ལོ་རྒྱུས་ནི། སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ཞེས། གཏེར་ཁ་དུ་མ་ནས་ལུང་བསྟན་ཅིང་། བྱང་བར་བཀའ་ཐང་འབྲིང་པོ་ལས། རྡོ་རྗེ་ནང་དམེ་དམག་འཁྲུག་བྱེད་པའི་ཡུལ། །གཙུག་གི་བླ་མཆོད་སྤྱི་ཡི་དཔོན་དུ་འགྱུར། །མཐུ་དང་དུག་ནད་ནང་འཁྲུགས་དར་བའི་དུས། །རྟེན་མཆོད་རང་བྱོན་སྤྱི་འབྱམས་ཞེས་བྱའི་གནས། །གཡས་རི་བྲག་དཀར་གནམ་མཆོངས་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང་། །གཏེར་སྟོན་མི་འགྱུར་རྡོ་རྗེ་ཞེས་བྱ་འབྱོན། །ཁམས་ཕྱོགས་ཀྱི་གཏེར་ཁ་བརྒྱ་ལ་དབང་། །ཞེས་དང་། རཏྣ་གླིང་བའི་ལུང་བསྟན་ལས། ཁམས་ཀྱི་སྤྱི་འབྱམས་ཞེས་བྱ་དེར། །གཏེར་སྟོན་མི་འགྱུར་རྡོ་རྗེ་འབྱོན། །གནས་མཆོག་དེ་ཡི་གཏེར་རྣམས་འདོན། །ཁམས་ཀྱི་གཏེར་ཁ་བརྒྱ་ལ་དབང་། །གནས་མཆོག་དེ་ཡི་གཡས་ཕྱོགས་ན། །ཐང་ཆེན་མཎྜལ་ཕུབ་པ་འདྲ། །དབུས་སུ་རི་རྒྱལ་ལྷུན་པོ་ནི། །དུང་དཀར་གཡས་སུ་འཁྱིལ་འདྲ་ཡོད། །རྒྱ་གར་བྱ་རྒོད་སྤུངས་པ་འདྲ། །པདྨ་ང་ཡི་གནས་མཆོག་ཡིན། །ཞེས་དང་། རིག་འཛིན་གཏེར་བཞེད་སྙིང་པོའི་བསམ་ཡས་རྡོ་རྗེའི་ཀློང་སྒྲོམ་གྱི་ལུང་བྱང་ལས། ཆེ་མཆོག་ཤུད་བུ་དཔལ་སེང་ཁྱོད། །ཤར་གྱི་ཕྱོགས་ནས་བདུད་འདུལ་རོལ་རྩལ་ཞེས། །