Skip to main content Skip to search
སྟག་རིག་གི་ལོ་གསར་སྟ་གོན་གྱི་སྐོར་བཤད་པ།

སྤྱིར་རོང་འབྲོག་གཉིས་ལས་རོང་བའི་རིག་གནས་ནི་གཏིང་ཟབ་ཅིང་རྒྱ་ཆེ་བ་ཡོད་དེ། རོང་བ་རྣམས་གཏན་ཆགས་ཀྱི་གྲོང་སྡེའི་འཚོ་བ་རོལ་བས་ཡུལ་སྲོལ་གྱི་ཕྱོགས་ནས་ཆ་ཚང་ཞིང་གོ་རིམ་ལྡན་པ་ཆགས་ཡོད། འབྲོག་པ་རྣམས་ལོ་གསར་སྐབས་ཅི་བྱེད་མི་ཤེས་པར་གྲོང་ཁྱེར་དུ་སོང་ནས། མགྲོན་ཁང་ལ་རིན་བྱིན་ཏེ་ལོ་སར་བ་ལ་རོང་བ་རྣམས་ཀྱིས་གང་ནས་བལྟས་ཀྱང་ཧ་མི་གོ་བར་ཡོད། རོང་འཇམ་ལ་མཚོན་ན། ལོ་གསར་ནི་མི་སྒེར་དང་ཁྱིམ་ཚང་གཅིག་པུ་ཙམ་གྱིས་ལོ་གསར་ནི་མ་ཡིན་པར། ལྷ་ཀླུ་མི་གསུམ་དང་། གྲོང་ཚོ་ཧྲིལ་བོའི་ལོ་གསར་ཞིག་རེད། རྒྱུ་མཚན་ཡང་། བོད་ཁྱིམ་ཞིག་གི་འཛུགས་སྐྲུན་གྱི་བཀོད་པ་ལ་ལྷ་ཀླུ་མི་གསུམ་པའི་གནས་ཀྱི་ཆ་ཚང་བ་ཡིན་ཏེ། ཁམས་ཕྱོགས་ཀྱི་རོང་ཁྱིམ་ལ་དེ་གསུམ་ཚང་བ་མངོན་གསལ་གྱིས་མཐོང་ཐུབ་པ་ནི། དེ་དག་གི་ཁང་ཁྱིམ་རྣམས་སུམ་ཐོག་ཏུ་བརྩིགས་ཤིང་། སྟེང་ཁང་ནི་ལྷ་ཁང་ཡིན་ཞིང་། བར་ཁང་དུ་མི་ཁང་བྱེད་པ་དང་། འོག་ཁང་དུ་ཀླུ་ཁང་སྟེ་དུད་འགྲོ་ཕྱུགས་ཀྱི་གནས་ཁང་དུ་བྱས་ཡོད། ཨ་མདོའི་འཇམ་པ་རོང་བའི་ཁང་ཁྱིམ་ལ་སུམ་ཐོག་ཡོད་པ་ཅན་ཉུང་བས་བླ་འོག་བར་གསུམ་གྱི་དབྱེ་བ་དེ་འདྲ་མི་གསལ་ཡང་། ལྷ་ཀླུ་མི་གསུམ་པོའི་གནས་ཀྱི་བཀོད་པ་ནི་ཤིན་ཏུ་ཚང་བར་ཡོད་དེ། སྤྱིར་བཏང་ཉིས་ཐོག་ཏུ་མཆོད་ཁང་བཞེངས་ཏེ་ལྷ་བཞུགས་པའི་ཕོ་བྲང་དུ་བཀུར་བ་དང་། དེ་བཞིན་དུ་ཁང་ཀླད་ཀྱི་ས་སྟོང་གི་ཆ་ལ་བསང་ཁྲི་ས་ངོས་ལས་འཕགས་པ་བཞེངས་ཏེ་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་ལ་ལྷ་བསང་གཏོང་བའི་གནས་སུ་སྤྱོད་པ་དང་། འོག་ཁང་ངམ་ཁེར་ཐོག་ཏུ། རྒྱ་སྒོ་ནས་ཡར་བརྩིས་པའི་ཁྱིམ་གྱི་སྟོད་ཀྱི་ཆ་ལ་མི་ཁང་གི་གནས་བྱེད་པ་དང་། སྨད་ཀྱི་ཆ་ལ་ཕྱུགས་ཟོག་གི་གནས་ཁང་བྱེད་པས་ལྷ་ཀླུ་མི་གསུམ་གནས་གཅིག་ཏུ་ཡོད་པའི་བཀོད་པ་ཀུན་ནས་ཚང་བ་ཡིན་ནོ།། དེ་ཡང་ལོ་གསར་གྱི་སྐབས་སུ་མི་ལ་ནི་ལྟ་ཅི། ལྷ་ཀླུ་གཉིས་ལ་ཡང་ལོ་གསར་གཏོང་དགོས་སྟབས། འཇམ་རོང་གི་ཁྱིམ་མི་ཞིག་ཡིན་ཚེ། ཕྱི་རོལ་ནས་ལོ་གསར་སར་ཐབས་མེད་དེ། མི་རང་ཉིད་ཕྱི་ནས་ལུས་ཆོག་ཀྱང་། མཆོད་ཁང་ལ་མཆོད་པ་མཆོད་བཤམས་དང་། ཁྱིམ་གྱི་བསང་ཁྲི་གསར་བཟོ། ཕྱུགས་ཟོག་ལ་ཡང་ལོ་སར་བ་དང་སྲུང་བརྗེས་སྤོར་སོགས་བྱེད་ཆེད། འདི་དག་ཉམས་ལེན་མི་འདོར་བའི་ཁྱིམ་མི་རྣམས་ཀྱིས་ས་ཐག་ཇི་ལྟར་རིང་ཡང་རང་ཡུལ་ལ་ལོག་ཐབས་བྱེད་ལ། ལན་རེར་ཐ་ན་རྒྱལ་ཁབ་ཀྱི་གཞུང་ལམ་བབས་ནས་ཁྱིམ་ཚང་བསྣུར་དགོས་བྱུང་སྐབས་ཀྱང་། ལོ་ལོན་དད་པ་ཅན་དག་གིས་ང་བསད་ན་མ་གཏོགས་ཁྱིམ་གྱི་མཆོད་ཁང་བཤིག་ཏུ་མི་འཇུག་ཅེས་སྲོག་སྲུང་བྱས་པའི་རྣམ་ཐར་ཡང་མང་བ་དང་། ལ་ལས་ཡུལ་ཐག་རིང་བ་ན་ཞོར་ལས་བགྱིད་སྒང་དུ་ཡོད་བཞིན་དུ།  རང་གི་ཡོང་འབབ་ལ་གྱོང་རེག་པར་མི་ལྟ་བར་རང་ཡུལ་དུ་ལབ་ཙེ་བསྟོད་དུ་གང་ཐབས་ཀྱིས་ཡོང་བར་བྱེད་པ་སོགས་སྲོལ་རྒྱུན་མཐའ་གཅིག་ཏུ་སྐྱོང་བར་བྱེད་པ་མང་ངོ་།། དེའི་ཕྱིར། རོང་ཕྱོགས་ཀྱི་ལོ་གསར་ནི་ལྷན་འཛོམས་ཀྱི་དུས་ཚིགས་གལ་ཆེན་ཡིན་སྟབས། ངེས་པར་ཡུལ་ལ་ལོག་ནས་ཁྱིམ་མི་ལྷན་འཛོམས་དང་། ཚོ་བ་ལྷན་འཛོམས། ཡུལ་མི་ལྷན་འཛོམས། ལྷ་མི་ལྷན་འཛོམས། མི་ཕྱུགས་ལྷན་འཛོམས་བྱེད་པ་སྟེ། མདོར་ན་ངེས་པ་དོན་གྱི་ལྷ་ཀླུ་མི་གསུམ་ལྷན་དུ་འཛོམས་ནས་ལོ་གཅིག་གི་ལོ་གསར་གྱི་དགའ་སྟོན་ལ་དགྱེས་པས་རོལ་བར་བྱེད་པའི་དུས་ཆེན་ཆེས་ཆེ་བ་ཞིག་རེད། རོང་ཕྱོགས་སུ་ལོ་མ་ཚེས་པའི་སྔོན་དུ་ཡོད་དགོས་པའི་གྲ་སྒྲིག་གཙོ་བོ་ནི། གཙང་དག་གི་འདུ་ཤེས་དང་ལྷན་འཛོམས་ཀྱི་འདུ་ཤེས། གྲ་སྒྲིག་ཕུན་སུམ་ཚོགས་པའི་འདུ་ཤེས། སྟོང་བ་ཁ་གང་བར་བྱེད་པའི་རྟེན་འབྲེལ་སྒྲིག་པ་སོགས་ལོ་གསར་གྱི་སྔོན་འགྲོ་འདི་དག་ལ་བརྩིས་མཐོང་ཆེས་ཆེར་བྱེད་པ་བཅས་སོ།།

   བོད་ལོའི་དར་འཇོག

 ངའི་ཕ་ཡུལ་ལ་མཚོན་ན། ལོ་གསར་གྱི་མགོའམ་རྟགས་ལ་སྔ་བ་ནི་བོད་ལོའི་དར་འཇོག་ནས་བཟུང་ཕལ་ཆེར་དངོས་སུ་བརྩམས་པ་དང་ཤར་བ་ཡིན་ཞིང་། ཉིན་དེ་ནི་ཧོར་ཟླ་བཅུ་གཉིས་པའི་ཚེས་༨ཉིན་ལ་ཟེར་བ་དང་། ཡུལ་འདི་ནས་ཧོར་ཟླ་བཅུ་གཉིས་པ་ལ་ཟླ་བོད་ལོའམ་ཡང་ན་བོད་ལོའི་ནང་ཞེས་འབོད་ཅིང་། ལོ་གསར་ལ་རྒྱ་ལོ་ཞེས་དང་། ལོ་གསར་ཚེས་པ་ལ་རྒྱ་ལོ་ཚེས་ཞེས་འབོད་གོམས་སུ་སོང་ཡོད། དུས་དེ་ལ་ཉེ་བ་ན། བྱིས་པ་རྣམས་ཀྱིས་ད་ནི་བོད་ལོའི་དར་འཇོག་ལ་ཐོན་ཐལ་ཞེས་ཧ་ཅང་གིས་དགའ་འབོད་བྱེད་པ་ཡིན། ཉིན་དེའི་བྱ་བ་གཙོ་བོ་ནི་གྲམ་པ་ནས་དར་གཙང་མ་བླངས་པ་འཁྱེར་ཡོང་སྟེ། རང་རང་ཁྱིམ་ཚང་གི་ལུད་སྤུང་གི་ཐོག་ཏུ་འཇོག་པར་བྱེད་པ་དང་། དེ་བས་ཀྱང་རྒྱ་བསྐྱེད་པར་འདོད་ན་ད་དུང་ཞིང་ནང་དང་། སིལ་སྡོང་གི་ལྟིང་བ་ལ་ཡང་དར་འཇོག་པར་བྱེད། ཉིན་དེར་ལས་ཀ་ཐུབ་པའི་བྱིས་པ་རྣམས་ཀྱིས་གཅིག་གིས་གཅིག་བོས་ཏེ་ཆེ་བོ་རྣམས་དང་མཉམ་དུ་འགྲོགས་ཅིང་རང་རང་གི་ཁྱིམ་ཚང་ནས་དར་གཅོག་བྱེད་ཀྱི་སྟ་རེ་དང་འཁུར་སྤྱད་ཀྱི་སླེ་བོ་ཁུར་ནས་གྲམ་པ་ལ་དར་ལེན་དུ་འགྲོ་བ་ཡིན། ཉིན་དེའི་དར་ནི་གཙང་མ་དང་རྒྱུ་སྤུས་བཟང་བ་ཞིག་འཁྱེར་ཡོང་དགོས་སྟབས། ཚང་མས་གྲམ་པའི་དབུས་ཀྱི་ཆུ་གཞུང་མཐུག་ས་ནས་ཆགས་པའི་དར་དཀར་པོ་འོ་མ་འདྲ་བ་ལེན་པར་བརྩོན་པ་ཡིན། དེ་དུས་སྐྱེས་པ་ཆེ་བོ་རྣམས་ཀྱིས་རོགས་བྱས་ཏེ་གྲམ་པའི་དཀྱིལ་གཞུང་ནས་དར་ཡག་ཤོས་རིགས་གཅོག་པར་བྱེད་ཅིང་ཁྱིམ་གྱི་མི་ཆེ་བོ་མ་ཁོམ་པར་ཚབ་ཏུ་བྱིས་པ་བརྫངས་པ་རྣམས་ལ། ཆེ་བོ་རྣམས་ཀྱིས་དར་སིལ་བུར་གཅོག་རོགས་བྱས་ཏེ་འཁུར་ཐུབ་ཚད་སྟེར་བར་བྱེད། དར་གྱི་ཆེ་ཆུང་ལ་གྲུ་བཞི་དང་ནར་ནར། ལྡོག་ལྡོག ཟུར་གསུམ་སོགས་དབྱིབས་སྣ་ཚོགས་ཡིན་ཆོག་ཅིང་། ཇི་ལྟར་ཆེ་བ་འཁུར་ཐུབ་པ་དེ་ལྟར་དུ་བཟང་བ་ཡིན། དེ་དག་གྲམ་པ་ནས་འཁུར་ཏེ་ཡོང་རྗེས། དར་ཆེ་བའི་རིགས་རྣམས་རང་རང་གི་ཁྱིམ་ཚང་གི་ལུད་སྤུང་གི་རྩེ་ལ་མར་བརྡབས་ནས་འཛུགས་པ་དང་། དེ་མཚུངས་སུ་དར་གཞན་དག་ཁྱིམ་རང་གི་ཞིང་ས་གང་ཡོད་ཀྱི་གནས་རྣམས་སུ་འཁུར་སོང་ནས་ཞིང་གི་དཀྱིལ་ལ་འཕེན་པ་དང་། སིལ་ར་དང་ཚོད་དྲ་ཡོད་པས་སིལ་སྡོང་གི་རྩ་དང་ཚོད་ཞིང་གི་དཀྱིལ་ལ་འཕངས་ནས་ཡོང་། དེ་ལྟར་དར་འཇོག་པའི་ལས་ལ་བརྩོན་དགོས་དོན་ནི་ལོ་གསར་བའི་ནང་རྒྱ་ཞིང་ཆུ་མ་ལ་ལོ་ལེགས་ཡོང་ཆེད་ཡིན་པར་བཤད་དོ།།

  བཅུ་དགུའི་དུད་པ།

 དེའི་འཕྲོ་ཡི་ཉིན་དག་གི་ནང་ལོ་གསར་དང་ཉེ་བར་འབྲེལ་བའི་བྱ་བ་སྔ་བ་ནི། བོད་ལོ་བཅུ་དགུའི་དུད་པ་ཕྱགས་རྒྱུ་དེ་ཡིན་ཞིང་། སྤྱིར་བཏང་དུ་དེ་ལ་བཅུ་དགུའི་དུད་པ་ཞེས་བྱ་བར་འབོད་པ་དང་། དེའི་ཉིན་ཁྱིམ་ཚང་ལ་གཙང་སྦྲའི་བྱ་བ་ཆེན་པོ་ཞིག་ཁྱོན་ཡོངས་ནས་བྱེད་དགོས་ཤིང་། གཙང་སྦྲའི་ཉིན་དེ་ནི་ངེས་པར་དྲུག་མིག་དང་དགུ་མིག་ལ་འཁེལ་དགོས་པ་ཞིག་ཡིན་སྟབས། ཚེས་བཅུ་དགུ་ནི་ས་འདིའི་བོད་ལོའི་དུད་ཕྱགས་ཀྱི་ཉིན་མ་བཟང་བོར་བརྩི་བ་ཡིན། དེ་ཡང་བཅུ་དགུ་ལ་དུད་པ་ཕྱགས་ཁོམ་མེད་པར་ལུས་པར་གྱུར་ན། བོད་ལོ་ཚེས་ཉེར་དྲུག་དང་ཉེར་དགུ་ལ་ཕྱགས་མཁན་ཡང་ཁྱིམ་ཚང་རེ་འགའ་ཡོད། སྤྱིར་བཅུ་དགུའི་དུད་ཕྱགས་དང་བཅས་པའི་བོད་ལོ་ནང་གི་དུད་ཕྱགས་ཀྱི་བྱེད་ནུས་ལ་ནི་གདུགས་དཀར་པོ་ཅན་གྱི་ཟློག་བསྒྱུར་ཞིག་འཕངས་པ་དང་ཕན་ཡོན་མཉམ་པར་བཤད་དོ།།ཉིན་དེའི་དུད་ཕྱགས་ཀྱི་སྡུད་མ་ལ་སྔར་སྲོལ་ནས་ཤིང་བྲ་མས་བཟོས་པའི་སྡུད་མས་བྱེད་པ་ཡིན་ལ། བྲ་མ་ནི་ཤིང་རིགས་ཚེར་ལོ་རྣོ་ཞིང་གཉེན་འགུགས་དང་ལྡན་པ། སྲ་མོ་བརྟན་ཚེ་ཆེ་བའི་རང་བཞིན་དུ་གྱུར་པ། མིང་ལ་བྲ་ཞེས་བྱ་བ་བཀྲ་ཤིས་པའི་སྒྲ་རང་བྱོན་དུ་ཡོད་པ་ཞིག་ཀྱང་ཡིན་པར་བཤད། ཉིན་དེའི་ནངས་སྔ་མོ་ནས་ཁྱིམ་ཚང་གི་མི་ཞིག་ཉེ་འཁོར་གྱི་རི་ལ་ཤིང་བྲ་མ་གཅོད་དུ་འགྲོ་ཞིང་། ཕྱིར་ཡོང་ཁར་སྣོད་བཟུང་བའི་ནང་དུ་རིའི་ངོས་ཀྱི་ས་གཤིས་ལེགས་ལ་གཙང་ས་ཞིག་ནས་ས་དཀར་འཇམ་པོ་འོ་མ་འདྲ་བ་ཐེག་ཚད་ཅིག་བཅུ་བའམ། ཡང་ན་ཁལ་མར་བཀལ་ཏེ་ཁྱིམ་དུ་འཁྱེར་ཡོང་བ་ཡིན། ཁྱིམ་མི་འཕྲོ་མ་རྣམས་ཀྱིས་ཉིན་དེར་ཉལ་ཐུབ་ཉལ་གདན་སོགས་ཉལ་གོས་རྣམས་ཕྱི་ལ་བླངས་སྟེ་ཉི་མར་ལྡེ་དགོས་པ་ལ་ཉི་མར་སྐེམ་པ་དང་། རྡུལ་སྤྲུགས་བྱེད་དགོས་རིགས་ལ་རྡུལ་སྤྲུགས་དང་། བཀྲུ་དགོས་པ་རྣམས་ཆུ་ལ་བཀྲུ་བར་བྱེད། ཉིན་དེའི་འགན་འཁུར་གཙོ་བོ་ནི་ཁང་ཁྱིམ་དང་སྣོད་ཅ་ལག གཞན་ཡང་ཉལ་ཐུབ་ཉན་སྟན་རྣམས་ལ་གཙང་སྦྲ་ཡག་པོ་བྱེད་རྒྱུ་དེ་ཡིན། མི་སྒེར་གྱི་ལུས་ཕུང་གི་གཙང་སྦྲ་དང་གྱོན་གོས་རིགས་ཀྱི་གཙང་སྦྲ་རྣམས། དེའི་འཕྲོ་ཡི་ཉིན་གྲངས་ལ་རང་རང་གང་ཁོམ་དུ་དུས་བཙལ་ནས་བྱེད་པ་ཡིན། ཉིན་དེར་ཁྱིམ་མི་ཆེ་ཆུང་ཐམས་ཅད་ཕོ་ལོག་མོ་ལོག་དང་། ཡོངས་རྫོགས་སྡོམ་ལོགས་བྱས་ཏེ་གཙང་སྦྲ་ལ་མཐའ་གཅིག་ཏུ་བརྩོན་པར་བྱེད་དེ། ཐོག་མར་བྲ་སྡུད་ཅེས་སུ་འབོད་པའི་དུད་པ་ཕྱགས་སྤྱད་ཀྱི་ཡོ་བྱད། དབྱུག་ཤིང་ཁང་བའི་གནམ་ལ་རེག་ཐུབ་པ་ཞིག་གི་རྩེ་ལ། བྲ་མ་ཕོན་པོ་ཞིག་དང་ཤུག་ལོ་ཕོན་པོ་ཞིག བལ་དཀར་ཆུན་པོ་ཞིག་བཅས་མཉམ་དུ་བསྡམས་པའི་ཕྱགས་མ་ཞིག་ལས་པར་བྱེད་དེ། ས་འདིའི་ཡུལ་སྐད་དུ་དེ་ལ་སྡུད་མ་ཞེས་བྱ་བར་འབོད། ཉིན་དེར་བྲ་སྡུད་དེ་འདྲ་ལག་ཏུ་བཟུང་ནས་ཁྱིམ་ཚང་ཡོངས་རྫོགས་གཙང་ཕྱགས་བྱེད་པ་ཡིན་ཏེ། ཕྱགས་མཁན་གྱིས་མགོ་བཏུམས་པ་དང་། ཁ་ཐུམ་སོགས་རྡུལ་འགོག་གི་ཆས་རྣམས་གྱོན་ཏེ། ཁང་བའི་ཕུག་སྟོད་ནས་མགོ་བརྩམས་ཏེ་ཀ་གདུང་དང་། གཤག་སྲུབ་དང་རྩིག་ངོས་སོགས་ལ་སྡུད་མས་བྲད་དེ་ལོ་གཅིག་ལ་ཆགས་པའི་ཁང་བ་ཐམས་ཅད་ཀྱི་དུད་པ་མ་ལུས་གཙང་མར་ཕྱགས་པར་བྱེད་པ་དང་། བྲ་སྡུད་གཡུགས་སྐབས་མཉམ་འཇོག་དགོས་པ་ཡོད་དེ། ཐོག་དང་པོར་ལོ་དེའི་ལོ་དགྲའི་ཕྱོགས་སུ་ངེས་པར་གཡུག་དགོས་པ་དང་། དེའི་རྗེས་ནས་ཕྱོགས་ངེས་མེད་དུ་གང་འདོད་གཡུགས་ནས་བྲད་ཆོག་པ་ཡིན། དེ་ཡང་བྲ་སྡུད་ཀྱིས་དུད་པ་ཕྱགས་མགོ་མ་བརྩམས་གོང་དུ། ཉལ་གོས་ཉལ་སྟན་གྱི་རིགས་ཉལ་སར་བཏང་ཡོད་པ་ཚང་མ་མལ་ལས་ཕྱིས་ཏེ་རྒྱ་སྒོའི་ཕྱི་རོལ་གྱི་སེར་བུ་རྒྱུགས་སའི་སར་ཁྱེར་ཏེ། གཡུག་པ་ཕྲ་མོས་ཐོག་ཏུ་ལན་གྲངས་མང་བོར་བརྒྱབ་སྟེ་གཙང་མ་ཡང་མ་ཞིག་གཏག་པར་བྱེད་པ་དང་། ཁང་བ་གཙང་ཕྱགས་བྱས་ཚར་རྗེས། དེ་དག་རང་རང་གི་གནས་སུ་གང་བབས་ལྟར་ཕྱིར་འཇོག་པ་ཡིན། ཁང་བའི་གཤག་རྒྱུག་དང་རྩིག་ངོས་སོགས་ཀྱི་དུད་པ་བྲད་ཚར་རྗེས། རྒྱ་སྡུད་སོགས་སྡུད་མ་ཆེ་ཆུང་གིས་ཁང་བའི་མཐིལ་ངོས་སུ་ལྷུང་བའི་དུད་པ་རྣམས་ལུས་པ་མེད་པར་སྒོའི་ཕྱི་རོལ་དུ་ཕྱགས་ཏེ་ཁྱིམ་ཚང་གི་ཕྱི་ནང་བར་གསུམ་ཡོངས་རྫོགས་གཙང་མ་བྱེད་པ་ཡིན། ཉིན་དེར་ཕྱགས་པའི་ཁྱིམ་ཚང་གི་ཕྱགས་སྙིགས་དེར་དུད་པ་ཟེར་ཞིང་། དེ་ནི་ནམ་རྒྱུན་གྱི་ཁྱིམ་ཕྱགས་ལྟར་ཕྱི་རོལ་གྱི་ས་ལ་གང་འདོད་དུ་དོར་ཆོག་པ་ཞིག་ནི་མིན་པར། དགོན་པའི་གྲྭ་པ་དང་། ཡང་ན་ཁྱིམ་སྔགས་པ་མོ་རྩིས་ལ་མཁས་པའི་ཞལ་གསུང་ལྟར། ལོ་དེའི་ལོ་ལྷ་དང་བུམ་སྟོང་གི་འཁོར་ཕྱོགས་སུ་འཕེན་མི་རུང་བར་ངེས་པར་དུ་ལོ་དགྲ་གང་ན་ཡོད་པའི་ཕྱོགས་དང་། ཡང་ན་ལོ་ལྷ་དང་བུམ་སྟོང་མེད་པའི་ས་ཕྱོགས་གཞན་དག་ལ་དབོ་དགོས་པ་ཞིག་རེད། འབོ་སྐབས་ཀྱང་ཁྱིམ་ཚང་རེ་རེ་ནས་གང་འདོད་བྱེད་མི་ཆོག་པར་གཏན་འཁེལ་གྱི་གནས་གཅིག་ཏུ་སྤུང་ཕོ་བྱེད་པ་དང་། ཕོ་ཚར་རྗེས་དུད་འཁུར་བྱེད་ཀྱི་སླེ་བོ་དེའང་དེའི་ཕྱོགས་སུ་གཡུགས་ནས་དོར་བ་དང་། ཡང་ན་དེ་ལ་ཤུག་བདུག་བརྒྱབ་སྟེ་རྩོག་གྲིབ་ལེགས་པོ་ཞིག་སེལ་རྗེས་ཕྱིར་འཁྱེར་ནས་ཡོང་ཆོག་པ་ཡིན། དེ་དང་དུས་མཉམ་དུ་ཆ་སྒམ་དུ་ཡོད་པའི་སྣོད་ཅ་ལག་ཚང་མ་ཡང་ཕྱི་ལ་ལེན་ཞིང་གཙང་བཀྲུས་བྱས་རྗེས་ཕྱིར་རང་མལ་དུ་ཡང་དག་ཏུ་བསྒྲིགས་ནས་འཇོག་པར་བྱེད།

   སྲུང་མའི་ཁ་གསོས། ཉིན་དེར་རི་ལས་བྱུང་བའི་ས་དཀར་རྣམས་ཆུ་གཙང་མ་ལ་འོ་མ་ཅུང་ཙམ་བླུགས་ཏེ་ཆུ་དཀར་དུ་བཏང་བ་དང་མཉམ་དུ་བསྲེས་ཏེ་བརྫིས་རྗེས། གཡིས་བྱེད་ཀྱི་ཡོ་བྱད་གཡིས་ཐིས་ལ་སོགས་བཟུང་ནས་སྲུང་མ་གང་དུ་གནས་པའི་གནས་རྣམས་ལེགས་པོར་འདམ་དཀར་གྱིས་སྲབ་བུ་ཞིག་གཡིས་པ་དང་བསྐུ་བར་བྱེད་དགོས་ཤིང་། ཉི་ཤུ་དགུ་ལ་ད་དུང་སྲུང་གསོར་ཟེར་ནས་སྲུང་རྟེན་ཡང་བརྗེས་པར་བྱེད་པ་སྟེ། ཡུལ་འདི་དག་གི་སྲུང་རྟེན་ནི་སྤྱིར་བཏང་དུ་ཁྱིམ་གྱི་ཕུག་སྟོད་ཀྱི་གྱང་ངོས་སུ། ཤིང་སྟག་པའི་ཕུར་བ་ཞིག་བརྡབས་པའི་སྐེད་ལ་ལུག་བལ་དཀར་པོ་ཆུན་པོ་ཞིག་བཏགས་ཤིང་སྟེང་དུ་མར་གྱིས་ཁ་བཏང་ཡོད་པ་ཞིག་ལ་ཟེར་ཞིང་། ཕུར་རྟེན་དེ་ལ་རང་རང་གི་ཁྱིམ་གྱི་སྲུང་མ་གནས་ཡོད་པར་འདོད་ཅིང་། དེ་ནི་ལྷའི་རྟེན་མཁར་ཧ་ཅང་སྟབས་བདེ་ཅུང་ཆུང་ཞིག་རེད། ཉིན་དེར་སྟག་ཕུར་གདབ་སའི་གནས་ལ་ས་དཀར་བསྐུས་ནས་ཇེ་གསར་དུ་གཏོང་བ་དང་། སྟག་ཕུར་སྟེང་གི་སྲུང་རྙིང་བ་ལ་རྡུལ་སྤྲུགས་བརྒྱབ་སྟེ་གཙང་སྦྲ་བྱེད་པ་ཡིན། ཚེས་ཉེར་དགུ་ལ་ཕུར་བུའི་སྐེད་ཀྱི་བལ་ཆུན་རྙིང་བའི་ཐོག་ལ་བལ་དཀར་གསར་བ་འདོགས་པ་དང་། དེའི་སྟེང་ལ་འབྲུ་མར་གྱི་ཁ་བཏང་བ་དེ་ལ་སྲུང་མར་ཁ་གསོས་བརྒྱབ་པ་ཟེར་བ་དང་། ཡུལ་ལ་ལར་བཙན་ཁ་གསོར་ཡང་ཟེར། ཁྱིམ་ཚང་ཆ་རྐྱེན་ཡོད་པས་ཉིན་དེར་རང་གི་གཞིས་དཔོན་གདན་དྲངས་ཡོང་སྟེ་སྲུང་མའི་བསྐང་གསོ་རྒྱས་བསྡུས་གང་རུང་འདོན་པ་དང་། དེ་འབྲེལ་གྱི་ལྷ་བཤོས་གཏོར་མ་སོགས་མ་ཚང་བ་མེད་པར་བཅས་ནས་སྲུང་གསོར་བའི་བྱ་བ་གཟབ་རྒྱས་ཀྱིས་བྱེད་པ་ཡིན། དེ་ནི་ལོ་རེའི་ཉིན་འདི་དག་ལ་དེ་ལྟར་དུ་ངེས་པར་བྱེད་དགོས་པ་ཞིག་རེད། ལོ་གསར་ཚེས་ཞིག་གམ་ཚེས་གསུམ་ལ་ད་དུང་ཕྱུགས་ཟོག་གི་ཁྲོད་ནས་ཕྱུགས་གཡང་ཅན་ལ་སྲུང་འདོགས་པའི་བྱ་བ་ཡང་སྒྲུབ་པར་བྱེད་དེ། ཐོག་མར་སྲུང་འདོགས་པའི་ཕྱུགས་དེ་ནི་སྲུང་ཟོག་ལ་འབུལ་བ་དང་ཚེ་ཐར་ལ་གཏོང་བ་ཞིག་ཡིན་དགོས་ཤིང་། སྲུང་འདོགས་པའི་སྒྲུབ་རིམ་ཡང་། ཕྱུགས་དེ་དག་ལ་ཆུ་དཀར་ནག་གཉིས་ཀྱིས་ཆབ་ཁྲུས་བྱེད་པ་སྟེ། ཆུ་ནག་ཞིག་གིས་བཀྲུ་བྱའི་མགོ་ནས་རྔ་མའི་བར་དུ་བཤལ་ཏེ་མི་གཙང་བ་ཕྱིར་འདེད་པ་དང་། དེའི་རྗེས་ཆུ་དཀར་ཞིག་གིས་ཕྱུགས་གང་དེའི་རྔ་མ་ནས་ལུས་གྱེན་དུ་བརྩམས་ཏེ་མགོ་བར་དུ་བླུགས་ནས་བཀྲུ་དགོས་པ་ཡིན་ལ། དེ་ལྟར་བྱས་པས་བསྒྲུབ་བྱ་དེ་ནི་ནག་ནོག་གི་དྲི་མ་མེད་པའི་སྣོད་གཙང་བཀྲ་ཤིས་པའི་རྟེན་ཅན་དུ་བསྒྱུར་བར་འདོད། དེའི་རྗེས་ཡོན་ཏན་དེའི་ལྡན་གྱི་ར་ལུག་གི་རྣ་བ་ལ་བལ་རས་སོགས་ཀྱི་རྣ་ཚར་དང་། སྐེ་ལ་དྲིལ་ཆུང་དང་བལ་ཆུན་བཏགས་པའི་བྱ་བ་ལ་ཕྱུགས་ཟོག་ལ་སྲུང་བཏགས་ཟེར་རོ།། སྲུང་མ་ཞེས་པ་ནི་རང་གནས་པའི་ཁྱིམ་ཚང་ལ་ཁ་འཛིན་བྱེད་པའི་ལྷ་ལ་ཟེར་ཞིང་། ཡུལ་ཕྱོགས་འདི་དག་ལ་མཚོན་ན། སྲུང་མ་ལ་གཙོ་བོ་དཔལ་ལྡན་ལྷ་མོ་དང་། རྒྱལ་བོ། ཐེ་རང་ལ་སོགས་ཡོད་ལ། སྲུང་མ་དེ་དག་ནི་ལ་ལ་ཞིག་ཁྱིམ་དེའི་མེས་པོ་གོང་མ་ནས་བསྟེན་པའི་ལྷ་ཡིན་པ་དང་། ལ་ལ་ཞིག་ཆོས་བརྒྱུད་གྲུབ་མཐའ་ལ་འབྲེལ་བ་ཡོད་དེ། གྲུབ་མཐའ་གང་གི་ལྷ་སྡེ་ཡིནན་གྲུབ་མཐའ་དེས་བསྟེན་པའི་ཆོས་སྐྱོང་སྲུང་མ་དེ་ཉིད་ལྷ་སྡེ་རང་རང་གི་ཁྱིམ་གྱི་སྲུང་མ་ལ་བཀུར་ནས་བསྟེན་ཡོད།

  ཐབ་ཀ་ཁ་གསོས་བྱེད་པ།

 ཉིན་དེའི་འོ་མ་དང་ས་དཀར་གྱི་འདམ་བག་གམ་བསྒྱུངས་ཆུ་དེ་ལ་བཀོལ་ས་གསུམ་ཡོད་དེ། གཅིག་ནི་སྲུང་མའི་གནས་ཡུལ་ལ་ས་དཀར་བསྐུ་བ་དང་། གཉིས་པ་ནི་སྤོས་ཐེའུ་སྦྱར་སའི་གནས་ཏེ་སྲུང་མའི་གཡས་གཡོན་དང་ནང་སྒོའི་གཡས་གཡོན། རྒྱ་སྒོའི་གཡས་གཡོན། མཆོད་ཁང་གི་སྒོའི་གཡས་གཡོན་ལ་ས་རྩི་དཀར་པོ་བསྐུ་དགོས་པ་ཡིན། སྲུང་མའི་གནས་ཡུལ་དཀར་བསྒྱུར་གྱི་སྐོར་གོང་ནས་བཤད་ཟིན་པ་ལྟར་དང་། ད་ནི་དེ་དག་ལས་ཐབ་ཀ་ལ་ཁ་གསོས་བྱེད་པའི་རིམ་པ་བརྗོད་པར་བྱས་ན་ནི། ཐབ་ཀ་དང་ཀོ་ར་ཡི་ཁ་རུ་ཞིག་རལ་དུ་གྱུར་ཡོད་ན། འདམ་དཀར་བརྫིས་ནས་དེ་དག་གི་གས་ཤོ་ཆག་གསུམ་རྣམས་ལ་གཡིས་ལེགས་པོ་བཏང་ནས་ཉམས་གསོ་བྱེད་དགོས་པ་དང་། ཐབ་མགོའི་ཟངས་ང་དང་བ་མ་དུད་དྲེག་ཏུ་སོང་ཡོད་པ་རྣམས་ཀྱང་ཐབ་ལས་བླངས་ཏེ། ཐོག་གི་དུད་དྲེག་ཞིབ་ཏུ་འབྲད་པ་དང་། ཕྱི་ནང་ཐམས་ཅད་ལ་ཆུས་བཤའ་སྟེ་གཙང་འཁྲུད་བྱས་རྗེས་སླར་ཐབ་མགོར་བསྐྱོན་པར་བྱེད་པ་དང་། ཐབ་ཁུང་གི་ནང་ཁོག་འབྲད་པ་དང་། དུ་ཁུང་གི་ནང་དུ་ཡང་དབྱུག་པ་མགོ་ལ་རས་སོགས་ཀྱིས་དམ་པོར་གཅུད་པ་ཐུར་དུ་བཏང་སྟེ་དུ་ཁུང་ཁོག་ཐུར་ལ་དུ་བཤལ་བརྒྱག་པ་ཡིན། ཐབ་ཁུང་དུ་ཐལ་རྙིང་བ་ཅུང་ཟད་ཀྱང་ལུས་མི་འཇུག་པར་སྒོར་ལེན་ཞིང་ཤུལ་གཙང་དག་ལེགས་པོ་བྱས་རྗེས། རི་ལས་འཁྱེར་ཡོང་བའི་ས་དཀར་གྱི་ས་གསར་བ་གཙང་མ་དེ་ཐབ་ཁུང་དུ་བླུགས་ཏེ་མེའི་རྟེན་བྱེད་པ་དང་། ཐབ་ས་གསར་པའི་སྟེང་ནས་ལོ་གསར་བའི་མེ་ཁ་སོ་མ་གསོ་དགོས་པ་ཡིན། དེ་ལྟར་ཐབ་ཁུང་གི་གཡིས་ལས་རྣམས་འགྲུབ་རྗེས། ཐབ་ཁུང་གི་ཁ་མཐའ་རྣམས་ལ་ས་རྩི་དཀར་པོ་བསྐུས་ནས་ཐབ་ཁུང་གཙང་དག་ཏུ་བཟོ་བ་ཡིན། དབུས་གཙང་སོགས་ནས་ཉིན་དེར་ཐབ་ཀའི་གཡས་གཡོན་ཏུ་བཀྲ་ཤིས་རྟགས་བརྒྱད་ལ་སོགས་པའི་རི་མོ་སྣ་ཚོགས་ཀྱང་འབྲི་སྲོལ་ཡོད། དེ་དག་ཚང་མ་ཁྱིམ་གྱི་ཐབ་ལྷ་དགའ་ཆེད་དུ་བཤད་ལ། བྱ་བ་དེ་དག་ཡོངས་སུ་འགྲུབ་རྗེས། འོ་མའི་སྣོད་ལ་ཤུག་ལོ་བསྒྲེས་ཏེ་ཐབ་ཀའི་སྟེང་དུ་ཆབ་བྲན་མང་དུ་བྱེད་པ་དང་ཤུག་བདུག་ལེགས་པོ་བྱེད་པ་ཡིན། དེ་ནས་ཁྱིམ་དེའི་བདག་མོས་ཁ་ལག་གཙང་མ་ཞིག་བཀྲུས་ཏེ་ཐབ་ཀ་ལ་འཁོར་ཏེ། ཐབ་ལྷ་ཨ་ཡེ་རྒན་མོ་མཆོད། ཐབ་ལྷ་ཡུ་མོ་སྔོན་མོ་མཆོད་ཅེས་སྙན་པའི་ཚིག་ཕྱུང་ཞོར་དུ་ཐབ་ཀ་ལ་ཕྱག་གསུམ་འཚལ་དགོས་པ་དང་། ཡང་ན་ཁྱིམ་གྱི་སྲུང་མའི་མདུན་དུ་ཕྱག་དེ་ལྟར་འཚལ་བས་ཀྱང་ཆོག་པ་ཡིན། དགོང་མོ་དེའི་ནུབ་འཚལ་ལ་ཐབ་ཏུ་ཟས་རིགས་ཀྱི་རིམ་་མཐོན་པོར་བརྩི་བ་ཤ་རིགས་བཙོས་ཏེ་ཟ་མ་ལེགས་གྲས་ཅི་འཛོམས་ཤིག་བསྐོལ་བར་བྱེད་དོ།།

  ལུས་ཕུང་གི་གཙང་སྦྲ།

 བཅུ་དགུའི་དུད་པ་ཕྱགས་པའི་འཕྲོ་ནས་བཟུང་སྟེ། བོད་ལོའི་ཚེས་༢༦གི་བར་གྱི་ཉི་མ་གང་ཁོམ་དུ་རང་རང་གི་མགོ་སྐྲ་བཞར་བར་བྱེད་དེ། ཡུལ་འདིར་ལོ་རྙིང་གི་སྐྲ་འཆིང་ལོ་གསར་བའི་ནང་འཁུར་ཡོང་སྲོལ་ཡེ་མེད་ལ། སྤྱིར་ཡང་ཕོ་རྣམས་མགོ་སྐྲ་བཞག་པ་རིང་ཞིང་འཆིང་བར་གྱུར་ཡོད་པ་རྒན་པ་རྣམས་ཀྱིས་མཐོང་ན། ཁྱོད་ཀྱིས་སྐྲ་དེ་འདྲ་རིང་བོ་བཞག་པས་བཙོན་མ་མ་ཡིན་ནམ། བཙོན་མས་ནི་བཙོན་སྐྲ་ཟེར་བ་དེ་འདྲ་རིང་བ་འཁུར་དགོས་པ་རེད་ཅེས་བཀྱོན་ཡོང་ངེས་ཡིན། སྔ་སོར་སྡེ་བའི་ནང་རང་དུ་སྐྲ་བཞར་བར་བྱེད་དེ། དེ་དུས་སྐྲ་བཞར་མཁན་གྱི་མདུན་དུ་སོང་སྟེ་སྐྲ་གྲི་ཡིས་སྐྲ་རྣམས་གཙང་མ་བཞར་རྗེས། སིལ་བུར་ས་ལ་ཐོར་བའི་སྐྲ་ལོ་རྣམས་ཤུལ་དུ་འཇོག་པ་དང་། གང་སར་འཕེན་པ་སོགས་མི་བྱེད་པར་གཅིག་ཀྱང་ཤུལ་དུ་དོར་ནས་ལུས་བར་མི་བྱེད་པར་བཏུས་ཏེ། དེ་དག་གྲབས་གཅིག་ཏུ་ལྡོག་ལྡོག་བྱས་རྗེས། རླུང་གིས་མི་འཁུར་བའི་ཁུང་བུ་དང་རྩིག་སྲུབ་སོགས་ཀྱི་གནས་རྣམས་སུ་འཇུག་པར་བྱེད་དགོས་པ་ཡིན། དེ་དག་ནི་རང་གི་བླ་སྐྲ་ཡིན་གཤིས་རླུང་ལ་བསྐུར་ན། མཚན་མོའི་རྨི་ལམ་དུ་བྲག་དང་གཡང་ལ་ལྷུང་བ་རྨིས་ཏེ་རྨི་ལམ་འཁྲུགས་པར་བཤད། སྐྱེས་མ་རྣམས་ཀྱིས་ཀྱང་དེ་བཞིན་དུ་ཁོམ་སྐབས་གང་ཡོད་བཙལ་ཏེ་མགོ་སྐྲ་སླ་བར་བྱེད་དེ། སྤྱིར་བོད་ཀྱི་སྐྱེས་མའི་མགོ་སྐྲ་སླ་བ་ནི་ཚེགས་ཤིན་ཏུ་ཆེ་བའི་ལས་ཀ་ཞིག་ཡིན་ཞིང་། ཡུལ་འདིའི་སྐྱེས་མའི་མགོ་སྐྲ་སླ་སྲོལ་ནི་འབྲོག་མགོར་གཏོགས་པས་དེ་བས་ཀྱང་སླ་ཚེགས་ཆེ་བ་སྟེ། སྐྲ་རྣམས་ལན་བུ་མང་པོར་ཚེགས་སུ་བསྟར་དགོས་པས་ན། མགོ་སླ་སྐྱེས་མ་མང་བོ་མེད་ན་སྐྲ་སླ་བའི་བྱ་བ་མི་འོང་བས་རུ་རོགས་ཁྱིམ་མཚེས་དང་། བཟང་ས་རྒྱན་ས། ཤ་བ་ཤ་ཁྲག་བཅས་ཀྱི་ནང་ནས་སྐྲ་སླ་བར་མཁས་པ་རྣམས་ཉིན་བཟང་སྐར་བཟང་ལ་ཕན་ཚུན་ལས་སྡེབ་བྱས་ཏེ་སླ་བ་ཡིན། ཡང་དེའི་སྐབས་སུ་ཉི་མ་དྲོ་དུས་དང་བསྟུན་ཏེ་བཟའ་བ་འགྲོགས་ནས་འགྲོ་བའམ་ཡང་ན་བཟང་ས་རྣམས་ཕན་ཚུན་བསྡེབས་ནས། ཉིན་ཁའི་ཆུ་ཁ་སོགས་སུ་སོང་སྟེ་ཁོག་སྟོད་ལ་ཆུ་ལྡུག་པ་དང་། རྐང་བ་ཆུ་ནང་དུ་བཙུགས་ནས་ལུས་སྨད་བཀྲུ་བ་སོགས་ཅི་ཐུབ་ཀྱིས་ལུས་ཕུང་གི་གཙང་སྦྲ་གང་ལེགས་ཡོང་བར་འབད་བརྩོན་བྱེད།

  གོས་རྒྱན་གྱི་གཙང་སྦྲ།

 དུད་པ་ཕྱགས་པའི་འཕྲོ་ནས་བཟུང་། དུས་གང་ཁོམ་ལ་ཁྱིམ་ཚང་གི་བཟའ་མི་ཡོངས་ཀྱི་གོན་པ་འཁྲུད་པར་བྱེད། འཁྲུད་ཆས་བྱུང་མེད་པའི་ཡར་སྔོན་གྱི་གོན་པ་འཁྲུད་པའི་གནས་ཚུལ་ནི། ཁྱིམ་ཚང་རེ་རེ་སྒོའི་ཕྱི་རོལ་དུ་ཟངས་ཆེན་བཙུགས་པའི་ནང་ཆུ་དྲོད་མ་བསྲོས་ཏེ་གོན་པ་རྣམས་འཁྲུད་པ་ཡིན་ལ། བཟའ་མི་མང་ན་ཉིན་གཉིས་གསུམ་ལ་འཁྲུད་དགོས་པའི་སྐབས་ཡོད། ལས་ཀ་འདི་གཙོ་བོ་སྐྱེས་མ་རྣམས་ཀྱིས་བྱེད་པ་ཡིན་ཞིང་། གནམ་ཐང་ནས་ཉི་མ་དྲོ་ཚེ། གོན་པ་རྣམས་སྣོད་དུ་འཁུར་བ་དང་གྲམ་པ་ལ་སོང་ནས་ཆུ་ཁ་རིང་ཐུང་ནས་བཀྲུ་བ་ཡང་ཡོད། དེ་དུས་གྲམ་པ་ན་བུ་མོ་མང་པོ་སྐོར་དང་སྐོར་བྱས་ཏེ་ཧ་ཆ་བརྒྱག་བཞིན་གོན་པ་འཁྲུད་པའི་རྣམ་པ་ཡོངས་སུ་ཤར་ཡོད། གོན་པ་བཀྲུས་ཚར་རྗེས། ཁྱིམ་ཚང་རང་རང་གི་སྒོ་ཁྱམས་བར་གསུམ་དུ་ཐག་གདང་དང་ལྕགས་གདང་སོགས་གདང་རིང་ཐུང་སྣ་ཚོགས་འཐེན་ནས། བཀྲུས་པའི་གོན་པ་གདང་ལ་བཀལ་ནས་ཉི་མར་སྐེམ་པར་བྱེད། དེ་དུས་ཁྱིམ་ཚང་སོ་སོའི་ཕྱི་ནང་བར་གསུམ་དུ་གོན་པ་མང་པོ་གདང་ལ་འཕངས་ནས་ཉི་མར་བསྐམས་ཡོད་པ་གང་སར་མཐོང་ཐུབ། ལོ་གསར་སྐབས་ངེས་པར་གོན་པ་གསར་བ་ཞིག་གོན་དགོས་ཤིང་། ཉུང་མཐའ་ཡང་ཚེས་ཞིག་གི་ཉིན་མོར་གོན་པ་གསར་བ་ཁ་སོས་བུད་མ་ཞིག་གོན་དགོས་པ་ཡིན་ལ། ཁྱིམ་ཚང་གི་འཁོས་འབྱོར་གྱིས་དབང་གིས། གལ་ཏེ་ཁ་ཚང་གསར་བ་ཉོ་མ་ཐུབ་པར་གོན་པ་རྙིང་བ་དང་ཐོག་བབས་གོན་ན་ཡང་གཙང་མ་ཞིག་བཀྲུས་ནས་གོན་དགོས་པ་ཡིན། གཞན་ཕོ་མོ་གཉིས་ཀྱི་རྒྱན་འདོགས་ཆའི་རིགས་རྣམས་ཀྱང་གོས་སྒམ་ནས་ཕྱིར་བླངས་ཏེ། རེ་རེ་བཞིན་ཆུ་ལ་བཀྲུ་བ་དང་། འདག་རྫས་ལས་དྲི་སེལ་ལ་ཕན་རིགས་བཀོལ་ཏེ་གཡའ་ཆགས་པ་གཙང་མ་ཞིག་སེལ་ཏེ་དཀར་བང་བང་དང་སེང་བང་བང་བྱས་ནས་འདོགས་རྐྱང་དུ་འཇོག་དགོས། དེ་ཡང་ཡུལ་འདིའི་བུད་མེད་ཀྱི་རྒྱན་ཆ་ལ། གསེར་དངུལ་གང་རུང་རྒྱུ་བྱས་པའི་སྐེ་རྒྱན་དང་རྣ་ལུང་། མཛུབ་དཀྲིས་སོགས་ཡོད་པ་དང་། རྒྱུ་དངུལ་གྱིས་བྱས་པའི་བཞོ་གཞོང་དང་། ཉི་ཟླ། སྐེགས་བཅིངས། རལ་བ། གློ་ཆ་བཅས་ཀྱི་སྟེང་དུ་གསེར་དངུལ་གཡུ་བྱུར་གྱི་ཕྲ་བཏབ་པ་ཅན་སོགས་ཡོད་ལ། ཕོ་རྣམས་ལ་ཀའུ་སྲུང་འཁོར་དང་གློ་གྲི་དང་མདའ་སྐེགས། མཛུབ་དཀྲིས་སོགས་ཡོད་པ་རྣམས་བཀྲུ་དགོས་པ་འཁྲུད་པར་བྱེད་པ་དང་། ཤུབས་གསོར་དགོས་པ་ལ་ཤུབས་གསོར་བ། ལོང་བུ་མེད་པ་ལ་ལོང་བུ་བཏགས་ཏེ་འདོགས་རྐྱང་དང་བཅིངས་རྐྱང་དུ་གཏུགས་དགོས། རྒན་པ་ཕོ་རྣམས་ཀྱིས་དུང་གི་རྣ་ལུང་ཡང་འདོགས་པ་དང་། འགའ་ཤས་ལག་མགོར་བ་སོའི་ལག་དཀྲིས་ཀྱང་གོན་པའི་སྐབས་ཡོད།

   གོ་རེ་སྲེག་པ།

 གོ་རེ་དམར་པོ་དང་གོ་སྐྱ་རྒྱལ་བོ་སྲེག་པར་བྱེད་རྒྱུ་ཡང་ལོ་གསར་སྐབས་ཀྱི་ཟས་རིགས་གལ་ཆེན་གཉིས་ཡིན། དེའི་ནང་ནས་ཀྱང་རྒྱལ་བོ་ནི་ལོ་གསར་ལེགས་སྐྱེས་འཁྱེར་སྐབས་ཀྱི་དངོས་པོ་མེད་མི་རུང་བ་ཞིག་ཏུ་གྱུར་ཡོད། དེ་ནི་དབྱིབས་ཉི་ཟླའི་གཟུགས་སུ་ཡོད་པ་ཞིག་ཡིན་ཞིང་། མིང་ཧྲིལ་བོ་ལ་ལོ་རྒན་རྒྱལ་བོ་ཟེར། ཉི་ཟླ་ནི་སྡུག་གི་མུན་པ་མཐའ་ནས་བསང་བྱེད་དང་། བཙན་པོའི་སྐབས་སུ་དབུ་སྙིང་བྲོ་བོར་སྐབས་ཀྱི་མནའ་རྟེན་བྱེད་པ་དང་། རྒྱལ་བ་པཎ་ཆེན་ཉི་ཟླར་དཔེར་བྱེད་པ་སོགས་མགོན་སྐྱབས་ཀྱི་དོན་དང་། མི་འགྱུར་བའི་དོན། ཚེ་རིང་བའི་དོན་སོགས་ཡོད་པ་བཞིན། ཡུལ་འདིར་ཡང་ཁྱིམ་ཚང་ཕན་ཚུན་ལ་ལོ་སར་བར་འགྲོ་སྐབས། ལོ་སར་བ་ཆེ་ཆུང་ཐམས་ཅད་ཀྱི་ལག་ཏུ་ལོ་རྒྱལ་སྟེང་དུ་མར་རྒྱན་བཏང་བ་རེ་བཟུང་ནས་འགྲོ་དགོས་ཤིང་། དེའི་ཟླ་ལ་ཤ་ཆང་སོགས་ཀྱི་སྐྱེས་རང་གི་འཛོམས་ཚུལ་ཞིག་འཁྱེར་བར་བྱེད། ལེགས་སྐྱེས་ཀྱི་ཁྲོད་དུ་ལོ་རྒྱལ་ཡོད་ན་དེ་ནི་ལོ་གསར་བའི་ལོ་སར་ལེགས་སྐྱེས་མཚོན་པའི་རྟགས་ཡིན་ལ། མེད་ན་སྤྱིར་བཏང་རང་གའི་ལག་སྐྱེས་ཙམ་དུ་འགྲོའོ།། ཁྱིམ་རེར་ལོ་རྒྱལ་རེ་ལོ་སར་དུ་བྱིན་པ་དེས། ལོ་གསར་བའི་ནང་ཁྱིམ་ཚང་གང་དེའི་བཟའ་མི་ཡོངས་བདེ་སྐྱིད་ལྡན་ཞིང་། ལོ་ལོན་རྒན་པ་རྣམས་ཚེ་ཐག་རིང་བར་རྟེན་འབྲེལ་སྒྲིག་པ་མཚོན་ཡོད། ད་ལྟ་རྒྱལ་བོ་ལ་རལ་ག་ལྷག་པ་འདོགས་པ་ནི་གོ་སྲེག་རྣམས་ཀྱིས་གང་ཡག་ཏུ་བཏང་བའི་ལས་ཁོ་ནའོ།། ལོ་གསར་གྱི་རྒྱལ་བོ་སྲེག་སྐབས། མེ་ར་ནས་རེའུ་ལུད་ཀྱིས་མེ་ཕུང་ཆེན་པོ་གཏོང་ཞིང་། དེའི་ནང་གོར་ཟངས་ལྔ་རེ་དྲུག་རེ་མེ་འོག་ལ་བཅུག་སྟེ། ཉིན་འགའ་ལ་བསྲེག་དགོས་པ་དང་། དེའི་རིང་ཁྱིམ་ནས་གོ་སྲེག་ཅིག་རང་ཁྱིམ་དུ་བསྡད་དེ། གོ་རེ་སྲུང་ནས་མིག་གིས་འཚོས་འཚོས་ལ་འདུག་དགོས་ཤིང་། གོ་རེ་མི་འཚིག་པ་དང་། མི་འཚོས་པར་མི་བྱེད་པ་བྱས་ཏེ་ལེགས་པོར་སྲེག་དགོས་པ་ཡིན་ལ། ལོ་གསར་གྱི་རྒྱལ་བོ་ལ་འཚིག་དྲེག་ཅན་དང་མི་ལེགས་པ་བྱུང་བ་འཛེམས་ནས་མི་འཁྱེར་བ་ཡིན།

  གོ་རེ་དམར་པོ་ནི་ལས་ཚེགས་ཆེ་བས་རང་ཁྱིམ་ཚང་གཅིག་པུས་མི་སྐོབས་གཤིས། ཀོ་སྲེག་མང་པོར་ལས་བསྡེབས་བྱས་ནས་སྲེག་པར་བྱེད་དགོས། ཉིན་དེར་མི་ཁང་གི་ཐབ་ཏུ་གཡའ་མདའ་ཟེར་བའི་ཟངས་བའི་རིགས་ཆེ་བ་ཞིག་འཛུགས་ཤིང་། ནང་དུ་ལོ་དེར་བཙག་པའི་ཟར་གཡིས་དང་ལོག་གཡིས་གང་རུང་བླུགས་ནས་གོ་རེ་སྲེག་པར་གྲ་སྒྲིག་བྱེད། ཉིན་དེའི་ལས་ཀ་ལ། ཀོ་སྲེག་སྐྱེས་མ་དྲུག་བདུན་ཙམ་དང་། ཟངས་ཁ་ནས་འདུག་མཁན་མི་གཅིག མེ་འབུད་མཁན་མི་གཅིག ཀོ་རེ་བསྐྱལ་མཁན་མི་གཅིག་བཅས་དགོས་པ་ཡིན། གོ་རེའི་རིགས་ལ་སོག་སོག་དང་ལེ་འབུ། ཀྲ་ཀྲ ཀོར་ཀོར། བདུས་རིག་སོགས་ཡོད། དེ་དག་ནི་ལོ་གསར་སྐབས་སྡེར་ཁ་མང་པོ་ཡོད་པའི་ནང་གི་གཙོ་ཆེ་བ་ཤ་སྡེར་དང་ཀོ་སྡེར་གཉིས་ཀྱི་ཕྱི་མའི་རྒྱུ་མ་བྱེད་པ་ཡིན། གོ་དམར་སྲེག་པའི་ཐོག་མ་ལ། གཡང་གི་ར་བ་སྒོ་བཞི་ཟེར་བ་ལས་ནས་བསྲེག་དགོས་པ་ཡིན་ཏེ། སྒོ་བཞི་བོ་ནི་རྟ་ནོར་ལུག་ར་དང་བཞིའོ།། དེ་དག་ལེགས་པོ་ཞིག་བྱོན་པ་གལ་ཤིན་ཏུ་ཆེ་བས། ཐོག་མར་ཚོད་ལྟའི་ཆེད་དུ་གཡིས་ཟངས་ཀྱི་ནང་དུ་ཕྱེས་ལེབ་འགས་འཕངས་ནས། གཡིས་ཀྱི་ཁོལ་ཚད་དང་ཁ་འགོས་ལུགས། མེ་ཡི་བཏང་ལྷོད་སོགས་ལ་ལེགས་པར་བརྟགས་པ་དང་། བརྟགས་འབྲས་ལེགས་པོར་གདའ་ཡོད་ན། ད་གཟོད་གཡང་གི་ར་བ་སྒོ་བཞི་རྣམས་གོ་སྲེག་ལག་བདེ་ཞིག་གིས་ལས་ཏེ་གཡིས་ཟངས་ནང་སྐོར་ཐེངས་གཉིས་སུ་ཕྱེ་སྟེ་འཕེན་པ་ཡིན། སྲེག་སྐོར་གཅིག་བླངས་ཏེ་མཆོད་ཁང་དུ་གོ་ཕུད་ཀྱི་ཚུལ་དུ་མཆོད་པ་ལ་འབུལ་བ་དང་། སྲེག་སྐོར་གཅིག་གཙང་སར་བཞག་ནས་ཚེས་ཞིག་གི་ཞོགས་པའི་ལྷ་བསང་ཆེན་མོ་ལ་འདྲེན་པར་བྱེད་དོ།།

  བོད་ལོའི་ཉི་ཤུ།

 སྤྱིར་བོད་ལོའི་ནང་ནི་མི་ཁོམ་པའི་དུས་ཡིན་ཞིང་། དེ་བས་ཀྱང་བོད་ལོའི་ཉི་ཤུ་ནི་ཆེས་མི་ཁོམ་པའི་དུས་ཡིན་ཏེ། ཚེས་ཉི་ཤུ་ནས་ཉེར་དགུའི་བར་ལ་ལས་ཀ་མང་བོ་སྤུང་སྒྲུབ་བྱེད་དགོས་པས། ཟླ་བོད་ལོའི་མི། ཟླ་བོད་ལོའི་ཉི་ཤུ། མི་གཅིག་མི་གཉིས་བྱེད་པ་ཞེས་ཁ་དཔེ་དར་ཡོད་པ་ཇི་བཞིན་ནོ།། འདི་དུས་སྐྱེས་པ་རྣམས་ཁྱིམ་ཚང་གི་ལོ་གསར་གྱི་ཉོ་ཆ་ལ་ཁོམ་དུ་མེད་པ་དང་། སྐྱེས་མ་རྣམས་གོ་རེ་སྲེག་པ་དང་། གོས་རྒྱན་འཁྲུད་པ། ཚལ་ཚོད་འཁྲུད་པ་དང་བཙོ་བ་སོགས་ལས་ཀྱི་རིགས་གང་མང་ལ་བྲེལ་ནས་མི་ཁོམ་ཞིང་། སྐྱེས་པ་རྣམས་ད་དུང་རྟ་རྒྱུགས་ཀྱི་རྟ་གསོ་བ་དང་རྒྱུགས་སྦྱོང་བ་ལ་བྲེལ་བར་ཡོད་ལ། ཁྱིམ་ཚང་ལ་གཉེན་སྟོན་དང་སྐྲ་སྟོན། ཁང་སྟོན། མནོལ་སྟོན། གྱ་སྟོན་སོགས་ཡོད་པས་དེ་འབྲེལ་གྱི་ལས་ཀ་ལ་མ་ཁོམ་པར་ཡོད། ཡང་ཁྱིམ་ཚང་གིས་ལོ་གསར་ནང་མནའ་མ་ལེན་འཆར་ཡོད་པ་དང་མག་པ་ལེན་འཆར་ཡོད་པ་རྣམས་ཀྱིས་དེ་འབྲེལ་གྱི་མཁོ་དངོས་ཀྱིས་ཉོ་སྒྲུབ་ལ་ཁོམ་དུ་མེད། ལོ་གསར་སྐབས་གོན་པ་གྲ་སྒྲིག་བྱེད་པ་ནི་བྱ་བ་གལ་ཆེན་ཞིག་ཡིན་ཏེ། རྒྱ་ལྭའི་རིགས་ནི་ནམ་མཁོ་བྱུང་ན་ཚོང་ཁང་དུ་སོང་ནས་ཉོས་ཆོག་པ་ཞིག་ཡིན་ཡང་། བོད་ལྭའི་རིགས་ནི་རང་གིས་བཟོ་དགོས་པ་ཡིན་ན་དུས་ཡུན་རིང་བོ་འགོར་དགོས་སྟབས། རྒྱུ་ཆ་རྣམས་སྔ་མོ་ནས་ཉོས་ཏེ་བཟོ་བ་ལ་སྤྲད་དེ་བཟོ་རུ་འཇུག་དགོས་པ་ཡིན། ཁྱད་པར་དུ་ཚ་རུ་དང་ཕྲུག་ལྭ་དང་སློག་པ་བཟོ་དགོས་ཚེ། ལོ་ཕྱེད་ཀྱི་སྔོན་ཞིག་ནས་རྒྱུ་ཆ་རྣམས་ཚགས་སུ་ཆུད་པར་བྱས་ཏེ་བཟོ་བ་ལ་མ་སྤྲད་ཚེ། དུས་ཐུང་ཐུང་ནང་འགྲུབ་ཐུབ་པ་ཞིག་མིན། བོད་ལྭ་ཁ་སོས་བུད་མ་དང་རྒྱ་ལྭ་གསར་བ་ཉོས་ཡོད་པས། བོད་ལོའི་ཉི་ཤུ་བརྒྱད་དང་དགུ་ལ་ཐོན་པ་ན། དེ་དག་གྱོན་ཏེ་རང་རང་གི་ཤ་ཁྲག་གི་ཁྱིམ་དུ་སོང་ན། ཤ་ཁྲག་ཁྱིམ་མི་རྣམས་དགའ་སྟེ་སྒོར་མོ་གང་འབབ་བྱིན་ཏེ་ལྭ་བ་གསར་བའི་ཁ་ཕབ་སྲོལ་ཡོད་ལ། བྱིས་པ་རྣམས་དུས་དེར་སླེབས་པ་ན། ངའི་ལྭ་ལྭ་གསར་བའི་ཁ་ཕབ་ཏུ་འཇོག་དགོས་ཟེར་ནས་རང་གི་ཤ་ཁྲག་གི་ནང་ལ་བཀག་ཀྱང་མི་ཁོག་པར་ལྭ་བ་གསར་བ་གྱོན་ཏེ་འགྲོ་བར་དགའོ།།

  ཉི་ཤུ་དགུའི་ཉིན།

 ཉི་ཤུ་དགུའི་ཉིན་མ་ནི་ཧ་ཅང་གི་གལ་ཆེན་ཞིག་ཡིན། རྒྱུ་མཚན་ནི་གཅིག་ནས་ཉིན་མ་དེར་རང་སྟེང་གི་དོན་སྙིང་ཅན་གྱི་རིག་གནས་ཡོད་ཅིང་། གཉིས་ནས་ལོ་དེར་གནམ་གང་མེད་པ་ཡིན་ན། སྤྱིར་གནམ་གང་གི་ཉིན་སྒྲུབ་ཆོག་པའི་བྱ་བ་ཐམས་ཅད་ཀྱང་ཉིན་དེར་ཅིས་ཀྱང་འགྲུབ་དགོས་པའི་ཕྱིར་རོ།། གལ་ཏེ་གནམ་གང་མེད་ཚེ་ཉི་ཤུ་དགུ་ནི་ལོ་གསར་རྙིང་གཉིས་ཀྱི་བར་མཚམས་ཏེ་ལོ་མཚམས་འབྱེད་པའི་ཉི་མ་ཡིན།དེའི་ཕྱིར་ཉིན་དེར་སྡེར་ཁ་ཐམས་ཅད་བསྒྲིགས་ནས་འགྲུབ་དགོས་ཤིང་། ཤ་སྡེར་གྱི་ཤ་ཐམས་ཅད་ཀྱང་བཙོས་ནས་ཤ་སྡེར་བསྒྲིགས་པ་དང་། ཚོད་མ་དང་པན་ཞི་ཚང་མ་བཅོས་ནས་འཇོག་དགོས་པ་ཡིན། གཞན་ཡང་གོས་ཚར་དང་ཝ་ཞྭ་ཚང་མ་སྒམ་ན་ཡོད་པ་ཕྱིར་བླངས་ཏེ། གདང་ལ་འཕེན་ཞིང་བསེར་བུར་གཡེང་བཅུག་རྗེས། བདའ་བུས་ས་རྡུལ་རྣམས་གཏག་ཅིང་གཙང་མར་བཏང་ནས་གོན་རྐྱང་དུ་གཏུགས་དགོས། ཉིན་དེར་ཆུ་རྫ་རྣམས་ཀྱི་ནང་སྔ་མོ་ནས་ཆུ་བླངས་ཏེ་བཀང་བར་བྱེད་དགོས་པ་དང་། ཕྱེ་སྒམ་གྱི་ནང་ཡང་ཕྱེ་ཡིས་བཀང་བར་བྱེད་པ་དང་། དེ་བཞིན་དུ་བང་ཁ་ཡང་ཨོང་བས་བཀང་བར་བྱེད་དགོས་པ་ཡིན། མཆོད་ཁང་ནང་ཡང་གཙང་མ་ཞིག་ཕྱགས་ནས་ཚེས་ཞིག་གི་ནང་མོ་ལ་མཆོད་པ་འབུལ་རྐྱང་བྱེད་དགོས་པ་ཡིན། རང་ཁྱིམ་གྱི་དངོས་པོ་གཞན་ལག་ནས་མི་བསྐྱུར་པ་དང་གཞན་གྱི་དངོས་པོ་རང་ཁྱིམ་དུ་མི་འཇོག་སྟབས། རང་གི་དངོས་པོ་གཞན་ལ་གཡར་བ་ཐམས་ཅད་ཕྱིར་ལེན་པ་དང་། དེ་བཞིན་དུ་རང་གི་ལག་ཏུ་ཡོད་པའི་གཞན་གྱི་དངོས་པོ་མ་ལུས་པ་ཡང་ཕྱིར་བདག་པོ་ལ་རྩིས་སྤྲོད་ལེགས་པོ་བྱེད་པ་ཡིན། ནང་སྒོས་སུ་རང་ལ་དོམ་ཡོད་ན་ཡང་གསོད་ཐབས་གང་ནུས་བྱེད་པ་ལས་ལོ་རྙིང་བའི་དོམ་རྙིང་དེ་ལོ་གསར་བ་ལ་འཁུར་ནས་མི་འགྲོ་བ་ཡིན། བཞོན་མ་ཡོད་པའི་ཁྱིམ་ཚང་དག་གིས་ལོ་གསར་ལ་བསགས་པའི་འོ་མ་དེ་ལས་བཞོན་མ་མེད་པའི་ཁྱིམ་ཚང་ལ་འོ་སྐལ་བགོས་ཏེ་བསྐྱལ་བར་བྱེད་ཅིང་། ཁྱིམ་ཚང་ཐམས་ཅད་ལ་ལོ་གསར་ཚེས་ཞིག་གི་ནངས་མོར་འོ་ཇ་དཀར་པོ་འཐུང་དུ་ཡོད་པར་མཐའ་གཅིག་ཏུ་བརྩོན།

 ཉིན་དེའི་ཕྱི་དྲོ་ལ་སླེབས་པ་ན། ཁྱིམ་གྱི་མི་ཞིག་གྲམ་པ་ལ་དར་ལེན་དུ་འགྲོ་དགོས་པ་ཡིན་ཏེ། དེས་གྲམ་པའི་ཆུ་གཞུང་མཐུག་ས་ནས་ཆགས་པའི་དར་གཙང་མ་བླངས་ཏེ་འཁུར་འོང་རྗེས། དར་ལོག་རྣམས་སྟ་རེ་སོགས་ཡོ་བྱད་ཀྱིས་བཅག་སྟེ་སིལ་བར་བཏང་རྗེས། དར་སིལ་མ་རྣམས་ཁྱིམ་གྱི་ར་ཁ་སྐོར་བ་བྱས་ཏེ་བར་ཐག་དོ་སྙོམས་ཀྱིས་འཇོག་པ་དང་། དར་རྣམས་འོད་ཀྲིག་ཀྲིག་ཏུ་ཡོད་སྟབས། བཤད་ཚུལ་དུ་དེ་ལྟར་བྱེད་པ་ནི་གནམ་ལ་འོད་ཀྱི་མཆོད་པ་ཕུལ་བ་ཡིན་ཞེས་གྲགས་སོ།། གཞན་ཡང་ལྷམ་རིང་ཐུང་ཆེ་ཆུང་ལེགས་པོར་ཕྱིས་ནས་གཙང་སྦྲ་བྱེད་པ་དང་། ཐོག་ཏུ་སྣུམ་བྱུགས་ཏེ་ཚེས་ཞིག་ལ་གོན་རྐྱང་བྱེད་པ་ཡིན། ཉི་མ་ནུབ་པ་དང་། སླར་ཡང་ཁྱིམ་ཡོངས་སྡུད་མས་གཙང་མ་ཞིག་ཕྱགས་པར་བྱེད་ཅིང་། སྐབས་དེར་བྱུང་བའི་ཁྱིམ་ཕྱགས་དེ་འབོ་སྐབས། གལ་ཏེ་བོད་ལོའི་བཅུ་དགུ་དུད་ཕྱགས་ཀྱི་ཉིན་དུད་པ་ཕྱིར་ལ་འབོ་ཁོམ་མ་བྱུང་བར་བཞག་ཡོད་ན། ཉིན་དེའི་ཁྱིམ་ཕྱགས་དང་ལྷན་དུ་ལོ་དགྲའི་ཕྱོགས་སུ་དབོ་དགོས་པ་ཡིན། ཉི་མ་ནུབ་པ་དང་ཕྱི་ན་ལས་ལ་བྲེལ་བའི་ནང་མི་རྣམས་ཀྱང་ཁྱིམ་དུ་ལོག་དགོས་པ་དང་། སྒོ་ཕྱུགས་ཐམས་ཅད་ཀྱང་ནམ་རྒྱུན་ལས་དུས་སྔ་བ་བྱས་ཏེ་ཁྱིམ་དུ་བསྡུ་བ་ཡིན། ཁྱིམ་ཕྱགས་པའི་རྗེས་ནས་བཟའ་མི་རྣམས་རང་ཁྱིམ་ཁོ་ནར་ཚོགས་ནས་འདུག་པ་ལས་སྒོར་མི་འབུད་པ་ཡིན། ཚེས་ཞིག་གི་ཉིན་མོ་ལ་ཁྱིམ་དུ་སྐྱུག་ཇི་འདྲ་རྫོགས་ཀྱང་ཁྱིམ་ལ་སྡུད་ལྕགས་བརྒྱག་པའི་དཔེ་ནི་མེད། དེ་ནས་ཉི་མ་འགྱལ་ནས་ས་སྲོད་ལ་སླེབས་པའི་བར་དུ། བྱིས་པ་རྣམས་ཀྱིས་བོའུ་ཤོག་ཐ་ཐོར་བརྒྱབ་སྟེ་ལོ་གསར་གྱི་ཡོ་ལང་སྔ་ཆ་ནས་རྒྱས་པར་བྱེད།

 ས་སྲོད་ཀྱི་དུས་སུ་ནུབ་འཚལ་འཐུང་ཞིང་། དགོང་མོ་དེའི་ནུབ་འཚལ་ནི་སྤྱི་བཏང་གི་ནུབ་འཚལ་དང་ཡེ་ནས་མི་འདྲ་བ་ཡིན། དགོང་མོ་དེའི་ནུབ་འཚལ་ལ་མིང་དགུ་ཐུག་ཅེས་འབོད་པར་བྱེད་ཅིང་། དེ་ལ་དགུ་ཐུག་ཅེས་འབོད་དོན་ནི་དགོང་མོ་དེར་ཟས་སྣ་དགུ་ཚང་བའི་བཟའ་བཏུང་ཞིག་འཐུང་དགོས་པ་དང་། དེས་ལོ་གསར་བའི་ནང་ཟས་སྣ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་སྒྲིག་པ་མཚོན་ཡོད། དགོང་མོ་དེར་བཟའ་མི་ཚང་མས་ཕོ་བ་རྒྱགས་རྒྱགས་པ་ཞིག་ཀྱང་ཟ་དགོས་པར་བཤད་དེ། མ་ཟས་ན་དགོང་མོ་དེར་གཤིན་རྗེ་ཆོས་ཀྱི་རྒྱལ་བོ་ཕེབས་ནས་མི་རེ་རེ་རྒྱ་མར་ཚད་དེ་ལྗིད་ཚད་ལ་ལྟ་བ་ཡིན་ཟེར་སྟབས། ཀུན་གྱིས་དགུ་ཐུག་གི་བཟའ་མ་རྒྱགས་ཆེན་པོ་ཞིག་འཐུང་སྲོལ་ཡོད་དོ།། དགུ་ཐུག་མ་བཞེས་གོང་ཁྱིམ་གྱི་མཆོད་ཁང་དང་སྲུང་མའི་མདུན་དུ་ཟས་རིགས་ཀྱི་མཆོད་འབུལ་སྣ་གང་འཛོམས་ཤིག་བྱེད་དགོས། ས་འདི་ནས་དགུ་ཐུག་ལ་པན་ཞི་བཅའ་བ་དང་ཆེ་བ་དང་། པན་ཞིའི་ནང་དུ་ཟས་སྣ་དགུ་ཚང་བར་འདོད་པ་ཡིན། གཞན་ཡང་ནང་སྙིང་དུ། ཀ་ར་དང་ཁ་ཚ། ཚྭ་ཁུ། སྐར་མ་སོགས་གཅུད་པའི་པན་ཞི་འགའ་རེ་དགུ་ཐུག་གི་ཤ་པན་མང་པོའི་ཁྲོད་འཕངས་ནས་སུ་ལ་དེ་དག་འཐོབ་པར་བལྟས་ཏེ་ཁ་གསོད་ཡོད་མེད་དང་། མི་གང་གི་རང་བཞིན་དང་རྒྱུ་བ་གང་འདྲ་ཡིན་མིན་ལ་བརྟག་པར་བྱེད་དེ། ཁ་ཚ་ཐེམ་པ་མི་སྤོ་ཐེའུ་ཡིན་པར་ལྟ་བ་དང་། སྐར་མ་ཐེམ་པ་མི་འབྱོར་ལྡན་དུ་འགྱུར་བར་ལྟ་བ་སོགས། ཁྱིམ་ཚང་གང་བོས་ཕན་ཚུན་ལ་དེ་འདྲའི་བཏགས་རེ་བྱས་ཏེ་ཧ་ཧ་ཧོ་ཧོས་དགུ་ཐུག་འཐུང་བར་བྱེད། དེའི་སྐབས་ནང་སྙིང་མི་བཟང་བ་ཐེམ་པས་སེམས་ཁུར་བྱེད་ཅིང་། བཟང་བ་ཐེམ་པས་ཡིད་དགའ་བར་བྱེད་པ་དང་། གནོང་ཐོག་ཏུ་སོང་བས་སྤོ་ལངས་པ་སོགས་ཀྱང་བྱེད། སྤྱིར་དགུ་ཐུག་གི་དགོང་མོར་ཟས་སྣ་ཕུན་སུམ་ཚོགས་པ་ཞིག་འཛོམས་དགོས་པ་མ་ཟད། ཁྱིམ་མི་ཡང་རི་ཡུལ་གང་ན་ཡོད་ཀྱང་སླེབས་ཐབས་ཀྱིས་ལྷན་འཛོམས་བྱེད་དགོས་པ་ཞིག་ཡིན་སྟབས། དགུ་ཐུག་འཐུང་བར་ས་ཐག་ཇི་འདྲའི་རྒྱང་རིང་ན་ཡོད་ཀྱང་། ཕྱིར་ཡུལ་ལ་ལོག་ཐབས་བགྱིས་ཏེ་རང་གི་ཁྱིམ་མི་དང་ལྷན་དུ་འཛོམས་པར་བྱེད་ལ། དགུ་ཐུག་གི་དུས་སྐབས་ཙམ་ལ་ཡང་རང་ཁྱིམ་དུ་མ་སླེབས་པར་ཕྱི་རུ་འཁྱམ་པ་ནི། ཀུན་གྱིས་འཕྱ་བར་བྱེད་པའི་གནས་ཤིག་ཏུ་བརྩི། དགུ་ཐུག་གི་ཐོག་མའི་ཟས་ལས་ཟས་ཕུད་ཀྱི་སྐལ་བཅད་དེ་མཆོད་རྒྱ་དང་ཨ་མཆོད་ལ་སྟེར་དགོས་པ་དང་། བྱ་བ་དེ་དག་སྔོན་འགྲོར་ཡང་དག་ཏུ་སོང་རྗེས། ཁྱིམ་མིས་དགུ་ཐུག་གཞི་ནས་འཐུང་བ་ཡིན། དགུ་ཐུག་འཐུང་ཚར་རྗེས། ཕྱི་ཉིན་ཚེས་ཞིག་གི་ཞོགས་པ་ལ་གོན་པའི་ཤོམ་ལྭ་རྣམས་རང་རང་གི་ལག་སྣེ་ལ་བླངས་ཏེ། ལོ་གསར་ཚེས་ཞིག་ལ་གོས་གསར་བ་གོན་པར་སྟ་གོན་ཡག་པོ་བྱས་རྗེས། སྔ་མོ་ནས་ཉལ་བར་བྱེད་པ་ཡིན། གཞན་ཡང་གནམ་གང་གི་ཕྱི་དྲོ་ནས་སྐྱེས་པ་རྣམས་ཀྱིས་ཁང་ཐོག་གི་བསང་ཁྲིའི་ཐལ་རྙིང་རྣམས་ལུས་པ་མེད་པར་གཙང་ཕྱགས་བྱེད་པ་དང་། ཤུལ་དུ་ས་གསར་བ་བླུགས་ཏེ་ཚེས་ཞིག་གི་ལོ་གསར་བའི་ལྷ་བསང་ཕུལ་བར་རྨང་གཞི་འདིང་བ་དང་། ཚེས་ཞིག་གི་ལྷ་བསང་དེ་ནི་ངེས་པར་དུ་ཁྱིམ་གྱི་ཁང་སྟེང་ནས་ཕུད་དགོས་པའི་སྲོལ་ཆགས་ཡོད་ལ། བསང་ཕུད་སྐབས་ཀྱང་བསང་ཚིག་རྣམས་སྐད་གསེང་མཐོན་པོས་ངག་ལ་གྱེར་ནས་འདོན་ཞོར་དུ་བསང་ཁྲི་ལ་སྐོར་བ་ལན་མང་བྱས་ཏེ་ཕུད་པ་ཞིག་ཡིན་ནོ།། དགུ་ཐུག་བཞེས་པའི་འཕྲོས་ནས། ཡང་བསྐྱར་ཐབ་ཁུང་གི་ཐལ་རྙིང་རྣམས་ཕྱིར་ལ་ལེན་ཞིང་ཤུལ་དུ་ཐབ་ས་གསར་བ་ལྡུག་པ་དང་། ཐབ་ཁུང་དུ་སུ་རུ་དང་བ་ལི་དཀར་པོ། ལྷ་ཤིང་ཤུག་པ་རྣམས་མེ་རྟ་ལ་འཇོག་པ་དང་། དེའི་སྟེང་ཆ་མ་དང་ཨོང་བ་གང་རུང་བསྒོང་སྟེ་ལོ་རྙིང་གི་ཐབ་མེ་ཡི་མཇུག་རྫོགས་པར་བྱེད་པ་དང་། ཕྱི་ཉིན་གྱི་ལོ་གསར་བའི་ཉི་མ་དང་པོ་ཚེས་ཞིག་གི་མེ་ཁ་གསར་བ་གསོ་རྐྱང་བྱས་ཏེ་འཇོག་གོ།

སྟག་རིག་གི་ལོ་གསར་སྟ་གོན་གྱི་སྐོར་བཤད་པ།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Tamdrin Gyel
Year published 2018
Subjects
Places
UID mandala-texts-49986
DOI
PDF View | PDF icon Download (140.84 KB)
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence