Skip to main content Skip to search
ཁྲི་ཀའི་ཇོ་བོ་དང་ས་པཎ་ཀུན་དགའ་རྒྱལ་མཚན།

ཁྲི་ཀའི་ཇོ་ཇོ་ལྷ་ཁང་ནི་ད་ལྟའི་ཁྲི་ཀའི་རྫོང་མཁར་ཤར་ཕྱོགས་ཀྱི་སྤྱི་ལེ་གཉིས་ཙམ་གྱི་མཚམས་སུ་ཡོད། རྟེན་གྱི་ཐོག་མ་བཞེངས་པ་པོ་ལ་བཤད་ཚུལ་མི་འདྲ་བ་འགའ་ཡོད་མོད། ས་གནས་དམངས་ཁྲོད་དུ་ཡོངས་གྲགས་སུ་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པར་བརྗོད་ལ།ཆོས་འབྱུང་ལོ་རྒྱུས་རེ་གཉིས་སུའང་ལོ་ཚིགས་ཀྱི་གསལ་ཁ་མེད་པའི་ཟིན་བྲིས་ཙམ་འདུག་པས། ང་ཚོས་དམངས་ཁྲོད་རིག་གནས་དང་ས་པཎ་རིན་པོ་ཆེ་ཡི་ལོ་རྒྱུས་ལ་ཅུང་ཙམ་དཔྱད་དེ་གླེང་ན།

ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་ནི། བོད་རབ་བྱུང་གསུམ་པའི་ཆུ་སྟག་སྟེ། སྤྱི་ལོ་༡༡༨༢ལ་ཡབ་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཅུང་དཔལ་ཆེན་འོད་པོ་ཆེ་དང་། ཡུམ་མ་གཅིག་གུར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཆུང་དུས་ཀྱི་མཚན་ལ་དཔལ་ལྡན་དོན་གྲུབ་ཞུ་ཞིང་། སྐུ་ཤིན་ཏུ་གཞོན་པའི་དུས་ནས་ཡབ་ཀྱི་དྲུང་དུ་འབྲི་ཀློག་དང་གསང་སྔགས་ཀྱི་དབང་ཁྲིད། གསོ་བྱེད་ཀྱི་མན་ངག་སོགས་ཤེས་བྱའི་གནས་དུ་མར་སྦྱངས་བརྩོན་གནང་། རྗེས་སུ་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་ལ་ཀུན་དགའ་རྒྱལ་མཚན་དུ་གསོལ་སྟེ་ཡབ་མེས་ཀྱི་གཞུང་ལུགས་མ་ལུས་པ་ཐུགས་སུ་ཆུད་པར་མཛད། གཞན་དགེ་བཤེས་ཁུ་སྟོན་དང་། མཚུར་སྟོན་གཞོན་ནུ་སེང་གེ་སོགས་སློབ་དཔོན་དུ་བསྟེན་པ་དང་། དགུང་ལོ་ཉེར་གསུམ་པ་བོད་རབ་བྱུང་གསུམ་པའི་ཤིང་བྱི་སྟེ། སྤྱི་ལོ་༡༢༠༤ལ་ཁ་ཆེ་པཎ་ཆེན་ཀྰཀྱ་ཤྲི་བོད་དུ་ཕེབས་པ་དང་མཇལ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ། ཚད་མ་འདུལ་བ་མངོན་པ་མདོ་སྡེའི་སྐོར་གྱི་ཟབ་ཆོས་མ་ལུས་པར་གསན་ཏེ་སྒྲ་ཚད་སོགས་གནས་བཅུ་ཀུན་ལ་མཁས་པའི་དབང་བོར་གྱུར།

བོད་རབ་བྱུང་གསུམ་པའི་ས་བྱ་སྟེ་སྤྱི་ལོ་༡༡༨༩ནས་མོང་གོལ་མི་རིགས་ཀྱི་རྒྱལ་པོ་ཇིང་གེར་ཧན་གྱིས་སྲིད་དབང་བཙུགས་པ་བརྒྱུད། ཨེ་ཤི་ཡའི་ཤར་ཕྱོགས་ཀྱི་བཙན་རྒྱལ་ཆེན་པོ་བསྐྲུན། བོད་རབ་བྱུང་བཞི་བའི་ཤིང་རྟ་སྟེ་སྤྱི་ལོ་༡༢༣༤ལ་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཐའི་ཙུང་ཨོ་གོ་ཏའི་བུ་ཆུང་བ་གོ་དན་གྱིས་སྲིད་དབང་བཟུང་རྗེས། ས་ཕག་སྟེ་སྤྱི་ལོ་༡༢༣༩ལ་བོད་ཀྱི་ས་སྐྱ་བ་དང་། ཕག་གྲུ། འབྲི་གུང་། ཚལ་པ། སྟག་ལུང་བཅས་ཀྱི་འཐུས་ཚབ་མི་སྣས་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ལ་མགོ་བཏགས་ཞུས། ལྕགས་བྱི་སྟེ་སྤྱི་ལོ་༡༢༤༠ལ་རྒྱལ་བོ་གོ་དན་གྱིས་བློན་པོ་དོར་རྟ་ནག་པོ་དང་རྒྱལ་སྨན་གཉིས་གཙོ་བྱས་པའི་དམག་དཔུང་བོད་དུ་བཏང་ནས། མདོ་སྟོད། མདོ་སྨད། སོག་ཆུ་ཁ་རྣམས་སུ་བསྲེགས་གསོད་འཕྲོག་གསུམ་སྒོས་བོད་ས་གནས་དེ་ཡོན་རྒྱལ་རབས་ཀྱི་གོང་མའི་མངའ་ཁོངས་སུ་བསྡུས་ཏེ་སྲིད་འཛིན་དཔོན་རིགས་དང་དམག་ཁྲལ་བསྡུ་བའི་ལམ་ལུགས་བཙུགས། སླར་དེ་གཉིས་ཀྱི་ཕྱིར་རྒྱལ་པོ་གོ་དན་ལ་ཕོ་ཉ་མངག་སྟེ། བོད་དུ་དགེ་འདུན་སྡེ་བཀའ་གདམས་པ་ཆེ། ངོ་བསྲུང་སྟག་ལུང་ཆོས་རྗེ་མཁས། གཟི་བརྗིད་འབྲི་གུང་སྤྱན་སྔ་ཆེ། ཆོས་ལ་ས་པཎ་མཁས་པར་འདུག་པས་གང་གདན་འདྲེན་ཞེས་ཞུས་པས། ས་པཎ་སྤྱན་དྲོངས་གསུངས་པ་ལྟར། ས་པཎ་དགོང་ལོ་རེ་གསུམ་པ་བོད་རབ་བྱུང་བཞི་བའི་ཤིང་འབྲུག་སྟེ། སྤྱི་ལོ་༡༢༤༤ལ་རྒྱལ་པོ་གོ་དན་གྱིས་རྡོར་སྲི་མགོན་དང་དབོན་ཇོ་དར་མ་གཉིས་ཀྱི་མདུན་ཧོར་ཡུལ་དུ་ཆོས་སྟོན་པའི་བླ་མར་ཕེབས་དགོས་པའི་ཞུ་ཡིག་དང་དངུལ། གོས། ལྷམ་འབོབ་བཅས་བསྐུར་བ་འབྱོར་ཞིང་། ཡི་གེའི་ནང་དོན་ལ། གདན་དྲངས་པ་ལྟར་མ་ཕེབས་ན་བོད་དུ་དམག་དཔུང་གཏོང་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་པས། བོད་རིགས་མང་ཚོགས་ཀྱི་བདེ་འཇགས་ཀྱི་ཆེད་དུ། དམ་པའི་ཆོས་ལ་བརྟེན་ནས་བོད་ཀྱི་སྐྱེ་འགྲོ་ཀུན་གྱི་བར་ཆད་བཟློག་ཕྱིར་ཁོང་ཉིད་དགུང་གྲངས་མཐོ་ནའང་སྐུ་སྲོག་ལ་ཕོངས་པ་མེད་པར་ཧོར་ཡུལ་དུ་འབྱོན་རྒྱུ་བྱས།

དེ་ལྟར་ས་སྐྱ་ནས་ཁྲོ་ཕུ་དང་། སྣར་ཐང་། བསམ་འགྲུབ་རྩེ། རིན་སྤུངས་སོགས་སུ་བྱོན། ཟུལ་ཕུ་རུ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དགུང་ལོ་བཅུར་ཕེབས་པ་དེའི་གཙུག་ཕུད་བཞེས་ནས་མཉམ་དུ་ཁྲིད། ད་དུང་རྗེས་སུ་བཟུང་སྟེ་མཉམ་དུ་བསྐྱོད་མཁན་ལ་འགྲོ་མགོན་ཕྱག་ན་རྡོ་རྗེ། བཟོད་པ་ཨ་ལ་རིང་མོའང་ཡོད། དེ་ནས་གསང་ཕུ་ནེའུ་ཐོག་དང་འབྲི་ཁུང་བཅས་བརྒྱུད་དེ་ཁམས་ཕྱོགས་སུ་བྱོན། འབའ་ཐང་དང་དར་རྩེ་མདོ་བརྒྱུད་ནས་ཧ་ཀ་ལིང་རྩེ་དང་ཤིན་ཏུ། གླིང་ཆེན་འགྱིང་རི་དང་། རི་བོ་རྩེ་ལྔ་ནས་ཡུལ་བྱང་ངོས་ཀྱི་མི་ཉག་ཏུ་བྱོན།

སྐབས་འདིར་ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་གིས་ཁྲི་ཀའི་མི་ཉག་མཆོད་རྟེན

(དེང་སང་ཡང་ཁྲི་ཀའི་མི་ཉག་མཆོད་རྟེན་དུ་འབོད། 乜那塔)རྩད་གཅོད་མཛད་བཞིན། དེ་སྔོན་མི་ཉག་པས་དབང་བསྒྱུར་བྱེད་བཞིན་པའི་གནས་ཏེ་ཁྲི་ཀའི་ས་ཆར་ཕེབས་ནས་མངའ་བདག་ཁྲི་རལ་བའི་དབུ་སྐྲ་ནང་བཅུག་གི་བྱིན་གྱིས་རླབས་པའི་མི་ཉག་མཆོད་རྟེན་ལ་ཞིག་གསོ་དང་རབ་གནས་མཛད་རྗེས། དེ་ཡི་ཤར་གྱི་སྤྱི་ལེ་ལྔ་ཙམ་གྱི་མཚམས་སུ་ཡོད་པའི་ཁྲི་ཀའི་གཤོང་པ་ཞེས་པའི་གྲོང་འདབས་སུ་ཐོན་པ་ན། ནེའུ་གསིང་གཡུ་ཡིས་བརྒྱན་པ་ལྟ་བུའི་དབུས་སུ་རང་བྱུང་གི་ཆུ་མིག་དཀར་པོ་འོ་མ་ལྟ་བུ་ཞིག་བརྡོལ་བ། ས་ཡི་དགེ་བཅུ་ཚང་ཞིང་གནས་ཀྱི་ཆེ་བ་ཀུན་ལས་ལྷག་པ་ཞིག་ཡོད་པར་མཐོང་བ་དང་། (དེང་སང་ཡང་ས་གནས་དེའི་ཉེ་འཁོར་གྱི་གྲོང་ལ་ཆུ་མགོ་དཀར་རིལ་དུ་འབོད།)འགྲོ་མགོན་འཕགས་པའི་རྟ་མཆོག་ཆུ་མིག་ཁར་ཉལ་བའི་རྟེན་འབྲེལ་ལ་བརྟག་པ། རྒྱལ་བོ་གོ་དན་གྱིས་བསུ་མར་བསྐུར་བའི་མུ་ཏིག་དྲེལ་ཁེལ་གཅིག་འབྱོར་བ་བཅས་ལ་བརྟེན་ནས། ཆུ་མིག་དེའི་སྟེང་དུ་ཇོ་བོའི་ལྷ་ཁང་ཞིག་བཞེངས་རྒྱུའི་ཐུགས་བཀོད་གནང་སྟེ་རྟེན་དང་བརྟེན་པ་བཅས་པ་བཞེངས། ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་རབ་གནས་མཛད་དུས་སངས་རྒྱས་བྱང་སེམས་མང་པོ་ཐིམ་པའི་གཟིགས་སྣང་ཤར། གནས་འདིར་ད་ལྟའང་འགྲོ་མགོན་འཕགས་པའི་རྟ་ཕུར་ཞེས་པའི་ངོས་འཛིན་བྱེད་ཡུལ་ཡང་ཡོད་ལ། གནས་དེའི་དད་ལྡན་མང་ཚོགས་ཀྱིས་སྐབས་དེར་འབུལ་བའི་ཞིང་སྐལ་ཏེ་བཟོད་པ་ཨ་ལ་རིང་མོའི་ཞིང་ས་ཞེས་པའི་ངོས་འཛིན་བྱེད་ཡུལ་ཡང་ཡོད། ཕྱིས་སུ་མདོ་སྨད་ཀྱི་དམངས་ཁྲོད་དུ་ཡོངས་གྲགས་སུ་ཁྲི་ཀའི་ཇོ་ཁང་དང་མི་ཉག་ཇོ་བོ་རུ་འབོད་ཀྱིན་ཡོད(དེང་སང་ཁྲི་ཀའི་ཇོ་ཇོ་ལྷ་ཁང་།珍珠寺)ཇོ་བོའི་ལྷ་ཁང་དེ་ཆུ་མིག་སྟེང་བཞེངས་སྟབས་ས་པཎ་མཆོག་གིས་ཟླ་དྲུག་པའི་ཚེས་དྲུག་ལ་ཆུ་མིག་དེ་སྤྱི་ལེ་གསུམ་ཙམ་གྱི་རྨ་ཆུ་སྔོན་མོའི་འགྲམ་དུ་བཏོན་པས་མིང་ལ་ཇོ་བོའི་ཞབས་ཆུར་འབོད་ལ། ཕྱིས་སུ་གནས་འདིའི་མི་རྣམས་ཀྱིས་ཟླ་དྲུག་པའི་ཚེས་དྲུག་ནི་ཇོ་བོའི་ཞབས་ཆུ་སྟེ་ཆུ་མགོ་དཀར་རིལ་གྱིས་ཁྲུས་བྱེད་པའི་དུས་ཆེན་དུ་བརྩིས་ཏེ་ད་ལྟའང་དྲུག་པའི་ཆུ་དཀར་གྱི་དུས་ཆེན་དེ་ཉམས་པ་མེད་པར་ཡོད།

དེ་སྔོན་ཁྲི་ཀ་ཞོལ་མར་འབོད་པའི་གཅན་ཚ་རུ། ལོ་རྡོ་རྗེ་བྲག་ཏུ་འབུམ་ཁང་འཇའ་འོད་མར་གྲགས་པ་དེའང་། སྐབས་འདིར་ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་གནས་འདིར་བརྒྱུད་དུས། སངས་རྒྱས་གླང་བོའི་རིང་བསྲེལ་ཕོར་གང་ནང་བཞུགས་ཀྱི་མཆོད་རྟེན་དུ་བཞེངས། ད་དུང་དེ་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པས་རབ་གནས་མཛད་ཞེས་ད་ལྟའང་དམངས་ཁྲོད་ངག་རྒྱུན་དུ་བརྒྱུད་བཞིན་ཡོད། ས་པཎ་དགུང་ལོ་རེ་ལྔ་པ་བོད་རབ་བྱུང་བཞི་བའི་མེ་རྟ་སྟེ། སྤྱི་ལོ་༡༢༤༦གི་ཟླ་བ་བརྒྱད་པར་ཧོར་རྒྱལ་པོའི་རྒྱལ་ས་ལིང་ཅུ་རྩེ(དེང་སང་ཀན་སུའུ་ཞིང་ཆེན་གྱི་ཝུ་ཝེ་ས་ཁུལ་གྱི་འགུ་ཚང་གྲོང་བརྡལ)ལ་ཕེབས་འབྱོར་བྱུང་།

ཁྲི་ཀའི་ཇོ་བོ་དང་ས་པཎ་ཀུན་དགའ་རྒྱལ་མཚན།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Kelzang Döndrup
Year published 2018
Subjects
Places
UID mandala-texts-49961
DOI
PDF View | PDF icon Download (71.12 KB)
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence