Skip to main content Skip to search
ནག་ཀྱཱའི་ལབ་རྩེ།

ལབ་ཙེ་འདི་ནི་སྟག་རིག་སྡེ་བ་གྲོང་ཤོག་ཁ་གསུམ་དུ་ཕྱེ་བའི་ནང་ཚན་སྡེ་བ་ཡ་མགོ་མའི་ལྷོ་ཕྱོགས་ཀྱི་མཚམས་ན་རི་བྱད་ལེགས་ལ་ས་མིང་རྣམ་པར་མཛེས་པའི་རི་བོ་ཉག་མོ་བྱ་བ་དང་འདོད་ཡོན་བྱ་བ་གཉིས་ཀྱི་བར་དུ་བརྩིགས་ཏེ་ལབ་ཙེ་མ་བུ་བཅུ་གསུམ་དུ་བཞེངས་ཡོད། འདིའི་གནས་བདག་གི་མིང་ལ་ནག་ཀྱྰ་ཐོགས་མེད་རིན་ཆེན་ཞུ་ཞིང་། ནག་ཀྱྰ་ཞེས་པ་ཚོ་བའི་མིང་ཡིན་ལ། ཚོ་མིང་ལབ་ཙེར་ཐོགས་པས་ནག་ཀྱྰའི་ལབ་ཙེར་འབོད་དོ།།

  ལབ་ཙེ་འདི་ཇི་ལྟར་བྱུང་བའི་ཚུལ་ཡང་འདི་ལྟར་ཐོས་ཏེ། དེ་ཡང་སྤྱི་ལོ་༡༦༡༦ཡས་མས་ཙམ་ལ་སྡེ་བ་འདི་ལ་སྟག་རིག་བླ་མར་འབོད་པ། རྟེན་དགེ་བསྙེན། མངོན་ཤེས་དང་རྫུ་འཕྲུལ་ལྡན་པ། གྲུབ་པ་བརྙེས་པ། འཇིག་རྟེན་ཟང་ཟིང་གི་ཡོ་ལང་ཆར་དུ་བསྙིལ་ཡང་འཕྲལ་དུ་གཞན་ལ་གཏོང་བ། སྐུ་ཚེ་གང་བོར་རྣམ་དཀར་དགེ་བའི་ལས་ཁོ་ནར་ཐུགས་གཞོལ་བིའ་སྐྱེས་བུ་ཆེན་པོ་ཞིག་སྐུ་འཁྲུངས་པ་དང་། དུས་ཐོག་དེར་ཉེ་འཁོར་གྱི་གྲོང་ནའང་ནག་ཀྱྰ་ཐོགས་མེད་རིན་ཆེན་དུ་འབོད་པའི་དཔོན་ཤིན་ཏུ་གཉན་པོ། མཐུ་གཏད་ངན་སྔགས་དང་ཁྱད་པར་བྱིས་པའི་སྲི་གཅོད་ལ་ཤིན་ཏུ་མཁས་པ་ཞིག་སྐྱེས་ཡོད་སྐད། རེ་ཞིག་དེ་གཉིས་གང་ཆེ་གང་བཙན་དུ་གྱུར་ཏེ་སོ་སོར་ཁས་ལེན་མ་བྱིན་པས་རིམ་གྱིས་ཕན་ཚུན་དགྲ་ཟླར་གྱུར་ནས་འགལ་བ་ལྟག་སྤྲོད་དུ་གྱུར། ཉིན་ཞིག་དེ་གཉིས་ཀྱིས་སོ་སོའི་ཕྱོགས་ལ་མཐུ་སྔགས་བཙན་པོ་བཏང་སྟེ་དམོད་རེས་བྱས་པར་སུས་ཀྱང་སུ་འདུལ་མ་ཐུབ་པ་མཐོང་བས། སྟག་རིག་བླ་མའི་ཁོག་ལ་གཡོ་ཞིག་ཤར་ཏེ། སྡེ་བའི་མི་རྣམས་སྐུལ་ཏེ་སྐྱེས་པ་ཚོར་ར་ཞིག་གསུར་ལ་ཕུལ་དུ་བཅུག བུད་མེད་རྣམས་ཀྱིས་མྱ་ངན་དྲག་པོའི་ཟོལ་གྱིས་ངུ་ངག་ཕྱུང་ཞིང་ཐམས་ཅད་ལ་སྟག་རིག་བླ་མ་འདས་སོང་ཞེས་སྒྲོག་ཏུ་བཅུག་གོ། དེ་ནས་ནག་ཀྱྰའི་དཔོན་གྱི་ཆུང་མས་དེ་རྣམས་ཐོས་ནས་ཇི་བཞིན་བཤད་པར། དཔོན་དེའི་རྣ་ལ་མ་སོང་བར་རང་ཉིད་ཁང་ཐོག་ཏུ་བུད་ནས་དེ་འདྲ་ཞིག་ཡིན་མིན་ལ་བརྟག་སྐབས། ཁོས་དེ་རྣམས་སྟག་རིག་བླ་མའི་གཡོ་སྒྱུ་ཡིན་པ་ཤེས་མ་ཐག་དངངས་འཚུབ་དང་བཅས་ཕྱིར་འབབ་སྐབས། སྟག་རིག་བླ་མའི་མཐུ་བཏང་བས་སྐས་ཐོག་ནས་སར་ལྷུང་སྟེ་བཀུམ་མོ།། རྗེས་སུ་དམ་སྲི་དེའི་རྣམ་ཤེས་བདུད་དུ་སྐྱེས་ནས་སྟག་རིག་ལ་གནོད་པའི་ལས་མང་དུ་བྱས་བྱུང་བས། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ལྷོ་བྲག་གྲུབ་ཆེན་སེང་གེ་རྒྱལ་མཚན་དཔལ་བཟང་བོ་ལ་དེའི་ཚུལ་ནན་ཏན་དུ་ཞུས་པའི་ངོར། དམ་སྲི་དེ་དམ་ལ་བཏགས་ཤིང་དཀར་ཕྱོགས་སུ་སྐུལ་ཏེ་གཞི་བདག་གི་འཁོར་དུ་བཅུག་ཅིང་། དེ་ནས་རི་དོན་ཡོད་དང་ཉག་མོ་གཉིས་ཀྱི་བར་དུ་ལབ་ཙེ་བརྩིགས་ཏེ་ས་དེའི་གནས་བདག་ལ་བསྐོས་པར་བཤད། གསོན་པོར་བཞུགས་སྐབས་ཁྱིམ་སྔགས་དེར་བྱིས་པའི་སྲི་གཅོད་པའི་ནུས་མཐུ་ཁྱད་པར་བ་མཆིས་ཕྱིར། ད་ལྟའང་ཕྲུ་གུར་ན་སྡུག་རེ་བྱུང་མ་ཐག་ཁྱིམ་བདག་རྣམས་མྱུར་དུ་ལབ་ཙེ་དེའི་ཁར་སོང་ནས་བསང་མཆོད་སྐྱབས་བཅོལ་བྱེད་པིའ་དཔེ་མ་ཡལ་བར་ཡོད་དོ།།

ནག་ཀྱཱའི་ལབ་རྩེ།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Red Garland Editorial Board
Year published 2018
Subjects
Places
UID mandala-texts-49911
DOI
PDF View | PDF icon Download (44.98 KB)
Creative Commons Licence