Skip to main content Skip to search
སྟག་རིག་རྒྱབ་རིའི་ལབ་ཙེ་ངོ་སྤྲོད་མདོར་བསྡུས།

བོད་ཀྱི་ལབ་ཙེ་ལ་སྒེར་གྱི་ལབ་ཙེ། ཚོ་བའི་ལབ་ཙེ། བྱིས་པའི་ལབ་ཙེ། སྡེ་བའི་ལབ་ཙེ་སོགས་རིགས་མང་དུ་ཡོད་པ་ལ། འདིར་བསྟན་རྒྱབ་རིའི་ལབ་ཙེ་ཞེས་པ་སྟག་རིག་གྲོང་རི་དགོན་གཉིས་ཀྱི་ལབ་ཙེ་ཡིན་ཏེ། དེ་ལ་རྒྱབ་རིའི་ལབ་ཙེར་འབོད་དོན་ནི་ཕྱོགས་མཚམས་རི་ཕྲན་དུ་མས་བསྐོར་ཅིང་རི་བྱད་ལེགས་པ་རྒྱ་སྟག་དམར་པོ་འཕྲེད་དུ་ཉལ་བ་ལྟ་བུའི་ཕང་བར། སྡེ་འདིའི་ས་འཛིན་གྱི་ཐོག་མ་སྟག་རིག་སྟག་དམར་ཚང་བྱ་བ་བྱུང་བས། ཚོ་བའི་མིང་ས་ལ་ཐོགས་པའམ་རིའི་མིང་སྡེ་ལ་བཏགས་པས་གནའ་ནས་སྟག་རིའམ་སྟག་རིག་ཅེས་ཟེར་ཞིང་། སུམ་པའི་ཆོས་འབྱུང་སོགས་སུ་རྟག་རགས་ཞེས་པ་ནི་མ་དག་ལ། རི་དེ་ལ་སྡེ་བའི་རྒྱབ་བསྙེས་པས་རྒྱབ་རིར་འབོད་ཅིང་། དེའི་སྤོ་ན་སྡེ་བའི་ལབ་ཙེ་བརྩིགས་ཡོད་ཕྱིར། དེར་རྒྱབ་རིའི་ལབ་ཙེར་འབོད་ལ་ཤོག་ག་གསུམ་གྱིས་བསྟོད་པས་སྟག་རིག་ལབ་ཙེའང་ཟེར་བ་དེ་ནི་བོད་ཀྱི་གྲོང་དགོན་ཕལ་མོ་ཆེས་རི་མཐོ་ལ་གཉན་པ་ཞིག་རང་རང་གི་རྒྱབ་རིར་བརྟེན་ནས་ཆགས་ཡོད་པ་དང་ཀུན་ནས་མཚུངས་པར་དུད་ཁྱིམ་འདི་དག་ཐོག་མར་ཆགས་དུས་རི་ཆེན་པོ་འདི་རྒྱབ་རིར་བཅོལ་བའི་ཚུལ་དུས་ད་ལྟའང་རི་འདིའི་དཀྱིལ་དབུས་ཀྱི་བང་རིམ་ཁོད་ཡངས་ཤིང་གཤོང་ཆེ་བའི་སར་གྱང་ཆག་མང་པོའི་ཤུལ་རྗེས་མཐོང་རྒྱུ་ཡོད་པ་དང་། ཕྱིས་སུ་རི་ཁྱིམ་ཀླུང་དུ་ཕབ་སྟེ་རྒྱལ་རོལ་ཆུ་བོའི་ཚུར་རོལ་དུ་ཁྱིམ་གཞིས་གསར་དུ་བཏབ་པ་རིམ་གྱིས་ཇེ་རྒྱས་སུ་ཕྱིན་པ་ལས་མཐའ་མགོ་མ་དང་ཆུ་བོའི་ཕ་རོལ་དུ་སྡེ་གཞིས་ཆགས་པ་ལ་ཐང་མཐའ་མ་ཟེར་ཞིང་། དེ་ལ་ཡ་མགོ་མ་དང་མ་མགོ་མའི་ཤོག་ཁ་གཉིས་ཡོད་དོ།།

   ལབ་ཙེ་འདིའི་གནས་བདག་ནི་སྟག་རིག་གྲོང་རི་དགོན་གྱིས་སྐྱེས་ལྷ་གཉན་པོ་ཨ་མྱེས་བསྟན་སྐྱོང་ཞུ་བ་དེ་ཡིན་ཞིང་། དེར་དགྲ་ལྷ་ཝེར་མ་བཅུ་གསུམ་གྱི་གྲངས་ཡོངས་སུ་ཚང་སླད་ལབ་ཙེ་མ་བུ་བཅུ་གསུམ་གྱི་བདག་ཉིད་དུ་བཞེངས་ཡོད། ཁོང་ནི་མདོ་སྨད་གཞི་བདག་གི་རྒྱལ་བོ་རྨ་རྒྱལ་སྦོམ་རའི་འཁོར་གྱི་གཙོ་བོ། བྲག་དཀར་སྤུན་གསུམ་དུ་གྲགས་པའི་སྤུན་མཆེད་ཆེ་བ་བྲག་དཀར་པདྨ་དབང་རྒྱལ་གྱི་སྐུ་སྲས་ཡིན་པར་བཤད་ལ། དང་ཐོག་སྐུ་སྲས་དེ་ཉིད་འཇིག་རྟེན་པ་ཞིག་ཡིན་ཞིང་།ཆང་འཐུང་བ་དང་གྱོད་ཁ་མཆུ་རྩོད་པ། ཕས་རྒོལ་ལ་དཔའ་འགྲན་རྒྱུར་ཁྱད་པར་དགའ་བའི་དཔའ་རྒོད་ཅིག་ཀྱང་ཡིན་པས། སྟག་རིག་གིས་དེ་ལ་བློ་བཅོལ་སྙིང་གཏད་མཆོད་བཀུར་རྒྱ་ཆེན་པོ་བྱས་པ་ནས་བཟུང་སྡེ་འདིར་བུ་དཔའ་བོ་དང་ཆང་འཐུང་མང་པོ་བྱུང་བ་དང་། རེ་ཞིག་དེ་དག་གིས་མཐའ་འཁོར་གྱི་སྡེ་བ་མང་པོར་ཇག་བྱས་ཤིང་མི་བསད་དེ་སྡིག་པའི་ལས་འབའ་ཞིག་བྱས་སྟབས། དགྲ་ཡ་དང་གྱོད་པ་རིམ་པར་བྱུང་ཞིང་། ལྷ་འཁྲུགས་ཤིང་མི་འཁོན་པར་གྱུར་ནས་མི་ཤི་རྟ་འགྱེལ་མང་པོ་བྱུང་བར་བཤད་ལ། དུས་ཕྱིས་ཀྱང་རྙེ་དགོན་པའི་ཚོགས་མང་གིས་བསྒྲུབས་པའི་ཆོས་རྒྱལ་ལྕགས་མཁར་གྱི་གཏོར་མའི་ཟོར་ཁ་ལོ་རེར་གླིང་སྒང་ཉག་ག་ནས་ཐིས་བ་དགོན་པའི་ཕྱོགས་སུ་འཕེན་སྲོལ་ཡོད་པ་ལ། ལྷ་གཉན་མཐུ་བོ་ཆེ་འདིའི་ཐུགས་ལ་བ་བབས་པར་གྲྭ་མང་གི་གཏོར་རྒྱག་བྱེད་སྐབས་རྙེ་དགོན་པའི་དབུ་འཛིན་གྱི་ཕྱག་གི་ཙན་སྦུག་གློ་བུར་ས་ལ་གཡུག་པ་སོགས་ཀྱི་ཆོ་འཕྲུལ་བསྟན་པས། མཁས་ཤིང་གྲུབ་པའི་བདག་ཉིད་ཆེན་པོ་རྙེ་ཐམས་ཅད་མཁྱེན་པའི་ཐུགས་དགོངས་ལ་ད་འཇིག་རྟེན་པ་འདི་དེ་ལྟར་བག་མེད་དུ་གཏོང་མི་འཚམ་སྙམ་དུ་དགོངས་ནས་བཀའ་བཀྱོན་དྲག་པོ་གནངས། དམ་ཚིག་སྡོམ་པ་ཁས་ལེན་དུ་བཅུག་སྟེ་དགེ་བསྙེན་གྱི་རྟེན་ལ་ཡང་དག་ཏུ་བཀོད་པ་དང་མཚན་ཡང་བརྗེས་ནས་དགེ་བསྙེན་བློ་བཟང་བསྟན་སྐྱོང་དུ་བཏགས་སོ།། དེ་ནས་བཟུང་སྟག་རིག་ལ་བུ་དཔའ་བོ་ཡང་མི་སྐྱེས་ཤིང་གྱོད་ཁ་མཆུ་ཡང་ཉུང་དུ་ཕྱིན་ཏེ་ཕྱི་འཇམ་ནང་བདེ་བ་དང་ཆོས་དར་ཕྱུགས་ འཕེལ་ཏེ་ལོངས་སྤྱོད་རྒྱས་པར་གྱུར་སྐད།

    ལབ་ཙེ་འདིའི་གནས་ཡུལ་ཐེངས་གང་མང་ལ་ཡར་བསྣུར་མར་སྤོ་བྱས་པ་གསལ་ཏེ། དང་ཐོག་ལབ་ཙེ་འདི་རྒྱབ་རིའི་ནུབ་ཕྱོགས་སུ་ཤོར་ཡོད་པ་ལ། ཨ་མྱེས་བསྟན་སྐྱོང་གི་སྐུ་རྟེན་ལྷ་བ་རྣམས་ལྷ་འབབ་ཐེངས་རེར་ངས་སྡེ་བ་འདི་མི་མཐོང་བའི་སྡུག་ཡུས་མང་དུ་བརྗོད་པ་བྱུང་སྟབས།ལྷ་བའི་ངག་བཞིན་རྒྱབ་རིའི་མདུན་ངོས་སུ་བསྣུར་བ་མཐོ་དྲགས་ཏེ་ལབ་ཙེའི་རྩེ་འཛིན་དགོན་པའི་ནང་དུ་བརྒྱབ་བྱུང་བར་བླ་གྲྭ་ཐུན་ མོང་ནས་དགོན་པ་གནོད་པ་ཆེ་ཚུལ་བརྗོད་པས། དེ་ནས་ཡང་བསྐྱར་སྤོས་ཏེ་ད་ལྟའི་གནས་འདི་གཏན་ཁེལ་བྱས་པར་བཤད། དེ་ནས་བཟུང་ལབ་ཙེ་འདི་ལོ་རེར་སྐྱ་བསྟོད་དམར་བསྟོད་གཉིས་སུ་ཕྱེ་ནས་བསྟོད་པར་བྱེད་དེ་ཧོར་ཟླ་བཞི་བའི་ཚེས་བཅོ་ལྔ་ལ་སྐྱ་བསྟོད་དང་ཧོར་ཟླ་བདུན་པའི་ཚེས་དྲུག་ལ་དམར་བསྟོད་བྱེད། ཉིན་དེར་དགེ་སློང་བཞི་སྡེ་ཞིག་དེར་གདན་དྲངས་ནས་སྤྱན་འབྱེད་ཁྲུས་གསོལ་བྱེད་པ་དང་། སྡེ་བའི་རྒན་དར་གཞོན་གསུམ་ཚང་མས་རྟ་དྲེལ་མགྲིན་བཟང་བཅས་ལ་ཉ་རུག་གཙོ་བྱས་པའི་ལྗོན་ཤིང་མང་པོ་ཁལ་བཀལ། མདའ་མདུང་རལ་གྲི་མང་པོ་སོགས་མཚོན་ཆའི་བྱེ་བྲག་མང་པོ་བཟོས་ནས་ལབ་ཙེ་བསྟོད་པར་རིལ་གྱིས་འགྲོ་ཞིང་། དེར་བསང་བཏང་རྨུ་ཐག་འཐེན། དར་ལྕོག་བཏགས། རླུང་རྟ་བསྐྱོན། ཕྱག་དང་བསྐོར་བ། གསོལ་སྟོན་བྱེད་པ་སོགས་ཡོངས་སུ་བྱས་ཚར་རྗེས་རི་ལས་བབས་ཏེ་ཡིད་འོང་ཉམས་དགའི་ནགས་ཚལ་ཆེན་མོ་ཞིག་ཏུ་སྡེ་བའི་ སྐྱེས་ཕོ་མོ་རྒན་གཞོན་ཚང་མ་མཉམ་དུ་འཛོམས་ཤིང་གྲལ་བཅོས་ཏེ་ཉིན་གང་བོར་གླུ་ལེན་གར་རྩེ་བྱེད་པའི་སྲོལ་དེང་སང་ད་དུང་ ཉམས་མེད་པར་རྒྱུན་སྐྱོང་མུས་སུ་ཡོད་དོ།།

                                                             མཚོ་ལྷོའི་དམངས་ཁྲོད་ཀྱི་རིག་གནས་དཔེ་ཚོགས་ལས་བཏུས།

སྟག་རིག་རྒྱབ་རིའི་ལབ་ཙེ་ངོ་སྤྲོད་མདོར་བསྡུས།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Red Garland Editorial Board
Year published 2018
Subjects
Places
UID mandala-texts-49831
DOI
PDF View | PDF icon Download (57.4 KB)
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence