Skip to main content Skip to search
ནེའུ་མགོའི་མཚེའུ། ____ངའི་བྱིས་དུས་ཀྱི་ཤམ་བྷ་ལའི་ཞིང་མཆོག

ངའི་བྱིས་དུས་ཀྱི་འཚོ་བ་དྲན་སྐབས་ཆེས་བརྗེད་དཀའ་བ་དེ་ནི་ནེའུ་མགོའི་མཚེའུ་དང་འབྲེལ་བའི་གཏམ་རྒྱུད་དག་ཡིན། དེ་ཡང་ལོ་རབས་བརྒྱད་བཅུའི་སྔོན་དུ་ཕ་ས་སྟག་རིག་ནས་ནར་སོན་པའི་བྱིས་པ་དག་ལ་མཚོན་ན། ང་དང་ཀུན་ནས་འདྲ་བར་ནེའུ་མགོའི་མཚེའུ་ནི་དྲན་པའི་མེ་ལོང་ངོར་གསལ་ལེར་འཆར་བའི་ཆེས་མཛེས་སྡུག་གི་ཕྱིར་དྲན་དེ་ཉིད་ཡིན་ངེས།

ནེའུ་མགོའི་མཚེའུ(尼谷湖)བྱ་བ་དེ་ནི་ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་སྟག་རིག་སྡེ་བའི་ཡ་མགོ་མའི་ལྷོ་མཐར་ཡོད་ལ། ཇི་སྐད་དུ།《མཚོ་ལྷོའི་དམངས་ཁྲོད་ཀྱི་རིག་གནས་དཔེ་ཚོགས》ལས། རྫིང་བུ་དེ་ནི་ནེའུ་གསིང་སྔོན་མོ་གཡུ་ཡི་མཎྜལ་ཕྱིས་འདྲར་སྔོ་ཞིང་། ཡུལ་དེའི་ཡུར་ཆུའི་འབྱུང་ཁུངས་དང་ཕྱུགས་ཀྱི་འཚོ་རྟེན་དུ་གྱུར་ཅེས་འབྱུང་བ་ལྟར། ང་རང་བྱིས་པའི་དུས་སུ་གནས་དེ་ནི་དེ་ལྟར་འཁྲུལ་མེད་ཁོ་ན་ཉིད་དུ། སའི་དགེ་མཚན་ཇི་བཞིན་མངོན་པར་བཀྲ་བའི་ཡུལ་ལྗོངས་སྣང་བ་སྐྱིད་ལ་ཉམས་དགའ་བ་ཞིག་ཡིན་ཞིང་། དེའི་ཆུ་རྒྱུད་ནི་བྲག་དཀར་སྔགས་རམས་པའི་ཉམས་སྣང་དུ་འཇམ་དཔལ་ནྰ་ག་ཀྵར་གཟིགས་པའི་སྲིན་པོ་རིའི་རྫ་ཆུར་གཏོགས་ཤིང་། མཚེའུའི་ཆེ་ཆུང་ལ་རྨིད་གྲུ་བཞི་མ་ཉིས་བརྒྱ་ལྷག་ཙམ་དང་། དབུས་སུ་དེའུ་འབུར་ཆུང་ཆུང་ཞིག་ཡོད་པའི་སྟེང་འདམ་ཤིང་མང་པོ་སྟུག་ཅིང་ཚོམ་པོར་སྐྱེས་ཡོད་ལ། དེའུ་འབུར་དང་མཚེའུ་ཡི་མཐའ་འཁོར་གྱི་བར་ཐག་ལ་ཆ་སྙོམས་སུ་གོམ་པ་དྲུག་བདུན་ཙམ་ཡོད། མཚེའུའི་ནང་གི་ཆ་འགའ་རེ་ནས་དབུགས་གཏོང་བ་ལྟར་སྐབས་རེར་ཟེགས་ཆུ་ཕྱིར་ལྷོག་ལྷོག་ཏུ་འཕྱུར་ནས་ཁོལ་བའི་རྣམ་པ་ཀུན་ནས་སྟོན་པར་བྱེད་པ་ཡོད། བྱིས་པ་རྣམས་ཀྱིས་སྣང་ཚུལ་དེ་མཐོང་སྐབས། ཆེ་བོ་རྣམས་ལ་ཚུལ་དེ་ཅི་རེད་དྲིས་ན། ལན་དུ་ཨ་ཅེ་འདྲེ་མོས་ཇ་བསྐོལ་བཞིན་ཡོད་ཟེར་ལ། དེ་ལྟར་ཐོས་པའི་མོད་ལ་ལྷག་ཏུ་ཚུལ་དེ་ངོ་མཚར་དུ་འཛིན་ཞིང་ཡང་ཡང་ལྟ་བར་བྱེད། མཚེའུའི་ནང་དུ་ཉ་མོ་དང་ཉ་ཐོམ་འབུ། སྦལ་བ། འབུ་གཤོང་བ། གཞན་ཡང་མིང་མི་ཐོགས་པའི་ཆུ་གནས་སྲོག་ཆགས་དུ་མ་མཆིས་ལ། དེར་མ་ཟད་བྱེ་མའི་ནང་ནས་སྐབས་རེར་འབུ་སྐོགས་རྡོ་འགྱུར་དུ་སོང་བའི་དབྱིབས་ཡ་མཚན་ཅན་མང་པོ་ཡང་རྙེད་དུ་ཡོད། མཚེའུ་དེ་ནི་ཉམས་དགའ་བ་ཞིག་ཡོད་སྟབས་ངང་བ་ཕོ་མོ་འགའ་དང་འགའ་རེ། དབྱར་གསུམ་གྱི་དུས་སུ་དེའི་ནང་བབས་ནས་ཁྲུས་རྩེད་བྱས་ཏེ་མཚོ་ལ་སྤྲོ་བས་འཇུག་པའི་གནས་སྐབས་ཀྱང་མང་བོ་མཐོང་རྒྱུ་ཡོད། བཤད་ཚུལ་དུ་མཚེའུ་དེ་ནི་ཀླུ་རྒྱལ་ནོར་རྒྱས་དཀར་པོའི་ཕོ་བྲང་དུ་གྲགས་ཤིང་། ཞིང་ལས་གཙོ་བོའི་ཡུལ་ཕྱོགས་འདི་ལ་ཙད་ནག་ཁོལ་ཞིང་ཐན་པ་བྱུང་བའི་ཚེ་སྡེ་འདིའི་གྲྭ་པ་རྣམས་མཚེའུའི་ཁར་ལྷན་ཅིག་ཏུ་ཕྱག་ཕེབས་གནང་སྟེ། ཀླུ་དབང་རྒྱལ་བོ་བསྒྲུབས་ཤིང་ཆར་ཆུའི་དངོས་གྲུབ་བསླངས་ནས་ཆར་ཆུ་དུས་སུ་འབེབས་པར་བརྩོན་སའི་ཀླུ་གནས་གཉན་པོ་ཞིག་ཏུ་བྱེད་པས། ཡུལ་ཡར་མར་འདིའི་གཅོད་དབང་ཐོབ་པའི་རྣལ་འབྱོར་བ་རྣམས་ཀྱང་ནམ་རྒྱུན་མཚེའུ་དེའི་ཁར་ཕེབས་བཞུགས་མཛད་ནས། ས་དེ་ནི་ཆུ་མིག་བརྒྱ་རྩའི་ཉམས་ལེན་བྱེད་ཡུལ་གཙོ་ཞིག་ཏུ་འཇོག་པ་ཡིན་སྐད།

ངའི་བྱིས་དུས་ནི་རིག་གནས་གསར་བརྗེའི་རླུང་འཚུབ་ཆེན་པོ་འཇགས་མ་ཐག་པའི་གནས་སྐབས་ཉིད་དུ་འཁེལ་ཞིང་། དེ་དུས་ད་དུང་ཆོས་ལུགས་སྲིད་ཇུས་དངོས་འབབ་དང་མར་གཏོང་གི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་འཆར་མེད་སྟབས། ནེའུ་མགོའི་མཚེའུ་དེ་ལ་ཡང་ཀླུ་ས་གཉན་པོར་མཆོད་པའི་བསྐལ་བ་བྱུང་མེད་ལ། ཅི་སྟེ་ཕ་མ་རྣམས་ཀྱིས་རང་གི་ཕྲུ་གུ་དེ་ལ་འགྲོ་དོགས་ཀྱིས། དུས་རྒྱུན་དེ་རུ་ཆུ་རྩེད་སོགས་བྱེད་མི་ཉན་ཚུལ་མངོན་ལྐོག་ཅི་རིགས་དང་ཞེད་སྣང་གིས་ཡང་ཡང་བསྒྲགས་ན་ཡང་། དུས་སྐབས་ཀྱི་རིག་གནས་ནི་དེ་ལྟར་མཐུ་དབང་བཙན་པས། གནས་དེ་ནི་རང་དབང་མེད་པར་སྡེ་འདིའི་བྱིས་པ་རྣམས་ཀྱི་རྩེད་འཇོའི་རོལ་མཚོར་ཀུན་ནས་གྱུར་ཡོད། དེ་དུས་ཀྱི་ནེའུ་མགོའི་ཁོར་ཡུག་དང་འཚོ་བ་རྣམས་ནི་ད་དུང་ཡང་མིག་ལམ་དུ་ན་མར་སྣང་འོང་སྟེ། མཚེའུ་དེའི་ཆུ་དེ་འདྲའི་གཏིང་ཟབ་མ་ཡིན་སྟབས། དབྱར་གསུམ་གྱི་དུས་བྱིས་པ་པྲ་ཚག་རྣམས་དེར་སོང་ནས་ཆུ་རྩེད་ཆུ་རྐྱལ་བྱེད་ཚུལ་ཡང་། མཚེའུའི་ཁ་ནས་རང་རང་གི་རྐང་སྣམ་ཕུད་པ་དང་། དེ་ནས་སུག་བཅག་གཉིས་ཀྱི་ཁ་ཐ་གུས་སམ་སྐྱེར་མས་དམ་པོར་བསྡམས་པ་དང་། རྐང་སྣུམ་གྱི་ཁ་ཀོར་ནང་རོལ་ལ་ཤིང་ཐུར་གཉིས་བཞི་བཀྱིགས་ཀྱིས་བརྒྱངས་ཏེ་བཞག་རྗེས། ལག་པས་སུག་བཅག་ནས་བཟུང་ཁ་མར་བསྐོར་ཏེ་ཆུའི་ངོས་ལ་ཤུགས་ཀྱིས་ཅལ་སྒྲ་དང་བཅས་ཏེ་འཕངས་པ་དང་། དེ་མ་ཐག་རྐང་སྣམ་དུ་རླུང་བཅུག་པས་གཏོས་ཆེར་སྦོས་ཏེ་རྟ་སྒའི་དབྱིབས་ལྟ་བུའི་རླུང་རྐྱལ་དུ་གྱུར་པ་ན། དེའི་སྟེང་བཞོན་ནས་ཡར་རྐྱལ་མར་རྐྱལ་གྱིས་རྩེད་འཇོར་རོལ་ཞིང་། སྐབས་དེ་དག་ཏུ་སྡེ་བ་རྣམས་ལ་སྟོན་ཆེ་བའི་གློག་བརྙན་ནི་མིང་ལ་《ས་ཀྱ་པང་(沙家浜)》ཟེར་བ་དེ་ཡིན་ཞིང་། དེའི་ནང་དུ་ཡུལ་ལྗོངས་མང་ཆེ་བར་མཚོ་ཡི་དཀྱིལ་གྱི་འདམ་ཤིང་གི་ནགས་ཚལ་ཞིག་ཏུ་པྰ་ལོ་དམག་གིས་ཁེ་ཤིང་འཁུར་ཏེ་ཕར་རྐྱལ་ཚུར་རྐྱལ་བྱེད་པ་ཞིག་ཡོད་པ་ལ་ཡང་ཡང་བལྟས་དྲགས་པའི་རྒྱུ་མཚན་གྱིས། བྱིས་པ་ཆེ་བ་རྣམས་ཀྱིས་རང་རང་གིས་བཟོས་པའི་ཁེ་ཤིང་སོགས་བོའུ་ཆེ་ཆུང་རྣམས་བཟུང་ནས། མཚེའུ་དེའི་དེའུ་འབུར་སྟེང་གི་འདམ་བུའི་ཚལ་དུ་སོང་སྟེ་གློག་བརྙན་དེ་ལ་ལད་ཟློས་ཀྱིས་པྰ་ལོ་འཁྲབ་སྟོན་བྱེད་པ་དང་། བྱིས་པ་ཆུང་ངུ་རྣམས་ཕལ་ཆེར་མཚེའུ་ལ་བརྒལ་བར་སྐྲག་སྟེ་འགྲམ་ངོགས་ནས་ཙོག་པོར་བསྡད་དེ་ཁོ་ཚོ་ལ་ལྟད་མོར་ལྟ་ཞིང་། སྐབས་རེར་དེ་དག་གི་དགོད་བྲོ་བའི་བཟོ་ལྟ་རྣམས་ལ་ཧབ་ཆ་དི་རེར་རང་ས་ན་སྤྲོ་དགས་ཚིམ་ཡོད། མཚེའུའི་མདུན་རོལ་ན་རང་བྱུང་གི་ན་ཁུག་གོས་གདན་ས་ལ་བཏིང་བ་ལྟ་བུ་འཇམ་ལ་ཁོད་ཅུང་ཡངས་པ། མེ་ཏོག་རྣམ་པར་བཀྲ་ཞིང་། གཡས་གཡོན་གྱི་ཉེ་ཁོར་དུ་སྐྱེར་མའི་མེ་ཏོག་དང་ར་མ་རིས་ཅོག་གི་མེ་ཏོག་ལྷུག་པར་གྲོལ་བ། མགོ་རྔ་རིང་བ། ཐང་ཆུང་ཆུང་ལྟ་བུ་ཞིག་ཡོད་པའི་སྟེང་བྱིས་པ་མང་པོས་རྐང་རྗེན་དུ་མཆོང་རྒྱུག་ལྡིང་གསུམ་དང་སྦེ་གའི་འགྲན་རྩ་ངོམ་པ་དང་། ལུང་བ་འདིའི་སྡེ་ཡར་མར་དག་གི་དྲུག་གཅིག་བྱིས་པའི་དུས་ཆེན་ཡང་ཐེངས་དུ་མ་ལ་གནས་འདིར་ཡོང་སྟེ་མཉམ་དུ་འཚོགས་མྱོང་བ་དང་། དེ་དག་གི་སྐབས་ཕ་མ་རྣམས་ཀྱིས་རང་རང་ཡུལ་ལུགས་ཀྱི་ཧུབ་རིང་དང་ཀེའུ་ཚོད་སོགས་ཟས་མཆོག་གཞན་མང་པོ་དེར་འཁྱར་ཡོང་སྟེ་ཕ་མ་བུ་ཕྲུག་ཞལ་འཛོམས་ཀྱིས་དུས་ཆེན་གྱི་དགའ་སྟོན་ལྷན་དུ་རོལ་བའི་དེ་དུས་ཀྱི་བྱིས་སེམས་སྐྱིད་པོ་དེ་འདྲ་ནི་མི་ཚེ་འདིར་འབྱུང་དཀའ་བ་ཞིག་རེད།

མཚེའུའི་འདབ་རོལ་དུ་ནགས་ཚལ་སྐྱེས་ལེགས་པ་ཞིག་ཡོད་པའི་ནང་ཁུ་བྱུག་སོགས་བྱ་རིགས་ཀྱིས་སྐད་སྙན་པོར་གཏོང་ཞིང་། ཟུར་ལོགས་ཀྱི་མི་རིང་བའི་ས་ན་མ་ཎི་ཆུ་འཁོར་ཞིག་དང་ཡུལ་ལྷའི་ལྷ་ཐོ་ཞིག་ཡོད་པར་དུས་རྒྱུན་བསང་གཏོང་མཁན་དང་མཇལ་མཁན་རྒྱུན་མི་ཆད་པར་འོང་ཞིང་། ཁྱད་པར་དབྱར་གྱི་དུས་སྤྲོ་བསང་དང་མཆོད་མཇལ་གཉིས་འགྲུབ་ཀྱི་ཆེད་དེར་ཡོང་མཁན་མི་ཚོགས་མང་ཞིང་འདུ་འཛིན་ཆེ་བ་དང་། མཚེའུ་དེ་ནས་བཞུར་བའི་ཆུ་དང་། ཉེ་འཁོར་གྱི་ལྟེང་ཀ་མང་པོ་ནས་བརྡོལ་བའི་ཆུ་རྣམས་ལྷན་དུ་འདྲེས་པའི་ཆུ་རྒྱུན་གྱིས་མ་ཎི་ཆུ་འཁོར་དེ་ཉིན་མཚན་མཚམས་ཆད་པ་མེད་པར་བསྐོར་བར་ཡོད་ལ། ཆུ་རྒྱུན་དེ་རྣམས་ཡ་མགོ་མ་དང་མ་མགོ་མའི་སྡེ་འདབས་བརྒྱུད་སུལ་རིག་སྐེའི་ཕྱོགས་སུ་ཐུར་དུ་བཞུར་བ་ཡིན། ཆུ་རྒྱུན་དེ་སྡེ་འདབས་སུ་བཞུར་སྐབས་ཁྱིམ་ཚང་མང་པོའི་ཚོད་དྲ་དང་སིལ་སྡོང་གི་ཡུར་ཆུ་དང་། ཕྱུགས་ཟོག་གི་འཐུང་ཆུ་དང་མཁར་གྱང་གི་གྱང་ཆུ། རྐ་འོག་མའི་ཡུར་ཆུ་གཙོ་བོ་བཅས་ཡིན་པར་མ་ཟད། སྐབས་ཤིག་སྟག་རིག་ཤོག་ཁ་བཞིའི་ནང་ཚན་ཨ་སྐོང་སྡེ་བའི་ཡང་ཡུར་ཆུ་གཙོ་གྲས་སུ་གྱུར་ཡོད་པ་ནི། ཆུ་འདི་ལ་ཀོའུ་ཆུ་སྒྱོམ་ཆུ་ཞེས་ཐོག་མྱོང་བ་དེས་ཤེས་ཏེ། དེ་ཡང་ཨ་སྐོང་ལ་ཡུར་ཆུ་དཀོན་པོ་བྱུང་བས་ཀོའུ་བ་ཚང་དང་སྒྱོམ་ཚང་གི་རྒད་པོ་གཉིས་ཀྱིས་མཛོ་འགའ་ལ་དོར་བཅོས་ཏེ། སུལ་རིག་སྐེ་རྒྱུད་ལ་ཐོང་ཁ་ཕྱེ་ཞིང་ཁིས་གའི་ཉག་ག་ལ་ཐུག་པའི་བར་ཆུ་རྐ་གཤགས་ཏེ་སྟག་རིག་གི་སྡེ་འདབས་ནས་བཞུར་བའི་ནེའུ་མགོའི་ཆུ་རྒྱུན་ཡུར་ཆུར་དྲངས་པས་དེ་ལྟར་ཐོགས་པར་གྲགས་སོ།། དབྱར་ཟླ་དྲུག་པར་སྟག་རིག་ཡ་མགོ་མས་ནག་ཀྱྰའི་ལབ་ཙེ་བསྟད་ཚར་རྗེས་གནས་དེ་དག་ཏུ་ཡོང་ནས་གུར་ཕུབ་ཐབ་བཟུང་སྟེ། ཉིན་ཞག་འགའ་རེར་དེ་རུ་སྡེ་བ་སྤྱི་གཞུང་ནས་རྩ་འཛུགས་བྱས་པའི་གླུ་ལེན་གར་རྩེད་བྱེད་པ་སོགས་ཀྱི་སྲོལ་ཡང་ཡོད་ལ། དེ་དག་གི་རིང་སྡེ་བའི་ཕ་ཁུ་ཞང་ཚན་དང་ཁ་ཡ་ན་ཟླ་ཚང་མ་གུར་གཅིག་དང་ཆང་ཁ་གཅིག་ཏུ་མཉམ་དུ་འཛོམས་ནས་སྐྱིད་པའི་གླུ་ལེན་ཞིང་། དགའ་བའི་བྲོ་འཁྲབ་བ། ཞིམ་པའི་ཟས་ལ་རོལ་པའི་ལྷན་འཛོམས་ཀྱི་འཚོ་བའི་རྣམ་པ་དེ་དག་ད་ལྟ་ཡང་ལན་མང་དུ་ཡིད་ལ་འཁོར་ཡོང་།

༢༠༠༥ལོར་སྡེ་ཨུས་མཚེའུ་དེའི་ཉེ་འཁོར་དུ་ཆུ་མགོ་འགའ་ཡོད་པ་འཐུང་ཆུར་འདྲེན་རྒྱུའི་འཆར་འགོད་ཀྱིས། དོན་དེ་གསང་བདག་འཁོར་ཆེན་གྱི་རྣལ་འབྱོར་བ་ཆེན་མོ་མཚན་བརྗོད་པར་དཀའ་བ་ཁོང་ཨ་ཁུ་ཆོས་གྲགས་ཚང་ལ་སྙན་དུ་སྒྲོན་པར། ཁོང་གི་ཞལ་སྔ་ནས་ཀྱིས་“དེ་ན་ཀླུ་དཀར་པོ་ཞིག་གནས་འདུག་པ་ལ། ཐོ་ཅོ་ཆེ་དྲགས་ན་མི་རྟག་པར་མཐོང་ངོ”ཞེས་ཆུ་དྲངས་ན་མི་ལེགས་ཚུལ་གདམས་མོད། ཨུ་ཚུགས་ཅན་འགས་མ་ཉན་པར་མཚེའུ་དེའི་འདབ་རོལ་ནས་འོབས་གཤགས་ཏེ་ཆུ་དྲངས། ཁོར་ཡུག་ནས་དོང་བྲུས་ཏེ་སྡོང་འཛུགས་བྱས་པས་སྔོན་གྱི་མཛེས་ལྗོངས་ཉམས་དགའ་བོ་དེ་ཅུང་མི་སྡུག་པ་བྱས་ཤིང་། ལོ་འགའ་ཡང་མ་སོང་པར་གནས་དེར་ཡོད་པའི་ཆུ་རྣམས་རིམ་གྱིས་ས་འོག་བརྒྱུད་གྲམ་པར་འགོག་མེད་དུ་འཐུམ་པས། མཚེའུ་ནི་བྲི་བསྐམས་བྱུང་སྟེ་འདམ་ཁུར་ལུས། མ་ཎི་ཆུ་འཁོར་ཡང་ཆུ་རྒྱུན་ཆད་དེ་ལོ་མང་པོར་སྡོད་དགོས་བྱུང་བ་ལ། ༢༠༡༤ལོར་སྡེ་མི་ཡོངས་ནས་ལས་ཤུགས་རང་འབུལ་བྱས་པའི་ཐོག་དམངས་སྒོར་དྲུག་ཁྲི་ཡས་མས་གྲོན་གཏོང་མཛད་དེ་ཆུ་རགས་གཏིང་རིམ་ཅན་མང་པོ་བརྩིགས་ནས་ཆུ་ལེགས་པར་བསྐྱིལ་པས། ཆུ་མིག་རྣམས་ཕྱོགས་ཕྱོགས་ནས་སླར་ཡང་རྒྱས་པ་བྱུང་སྟེ་མཚེའུ་དང་མ་ཎི་ཆུ་འཁོར་སྔོན་ལྟར་མཛེས་པའི་དཔལ་ལ་འཕེལ་བཞིན་པའི་སྐབས་སོ།། དེས་ན་ཁོར་ཡུག་སྲུང་སྐྱོང་ཞེས་བྱ་བ་ནི་ངེས་པར་དུ་ཡུལ་ཆེ་ས་ཞིག་ལ་འབྱར་དགོས་པ་ཞིག་མ་ཡིན་ལ། ཡུལ་གཞན་ན་མ་གཏོགས་རང་ལ་མེད་པ་ཞིག་ཀྱང་མ་ཡིན་པས། འདི་འདྲའི་ཡུལ་ལྗོངས་ཡག་པོ་ལ་གཏོར་བརླག་མི་ཐེབས་པར་བྱེད་པ་ནི་སྡེ་འདིའི་ཁོངས་ཞབས་སུ་སྐྱེས་པའི་རང་རེ་ཐམས་ཅད་ལ་འོས་འགན་མི་དམན་པ་ཡོད་གཤིས། ཚང་མས་རང་ས་རང་ཡུལ་གྱི་ས་ཆུ་ནགས་གསུམ་གྱི་བདག་སྐྱོང་ལ་ཡར་གཏོགས་དང་རྒྱབ་སྐྱོར་གང་ལེགས་བྱེད་པར་ཤོག

ནེའུ་མགོའི་མཚེའུ། ངའི་བྱིས་དུས་ཀྱི་ཤམ་བྷ་ལའི་ཞིང་མཆོག
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Tamdrin Gyel
Year published 2018
Subjects
Places
UID mandala-texts-49971
DOI
PDF View | PDF icon Download (88.22 KB)
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence