མདོ་སྨད་རྟེན་རྫོང་དུ་གྲགས་པའི་ཁྲི་ཀ་གསེར་སྨུག་ལྗོངས་ཞེས་པ་འདི་ཉིད་མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་ལྷོ་ཕྱོགས་ན་གནས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་རྫོང་ལྔ་ཡོད་པའི་ནང་ཚན་དུ་གཏོགས་ཤིང་། ཆུ་བོ་གསེར་གྱི་མངལ་ལྡན་རྨ་ཀླུང་རིང་མོའི་ས་དབྱིབས་ནོར་བུ་དགའ་འཁྱིལ་དུ་འབབ་པའི་ཁུགས་པ་དང་པོའི་མཚམས་སུ་ཆགས་ཡོད་ལ། ཡུལ་འདིར་ཁྲི་ཀ་ཞེས་ཐོགས་ཚུལ་ལ་ངག་རྒྱུན་དང་འདྲེས་པའི་བཤད་ཚུལ་དུ་མ་མཆིས་ཤིང་། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་བཙན་པོ་ཁྲི་རལ་བ་ཅན་མདོ་སྨད་དུ་དམག་ལ་བྱོན་ཏེ་ཁྲི་ཀའི་ཡུལ་འདིར་ཡུན་རིང་ཙམ་བཞུགས་སྐབས། སྔར་གྱི་མི་ཉག་མཆོད་རྟེན་དུ་ཉིད་ཀྱི་དབུ་སྐྲ་སྙིང་བོར་བཞུགས་སུ་གསོལ་ནས་མི་ཉག་མཆོད་རྟེན་དཀར་པོ་བཞེངས་ཕྱིར་ཁྲི་ཀ་ཞེས་ཐོགས་
ཚུལ་དང་། གཞན་རྨ་ཀླུང་སྒེག་མོ་གཡས་འཁྱིལ་དུ་འབབ་པའི་རབས་ཁ་ལ་གཡུ་འབྲུག་ཆུ་གཟུགས་སུ་སྣང་བའི་གཉན་པོ་གདོང་གསུམ་གྱི་ཡ་གྱལ་ཏེ་ཤ་འབུམ་གདོང་སྣ་ཞེས་པའི་ཐང་ཆེན་དེ་ཁྲི་ཀའི་ཨ་མྱེས་ཡུལ་ལྷར་བཞུགས་ཁྲི་བརྒྱབ་པ་ལྟར་སྣང་བའི་ཁྲི་ཀ་ཞེས་ཐོགས་ཚུལ་ཡང་ཟེར། དོན་དངོས་སུ་ཡུལ་མིང་འདི་ནི་བོད་བཙན་པོའི་རྒྱལ་རབས་མ་ཉམས་པའི་དུས་སུ་མདོ་སྨད་འདིར་འ་ཞ་སྟོང་སྡེ་དྲུག་དང་མཐོང་ཁྱབ་ཁྲི་སྡེ་གནས་པར་གྲགས་པ་ལས། མཐོང་ཁྱབ་ཁྲི་སྡེའི་ཁྲི་དཔོན་གྱི་གཞིས་ཀ་ཡུལ་འདིར་ཡོད་སྟབས་ཁྲི་སྡེ་སྟོང་གི་ཡུལ་གྲུ་ཞེས་ཁྲི་ཀའི་མིང་ཐོགས་པ་མིང་རྒྱལ་རབས་སྐབས་ཀྱི་ཁྲི་དཔོན་གྱི་ཐམ་ག་ཞིག་ད་ལྟའི་བར་དུ་ཡོད་པ་ལས་གསལ་བོར་རྟོགས་ཐུབ། ཡུལ་འདིའི་སྣོད་བཅུད་ཀྱི་བཀོད་པ་ནི་ཁྲི་སྡེ་སྟོང་གི་མཐའ་ཁོར་གངས་རི་ར་བས་ལེགས་པར་བརྒྱན་ཅིང་ཁོ་ར་ཁོར་ཡུག་ལྗོན་ཤིང་དང་འབྲས་ལྡན་ཤིང་སྣས་ཡོངས་སུ་བཀླུབས་པས་ཡིད་འོང་གི་སྐྱེད་ཚལ་ཉམས་དགའ་བ་ཞིག་ཡིན་ལ། ས་གཤིས་བཟང་ཞིང་གནམ་གཤིས་ཀྱི་དྲོད་གྲང་སྙོམས་པ་བཅས་དགེ་མཚན་མང་དུ་ཤར་བས་གངས་ཅན་མཐོ་གཞོངས་ཀྱི་བརླན་ས་ཆེན་མོའམ་ཀྲུང་གོའི་ནུབ་རྒྱུད་ཀྱི་དབྱར་གནས་སྐྱིད་པོ་ཞེས་དཔལ་མིང་བསྩལ་འདུག་གོ།། ལོ་འདི་གའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་མཚོ་སྔོན་གནས་སྐོར་ལྗོངས་རྒྱུའི་ལས་གཞིའི་རྣམ་གྲངས་མང་དུ་སྤྱད་ནས་རྟེན་རྫོང་ཕྱུག་མོའི་ཡུལ་གྱི་བཀོད་པ་རྣམ་པར་རྒྱས་ཤིང་བཅུད་ཀྱི་སེམས་ཅན་བདེ་བར་རོལ་བ་ཞིག་ཏུ་འཛུགས་སྐྲུན་བྱེད་མུས་སུ་ཡོད།
ཇོ་ཇོ་ལྷ་ཁང་བྱིན་འོད་འབར་བ།
མདོ་སྨད་ཁྲི་ཀའི་ཡུལ་དུ་བཙན་པོ་ལྷ་གསུམ་དང་གཉན་པོ་གདོང་གསུམ། འགངས་ཆེན་རྟེན་བཞི་ཡོད་པའི་དཔལ་ཕུན་སུམ་ཚོགས་པའི་སའི་སྙིང་བོར་བྱིན་རླབས་འབར་བ་ལས་མི་ཉག་མཆོད་རྟེན་དཀར་པོ་མཐོང་བ་དོན་ལྡན་དང་། ཇོ་ཇོ་ལྷ་ཁང་བྱིན་འོད་འབར་བ། ལྷ་དཀར་པོ་བྱམས་པ་རང་བྱོན། གདོང་སྣ་ཐུགས་རྗེ་ཆེན་པོ་བཅས་ལ་འགངས་ཆེན་རྟེན་བཞི་ཞེས་བྱིན་རླབས་མི་ཟད་པའི་གཏེར་དུ་སྐྱེ་རྒུའི་བསོད་ནམས་ཀྱི་ཞིང་ན་བརྗིད་པ་ལས། ཇོ་ཇོ་ལྷ་ཁང་བྱིན་འོད་འབར་མ་ནི། ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་དང་བྱིན་རླབས་མཉམ་པར་གྲགས་ལ། ཁྲི་ཀ་རྫོང་ནས་ཤར་ཕྱོགས་སུ་སྤྱི་ལེ་གཉིས་ཀྱིས་ཆོད་པའི་སར་བཞེངས་ཡོད། ཇོ་བོ་འདི་ནི་ཨ་མདོའི་ཇོ་ཆེན་བརྒྱད་ཀྱི་ནང་གི་གཅིག་ཡིན་ལ། རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་ལམ་ནས་མདོ་སྨད་ཡུལ་དུ་ཇོ་ཆེན་བརྒྱད་བཞེངས་པར་གྲགས་པའི་གཅིག་དུ་ཡང་ཟེར། ལོ་རྒྱུས་ལས། རབ་འདོད་ཆུ་སྟག་སྟེ། སྤྱི་ལོ་༡༧༨༢ལོར་ཧོར་ཇིང་གིར་རྒྱལ་པོའི་གདུང་རྒྱུད་མདོ་སྨད་ལང་ཀྲའུ་ཕྱོགས་ཀྱི་ཁམས་ཀྱི་རྒྱལ་མཚན་གདན་འདྲེན་སྐབས།ས་པཎ་ཁུ་དབོན་ཕེབས་ཤིང་མི་ཉག་མཆོད་རྟེན་ལ་རབ་གནས་མཛད་པ་དང་། ཧོར་རྒྱལ་པོས་དད་འབུལ་གྱི་མུ་ཏིག་དྲེའུ་ཁལ་གཅིག་བསྐུར་བ་འབྱོར་བས། དེར་གཞིར་བྱས་ནས་ལྷ་ཁང་གི་རྟེན་བརྟེན་པ་བཞེངས། འདིར་ཇོ་ཇོ་ཟེར་བ་ནི་རྒྱ་སྐད་ཀྱིས་མུ་ཏིག་ལ་ཀྲིན་ཊུ་ཟེར་བ་ཟུར་ཆག་པར་གྲགས་ཀྱང་། ཇོ་ཇོ་དང་ཇོ་བོ་སོགས་ནི་བོད་རང་གི་མིང་བརྡ་རྣལ་མ་ཞིག་ཡིན་པ་ལས་ཟུར་ཆག་གི་མིང་དུ་མི་སེམས། ཡང་ན། སི་ཁྲོན་དཀར་མཛེས་ཁུལ་ལྷ་སྒང་ཡུལ་གྱི་ཇོ་བོ་མི་འགྲོ་གསུང་འབྱོན་ཀྱང་ས་སྐྱ་པཎ་ཆེན་གྱིས་བཞེངས་པར་གྲགས་ལ། ལྷ་ཁང་འདི་ཉིད་བཞེངས་སྐྲུན་གྱི་དུས་མཉམ་པས། འཇམ་མགོན་བླ་མ་ཁོང་ཉིད་ཀྱིས་མདོ་ཁམས་ཡུལ་དུ་རྒྱལ་བའི་བསྟན་པ་ཡུན་རིང་གནས་པ་དང་། ཡུལ་གྱི་དད་ལྡན་མང་ཚོགས་མཇལ་བདེ་བའི་ཆེད་དུ་བཞེངས་པར་སྙམ། འདི་དག་ལ་བྱིན་རླབས་ཅན་གྱི་རྟེན་བཞི་ཟེར་བར་བརྟག་ན། བཞེངས་པའི་དུས་ཧ་ཅང་སྔ་བའི་ཆ་ནས་བཏགས་པ་འདྲ་སྟེ། ཐོག་མར་བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་མ་སོང་བའི་སྐབས་སུ་བཞེངས་པ་ཡིན་ནམ་སྙམ་ཡང་བརྟག་པར་བྱ།
《མདོ་སྨད་ཆོས་འབྱུང》ལྟར་ན། འདི་དང་པོར་ཆོས་རྗེ་ལྷུན་གྲུབ་རྒྱ་མཚོས་བཞེངས་པའི་ལོ་རྒྱུས་སྣང་ཞེས་ཀྱང་འབྱུང་།
རབ་བྱུང་བཅུ་བདུན་པའི་ས་འབྲུག་སྟེ་སྤྱི་ལོ་༡༩༨༨ལོའི་ཟླ་བརྒྱད་པར་ཆོས་དད་མང་ཚོགས་ཀྱི་རེ་བ་ལྟར་མཚོ་ལྷོ་ཁུལ་སྲིད་གཞུང་དང་ཁྲི་ཀ་རྫོང་འབྲེལ་ཡོད་སྡེ་ཁག་གིས་ཐོག་མར་ཇོ་ཁང་འདིའི་ཆོས་སྒོ་འབྱེད་རྒྱུར་ཆོག་མཆན་བཀོད་པ་དང་། གཞུང་སྒོར་ཆིག་འབུམ་བཏང་བ་དང་། དད་ལྡན་མང་ཚོགས་ཀྱི་ཞལ་འདེབས་བཅས་བསྡོམས་པས་སྒོར་སུམ་འབུམ་བཞི་ཁྲིས་འགྲོ་གྲོན་བཏང་ནས་ཇོ་ཁང་སླར་གསོ་བྱས། རབ་རྒྱལ་ལྕགས་རྟ་སྟེ་སྤྱི་ལོ་༡༩༩༠ལོར་ཧོར་ཟླ་དགུ་བའི་ཚེས་གསུམ་ཉིན་སྟོན་པ་ཤྰཀྱ་དགུང་ལོ་བཅུ་གཉིས་ཀྱི་སྐུའི་རྣམ་པ་ཅན་ལྟ་བས་ཆོག་ མི་ཤེས་པ་ལེགས་པར་བཞེངས་གྲུབ་བྱུང་བས། རྗེ་དགེ་འདུན་ལེགས་བཤད་བསྟན་པ་རྒྱ་མཚོས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་ཞིབ་རྒྱས་མཛད་ཀྱང་ངད་ལྡན་ཀུན་གྱི་བསོད་ ནམས་བསགས་པའི་ཞིང་ས་བླ་ན་མེད་པར་བསྐྲུན་ཏོ།།
མི་ཉག་མཆོད་རྟེན་དཀར་པོ།
ས་གསུམ་ན་རྙེད་པར་དཀའ་བའི་མདོ་སྨད་ཁྲི་ཀའི་མི་ཉག་མཆོད་རྟེན་དཀར་པོ་ནི། སྔོན་ཆོས་རྗེ་གནས་རྒྱལ་བའི་རིང་བསྲེལ་སྙིང་བོར་བཞུགས་པའི་ཞག་གཅིག་ལ་མཆོད་རྟེན་བྱེ་བ་གཅིག་བཞེངས་པའི་གྲས་ཀྱི་གཅིག་ཡིན་ཟེར་བའི་ངག་རྒྱུན་ཡོད་ལ། ཁྲི་ཀའི་ཡུལ་འདི་བཙན་པོའི་དུས་ནས་བཟུང་མདོ་ཁམས་སྨད་ཀྱི་ཆབ་སྲིད་ཀྱི་གནས་ཡུལ་གལ་ཆེན་ཞིག་ཡིན་པས་ན། རིམ་བྱོན་བཙན་པོ་རྣམས་ཀྱི་དབུས་ན་རྒྱལ་བའི་བསྟན་པ་རིན་པོ་ཆེར་སྲི་ཞུ་བཀུར་བ་ལ་འགྲན་ཟླ་བྲལ་བའི་ཆོས་ཀྱི་རྒྱལ་བོ་རལ་བ་ཅན་མདོ་ སྨད་དུ་དམག་ལ་བྱོན་ཏེ་ཁྲི་ཀའི་ཡུལ་འདིར་ཡུན་རིང་བཞུགས་སྐབས། སྔར་གྱི་མཆོད་རྟེན་དེར་ཉིད་ཀྱིས་དབུ་སྐྲ་སྙིང་བོར་བཞུགས་སུ་གསོལ་ནས་བོད་ལུགས་ལྟར་མི་ཉག་མཆོད་རྟེན་གསར་བཞེངས་མཛད། དེའི་རྗེས་གངས་ཅན་མཁས་པའི་ཁྱུ་མཆོག་འཇམ་མགོན་ས་པཎ་ཡབ་སྲས་ཧོར་རྒྱལ་བོས་གདན་ཞུས་ལྟར་ཧོར་ཡུལ་དུ་ཕེབས་པའི་ལམ་བར་དུ་རྟེན་མཆོག་འདི་ཉིད་རྩད་ཆོད་དེ། ཁྲི་ཀའི་ཡུལ་དུ་ཞབས་པད་བསྒྱུར་ནས་མི་ཉག་དགུ་ཐོག་ཏུ་བཞུགས་གནངས་མཛད་པ་དང་། རྒྱུ་འབྱོར་བའི་མཐུན་རྐྱེན་སྤེལ་ནས་རྟེན་འདི་སླར་ཡང་ཉམས་གསོ་གནངས། དེ་ནས་བཟུང་རྗེ་མི་ཉག་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་དང་རྗེ་ཞྭ་དམར་པ། མགྲོན་མགོན་རྗེ་རིན་པོ་ཆེ་རྣམས་ཀྱིས་སྔ་གཞུག་ཏུ་ཐེངས་འགའ་ལ་ཉམས་གསོ་དང་བསྟི་སྟངས་མཛད། ༡༩༤༡ལོར་སྐྱབས་རྗེ་མི་ཉག་རྡོ་རྗེ་འཆང་ངག་དབང་ལེགས་བཤད་རྒྱ་མཚོས་འགྲོ་གྲོན་དཔག་པར་དཀའ་བ་བཏང་སྟེ་སླར་ཡང་ཉམས་གསོ་དང་རྒྱ་བསྐྱེད་གནང་། རིག་གསར་གྱི་དུས་སུ་རྟེན་འདི་འགས་སྨན་གྱིས་བཅོམས་ཏེ་རྡུལ་གྱི་ཕུལ་བོ་ཞིག་ཏུ་བཏང་ན་ཡང་། ༡༩༨༧ལོར་སྐྱབས་རྗེ་མོ་ཡོག་སྤྲུལ་བའི་སྐུ་རིན་པོ་ཆེ་ངག་དབང་འོད་ཟེར་རྒྱ་མཚོས་ཐིག་བཏབ་ལྟར་མཆོད་རྟེན་གསར་བཞེངས་ཀྱི་དབུ་ བརྩམས་པ་དང་། སྐྱེ་བོ་དམ་པ་དང་དད་ལྡན་རྣམས་ཀྱི་གཏོང་བ་ཡངས་པོའི་མཐུན་རྐྱེན་སྦྱར་འོག རྟེན་འདི་བསྐྱར་བཞེངས་མཛད། ༢༠༡༠ལོར་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གིས་རིག་གནས་ཤུལ་ནོར་སྲུང་སྐྱོང་དང་མི་རིགས་རིག་གནས་དར་སྤེལ་བྱེད་པའི་རྩ་དོན་གཞིར་བཟུང་སྟེ། དམངས་སྒོར་ས་ཡ་གཅིག་ལྷག་འགྲོ་གྲོན་བཏང་ནས་མཁྱེན་རབ་ཀྱི་དབང་ཕྱུག་སྐེ་བའི་སྔགས་རིམ་པ་མཆོག་སྒྲུབ་རིན་པོ་ཆེ་ངག་དབང་འཇམ་དབྱངས་རྒྱ་མཚོགཙོ་བྱས་ཏེ་སྔོན་གྱི་མཁས་ཆེན་དུ་མའི་གསེར་གྱི་བཀའ་ལུང་སྤྱི་བོར་ནང་བཞིན། ཡུལ་ཀུན་གྱི་དད་ལྡན་མང་ཚོགས་རྣམས་ཀྱིས་དད་པའི་མེ་ཏོག་རྣམ་པར་བཞད་ཆེད། རིང་བསྲེལ་རྣམ་བཞི་ལེགས་པར་ཕུལ་ནས་བཀྲ་ཤིས་པའི་རྟགས་མཚན་དང་བཅས་པར་བསྐྱར་བཞེངས་མཛད་བཞིན་པའི་སྒང་ཡིན།
མཆོད་རྟེན་འདིའི་སྙིང་བོར་བཞུགས་པའི་རྟེན་དང་རིང་བསྲེལ་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཐང་ག་ཚོན་བཀྲ་ཅན་བཅུ་གཉིས། མངའ་བདག་ཁྲི་རལ་བ་ཅན་གྱི་རལ་བ། རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དབུ་ཞྭ། གོང་ས་སྐྱབས་མགོན་ལྔ་པའི་ཚོགས་ཞྭའི་ཚལ་བུ། རྒྱལ་བ་སྐལ་བཟང་རྒྱ་མཚོའི་གདུང་ཚ། པཎ་ཆེན་སྐུ་ཕྲེང་བཅུ་པའི་གདུང་ཚ། རྗེ་གསེར་ཁང་བའི་དབུ་ལོ། འབྲུག་པ་ཀུན་ལེགས་ཀྱི་གདུང་རུས། པཎ་ཆེན་ཆོས་ཀྱི་ཉི་མའི་ན་བཟའི་ཚལ་བུ། མདོ་མཁྱེན་བརྩེ་དབང་བོའི་དབུ་སྐྲ་བཅས་བཀའ་བསྟན་སྐུ་གསུང་ཐུགས་རྟེན་བྱེ་ཕྲག་དུ་མའི་ནང་བཞུགས་གྱ་ནོམ་པ་འདུས་ཡོད།
གདོང་སྣ་ཐུགས་རྗེ་ཆེན་པོ།
རང་རེ་བོད་ཡུལ་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་རྒྱལ་བ་ཉིད་ཀྱི་ལུང་གིས་ཟིན་ཅིང་། དོན་ལ་གནས་པས་ཡུལ་གྲུ་ཀུན་ཏུ་འཕགས་པ་ཡབ་ཡུམ་གྱི་གཟུགས་སྐུ་དང་གཟུངས་སྔགས་ཡིག་འབྲུ་རང་བྱོན་མཐོང་རྒྱུ་ཡོད་པ་ནང་བཞིན། ཁྲི་ཀ་རྫོང་སྲིད་གཞུང་གནས་ས་ནས་ལྷོ་ཕྱོགས་སུ་སྤྱི་ལེ་གསུམ་གྱི་སའི་ཆར་གདོད་མ་ནས་རྡོ་ལས་གྲུབ་པའི་འཕགས་པའི་སྐུ་བརྙན་རང་བྱོན་དུ་ཡོད་པས་གནའ་ནས་བཟུང་གདོང་སྣའི་ཐུགས་རྗེ་ཆེན་པོ་རང་བྱོན་ཞེས་འབོད། འདི་ནི་ཁྲི་ཀ་ཡུལ་གྱི་བྱིན་རླབས་ཅན་གྱི་རྟེན་བཞིའི་གཅིག་ཡིན་ཞིང་། དེ་ཡང་ངག་རྒྱུན་ལ་བོན་པོའི་བླ་མ་མི་རྩེ་གསེར་ཐང་ཞེས་པ་ཁྲི་ཀའི་ཡུལ་འདིར་ཕེབས་ཏེ། གདོང་སྣའི་བྲག་ཕུག་ཅིག་ལས་སྒྲུབ་སྦྱོང་མཛད། རབ་བྱུང་ལྔ་པའི་ནང་སོག་པོའི་རྒྱལ་རྒྱུད་མིང་ལ་སྤྲེལ་ལྤགས་ཅན་ཟེར་བ་ཞིག(ལུས་ལ་སྤྲེལ་ལྤགས་གྱོན་ཡོད་པའི་གོས་ཀྱི་ཆ་ནས་མིང་བཏགས)ཁྲིམས་འགལ་གྱིས་གནས་དབྱུང་བཏང་བ་ཕྱོགས་འདིར་ཕེབས་ནས་རྟ་རྫི་སོགས་བསྐྱངས་ནས་གཞན་ལ་གཡོག་བྱས། ཁོང་གིས་རྟ་འཚོ་སྐབས་མེ་ལོང་ལུང་བར་འབོད་པའི་གནས་དེར་བྲག་ཕུག་གཅིག་ཏུ་སྒོམ་ཆེན་པ་ཞིག་མཐོང་བ་ཏིང་ངེ་འཛིན་ལས་བསླངས། དེའི་རྐྱེན་གྱིས་ལུང་བ་འདིར་སྔོན་ཆད་གཉིད་ལོག་ལུང་བ་ཞེས་བརྗོད་པར་གྲགས། སྒོམ་ཆེན་འདི་པ་ནི་བོན་གྱི་བླ་མ་མི་རྩེ་གསེར་བཟང་ཞུ་བ་དེ་ཡིན་སྐད། འདི་བས་སོག་པོ་སྤྲེལ་ལྤགས་ཅན་སྣོད་དུ་རུང་བར་མཐོང་ནས་རྗེས་སུ་བཟུང་སྟེ་མིང་ལ་ཁྲིམས་འབར་ཚུལ་ཁྲིམས་ཞེས་བཏགས། དེ་ནས་བླ་སློབ་གཉིས་གདོང་སྣར་གནས་སྤར་ནས་ཉམས་ལེན་བྱས་ཏེ་མཐར་བླ་མས་གཟུགས་སྐུའི་བཀོད་པ་བསྡུས། དེ་ལ་བླ་མའི་འཁྲུངས་འདས་དང་ཁྲིམས་འབར་ཚུལ་ཁྲིམས་ཡུལ་གང་དུ་གྱར་པ་སོགས་ཀྱི་ལོ་ཚིགས་དང་གནས་ཚུལ་གསལ་བོར་མི་ཤེས་ ཀྱང་། དུས་དེ་ནས་བཟུང་ཡུལ་འདི་ལ་བོན་པོ་གདོང་སྣ་ཟེར།
ཡང་ངག་རྒྱུན་ཞིག་ལ། མིང་རྒྱལ་རབས་ཀྱི་དུས་དཀྱིལ་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བའི་སྐུ་གསང་སྔགས་གཏེར་སྟོན་མཁན་པོ་མཁས་གྲུབ་ཆེན་མོ་ར་གྰ་ཨ་སྲས་རིན་པོ་ཆེ་སྐུ་ཚེ་སྨད་དུ་ཁྲི་ཀའི་ཡུལ་འདིར་བྱོན་ནས་ཆོས་འཁོར་བསྐོར་བའི་སྒང་ལ། ཡུལ་དེར་མཛེ་ནད་བྱེར་འགྲེམས་སུ་སོང་སྟེ་འཆའ་ཐབས་མ་བྱུང་བ་ན། ར་གྰ་ཨ་སྲས་རིན་པོ་ཆེ་རང་ཉིད་ཀྱི་སྐུའི་བཀོད་པ་བསྡུས་པའི་ཐུགས་འདུན་བསྟན་ཞིང་། ཐུགས་ཀྱི་སྲས་པོ་རྣམ་ལ་ཁོང་གི་སྐུ་གདུང་དེ་གདོང་སྣའི་ཐུགས་རྗེ་ཆེན་པོའི་འདབས་རོལ་གྱི་ཀླུ་བདུད་ཆུ་མགོ་རུ་ཐུར་དུ་འདེབས་པར་ཞལ་ ཆེམས་གནངས།དེ་ལྟར་ཁོང་གི་སྐུ་གདུང་གནས་དེར་བཏབས་པས་ན། ཀླུ་བདུད་དམ་ལ་བཏགས་ཤིང་ཡུལ་དེའི་མཛེ་ནད་རིམ་གྱིས་ཞི་བར་གྱུར་ཏོ་ཞེས་གྲགས་པར་མ་ཟད། ཁོང་གི་སྐུ་གདོང་མཆོད་རྟེན་དེ་ད་ལྟ་གདོང་སྣའི་དེའི་འདབས་ཏག་ཏག་ན་བཞེངས་གྲུབ་བྱུང་ཡོད། དེའི་ཕྱིར་བོན་པོའི་བསྟན་པ་སྐྱོང་མཁན་ཕྱི་རབས་པ་རྣམས་དང་སྔགས་པ་རྣམས་ཀྱིས་ཡུལ་འདི་ནི་མི་རྩེ་གསེར་བཟང་ལ་རྟོགས་པ་བརྙེས་ས་ ཡིན་ཟེར་ནས། སྒྲུབ་སྦྱོང་བྱེད་མཁན་ལོ་རེར་རྒྱུན་མ་ཆད།
དེ་ནས་རབ་བྱུང་བདུན་པའི་ནང་། མིང་རྒྱལ་རབས་ཀྱི་སྐབས་སུ་དམག་དཔོན་ཆེན་པོ་ཀྲུའུ་ཡོན་ཀྲུང་ཟེར་བ་ཞིག་ཁྲི་ཀར་ཡོང་ནས་རྒྱ་མཁར་བརྩིགས། ཉིན་ཞིག་དམག་དཔོན་འཁོར་དང་བཅས་གདོང་སྣར་སྤྲོ་གསེང་ལ་ཕེབས་དུས། རྡོ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་རང་བྱོན་ཚུན་ལྔ་ཅན་ཞིག་རྙེད། དམག་དཔོན་ཆེན་མོས་མ་ཧ་ཙི་ནའི་ཡུལ་གྱི་སྤྱན་རས་གཟིགས་ཀྱིས་བདག་གི་མཁར་བརྩིགས་པ་ལ་རམ་འདེགས་ཀྱི་རྟེན་འབྲེལ་འགྲིག་པར་སྙམ་ནས་གདོང་སྣར་ལྷ་ཁང་འགའ་བཞེངས། དེའི་ནང་དུ་རང་བྱུང་ཐུགས་རྗེ་ཆེན་པོ་གཙོ་བྱས་གྲུབ་ཆེན་བརྒྱད་ཅུ་དང་ཆོས་སྐྱོང་སྣ་ཚོགས་བཞེངས་མོད། ང་བརྒྱད་ལོ་དང་རིག་གསར་སྐབས་སུ་མིང་གི་ལྷག་མ་ཙམ་དུ་བཏང་ཡང་། ༡༩༨༥ལོར་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་དང་ཡུལ་དེའི་ཆོས་དད་མང་ཚོགས་ཀྱིས་སྤྱན་རས་གཟིགས་ཀྱི་ལྷ་ཁང་དང་དགྲ་བཅོམ་ལྷ་ཁང་ སོགས་མང་དུ་བཞེངས་ཏེ་ལུས་ཅན་ཡོངས་གྱི་བསོད་ནམས་ཀྱི་ས་བོན་གྱི་བསྐྲུན་པའི་ཞིང་སར་གྱུར་ཡོད། ༢༠༠༨ལོའི་ཟླ་༥པ་ནས་བཟུང་། ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གིས་དམངས་སྒོར་བྱེ་བ་གཉིས་དང་ས་ཡ་གཉིས་འབུམ་དྲུག་བཏང་བ་དང་ནང་ལོག་རྒྱ་རིགས་ཀྱི་དགེ་བསྙེན་མ་ཆིས་ལིས་ཧའེ་ཡིས་སྒོར་ས་ཡ་བཞི་བཏང་ལ། དེ་གའི་དད་ལྡན་མང་ཚོགས་རྣམས་ཀྱིས་ཞལ་འདེབས་དང་རོགས་སྐྱོར་འོག་བྱམས་སྐུ་ཆུ་གཟིགས་མ་སྟེ་མཐོ་ཚད་ལ་མུས་༣༠ཅན་ཞིག་ བཞེངས་འགྲུབ་བྱུང་ཞིང་། ནང་བཞུགས་ལ་རྒྱལ་པོའི་བཀའ་བསྟན་བྱེ་ཕྲག་དུ་མ་ཕུལ་ནས་རྟེན་འབྲེལ་གྱི་རྟགས་མཚན་ངོ་མཚར་བའི་ངང་ལེགས་འགྲུབ་བྱུང་ཡོད།
ལྷ་དཀར་པོ་བྱམས་པ་རང་བྱོན།
ལྷ་ཁང་འདི་ནི་ཁྲི་ཀ་རྫོང་ལྕགས་རིའི་ཤར་ནས་ཤར་བྱང་གི་ཕྱོགས་སུ་སྤྱི་ལེ་བཅུ་གཅིག་གིས་ཆོད་པའི་སར་གནས་ཏེ། དེང་གི་ཆུ་ཤར་ཤང་ཚྭ་མཐའ་སྡེ་བ་ནས་ཤར་བྱང་དུ་སྤྱི་ལེ་གཅིག་གི་རྨ་ཀླུང་རིང་མོའི་འགྲམ་རྒྱུད་དེར་ཆགས་ཡོད། འདི་ལ་ལྷ་རང་སྐྱེས་ཀྱང་ཟེར། ལྷ་ཁང་འདི་ནི་ཁྲི་ཀའི་བྱིན་རླབས་ཅན་གྱི་རྟེན་བཞིའི་གྲས་ཡིན་ལ། ནམ་བཞེངས་ཀྱི་ལོ་ཚིགས་གསལ་བོར་མ་ངེས་ཀྱང་། རབ་བྱུང་བཅུ་གཅིག་པའི་ཡར་སྔོན་དུ་ཡོད་པ་ལོ་རྒྱུས་དག་ཏུ་གསལ། ལྷ་ཁང་ཆེ་ཆུང་གཉིས་ཡོད་པའི་ཆེ་བའི་ནང་རྟེན་ལ་ཕ་བོང་དཀར་པོ་ཞིག་ལ་དགེ་སློང་ཆོས་གོས་གྱོན་པ་ཞིག་ཐིམ་པ་དང་། སྟེང་དུ་ཡིག་འབྲུ་གསུམ་རང་བྱོན་དུ་ཡོད་པ་ནང་བཞུགས་ཀྱི་བྱམས་སྐུ་བྱོན་ལེགས་ཤིག་དང་། ལྷ་ཁང་ཆུང་བའི་ནང་དུ་བྱམས་པ་ཆུ་གཟིགས་མར་གྲགས་པ་དེ་ཞལ་རྨ་ཆུའི་ཁུགས་པར་གཏད་པ་བཅས་བཞུགས། དེ་རུ་བྱམས་ཁང་བཞེངས་དུ་བྱམས་སྐུ་ཉིན་རེ་ལས་ཉིན་རེ་ཇེ་མཐོ་ནས་ཇེ་མཐོར་སྐྱེས་སྟབས། ཤིང་བཟོ་ཐབས་ཟད་དེ་ཤིང་ལྷམ་ཞིག་བཟོས་ཏེ་སྐུའི་མགོར་བསྐོན་པས། བྱམས་ཁང་ཉིས་ཐོག་ཅན་ཞིག་ལས་བཞེངས་མ་དགོས་ཞེས་པའི་ངག་རྒྱུན་དང་འདྲེས་པའི་གཏམ་རྒྱུད་ཡོད། ལྷ་ཁང་འདིར་རབ་བྱུང་བཅུ་བཞི་པ་སྟེ་སྤྱི་ལོ་༡༨༠༧ལོར་མེ་སྐྱོན་བྱུང་ལ། སྤྱི་ལོ་༡༨༥༡ལོར་རྙེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ཞིག་གསོ་དང་། རྗེ་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་རབ་གནས་མཛད། དེ་དུས་ཕ་བོང་སྟེང་དུ་ཡིག་འབྲུ་གསུམ་རང་བྱོན་དུ་ཡོད་པ་ཀུན་གྱིས་མཐོང་ཞེས་མདོ་སྨད་ཆོས་འབྱུང་དུ་གསུངས་ལ། ཨོཾ་ཨྰ་ཧྰུྃ་སྟེ་མཚན་མོ་འོད་འཕྲོ་བའི་རང་བྱོན་གྱི་ཡིག་འབྲུ་འདི་་གསུམ་མི་སེར་གང་མང་གིས་མཐོང་བར་གྲགས། བྱམས་ཁང་གཉིས་ཡོད་པའི་གོང་མ་རྗེ་གསེར་ཁང་པས་ཞིག་གསོ་བྱས་ཏེ་རྟེན་དང་བརྟེན་པ་གསར་དུ་བཞེངས་ལ། རྙེ་རིན་པོ་ཆེའི་ཞལ་སྔ་ནས་རབ་གནས་གནང་བའི་ལོ་རྒྱུས་ཀྱང་མཆིས། ལྷ་ཁང་དུ་བྱམས་པ་གཉིས་ལས་གཞན་འཇིགས་བྱེད་ལྷ་བཅུ་གསུམ་མམ་མགོན་ཆོས་ལྷ་གསུམ། རྗེ་བླ་མ་དང་རྗེ་གསེར་ཁང་པའི་སྐུ་བརྙན། གནས་བརྟན་བཅུ་དྲུག་དང་ཞིང་བཀོད་འགའ་རེ་ཡོད་ཀྱང་། ང་བརྒྱད་ལོ་དང་རིག་གསར་གྱི་རླུང་འཚུབ་ཁྲོད་མིང་གི་ལྷག་མ་ཙམ་དུ་གྱུར།
རབ་རྒྱན་ཆུ་སྤྲེལ(སྤྱི་ལོ་༡༩༩༢)ལོར་ལྷ་ཁང་འདི་ཉིད་བསྐྱར་བཞེངས་མཛད་པས། དད་ལྡན་ཀུན་གྱི་བསོད་ནམས་བསགས་པའི་ཞིང་ས་བླ་ན་མེད་པར་བསྐྲུན་ཡོད།
མཆོད་རྟེན་དྲིལ་གསིལ་མ།
མཆོད་རྟེན་དྲིལ་གསིལ་མ་ནི་དམེ་ཀྱྰ་སྡེ་བའི་བྱང་ཕྱོགས་ཀྱི་མཆོད་རྟེན་སྐེ་ཞེས་པའི་ཞིང་དཀྱིལ་ན་བཞུགས།《མདོ་སྨད་ཆོས་འབྱུང》དུ་རྒྱ་གར་ཕ་དམ་པ་རི་བོ་རྩེ་ལྔར་ཕེབས་སྐབས་འདིར་བྱོན། ནམ་མཁར་འཕུར་བ་སོགས་རྫུ་འཕྲུལ་སྣ་ཚོགས་བསྟན་པ་རྒན་པོ་ཞིག་གིས་མཐོང་། ཁོ་དད་དེ་བསྙེན་བཀུར་ཞུས་པས། རྣལ་འབྱོར་པའི་དབྱུག་པ་རྟེན་སྐལ་དུ་བཞག དེར་བརྟེན་ནས་དབྱུག་པ་དང་སངས་རྒྱས་བྱང་སེམས་དུ་མའི་སྐུ་གདུང་། ཆོས་སྐུའི་རིང་བསྲེལ་མང་དུ་བསགས་པ་ནང་བཞུགས་ཀྱིས་མཆོད་རྟེན་འདི་བཞེངས་ཏེ། རྣལ་འབྱོར་པ་ཆོས་གཡུང་དྲུང་བྱ་བས་རབ་གནས་མཛད་ཟེར། ཕྱིས་སུ་གུང་རི་མཁའ་འགྲོ་མས་ཞིག་གསོ་བགྱིས་ཏེ་སྐུ་དཀར་གསོལ། མཆོད་འབུལ་དང་སྨོན་ལམ་གནང་བས་འཇའ་དང་མེ་ཏོག་གི་ཆར་དང་ངོ་མཚར་བའི་ལྟས་བྱུང་། ལོ་རྒྱུས་རྣམས་མངོན་ཤེས་ཀྱིས་གཟིགས་ནས་གསུངས་ཞེས་ལི་ ཀྱཱ་དབོན་པོ་ཤེས་རབ་དཔལ་བཟང་གི་དཀར་ཆག་ལས་བྱུང་། ནམ་མཁའ་ནས་དྲིལ་ཆུང་གི་སྒྲ་བྱུང་བར་ཡུལ་མི་རྣམས་ཀྱིས་བལྟས་པས་ཕ་དམ་པ་རྫུ་འཕྲུལ་གྱིས་གཤེགས་པའི་ལོ་རྒྱུས་དང་། ད་ལྟ་ཡང་དུས་བཟང་རྣམས་སུ་དྲིལ་བུའི་སྒྲ་ཐོས་རྒྱུ་ཡོད་པས་མཆོད་རྟེན་དྲིལ་གསིལ་མར་གྲགས། ཡང་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཞག་གཅིག་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་རྫུ་འཕྲུལ་གྱིས་བཞེངས་པར་གྲགས་པའི་ནང་ཚན་ཡིན་ལ། འབྲས་སྤུངས་སྐོར་ལམ་དུ་ཡང་འདི་འདྲ་གཅིག་ཡོད་ཅེས་ཐར་ཤུལ་དཔོན་སློབ་འདི་པས་གསུངས་ཐོས་ཞེས་བཀོད་ཡོད། མཆོད་རྟེན་འདི་མན་བཞེངས་ཀྱི་ལོ་ཚིགས་གསལ་བོར་འགོད་རྒྱུ་དཀའ་ན་ཡང་། གོང་གི་ལོ་རྒྱུས་ཀྱི་དོན་ལ་བསྟུན་ཏེ་རིག་པས་དཔྱད་ན། ཕ་དམ་པ་རྒྱ་ནག་དང་བོད་དུ་ཕེབས་པའི་བཤད་ཚུལ་མི་མཐུན་པ་སྣང་ཡང་། རྗེ་མི་ལ་དང་དུས་མཉམ་ཡིན་པ་རྗེ་བཙུན་གྱི་རྣམ་ཐར་དུ་གསལ་བས་ཕལ་ཆེར་སྤྱི་ལོའི་དུས་རབས་བཅུ་པའི་ནང་ཡིན་པར་ངེས། མཆོད་རྟེན་གྱི་མདུན་དུ་རྟེན་རྡོ(རྡོ་ལེབ་ཆུང་ངུ་ཞིག)ཞིག་ཡོད་པའི་སྟེང་དུའང་གོང་སྨྲས་ལོ་རྒྱུས་དང་ཇི་འདྲ་བར་བརྐོས་ཡོད་པ་ད་ལྟའང་བཞུགས། དམ་པ་དུ་མའི་བཤད་རྒྱུན་ལྟར་ན། སྔོན་དུས་ཀྱི་མཆོད་རྟེན་གྱི་རྣམ་པ་ནི་དང་ཐོག་ཁང་བ་ཆུང་ཆུང་ཞིག་ཡིན་ལ། ནང་རྟེན་གཙོ་བོ་ཡང་རྒྱ་གར་ཕ་དམ་པའི་སྦ་དབྱུག་དང་སངས་རྒྱས་དང་བྱང་སེམས་མང་པོའི་རིང་བསྲེལ་དང་འཕེལ་གདུང་མང་པོ་བཞུགས་པ་རྐུན་ཇག་གི་གནོད་པས་མ་ཐར་ཏེ། ས་ཕག་བརྩིགས་ཏེ་འདམ་གྱིས་ཞལ་བ་བྱས། ཕྱིས་རེབ་གོང་སྤྲུལ་སྐུ་ཨ་རོལ་ལུང་རིགས་རྒྱ་མཚོ་དང་སྤྲུལ་སྐུ་སྒོ་མང་གཉིས་ཀྱིས་བསྐྱར་བཞེངས་བྱེད་རྩིས་བྱས་ཀྱང་རྐྱེན་དབང་གིས་གྱི་ནར་བར་ལུས། རིན་ཐང་གཞལ་དུ་མེད་པའི་རིག་དངོས་རྩ་ཆེན་འདི་ལ་ང་བརྒྱད་ལོ་དང་རིག་གསར་གྱིས་གནོད་རྐྱེན་ཅི་ཡང་མ་ཐེབས་པར་ད་ལྟ་ཡང་འགྲོ་བའི་ བསོད་ནམས་ཀྱི་དཔལ་དུ་བཞུགས་ཡོད། འདིར་ཁོ་བོས་རྟེན་འདི་ཁྲི་ཀའི་གནས་ཆེན་བརྒྱད་དུ་བགྲང་བ་དང་ལོ་རྒྱུས་སོར་བཞག་ཏུ་འཇོག་དོན་ཡང་། དེ་སྔོན་སྐེ་པའི་སྔགས་རིམ་པ་ངག་དབང་འཇམ་དབྱངས་རྒྱ་མཚོས་ཞལ་ནས། མཆོད་རྟེན་འདི་ཉིད་ཁྲི་ཀའི་ཡུལ་གྱི་མཆོད་རྟེན་ཐོག་མའམ་མདོ་ཁམས་ཡུལ་ན་འགྲན་ཟླ་བྲལ་བའི་རྟེན་མཆོག་ཅིག་ཡིན་པས། ད་ལྟ་བསྐྱར་བཞེངས་བྱེད་མ་ནུས་པ་ནི་ཤིན་ཏུ་ནས་ཕངས་སོ་གསུང་བ་ལ་ཡིད་སེམས་རབ་ཏུ་གདུང་བས་པར་རིས་ཀྱང་འདིར་མཁོ་འདོན་བྱེད་མ་ཐུབ།
མི་ཉག་དགུ་ཐོག་ཆེན་མོ།
མི་ཉག་དགུ་ཐོག་ཆེན་མོའམ་ཆོས་རྒྱལ་ལྷ་ཁང་ནི་ཁྲི་ཀའི་རྒྱ་མཁར་གྱི་དཀྱིལ་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་དང་གྲོང་ངེ་ར་བཞེངས་ཡོད་ལ། ལྷ་ཁང་འདི་རུ་དམ་ཆེན་ཆོས་རྒྱལ་གྱི་སྐུ་བཞེངས་མྱོང་བས་ན་ཆོས་རྒྱལ་ལྷ་ཁང་ཞེས་འབོད་ཅིང་། ལྷའི་དབང་བོ་རྒྱ་བྱིན་གྱི་སྐུ་བཞེངས་ཡོད་པས་ན་བརྒྱ་བྱིན་ལྷ་ཁང་ཞེས་ཀྱང་འབོད། འཇམ་མགོན་བླ་མ་ས་སྐྱ་པན་ཆེན་ཧོར་ཆེན་པོས་གདན་ཞུས་ལྟར་ལམ་བར་ནས་ཁྲི་ཀའི་ཡུལ་དུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་དུས་སུ་མི་ཉག་དགུ་ཐོག་ཏུ་བཞུགས་གནང་མཛད་མྱོང་ཞེས་པ་མདོ་སྨད་ཆོས་འབྱུང་དུ་གསལ་ཞིང་། སྐབས་དེར་ལྷ་ཁང་འདི་ལ་མི་ཉག་དགུ་ཐོག་ཅེས་འབོད་པ་དང་། ཕྱིས་སུ་ལྷ་ཁང་འདིའི་ནང་རྟེན་གྱི་འགྱུར་བའི་དབང་གིས་སྐུ་རྟེན་གྱི་མཚན་ལྷ་ཁང་ལ་གསོལ་བ་ཡིན། རྒྱའི་ཡིག་ཚང་དག་ན་མི་ཉག་དགུ་ཐོག་གམ་བརྒྱ་བྱིན་ལྷ་ཁང་འདི་ཉིད་མིང་རྒྱལ་རབས(སྤྱི་ལོ་༡༣༦༨ནས་༡༦༤༤ལོའི་བར)ཀྱི་གོང་མ་མིང་ཧྲིན་ཙུང་གི་ཝན་ལི་ཁྲི་ལོ་ཉི་ཤུ་པར་(སྤྱི་ལོ་༡༥༩༢ལོར)ཐོག་མར་བཞེངས་ཤིང་། ཆིང་རྒྱལ་རབས་ཀྱི་གོང་མ་ཆིང་མུའུ་ཙུང་གི་ཐུང་ཀྲི་ཁྲི་ལོ་དྲུག་པར་(སྤྱི་ལོ་༡༨༦༧ལོར)དུས་འགྱུར་ནང་འཁྲུག་དབང་གིས་ལྷ་ཁང་འཇིག་པར་གྱུར་ཅིང་། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་བསྐྱར་བཞེངས་ཀྱི་འགོ་བརྩམས་ཤིང་། ཀྲུང་ཧྭ་མིང་གོའི་སྲིད་ལོ་གཉིས་པར་(སྤྱི་ལོ་༡༩༡༣ལོར)གཞི་ནས་ལེགས་འགྲུབ་བྱུང་། འདིའི་མཐོ་ཚད་ལ་མུས་༢༥དང་། རྒྱ་ཁྱོན་ལ་ས་མུའུ༣༨དང་། ཐོག་སོ་རིམ་པ་གསུམ་བཅས་ཡོད་དེ། ཁྲི་ཀ་རྫོང་གི་ལྕགས་རིའི་ཕྱོགས་བཞིའི་ཡུལ་ལྗོངས་ཡོངས་སུ་པང་དུ་བླངས་པ་བཞིན་མིག་ལམ་དུ་གསལ་ལྷང་ངེར་འཆར་འོངས། ༡༩༨༦ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་གྱི་གྲས་སུ་བཞག་སྟེ། ལོ་འདི་གའི་རིང་ལ་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གིས་གྲོན་དངུལ་འབོར་ཆེན་བཏང་ནས་ལྷ་ཁང་བསྐྱར་གསོ་དང་ལྕགས་རིའི་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཏུ་བསྐྲུན་ཡོད།
ཡུལ་ལྷའི་ཕོ་བྲང་།
རྗེ་བཙུན་འཇམ་དབྱངས་ནག་པོའི་ཐུགས་སྤྲུལ་ཡུལ་ལྷའི་རྒྱལ་པོ་ཝུན་ཁྲང་གི་ཕོ་བྲང་ནི་ཁྲི་ཀ་རྫོང་མཁར་ནས་ནུབ་ཀྱི་སྤྱི་ལེ་གཉིས་ལྷག་གི་ས་གཉན་པོ་གདོང་གསུམ་གྱི་ཡ་གྱལ་ཤ་འབུམ་གདོང་སྣ་ཞེས་པར་བཞེངས་ཡོད། ལྷ་ཁང་འདི་ནི་མིང་རྒྱལ་རབས་དུས་མཇུག་ཏུ་བཞེངས་པ་ཞིག་ཡིན་ལ། གསེར་ཁྲི་རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི་མ་གོང་མའི་དབུ་བླར་བཞུགས་སྐབས། ཡུལ་ལྷའི་གོང་མའི་བློན་པོ་ཞིག་གི་ཚུལ་བསྐྱངས་ཏེ་དབུ་བླར་བསྡོངས་གྲོགས་མཛད་པར་གྲགས་ལ། རེ་ཞིག་བདུད་བློན་ཞིག་གིས་གོང་མར་བླ་མས་ཁྱེད་རང་དགྲོང་འདོད་དེ་སྨྱུག་ཁྲོག་ཏུ་གྲི་བཅུག་འདུག་ཅེས་ཕྲག་དོག་གིས་ཕྲ་མ་ཞུས་པས། གོང་མས་བླ་མའི་སྨྱུག་ཁྲོག་གི་ཁ་ཕྱེས་ནས་སྨུག་གུ་སར་བྱོ་བ་ན། ཡུལ་ལྷའི་སྨྱུག་ཁྲོག་གཤོག་གྲི་བཀག་སྟེ་སྨྱུག་ཁྲོག་ལས་གྲི་སར་མ་ལྷུང་། བློན་པོ་དེས་ཡང་གོང་མར་ད་རེབ་ཁོས་དོགས་ཟོན་གྱིས་གྲི་མ་བཟུང་བ་ཡིན་ལ། ཁོས་དོགས་ཟོན་བྱས་མེད་དུས་ཁྱེད་ཀྱིས་གློ་བུར་དུ་གཟིགས་ཤིག་ཅེས་ཞུས་པ་ན། ཉིན་ཞིག་གོང་མའི་ཁོང་གི་སྨུག་ཁྲོག་ལས་གྲི་ཡོད་པ་མཐོང་བས་བླ་མ་བཙོན་དུ་བཅུག བླ་མས་ཡུལ་ལྷར་ད་ནི་བདག་ལ་སྡོངས་གྲོགས་མཛོད་དང་ཁྲི་སྡེ་ཞིག་གི་སྲུང་མར་བཀུར་རྒྱུ་ཞལ་བཞེས་གནང་བ་ན། ཡུལ་ལྷའི་གོང་མའི་བཙུན་མོ་འདང་ཅན་ཞིག་ཡོད་པ་དེའི་མཁལ་རྩ་ནས་བཟུང་བས་ན་ཟུག་དྲག་པོས་བཟོད་ཐབས་བྲལ། སྨན་གསོས་ཀྱིས་མ་ཕན་པས་གོང་མའི་བསམ་པར་བདག་གི་བླ་མར་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་དགོངས་ནས་ཁོང་གདན་དྲངས་པ་ན། བླ་མས་བཙུན་མོའི་གཟིམ་ཁང་གི་སྒོ་ཁ་ནས་ཡུལ་ལ་བསྟོད་ཚིག་ཅིག་གསུངས་ནས་འབྲུ་ཟན་སྟོར་བ་ན། བཙུན་མོ་འཕྲལ་དུ་ནད་ལས་མཐར། གོང་མ་བླ་མར་ལྷག་པར་དད་ནས་ཕོ་བྲང་དུ་ཡུན་རིང་བཞུགས་པར་ཞུས་ཀྱང་ཁོང་བཞུགས་མ་འདོད་པར་མདོ་སྨད་དུ་ཕེབས། རེ་ཞིག་གྲུ་བརྒྱབ་ནས་རྨ་ཆུར་བསྐྱོད་སྐབས་གྲུ་ཆུང་ཆུ་དཀྱིལ་ནས་བགྲོད་མ་ཐུབ་པས་ཁོང་གི་ཐུགས་སུ་སྔོན་གྱི་ཞལ་བཞེས་དེ་དྲན་ཏེ། “ཀྱེེ། ཁྲི་ཀའི་ཡུལ་གནས་ལྷ་གཉན་ཐུ་བོ་ཆེ།། རྒྱ་ནག་ཤིང་མྰ་ཐེན་ཙི་ཞེས་གྲགས་ཁྱོད།། མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ནོ།། བསང་བསུར་བཞེས་ལ་འདོད་པའི་དོན་ཀུན་སྒྲུབས།།”ཞེས་བསང་མཆོད་བཀྲ་ཤིས་གཡས་འཁྱིལ་མ་འདི་གསུངས་ཏེ། ད་ལྟའི་ཡུལ་ལྷའི་ཕོ་བྲང་གི་ཤུལ་གྱི་ཕ་བོང་དཀར་པོ་དེར་ཡུལ་ལྷ་བསྟིམས་པར་མཛད་ཅེས་གསེར་ཁྲི་རིན་པོ་ཆེས་གསུངས་ཡོད།
ཕོ་བྲང་འདི་བཞེངས་པའི་སྐོར་ལ། རྒྱའི་ཡིག་ཚང་ཏུ་ལྷ་ཁང་འདི་ཐོག་མར་ཡོན་རྒྱལ་རབས་ཀྱི་དུས་འགོ་སྟེ་ཕལ་ཆེར་སྤྱི་ལོ་༡༡༧༩ལོ་ནས་འགོ་བརྩམས་ལ་ཁང་མིག་གསུམ་ བཞེངས་པ་དང་། རིམ་གྱིས་རྒྱ་བསྐྱེད་དེ་མིང་རྒྱལ་རབས་ཀྱི་དུས་སུ། སྤྱི་ལོ་༡༣༦༨ལོར་ཡོང་གྲུབ་བྱུང་མོད། ཆིང་རྒྱལ་རབས་ཀྱི་གོང་མ་ཆིང་མུའུ་ཙུང་གི་ཐུང་ཀྲི་ཁྲི་ལོ་དྲུག་པ་སྟེ་སྤྱི་ལོ་༡༨༦༧ལོར་མེ་དགྲ་ཆེན་པོ་ཞིག་གི་ཁྲོད་དུ་འཇིག་པར་གྱུར། ཐུང་ཀྲི་ཁྲི་ལོ་གསུམ་པ་སྟེ་སྤྱི་ལོ་༡༨༧༤ལོར་བསྐྱར་དུ་བཞེངས་འགོ་བརྩམས་ཤིང་། གོང་མ་ཆིང་ཏེ་ཙུང་གི་ཀོང་ཞུས་ཁྲི་ལོ་གཉིས་པའི་སྤྱི་ལོ་༡༨༧༦ལོར་ཡོངས་སུ་གྲུབ། ང་བརྒྱད་དང་རིག་གསར་སྐབས་སུ་སླར་ཡང་ཆག་འཇིག་བྱུང་ནའང་། སྤྱི་ལོ་༡༩༨༢ལོར་སྔོན་གྱི་ཤུལ་ནས་སྔར་གྱི་གཞི་ཁྱོན་ཇི་བཞིན་་ད་ལྟའི་ཡུལ་ལྷའི་ཕོ་བྲང་འདི་ཉིད་བསྐྱར་དུ་བཞེངས།
ཁྲི་ཀའི་ཨ་མྱེས་ཡུལ་ལྷ་རུ་གྲགས་པའི་ལྷ་གཉན་འདི། ལ་ལས་ཅིན་རྒྱལ་རབས་ཤར་མའི་སྤྱི་ལོ་༣༡༧ནས་༤༢༠ལོའི་བར་དུ་བྱོན་པའི་ཙི་ཐུང་ལྷ་གཉན་གྱི་རྣམ་སྤྲུལ་ཀྲང་ཡ་ཙི་ཟེར་བ་ཁོང་ལ་ངོས་འཛིན་ཞིང་། ད་ལྟ་ཟི་ཁྲོན་མིན་ཡང་གྲོང་ཁྱེར་གྱི་ཁོངས་གཏོགས་ཏེ་ཙི་ཐུང་རྫོང་ནས་ཀུན་གྱི་མཆོད་བཀུར་བྱེད་པའི་ཙི་ཐུང་ལྷ་གཉན་གྱི་ལྷ་ཁང་དེ་ཡུལ་ལྷའི་ལྷ་ ཁང་གི་ཐོག་མར་ངོས་འཛིན་གྱིན་ཡོད་མོད། ཐམས་ཅད་ཀྱི་ངོས་འཛིན་ལྟར་ན། དེ་ནི་ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་བློན་ཆེན་གཉིས་ལས་ཤན་པ་ཙི་ཐུང་དང་ཤན་པ་ར་མགོ་ཞེས་པ་ལས་སྔོན་མ་ཤན་པ་ཙི་ཐུང་ལ་ངོས་བཟུང་འདུག
ཆིང་རྒྱལ་རབས་(སྤྱི་ལོ་༡༦༤༤ནས་༡༩༡༡ལོའི་བར)གྱི་སྐབས་སུ། རིག་ལྡན་སྐར་མའམ་ཝུན་ཁྲང་ལྷ་ཆེན་འདི་ཉིད། སྐབས་དེའི་ཆིང་གོང་མའི་སྲིད་གཞུང་གི་དྲང་བདེན་སྐྱོང་བའི་འཁོར་བློན་ཞིག་གི་སྐུའི་སྐྱེ་བ་བཞེས་དུས། བདུད་བློན་གྱི་དབྱེན་ཕྲའི་དབང་གིས་ཁོང་ལ་གོང་མའི་བཀའ་ཆད་ཕོག་སྟེ་སྐུ་སྲོག་ཤོར་བར་གྱུར། སྐྱེ་བ་དེའི་རྗེས་སུ་ཁོང་གིས་དཀར་ཕྱོགས་སྐྱོང་བའི་མི་མ་ཡིན་པའི་མཐུ་རྩལ་ཅན་ཞིག་གི་སྐུའི་སྐྱེ་བ་བཞེས་ཤིང་། ཆིང་གོང་མའི་དབུ་བླ་སྟེ་དགའ་ལྡན་གསེར་ཁྲི་བྱ་རྩེ་རྒྱ་ནག་པ་བློ་གྲོས་རྒྱ་མ་མཚོའམ་འཇམ་དབྱངས་བསྟན་པའི་ཉི་མ་ཚང་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་ཁོང་ལ་གྲོགས་དང་འཕྲིན་ལས་བསྐྱངས་པར་གྲགས། རྗེས་སོར་ཁྲི་རྒྱ་ནག་པ་ཚང་མདོ་སྨད་ཡུལ་དུ་བྱོན་སྐབས། གོང་མར་ལྷ་གཉན་དེ་ཁྲི་ཀ་ས་ཆའི་བསྟན་བསྲུང་དུ་འགོད་པར་ཞུས་ཏེ་ཁྲི་ཀའི་ཡུལ་ལྷ་གཉན་པོ་ཞིག་ཏུ་གྱུར།
བྲག་དམར་སྟོང་སྐུ་རང་བྱོན།
བྲག་དམར་སྟོང་སྐུ་རང་བྱོན་ནི་ཁྲི་ཀ་རྫོང་ཀ་རང་ཤང་གི་མངའ་ཁོངས་ཨ་སྐོང་སྡེ་བར་གཏོགས་ཤིང་། ཨ་སྐོང་ཞེས་པ་ཡང་དེ་རུ་བྲག་ཕུག་ཅིག་ཡོད་པ་དང་དེའི་ངོས་སུ་བོད་ཡིག་གི་ཨ་ཡིག་རང་བྱོན་ཅིག་སྐུང་ཡོད་པས་དེ་ལྟར་ཐོག་ཚུལ་དང་། སྡེ་བ་དེའི་བྲག་རི་རྣམ་པ་ཤིན་ཏུ་གཟར་ཞིང་བྲག་ལ་རྩྭ་སྐྱེས་མེད་པར་མདོག་དམར་སེར་ལྡན་ལ། བྲག་རིའི་རྣམ་པ་ངོ་མཚར་ཞིང་ཡིད་དུ་འོང་བ་དང་། མིའི་གཟུགས་ཅནདང་ལྷ་སྐུའི་གཟུགས་ཅན། གླང་ཆེན་གྱི་འགྱིང་ཉམས། སྟག་སེང་གི་མཆོང་སྟངས། བྱ་ཆེན་གྱི་གཤོག་འགྱུ་བཅས་གནས་སྐོར་པ་རྣམས་ཀྱི་མིག་དབང་འཕྲོག་པ་མ་ཟད། ཡུལ་དེ་རུ་བྲག་དམར་གྱི་སྒོ་ཆེན་ཕྱེས་འདྲ་ཞིག་ཡོད་པ་ལ་དམངས་ཁྲོད་དུ་ཁྲག་རྒྱ་སྒོ་ཟེར་ཞིང་། སངས་རྒྱས་སྟོང་གི་མཆོད་བཤམས་ཡིན་པར་གྲགས་ལ། བྲག་ངོས་ན་མཐོ་ཚད་མི་འདྲ་བའི་ལྷ་སྐུ་རང་བྱོན་སྟོང་ཕྲག་མང་པོ་བབས་ཡོད་པས་བྲག་དམར་སྟོང་སྐུ་རང་བྱོན་ཞེས་ཟེར། བྲག་དམར་བླ་རི་འདི་ལ་ད་ལྟ་རྒྱའི་ས་གཤིས་མཁན་པོ་རྣམས་ཀྱིས་ཏྰན་ཞ་ས་གཤིས་ཅན་ཞེས་མཐོང་དཀའ་པའི་ས་དབྱིབས་ཤིག་ཏུ་ངོས་འཛིན་གྱིན་ཡོད།
བྲག་དམར་སྟོང་སྐུ་རང་བྱོན་ནས་བྱང་བལྟས་སྤྱི་ལེ་གཉིས་ཀྱི་མཚམས་ན། ཤན་པ་མེ་རུའི་རྫོང་མཁར་མཛོ་མོ་རུ་རྫོང་དང་ཤན་པའི་བླ་རི་ཅོག་ལ་མཚར་རྩེ་ཡོད་པས་ཀ་རང་ཤང་ནི་ཤན་པའི་རུ་རྫོང་དུ་ངོས་འཛིན་གྱིན་ཡོད།
དེ་ནས་བྱང་ངོས་ཀྱི་སྤྱི་ལེ་གཉིས་ཀྱི་མཚམས་ན་ཚེ་འགུ་མཁར་ཐོག་གམ་དཀར་བརྗིད་དཔོན་ཚང་ཡོད།