མདོ་སྨད་ཁྲི་ཀའི་ཡུལ་དུ་སྐུ་འཁྲུངས་པའི་སྐྱེས་ཆེན་སོ་བརྒྱད་ཀྱི་ ལོ་རྒྱུས་མདོར་བསྡུས།

༄༅།།མདོ་སྨད་ཁྲི་ཀའི་ཡུལ་དུ་སྐུ་འཁྲུངས་པའི་སྐྱེས་ཆེན་སོ་བརྒྱད་ཀྱི་ལོ་རྒྱུས་མདོར་བསྡུས།

 

                      1 ཀོའུ་བ་གཞོན་ནུ་བྱང་ཆུབ་འོད།

    ཁྲི་ཀའི་འཕྲང་དམར་ཨ་རྐོང་དུ་དུས་རབས་བཅུ་བཞི་བའི་སྟོད་དེ་ཕྱི་ལོ1300 ལོའི་ནང་སྐུ་འཁྲུངས། སྐུ་ན་ཕྲ་དུས་ནས་རབ་ཏུ་བྱུང་། དབུས་གཙང་དང་བལ་བོ་སོགས་སུ་ཕེབས་ཏེ་མདོ་རྒྱུད་ཀྱི་བསྟན་བཅོས་ཀུན་ལ་སློབ་གཉེར་མཛད་དེ་མཁས་པའི་སྙན་གྲགས་རྒྱས། ཕྱིར་མདོ་སྨད་དུ་ཕེབས་ཏེ་རྗེ་ཙོང་ཁ་པ་ཆེན་པོའི་དགེ་ཚུལ་གྱི་སློབ་དཔོན་གནང་། བྱ་ཁྱུང་ཐེག་ཆེན་གླིང་གི་ཁྲི་རབས་གཉིས་པར་བཞུགས་ཏེ་བསྟན་པའི་བྱ་བ་མཛད།  འགག་ཡུལ་དུ་ཆུ་དྲངས་པས་ཀོའུ་བ་རི་ཕུག་མར་གྲགས། མཁས་གྲུབ་དམ་པའི་མཛད་སྤྱོད་ཀྱིས་གྲགས་པ་རབ་ཏུ་རྒྱས་པས་ཧོར་མོ་ཁག་གསུམ་གྱིས་བླ་མཆོད་དུ་བཀུར། མཐར་ལོ་བའི་བྲག་དཀར་དུ་སྐུ་འཇའ་ལུས་ལ་གྲུབ། འཁྲུངས་འདས་གསལ་བར་མ་ངེས།

                  2 གཙང་བ་བཀའ་བཅུ་བ་བློ་བཟང་རྒྱ་མཚོ།

   མདོ་སྨད་ཁྲི་ཀའི་འགག་ཟའི་གཙང་བ་ཚོ་བར་སྐུ་འཁྲུངས། དགུང་ལོ་བརྒྱད་པར་རབ་ཏུ་བྱུང་ཞིང་ཉེར་གཅིག་པར་དབུས་སུ་སློབ་གཉེར་དུ་ཕེབས། དབུས་སུ་དཀའ་བཅུ་བའི་མཚན་བཏགས་བཞེས། རང་ཡུལ་དུ་ཕེབས་ཏེ་དགུང་ལོ་ཞེ་གསུམ་སྟེང་འབྲོ་འགག་གཉིས་ཀྱི་མཚམས་འོམ་རྟིང་ཞེས་པར་དགོན་པ་བཏབ་སྟེ་མཚན་ལ་བཀྲ་ཤིས་དར་རྒྱས་གླིང་ཞེས་གསོལ། དགུང་ལོ་དོན་གསུམ་སྟེང་གཤེགས་སྐད།

                3 སྒོ་མེ་ཨ་ཛོ་དཔལ་ལྡན་རྒྱ་མཚོ།

   མདོ་སྨད་ཁྲི་ཀའི་སྒོ་མེ་སྡོང་རྒན་ཐང་སྡེ་བའི་ཨ་ཛོ་ཚང་ཟེར་བའི་ཚོ་བར་དུས་རབས་བཅུ་དྲུག་པའི་ནང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་རབ་ཏུ་བྱུང་། དབུས་གཙང་ལ་སློབ་གཉེར་དུ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་རྡོ་རུས་ཐུག་པ་གནང་སྟེ་མཁས་པའི་གོ་འཕང་བརྙེས། ཕྱིར་མདོ་སྨད་དུ་ཕེབས་ཏེ་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་གི་མཁན་རབས་བཅུ་བདུན་པར་བཞུགས། ཆོས་སྡེ་གང་ཉིད་སྐྱོང་ཁུར་གང་ལེགས་མཛད་དེ་བཤད་སྒྲུབ་ཀྱི་བྱ་བ་འཕེལ་ཞིང་རྒྱས་པར་མཛད། མཆོད་རྟེན་སྐེ་དགོན་པའི་མ་དགོན་བཀྲ་ཤིས་ཆོས་གླིང་དུ་བཞུགས་ཤིང་དེ་གར་སྒར་བ་ཞིག་ཀྱང་ཡོད་སྐད།

                4 སྟག་ཕྱུག་འཕྲིན་ལས་རྒྱ་མཚོ།

     མདོ་སྨད་ཁྲི་ཀའི་སྒོ་མེ་མི་ཉག་སྟག་ཤུག་གམ་སྟག་ཕྱུག་ཏུ་དུས་རབས་བཅུ་དྲུག་པའི་ནང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་བསྟན་པའི་སྒོར་ཞུགས། དབུས་སུ་སློབ་གཉེར་དུ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་དགོན་པར་བཀའ་པོད་ཀྱི་གཞུང་ལ་ཐུགས་གཉེར་མཐར་ཕྱིན་མཛད། ཕྱིར་མདོ་སྨད་དུ་ཕེབས་ཏེ་བྱ་ཁྱུང་དགོན་པའི་མཁན་རབས་བཅོ་བརྒྱད་པར་བཞུགས། དགོན་པའི་འཆད་ཉན་གྱི་བྱ་བར་དོ་དམ་གང་ལེགས་མཛད་པས་ཕྱག་རྗེས་ཆེ། ཧལ་ཧའི་རྒྱལ་བོ་ཨུ་ཅང་གིས་བསྐུལ་ངོར་ཡུམ་འབུམ་པ་སོགས་སོག་ཡིག་ཏུ་བསྒྱུར་བས་སོག་ཡུལ་དུ་འཕྲིན་ལས་དང་གདུལ་བྱ་ཧ་ཅང་རྒྱས། འདི་བའི་སྐུ་ཕྲེང་ཕྱི་མ་རྣམས་མཆོད་རྟེན་སྐེ་དགོན་པར་རྒྱུན་བཞུགས་གནང་སྟེ་སྐྱོང་བཀུར་མཛད།

                    5 སྒོ་མེ་ཀ་ཞར་བ་དཔལ་འབྱོར་རྒྱ་མཚོ།

    ཁྲི་ཀའི་ཀ་ཞར་ཡུལ་དུ་དུས་རབས་བཅུ་དྲུག་པའི་ནང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་སངས་རྒྱས་བསྟན་པའི་སྒོར་ཞུགས་ཏེ་དབུས་སུ་སློབ་གཉེར་དུ་ཕེབས། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་རྒྱ་ཆེར་མཛད་དེ་མཁས་པའི་སྙན་གྲགས་རྒྱས། མདོ་སྨད་ཆོས་འབྱུང་ལས་ཀྱང་”སྒོ་མེ་ཀ་ཞར་བ་འབྲས་ཀླུ་འབུམ་དཔལ་འབྱོར་རྒྱ་མཚོ་མཁས་གྲགས་ཅན་ཡིན་འདུག་”ཅེས་གསུངས། ཕྱིར་མདོ་སྨད་དུ་ཕེབས་ཏེ་བྱ་ཁྱུང་ཐེག་ཆེན་ཡོན་ཏན་གླིང་གི་མཁན་རབས་ཉེར་གཅིག་པར་བཞུགས། གདན་ས་གང་ཉིད་ལུགས་གཉིས་ཀྱིས་བསྐྱངས། འདི་བའི་རིང་བྱ་ཁྱུང་འདུ་ཁང་རྒྱ་འབུབ་བྱས་ཤིང་བཀྲ་ཤིས་སྒོ་མང་མཆོད་རྟེན་གསར་བཞེངས་མཛད།

                        6 ཐིས་པ་བློ་བཟང་ཉི་མ།

    ཁྲི་ཀའི་སྟག་རིག་ཐིས་པ་ཚང་དུ་འཁྲུངས། སྐུ་ན་གཞོན་དུས་ནས་རབ་ཏུ་བྱུང་སྟེ་ཆུ་བཟང་དགའ་ལྡན་ཐུབ་བསྟན་རབ་རྒྱས་གླིང་དུ་སློབ་གཉེར་མཛད། དབུས་གཙང་དུ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་སུ་གཞུང་ཆེན་པོར་སྦྱངས་ཏེ་དཀའ་བཅུ་བའི་མཚན་བཏགས་བཞེས། ཐིས་པ་དགོན་བཀྲ་ཤིས་ཆོས་རྫོང་ཕྱག་འདེབས་མཛད་པ་སོགས་བསྟན་འགྲོའི་དོན་ཆེན་རྒྱ་ཆེར་བསྐྱངས། ༼མདོ་སྨད་ཆོས་འབྱུང་༽དུ་“ཐིས་པ་དགོན་བཀྲ་ཤིས་ཆོས་རྫོང་ནི།  ལྕང་སྐྱ་གོང་མའི་དྲུང་ཡིག་མཐིལ་བ་བློ་བཟང་ཉི་མས་བཏབ།  དཔོན་སློབ་གསེར་ཁང་པས་འདི་བའི་ཞབས་ལ་གཏུགས།  ཁྲི་ཆེན་བསོད་ནམས་གྲགས་པ་ནས་བརྒྱུད་པའི་གཅོད་དབང་གསན་”ཞེས་གསུངས།

                7 མཚན་སྒྲོགས་མཁན་ཆེན་དགེ་འདུན་དོན་འགྲུབ།

    ཁྲི་ཀའི་ཀོང་བ་རུ་ཕྱི་ལོ1668ལོར་སྐུ་འཁྲུངས། སྐུ་ན་ཕྲ་དུས་སྐུ་འབུམ་བྱམས་པ་གླིང་དུ་སློབ་གཉེར་མཛད། དགུང་ལོ་བཅུ་གསུམ་སྟེང་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཐུགས་གཉེར་མཛད། རྒྱ་བོད་མཁས་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པས་མཁས་པའི་སྙན་གྲགས་རྒྱས། ཕྱི་ལོ1794ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་མཛད། པོ་ཏ་ལའི་མགྲོན་གཉེར་ལོ་ཙཱ་བ་དང་འདུལ་བའི་བླ་མར་བསྐོས། རྒྱ་ནག་ཏུ་གཞུང་འབྲེལ་ཆེད་མི་སྣར་ལན་གཉིས་ཕེབས། ཕྱི་ལོ1734ལོར་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་ཉེར་བཞི་བར་བཞུགས་ཏེ་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བར་མཛད། བོད་ཀྱི་ས་སྐྱོང་ཆེན་པོ་མི་དབང་ཕོ་ལྷ་བར་སྙན་སྒྲོན་ཞུས་ཏེ་སྦྱིན་བདག་མཛད་ནས་སྐུ་འབུམ་གསེར་སྡོང་ཆེན་མོར་གསེར་ཟངས་ཀྱི་རྒྱ་ཕིབས་བཞེངས། ཁྲི་ཀའི་ཀོང་བ་གྲྭ་ཚང་ལ་བདག་སྐྱོང་བླ་མེད་གནང་། འདས་ལོ་མ་ངེས།

                        8 སྒོ་མེ་གྲགས་པ་རྒྱ་མཚོ།

    ཁྲི་ཀའི་ཧོར་རྒྱ་སྡེ་བར་དུས་རབས་བཅུ་བདུན་པའི་སྨད་དུ་འཁྲུངས། དབུས་སུ་ལན་གཉིས་ལ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་རྒྱལ་བའི་བཀའ་འཁོར་ལོ་རིམ་པ་གསུམ་གྱི་དགོངས་དོན་མ་ལུས་པ་ཐུགས་གཉེར་རྡོ་རུས་ཐུག་པར་གནང་། དཔལ་ལྡན་འབྲས་སྤུངས་དགོན་པའི་དགེ་བཤེས་ཆེ་གྲས་སུ་གྱུར། སྐུ་འབུམ་རྒྱུད་པ་གྲྭ་ཚང་གསང་སྔགས་བདེ་ཆེན་གླིང་གི་བླ་མ་དབུ་མཛད་དང་དེ་གའི་ཁྲི་རབས་བཅུ་གཉིས་པར་བཞུགས་ཏེ་སྐྱོང་བཀུར་གང་ལེགས་མཛད། ཕྱི་ལོ1709 ལོར་མཆོད་རྟེན་སྐེ་བཀྲ་ཤིས་དར་རྒྱས་གླིང་ཕྱག་བཏབ་སྟེ་འཆད་ཉན་གྱི་སྡེ་བཙུགས། ཕྱི་ལོ1729ལོར་གཤེགས།

           9 ཞབས་དྲུང་དཀར་པོ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན།

    ཁྲི་ཀའི་ཡང་བཟང་ཆོས་ཚར་ཕྱི་ལོ1660ལོར་འཁྲུངས། ལ་མོ་སྐུ་ཕྲེང་གསུམ་པ་ཡིན། ༧གོང་ས་ལྔ་བ་ཆེན་པོས་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་གནང་། དགུང་ལོ་བཅུ་གཉིས་སྟེང་དབུས་སུ་སློབ་གཉེར་དུ་ཕེབས་ཏེ་མཚན་ལྡན་བཤེས་གཉེན་མང་པོ་རིགས་ཀྱི་ཅོད་པན་དུ་བསྟེན། མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཛད་པས་མཁས་པའི་སྙན་པ་ཕྱོགས་སུ་རྒྱས། ཕྱི་ལོ1682ལོར་ལ་མོ་བདེ་ཆེན་ཆོས་འཁོར་གླིང་གསར་འདེབས་གནང་། 1705ལོར་མན་ཇིའི་གོང་མ་ཁང་ཞིས་པེ་ཅིན་དུ་གདན་ཞུས་ལྟར་ཕེབས་པར་“ཚ་གན་ནོ་མོ་ཧན་”གྱི་ཆོ་ལོ་དང་གསེར་ཡིག་གི་འཇའ་ས་བཅས་གནང་། རྒྱ་ནག་དང་མདོ་སྨད་ཁུལ་དུ་འཕྲིན་ལས་དང་གདུལ་བྱ་ཧ་ཅང་རྒྱས། སྔར་ཕྱིར་དབུས་གཙང་དུ་ལན་ལྔར་བྱོན། ལྷ་ལྡན་སྨོན་ལམ་ཆེན་མོའི་སྟེང་དགེ་འདུན་རེར་གསེར་དངུལ་གྱི་ཞོ་རེ་རེ་དང་མཛོད་གོས་ཁ་ཕྱེད་མ་རེ་ཕུལ་བས་“ལ་མོ་འགྱེད་ཆེན་”དུ་གྲགས། དགུང་ལོ་རེ་དགུ་བ་ཕྱི་ལོ1728ལོར་གཤེགས།

              10 སྡེ་བ་སྐུ་ཕྲེང་དང་པོ་བློ་བཟང་དོན་འགྲུབ།

    ཁྲི་ཀའི་འཕྲང་དམར་ལན་འགྲོ་སྡེ་བར་ཕྱི་ལོ1673 ལོར་སྐུ་འཁྲུངས། ལ་མོ་བདེ་ཆེན་དགོན་དུ་སློབ་གཉེར་མཛད། དགུང་ལོ་བཅུ་དྲུག་སྟེང་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་འགྲིམ། ཀུན་མཁྱེན་ངག་དབང་བརྩོན་འགྲུས་སོགས་བསྟེན་ནས་མདོ་རྒྱུད་ཀུན་ལ་སྦྱངས་པས་མཁས་པའི་གྲགས་པ་རྒྱས།  དགུང་ལོ་ཉེར་ལྔའི་སྟེང་ལྷ་རམས་གྲྭ་སྐོར་མཛད།  ཆོས་སྲིད་ལ་མཁྱེན་རྒྱ་ཡངས་པས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དགའ་ལྡན་ཕོ་བྲང་སྲིད་གཞུང་གི་བཀའ་གྲོས་སུ་ཡང་གདན་ཞུ་མཛད།  ཕྱིས་སུ་ཀུན་མཁྱེན་འཇམ་དབྱངས་བཞད་པས་མདོ་སྨད་དུ་ཁྲིད་མ་ཡོང་བ་ཡིན་ན། བོད་དགའ་ལྡན་ཕོ་བྲང་གི་སྡེ་སྲིད་ལ་འགྲོ་ཐུབ་པའི་ངག་རྒྱུན་ཡོད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་རབས་གསུམ་པར་བཞུགས་ཏེ་སྔ་ཕྱི་ཀུན་ཏུ་བཀའ་དྲིན་ཤིན་ཏུ་ཆེ།  ཕྱི་ལོ1746 ལོར་གཤེགས།

                 11 གསེར་ཁྲི་བློ་བཟང་བསྟན་པའི་ཉི་མ།

    མདོ་སྨད་ཁྲི་ཀའི་ཡང་བཟང་ཆོས་ཚར་ཕྱི་ལོ1689ལོར་ཞབས་དྲུང་དཀར་པོ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྐུ་ཚ་རུ་འཁྲུངས། ལ་མོ་བདེ་ཆེན་དུ་བསྡུས་གྲྭ་དང་རྣམ་འགྲེལ། དབུ་ཕར་གྱི་གཞུང་ལ་སྦྱངས། དགུང་ལོ་སོ་བཞི་ཕྱི་ལོ1722ལོར་དབུས་སུ་ཕེབས་ཏེ་རྒྱལ་དབང་མཆོག་གི་མདུན་ནས་དབང་ལུང་མང་དུ་གསན། ལྷ་ལྡན་སྨོན་ལམ་ཆེན་མོའི་སྟེང་མཁས་པའི་ཚོགས་དང་རིག་པའི་བགྲོ་གླེང་གནང་བས་སྙན་གྲགས་རྒྱས། སྒོ་མེ་གྲགས་པ་རྒྱ་མཚོས་མཆོད་རྟེན་སྐེ་དགོན་པར་གདན་དྲངས་ཏེ་ཟླ་གཅིག་ལྷག་ལ་བཀའ་ཆོས་གནང་། ལ་མོ་བདེ་ཆེན་གྱི་ཁྲིར་ཕེབས་ཏེ་ལོ་བརྒྱད་ལ་འཛིན་སྐྱོང་མཛད། ཕྱི་ལོ1734ལོར་མན་ཇི་གོང་མས་གདན་ཞུས་ལྟར་པེ་ཅིན་དུ་ཕེབས་ཏེ་ལོ་ངོ་ཉི་ཤུ་ལྷག་ལ་སོག་ཡུལ་དང་རྒྱ་ནང་དུ་བསྟན་འགྲོའི་དོན་མཛད། ལྕང་སྐྱ་རིན་པོ་ཆེ་དང་སོག་པོའི་ཡ་མོན་གྱི་དཔོན་རིགས་དུ་མའི་རོགས་རམ་འོག་གོང་མའི་ཕོ་བྲང་གི་སྐུ་གསུང་ཐུགས་རྟེན་གྱི་རིགས་སོ་སོར་བོད་སོག་གི་ཡི་གེའི་ཁ་བྱང་སྦྱར། གོང་མས་བདག་རྐྱེན་ཕུན་སུམ་ཚོགས་པ་གནང་། ཕྱི་ལོ1762ལོར་ལ་མོ་བདེ་ཆེན་དུ་ཕེབས་ཏེ་ལོ་དེའི་སྟོན་ཁར་གཤེགས། གསུང་རྩོམ་ལ་པོད་བཞི་ལྷག་བཞུགས། རང་བསྲེལ་ནང་བཞུགས་ཀྱི་མཆོད་རྟེན་སྐུ་འབུམ་གསེར་སྡོང་ཆེན་མོའི་ནང་ཡོད། འདི་བའི་རྣམ་ཐར་རྒྱལ་དབང་བདུན་པས་མཛད་པ་བཞུགས།

             12 རྙེ་སྒོམ་ཆེན་པ་བློ་བཟང་ནམ་མཁའ་རྒྱལ་མཚན།

   ཁྲི་ཀའི་འཕྲང་དམར་སྟག་རིག་སྡེ་བའི་རྙེ་ཚང་དུ་དུས་རབས་བཅུ་བདུན་པའི་སྨད་ཙམ་ལ་འཁྲུངས། དབུས་འགྱུར་ལྷ་ལྡན་ཆོས་ཀྱི་ཞིང་ཁམས་སུ་སློབ་གཉེར་ལ་ཕེབས་ཏེ་དཔལ་ལྡན་སྨད་རྒྱུད་དུ་ཆོས་ཞུགས་གནང་ནས་མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་མཛད། རྒྱ་གར་གྱི་གནས་ཆེན་ཁག་ལ་གནས་མཇལ་དུ་ཕེབས། ཁྲི་ཀའི་རྙེ་དགོན་ཁང་ཤུལ་དུ་སྔོན་བྲག་ཕུག་ཅིག་འདུག་པར་ཐོས་པའི་དོན་ལ་རྩེ་གཅིག་ཏུ་བསམས་ཏེ་གྲུབ་པའི་གོ་འཕང་བརྙེས་པས་“རྙེ་སྒོམ་ཆེན་པ་”ཞེས་གྲགས། ཕྱི་ལོ 1730 ལོའི་ནང་གཤེགས།

               13 དགའ་ལྡན་ཡེ་ཤེས་སྐལ་བཟང།

   ཁྲི་ཀའི་ཡུལ་གྱི་ཨ་རིན་ཚོ་བར་དུས་རབས་བཅོ་བརྒྱད་པའི་སྟོད་ཙམ་ལ་སྐུ་འཁྲུངས།  དབུས་སུ་ཕེབས་ཏེ་དགའ་ལྡན་དགོན་པར་དགེ་བའི་བཤེས་གཉེན་དུ་མ་ལས་གཞུང་ཆེན་བཀའ་པོད་ལྔའི་གཞུང་ལ་མཛུབ་ཁྲིད་དང་བརྒལ་ལན་གྱི་རིགས་ལམ་དྲི་མ་མེད་པས་ཕུ་ཐག་ཆོད་པ་སྦྱངས། མཁས་པའི་སྙན་གྲགས་དོན་དང་མཐུན་པ་བྱས།  ཕྱིར་མདོ་སྨད་དུ་ཕེབས་ཏེ་སྐུ་འབུམ་རྒྱུད་པ་གྲྭ་ཚང་ལ་ཞུགས་ནས་བདེ་གསང་འཇིགས་གསུམ་གྱི་ཆོ་ག་ཕྱག་ལེན་བསྐྱེད་རྫོགས་སོགས་ལ་སྦྱངས། རྒྱུད་པའི་ཁྲི་རབས་ཉེར་བཞི་བར་བཞུགས་ཏེ་འཛིན་སྐྱོང་མཛད། གདུལ་བྱ་མང་པོ་དབང་ལུང་མན་ངག་གིས་ཚིམས་པར་མཛད།  ཁྲི་ཀའི་དགའ་ལྡན་དགོན་པ་སྐུ་འབུམ་རྒྱུད་པའི་ཕྱག་བཞེས་ལྟར་བསྐྱངས། ༼མདོ་སྨད་ཆོས་འབྱུང་༽དང་སྐུ་འབུམ་གདན་རབས་རྣམས་སུ་གསུང་རྩོམ་ཁ་ཤས་ཡོད་པར་གསུངས་ཀྱང་ད་ལྟ་མཇལ་རྒྱུ་མི་སྣང་ངོ་། །

                14 མགོན་ཀྱཱ་གྲགས་པ་རྒྱལ་མཚན།

    ཁྲི་ཀའི་སྒོ་མེའི་ལྕང་རའི་མགོན་ཀྱཱ་སྡེ་བར་ཕྱི་ལོ 1730 ལོར་འཁྲུངས། སྐུ་འབུམ་བྱམས་པ་གླིང་གི་མཚན་ཉིད་གྲྭ་ཚང་དུ་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་མཐར་ཕྱིན་པ་མཛད།  རྒྱུད་པ་གྲྭ་ཚང་དུ་མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་མཛད་དེ་མཁས་པའི་གོ་འཕང་བཞེས།  སྐུ་འབུམ་ཁྲི་ཆེན་སོ་གཅིག་པ་དང་རྒྱུད་པའི་ཁྲི་རབས་ཉེར་དྲུག་པར་སྔ་ཕྱིར་བཞུགས་ཏེ་བསྟན་པའི་རྒྱལ་མཚན་བསྒྲེངས། སྐུ་འབུམ་ཁྲི་ཆེན་སྐབས་ར་ཁོ་དཔོན་པོ་སངས་རྒྱས་ལྷུན་འགྲུབ་ཀྱིས་སྐུ་འབུམ་བདེ་གཤེགས་མཆོད་རྟེན་བརྒྱད་བཞེངས། ཕྱི་ལོ1777 ལོར་སྐུ་གཤེགས།

                  15 གོང་དགེ་དཀའ་བཅུ་བ།

     ཁྲི་ཀའི་གོང་བ་ནས་སྐུ་འཁྲུངས་ཏེ་རྒྱལ་བའི་བསྟན་ལ་རབ་ཏུ་བྱུང་།  དབུས་སུ་ཕེབས་པ་འདྲ་སྟེ་གཞུང་ཆེན་པོར་ཐུགས་གཉེར་མཛད་པས་དཀའ་བཅུའི་དགེ་བཤེས་ཀྱི་མཚན་བཏགས་བཞེས།  ཁྲི་ཀའི་ཡུལ་དུ་བཞུགས་ཏེ་འགྲོ་རྣམས་དགེ་བའི་ལས་ལ་བསྐུལ་ཏེ་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད།  ལྷ་དཀར་པོར་ཞབས་ཏོག་མཛད་ཚུལ་སོགས་༼སྐལ་ལྡན་ཆོས་འབྱུང་༽ལས་གསུངས།  འདི་བའི་མཚན་གསལ་བར་མ་ངེས།

               16  ཁྲི་ཀ་བ་འཇམ་དབྱངས་དོན་གྲུབ། 

  དུས་རབས་བཅོ་བརྒྱད་པའི་སྟོད་ཙམ་ལ་ཁྲི་ཀའི་ཡུལ་དུ་སྐུ་འཁྲུངས།  སྐུ་འབུམ་བྱམས་པ་གླིང་དུ་ཆོས་གྲྭར་ཞུགས་ཏེ་མགོ་བསྡུས་གྲྭ་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་རྣམ་དག་མཛད།  རྒྱུད་པ་གྲྭ་ཚང་དུ་གསང་སྔགས་རྒྱུད་སྡེར་གསན་སྦྱོང་མཛད་དེ་མཁས་པའི་གོ་འཕང་བདག་གིར་བཞེས།  རྒྱུད་པའི་ཁྲིར་ལོ་བདུན་ལ་བཞུགས་ཏེ་འཆད་ཉན་འཛིན་སྐྱོང་བླ་མེད་མཛད།  འདས་ལོ་ཡང་མ་ངེས། 

             17 རྙེ་ངག་དབང་བསྟན་འཛིན་ཉི་མ།

   ཁྲི་ཀའི་འཕྲང་དམར་སྟག་རིག་སྡེ་བར་ཕྱི་ལོ1740ལོར་འཁྲུངས། ལ་མོ་བདེ་ཆེན་དགོན་དུ་སློབ་གཉེར་མཛད། དབུས་སུ་ཕེབས་ཏེ་ཀུན་མཁྱེན་འཇིགས་མེད་དབང་བོ་སོགས་མཁས་གྲུབ་དུ་མའི་མདུན་ནས་མདོ་སྔགས་རིག་གནས་ཀུན་ལ་སྦྱངས། རྒྱལ་དབང་བདུན་པས་ཙན་དན་སྦྲུལ་སྙིང་གི་ཐམ་ག་དང་བཀའ་ཡིག་གནང་བར་བཤད། དགུང་ལོ་ཞེ་གསུམ་པར་ལ་མོ་བདེ་ཆེན་གྱི་ཁྲིར་ལོ་བཅུ་ལ་བཞུགས་ཏེ་ཆོས་འཆད་ཉན་ལ་རྟིང་སྐུལ་མཛད་པས་ལེགས་ཚོགས་ཀུན་རྒྱས། ཕྱི་ལོ1767ལོར་རྙེ་ལྷུན་འགྲུབ་ཆོས་རྫོང་དགོན་པ་བཏབ། ཐིས་པ་བཀྲ་ཤིས་ཆོས་རྫོང་དུ་འཆམ་གསར་འཛུགས་མཛད།  ཕྱི་ལོ1800ལོར་གཤེགས།

            18 ཨ་ཀྱཱ་བློ་བཟང་འཇམ་དབྱངས་རྒྱ་མཚོ།

    ཁྲི་ཀའི་སྒོ་མེ་ཧོར་ཀྱཱ་སྡེ་བར་ཕྱི་ལོ1768 ལོར་འཁྲུངས།  ཨ་ཀྱཱ་སྐུ་ཕྲེང་བཞི་བ་ཡིན།  སྐུ་འབུམ་བྱམས་པ་གླིང་དུ་དབུ་ཕར་གྱི་གཞུང་དང་ཐུན་མོང་གི་རིག་གནས་ལ་ཞིབ་པར་སྦྱངས། དགུང་ལོ་བཅོ་བརྒྱད་པ་ཕྱི་ལོ1785 ལོར་པེ་ཅིན་དུ་ཕེབས་ཏེ་མན་ཇི་གོང་མར་མཇལ་ཕྲད་གནང་། དབུས་སུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་བྱེས་གྲྭ་ཚང་དུ་མདོ་སྔགས་ཀུན་ལ་སློབ་གཉེར་མཛད། རྒྱལ་དབང་མཆོག་ནས་“བསྟན་པའི་གསལ་བྱེད་ཨེར་ཏི་ནི་པཎྜི་ཏ”འི་གཟེངས་བསྟོད་དང་མཁན་ཆས་བསྩལ། དགུང་ལོ་བཞི་བཅུ་བར་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་བཞི་བཅུ་བར་བཞུགས་ཏེ་འཆད་ཉན་རྟིང་སྐུལ་མཛད་པས་དར་ཞིང་རྒྱས། སྐུ་འབུམ་གསེར་སྡོང་དང་རྒྱུད་པ་འདུ་ཁང་ཞིག་གསོ་མཛད། སོག་ཡུལ་དང་པེ་ཅིན་སོགས་སུ་ཡང་བསྟན་འགྲོའི་བྱ་བ་རྒྱ་ཆེར་མཛད། ཕྱི་ལོ1816 ལོར་གཤེགས། གསུང་རྩོམ་ཁ་ཤས་བཞུགས།

                  19 ཨ་ཡག་སྦྱིན་པ་རྒྱ་མཚོ།

     ཁྲི་ཀའི་དམེ་ཀྱཱའི་ཨ་ཡག་ཚོ་བར་ཕྱི་ལོ1800 ཡས་མས་སུ་སྐུ་འཁྲུངས། དགུང་ལོ་ཆུང་དུས་ནས་ལཱ་མོ་བདེ་ཆེན་དགོན་དུ་ཆོས་ཞུགས་གནང་སྟེ་བསྡུས་གྲྭ་དང་རྣམ་འགྲེལ་སོགས་ལ་སློབ་གཉེར་གནང་། ༼མདོ་སྨད་ཆོས་འབྱུང་༽ལས། “དབུས་སུ་བྱོན། ཐུགས་གཉེར་གཞན་འགྲན་མེད། དགའ་ལྡན་ཁྲིར་ཉེ་བ་ན་རང་ཡུལ་དུ་ཕེབས། ”ཞེས་གསུངས་པ་ལྟར་དབུས་སུ་སློབ་གཉེར་དུ་ཕེབས་ནས་མདོ་སྔགས་ཀྱི་གཞུང་ལ་ཐུགས་གཉེར་ཤུགས་ཆེན་གནང་། ཕྱིར་རང་ཡུལ་དུ་ཕེབས་ཏེ་གཤོང་མོ་ཆེ་བཀྲ་ཤིས་འཁྱིལ་བཏབ། འདུ་ཁང་དང་གྲྭ་ཤག་གསར་དུ་བཞེངས། འདས་ལོ་མ་ངེས།

              20 ཧོར་ལྡིང་སྒོམ་ཆེན་བློ་བཟང་དགེ་ལེགས་རྒྱལ་མཚན།

   མདོ་སྨད་ཁྲི་ཀའི་སྒོ་མེ་ཆུ་བཟང་སྡེ་བར་ཕྱི་ལོ1811ལོར་སྐུ་འཁྲུངས།  ཧོར་ལྡིང་སྐུ་ཕྲེང་གཉིས་པར་ངོས་འཛིན་གནང་སྟེ་དགུང་ལོ་བདུན་པར་སྐུ་འབུམ་བྱམས་པ་གླིང་དུ་ཆོས་ཞུགས་གནང་། ཚད་མ་རྣམ་འགྲེལ་དང་ཕར་ཕྱིན་གྱི་གཞུང་ལ་སློབ་གཉེར་གནང་། བར་སྐབས་ཤིག་ལ་ཀུན་གྱི་སྣང་ངོར་ཧ་ཅང་གི་བཀྲ་ཚག་པའི་ཚུལ་མཛད་དུས་སོ་སྐྱེ་མིག་ལོང་བ་དག་གིས་སྨད་ར་བྱས། ཤིང་བཟའ་རིན་པོ་ཆེ་ཚང་གིས་རྗེ་མི་ལའི་རྣམ་ཐར་ལ་གཟིགས་སུ་ཆུགས་གསུངས་པ་བཞིན་གཟིགས་དུས། སྔོན་གྱི་བག་ཆགས་ཀྱི་ནུས་པ་བརྟས་ཏེ། བག་མེད་ཀྱི་སྤྱོད་པ་སྤངས་ནས་དྲན་ཤེས་ཀྱིས་ཞི་དུལ་བག་ཡོད་དུ་གྱུར། དབུས་སུ་སློབ་གཉེར་དུ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་སུ་དབུ་མཛོད་འདུལ་གསུམ་ལ་ཐོས་བསམ་རྣལ་མར་བགྱིས་པས་མཁས་པའི་སྙན་པ་རྒྱས། དགུང་ལོ་སོ་བཞི་ཕྱི་ལོ1844ལོར་སྐུ་འབུམ་རྒྱུད་པའི་ཁྲི་རབས་ལྔ་བཅུ་བར་བཞུགས་ཏེ་ཆོས་སྲིད་ཀྱི་ལེགས་ཚོགས་རྒྱས། ཁྲི་ཟུར་ནས་ཀྱང་སྐུ་འབུམ་དང་སྒོ་རྩེ་རི་ཁྲོད་སོགས་སུ་བསྙེན་པ་དང་སྒྲིབ་སྦྱོང་ལ་བརྩོན་པས་དགེ་བའི་འབྲས་རྟགས་ངོ་མཚར་བ་བྱུང་། མཐར་ཕྱི་ལོར1883 ཞི་བར་གཤེགས།

              21 ཨ་ཀྱཱ་ཧོ་ཐོག་ཐུ་ཡེ་ཤེས་མཁས་གྲུབ་རྒྱ་མཚོ།

    ཁྲི་ཀའི་སྒོ་མེ་ཧོར་ཀྱཱ་སྡེ་བར་ཕྱི་ལོ1817ལོར་འཁྲུངས། ཨ་ཀྱཱ་སྐུ་ཕྲེང་ལྔ་བ་ཡིིན། སྐུ་འབུམ་བྱམས་པ་གླིང་དུ་ཚོགས་ཞུགས་གནང་སྟེ་ཕྱག་རྡོ་ཐང་ལ་ཀྱཱ་སྨོན་རམས་པ་བློ་བཟང་དོན་འགྲུབ་ཡོངས་འཛིན་དུ་བསྟན་ནས། མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་གྱིས་དུས་འདའ་བར་བྱས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་བླ་མེད་མཛད། པེ་ཅིན་དུ་མན་ཇི་གོང་མས་གདན་འདྲེན་ཞུས་ཏེ་བསྔགས་པའི་ཆོ་ལོ་བསྩལ། སྐུ་འབུམ་གསེར་སྡོང་ཆེན་མོའི་རྒྱ་ཕིབས་གསར་བཞེངས་ཀྱི་བྱ་བ་ལེགས་པར་འགྲུབ། ཕྱི་ལོ1863ལོ་ནས་མདོ་སྨད་ཁུལ་དུ་རྒྱ་སོག་གིས་འཁྲུག་ཆེན་བསླངས་པར་བསླབ་པ་ཕུལ་ཏེ་དམག་འབྲེལ་སྲིད་སྐྱོང་གི་ལས་ཁུར་བསྣམས་ནས། སྐུ་འབུམ་དང་སྟོང་སྐོར། ཁྲི་ཀ་སོགས་ལ་བདག་སྐྱོང་མཛད་པའི་བཀའ་དྲིན་ཆེ།  ཕྱི་ལོ1869ལོར་གཤེགས། 

           22 ནེས་ལུང་ཞབས་དྲུང་བསྟན་འཛིན་མཆོག་ལྡན་ཚུལ་ཁྲིམས་རྒྱ་མཚོ།

  ཁྲི་ཀའི་སྒོ་མེ་ཚོ་བཞིའི་ལྕང་ར་སྡེ་བར་ཕྱི་ལོ1830 ལོར་སྐུ་འཁྲུངས། སྐུ་འབུམ་བྱམས་པ་གླིང་གི་ཆོས་སྒོར་ཞུགས་ཏེ་བཀའ་པོད་ལྔས་མཚོན་གཞུང་ལུགས་ཀུན་ལ་སྦྱངས་པ་རྨད་དུ་བྱུང་བ་མཛད། སྐུ་འབུམ་ཁྲི་ཆེན་རེ་ལྔ་བ་དང་རྒྱུད་པའི་ཁྲི་རབས་ང་བཞི་བར་བཞུགས་ཏེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད། སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་མདུན་ནས་བཀའ་ཆོས་དང་དབང་ལུང་མང་དུ་གསན། གདུལ་བྱ་མང་པོར་ཟབ་རྒྱས་ཀྱི་ཆོས་མང་དུ་གསུངས་ཏེ་སྨིན་གྲོལ་གྱི་ལམ་ལ་བཀོད། ཕྱི་ལོ1887 ལོར་གཤེགས།

             23 མགོན་ཀྱཱ་མཁན་ཆེན་བློ་བཟང་ཚུལ་ཁྲིམས་བསམ་གཏན།

   ཁྲི་ཀའི་དཀར་བརྗིད་སྒར་དམར་སྡེ་བར་ཕྱི་ལོ1839 ལོར་འཁྲུངས། སྐུ་ན་ཆུང་དུས་མཆོད་རྟེན་སྐེ་དགོན་པར་སློབ་གཉེར་གནང་། སྐུ་འབུམ་བྱམས་པ་གླིང་གི་ཆོས་སྒོར་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཛད་དེ་མཁས་པའི་སྙན་གྲགས་རྒྱས། སྐུ་འབུམ་ཁྲི་ཆེན་ང་དགུ་བ་དང་རྒྱུད་པའི་ཁྲི་རབས་ཞེ་གཅིག་པར་བཞུགས་ཏེ་བཤད་སྒྲུབ་ཀྱི་ལེགས་ཚོགས་ཀུན་དར་ཞིང་རྒྱས་པར་མཛད། དབུས་སུ་ཕེབས་ཏེ་རྒྱལ་བ་ཡབ་སྲས་ལ་མཇལ། མཆོད་རྟེན་སྐེ་དགོན་པ་བདག་སྐྱོང་དང་གདུལ་བྱའི་ཚོགས་ལ་དབང་ལུང་མན་ངག་མང་དུ་སྩལ། ཕྱི་ལོ1876 ལོར་གཤེགས། 

                24 མཚན་སྒྲོགས་མཁན་ཆེན་དགེ་འདུན་བསྟན་པའི་ཉི་མ།

  མདོ་སྨད་ཁྲི་ཀའི་ཡུལ་དུ་ཕྱི་ལོ1847 ལོར་སྐུ་འཁྲུངས། སྐུ་འབུམ་བཤད་སྒྲུབ་གླིང་དུ་གཞུང་ཆེན་བཀའ་པོད་ལྔ་དང་། རྒྱུད་པ་གྲྭ་ཚང་དུ་གསང་བ་སྔགས་ལ་སྦྱངས། བཀའ་གདམས་གོང་མའི་རྣམ་ཐར་ལ་མཉམ་བཞེས་ཟབ་མོ་གནང་སྟེ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ། སྨན་པ་གྲྭ་ཚང་གི་ཁྲི་རབས་ང་གཉིས་པར་བཞུགས་ཏེ་འདུ་ཁང་རྙིང་བ་ཞིག་གསོས་མཛད། སྐུ་འབུམ་ཁྲི་ཆེན་བདུན་ཅུ་བར་བཞུགས་ཏེ་འཆད་ཉན་ལ་རྟིང་བསྐུལ་ཡར་ལྡན་གྱིས་འཇམ་མགོན་རིང་ལུགས་དྲི་མེད་ཀྱི་བསྟན་པའི་རྒྱལ་མཚན་ཕྱོགས་མཐར་བསྒྲེངས། ཕྱི་ལོ1917 ལོར་སྐུ་གཤེགས།

            25 ཨ་ཀྱཱ་བློ་བཟང་བསྟན་པའི་དབང་ཕྱུག་བསོད་ནམས་རྒྱ་མཚོ།

   ཁྲི་ཀའི་སྒོ་མེ་ཧོར་ཀྱཱ་སྡེ་བར་ཕྱི་ལོ1870 ལོར་སྐུ་འཁྲུངས། ཨ་ཀྱཱ་སྐུ་ཕྲེང་དྲུག་པ་ཡིན། སྐུ་འབུམ་བྱམས་པ་གླིང་དུ་ཡི་གེ་འབྲི་ཀློག་ནས་དབུ་བཟུང་སྟེ་བཀའ་པོད་ལྔའི་མཚོན་གཞུང་ལུགས་རྒྱ་མཚོ་ལྟ་བུར་ཐོས་བསམ་མཛད། མཁའ་འགྲོ་སྙན་རྒྱུད་ཀྱི་ཆུ་མིག་བརྒྱ་རྩར་ཕེབས་ཏེ་མཐར་ཐོན་མཛད། སྔ་ཕྱིར་སོག་ཡུལ་དང་པེ་ཅིན་གོང་མའི་མདུན་དུ་ལན་ཁ་ཤས་ཕེབས་ཏེ་བསྟན་འགྲོའི་དོན་མཛད།  འཇར་པན་དུ་ཐེངས་དུ་མར་ཕེབས་ཏེ་འཇར་པན་གོང་མས་ཚད་མཐོའི་གཟིགས་སྐྱོང་ཐོབ།  ཐུན་མོང་གི་སྣང་ངོར་དྲག་རྩལ་ལ་མོས་ཤིང་ལྷག་པར་གྲི་རྩལ་ལ་ཤིན་ཏུ་མཁས།  ཕྱི་ལོ1995ལོར་རྒྱ་སོག་གི་འཁྲུག་པ་ཡང་བསྐྱར་ལངས་པ་ཞི་འཇགས་སུ་བཏང་།  ཕྱི་ལོ1909 ལོར་གཤེགས།

           26 འཇའ་མོ་ཞབས་དྲུང་བློ་བཟང་ཡོན་ཏན་རྒྱ་མཚོ།

   ཁྲི་ཀའི་སྲང་གཞུག་སྡེ་བར་དུས་རབས་བཅུ་དགུ་བའི་སྨད་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ར་རྒྱ་དགོན་དུ་སློབ་གཉེར་གནང་།  ཕྱི་ལོ1868ལོའི་ནང་བྱུང་བའི་རྒྱ་སོག་གི་དུས་འཁྲུག་ཞི་རྗེས་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ཏེ་ཚད་མ་རྣམ་འགྲེལ་དང་ཕར་ཕྱིན་སོགས་ལ་ཐོས་བསམ་མཛད། སྐུ་འབུམ་རྒྱུད་གྲྭར་ཞུགས་ཏེ་སྔགས་ཕྱོགས་ལ་སྦྱངས། སྐུ་འབུམ་དུས་འཁོར་གྲྭ་ཚང་གི་ཁྲི་རབས་ཉེར་དྲུག་པ་དང་རྒྱུད་པ་གྲྭ་ཚང་གི་ཁྲི་རབས་རེ་གསུམ་པར་བཞུགས་ཏེ་འགྲིག་ལམ་ཀུན་སྤྱོད་ཡར་ལྡན་དུ་མཛད། འདས་ལོ་མ་ངེས། 

             27 ཟི་ན་མཁན་ཆེན་བློ་བཟང་སངས་རྒྱས་རྒྱ་མཚོ།

   ཁྲི་ཀ་སྒོ་མེ་ཧོར་ཀྱཱ་སྡེ་བར་ཕྱི་ལོ1867ལོར་འཁྲུངས། སྐུ་འབུམ་བྱམས་པ་གླིང་གི་ཆོས་གྲྭར་ཞུགས་ནས་བསྡུས་གྲྭ་དང་བློ་རྟགས། དབུ་ཕར་སོགས་ལ་ཞིབ་ཏུ་སྦྱངས་པ་མཛད། སྐུ་འབུམ་རྒྱུད་གྲྭར་སྔགས་ཕྱོགས་ལ་སྦྱངས་པ་མཛད་དེ་རྒྱུད་པའི་ཁྲི་རབས་རེ་བདུན་པར་བཞུགས། གྲྭ་ཚང་གི་སློབ་གཉེར་ལ་རྟིང་སྐུལ་གྱིས་ཡར་ལྡན་དུ་བསྐྱོད། ཁྲི་ཟུར་ནས་ཀྱང་བསྟན་པ་དང་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་མཛད། འདས་ལོ་མ་ངེས།

              28 མགོན་ཀྱཱ་མཁན་ཆེན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།

    ཁྲི་ཀའི་སྒོ་མེ་ཚོ་བཞིའི་ནང་ཚན་ཨར་རྐོང་སྡེ་བར་ཕྱི་ལོ1878 ལོར་སྐུ་འཁྲུངས། མཆོད་རྟེན་སྐེ་དགོན་པར་ཡི་གེ་འབྲི་ཀློག་དང་བསྡུས་གྲྭར་སྦྱངས། དགུང་ལོ་བཅུ་དྲུག་ནས་སྐུ་འབུམ་བྱམས་པ་གླིང་དུ་སློབ་གཉེར་མཛད། ཉི་ཤུ་ནས་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་དོན་ལྔ་བར་བཞུགས་ཏེ་འཆད་ཉན་གྱི་རིམ་པ་གོང་དུ་སྤེལ། ཁྲི་ཟུར་ནས་མཆོད་རྟེན་སྐེ་དགོན་པ་ལུགས་གཉིས་ཀྱིས་བསྐྱངས། སློབ་གཉེར་གྱི་འཕྲོ་མཐུད་ནས་དབུ་ཕར་ལ་སྦྱངས། པེ་ཅིན་དང་སྨད་སོག་ཏུ་ལན་གསུམ་ལ་ཕེབས་ཏེ་འགྲོ་དོན་མཛད། དབུས་གཙང་དུ་ཕེབས་ཏེ་རྒྱལ་བ་ཡབ་སྲས་ལ་མཇལ། སྐུ་ཚེ་སྨད་དུ་གྲུབ་ཆེན་གྱི་སྤྱོད་པ་བདག་གིར་བཞེས་ཏེ་རིག་མ་བཞེས་སྐད། ཚོགས་བསགས་སྒྲུབ་སྦྱོང་དང་ཐུགས་དམ་ཉམས་ལེན་ཟབ་མོ་ལ་ཡོལ་བ་མེད་པར་གཞོལ། ཕྱི་ལོ1943ལོར་གཤེགས།

               29 རྒྱབ་ཚ་བློ་བཟང་བསྟན་པ་དར་རྒྱས།

   ཁྲི་ཀའི་ལན་འགྲོའི་ཨ་རིན་ཞེས་པར་དུས་རབས་བཅུ་དགུ་བའི་སྟོད་དུ་སྐུ་འཁྲུངས། ལ་མོ་བདེ་ཆེན་དགོན་དུ་སློབ་གཉེར་ལ་ཕེབས་ཏེ་གཞུང་ཆེན་པོ་རྣམས་ལ་ཐོས་བསམ་མཐིལ་ཕྱིན་མཛད། ཕྱིས་ལ་མོ་བདེ་ཆེན་དགོན་གྱི་ཁྲིར་བཞུགས་ཏེ་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་དང་འཆད་ཉན་ཡར་བསྐུལ་གང་ལེགས་མཛད། སྐྱབས་རྗེ་གསེར་ཁང་བའི་ཞབས་ལ་གཏུགས་ནས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཏེ་མདོ་སྔགས་ཀྱི་ཟབ་ཁྲིད་དང་དབང་ལུང་མང་དུ་གསན། སྐུ་ཚེ་གང་བོར་ཡི་དམ་ཀྱི་བསྙེན་ཆེན་དང་སྒྲིབ་སྦྱོང་ལ་རྩེ་གཅིག་ཏུ་གཞོལ་ནས་བཞུགས་པར་གསུངས། འདས་ལོ་ཡང་མ་ངེས།

                  30 ཚེ་འབུམ་བྱང་ཆུབ་བསྟན་པའི་ཉི་མ། 

    སྒོ་མེ་ཨར་སྐོང་སྡེ་བར་ཕྱི་ལོ1871ལོར་སྐུ་འཁྲུངས། དགུང་ལོ་བདུན་པའི་སྟེང་སྐུ་འབུམ་བྱམས་པ་གླིང་གི་ཚེ་འབུམ་སྒར་བར་གོང་མའི་ཁྲི་སར་བཀོད།  དགུང་ལོ་བཅུ་གསུམ་སྟེང་སྐུ་འབུམ་བཤད་སྒྲུབ་གླིང་གི་ཆོས་གྲྭར་ཞུགས་ཏེ་བསྡུས་གྲྭ་དང་ཚད་མ་སྡེ་བདུན་ལ་སྦྱངས།  དགུང་ལོ་བཅུ་དྲུག་སྟེང་དབུས་སུ་ཕེབས་ཏེ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་རྒྱ་ཆེར་མཛད།  དགུང་ལོ་སུམ་ཅུ་བཞེས་པ་ཕྱི་ལོ1900ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་སྟེང་ལྷ་རམས་གྲྭ་སྐོར་མཛད།  རྒྱུད་སྨད་དུ་སྔགས་ལ་ཐོས་བསམ་མཛད།  ཕྱིར་སྐུ་འབུམ་དུ་ཕེབས་ཏེ་རྒྱུད་པར་རྒྱུད་སྡེའི་གཞུང་ལ་སྦྱངས་པ་དང་རྒྱུད་པའི་ཁྲིར་བཞུགས་ཏེ་འཆད་ཉན་སྤེལ།  འདས་ལོ་མ་ངེས། 

               31 ལྷ་རིས་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། 

    ཁྲི་ཀའི་སྨད་པའི་དཔོན་ཚང་དུ་ཕྱི་ལོ1890ལོར་སྐུ་འཁྲུངས།  ཤིང་བཟའ་རིན་པོ་ཆེས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། ཆོས་སྤྱོད་སྣ་ཚོགས་དང་རིག་གནས་ཐུན་མོང་བ་ལ་སྦྱངས།  རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་རྗེ་བཙུན་གྲགས་པ་དར་རྒྱས་རྣམ་གཉིས་ཀྱི་ཞབས་པད་ཚུལ་བཞིན་བསྟེན་ནས་ཚད་མ་སྡེ་བདུན་དང་དབུ་ཕར་གྱི་གཞུང་།  སྔགས་རྒྱུད་སྡེ།  དབང་ལུང་མན་ངག་སོགས་ཀྱི་གདམས་པ་མཐའ་དག་གསན།  ཕྱི་ལོ1943ལོར་ལ་མོ་བདེ་ཆེན་དཔོན་སློབ་ཀྱི་ཁྲིར་བཞུགས་ཏེ་སྐྱོང་བཀུར་མཛད།  དབང་ལུང་མན་ངག་གི་ཆོས་ཚུལ་གདུལ་བྱའི་དཔལ་དུ་བསྩལ།  སྔ་ཕྱིར་ལྷ་རིས་བསམ་གཏན་གླིང་དང་བོང་སྟག་རབ་དཀར་ཐང་། ཁྲི་ཀའི་སྨད་པའི་སྔགས་ཁང་།  རིན་སྨོན་སོགས་སུ་དུས་འཁོར་དབང་ཆེན་ཐེངས་བརྒྱད་ལ་གནང་། མཐར་ཕྱི་ལོ1960ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔར་གཤེགས། 

                 32 རྭ་བཟའི་དགེ་བཤེས་ཕུན་ཚོགས།

     ཁྲི་ཀའི་འཕྲང་དམར་ལན་འགྲོའི་རྭ་བཟའ་ཚང་དུ་ཕྱི་ལོ1896 ལོར་སྐུ་འཁྲུངས། སྐུ་ན་ཆུང་དུས་རྭ་བཟའ་དགོན་དུ་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ལ་བསླབས་ཏེ་དགུང་ལོ་བཅུ་བདུན་སྟེང་དགོན་པའི་དབུ་མཛད་ཀྱི་འགན་བཞེས། དགུང་ལོ་བཅོ་བརྒྱད་པ་ཕྱི་ལོ1914 ལོར་ལྡེ་ཚ་དགོན་དུ་སློབ་གཉེར་དུ་ཕེབས་ཏེ་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད་པས་མཁས་པའི་སྙན་པ་རྒྱས། རྗེས་སུ་མང་ར་གློའུ་དགོན་པས་དཔེ་ཁྲིད་དགེ་རྒན་དུ་གདན་ཞུས་ལྟར་ཕེབས་ཏེ། གཞུང་བཀའ་པོད་ལྔ་དང་དབང་ལུང་མན་ངག་སོགས་ཀྱི་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། ང་བརྒྱད་དང་རིག་གསར་གྱི་དུས་འགྱུར་ཁྲོད་དུ་ཡང་ཞལ་འདོན་དང་ཉམས་ལེན་ལ་གསང་སྟབས་ཀྱིས་གཞོལ་ནས་བཞུགས། མཐར་ཕྱི་ལོ1980 ལོར་གཤེགས།

              33 སྦ་སེར་ཀུན་བཟང་རྒྱལ་མཚན།       

    ཁྲི་ཀའི་སྟོང་ཆེའི་སྦ་སེར་བླ་མ་ཐོད་དཀར་ཁྱིམ་དུ་དུས་རབས་བཅུ་དགུ་བའི་ནང་སྐུ་འཁྲུངས། སྐུ་ན་གཞོན་དུས་ནས་ཡི་གེ་འབྲི་ཀློག་དང་གསང་སྔགས་ཀྱི་བོན་སྒོ་ཐམས་ཅད་ཚེགས་མེད་དུ་མཁྱེན།  རྙིང་ངེ་དགེ་རྒན་ཚུལ་ཁྲིམས་ཀྱི་དྲུང་ནས་བསླབ་ཁྲིམས་མནོས།  མཁའ་འགྲོ་གསང་བའི་གཅོད་ཀྱི་གདམས་པ་རྫོགས་པར་མནོས་ཏེ་གཉན་ཁྲོད་དུ་འགྲིམས། རྒྱལ་རོང་དང་དམུ་རྡོའི་ཕྱོགས་དང་མདོ་ཁམས་ཀྱི་གནས་ཆེན་མང་པོར་ལོ་ངོ་བདུན་རིང་སྒྲུབ་པ་མཛད།  གཤེན་དར་ལྡིང་མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན་དང་སྨན་རི་མཁན་པོ་ཉི་བསྟེན་གྱི་དྲུང་དུ་གདམས་པ་མང་དུ་གསན། དགུང་ལོ་སོ་ལྔ་ཡས་མས་ནས་ཁྱུང་མོ་དགོན་དུ་ཉམས་ལེན་ལ་གཞོལ། སྦ་སེར་པཎྜི་ཏ་ཞེས་མཚན་སྙན་རྒྱས་ཤིང་བུ་སློབ་མང་དུ་བྱུང་།  གསུང་རྩོམ་ཡང་ཁ་ཤས་མཛད།  འཁྲུངས་འདས་མ་ངེས། 

              34 ཀོའུ་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོ།

    ཁྲི་ཀའི་འཕྲང་དམར་རྐང་ཚ་གོང་མའི་རྟ་རྒྱུགས་ཆུ་མགོ་སྔས་ཞེས་པར་ཕྱི་ལོ1904ལོར་འཁྲུངས།  སྐུ་འཁྲུངས་མ་ཐག་ཐལ་སྐད་ཅིག་བཏང་པའི་ལྟས་དང་མཚན་མ་ངོ་མཚར་བ་བྱུང་། ཀོའུ་བ་དགོན་དུ་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ལ་བསླབས། དགུང་ལོ་བཅུ་གསུམ་ནས་ཞྭ་དམར་རིན་པོ་ཆེའི་ཐུགས་བཀོད་བཞིན་ལྡེ་ཚ་བཀྲ་ཤིས་ཆོས་ལྡིངས་སུ་སློབ་གཉེར་དུ་ཕེབས་ཏེ། འགོ་བསྡུས་གྲྭ་ནས་དབུ་བཙུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་བས་མཁས་པའི་གྲགས་པ་འབར། དགུང་ལོ་ཉེར་གསུམ་སྐབས་ལྡེ་ཚ་དགོན་དུ་གྲྭ་སྐོར་མཛད། ཕྱི་ལོ1928ལོར་ཀོའུ་བ་དགོན་དུ་བཤད་གྲྭ་བཙུགས། ཨ་ལགས་བླ་ཁོ་རིན་པོ་ཆེ་སོགས་བཤེས་གཉེན་མང་དུ་བསྟེན་ནས་བཀའ་ཆོས་གསན། ཕྱི་ལོ1936ལོར་པཎ་ཆེན་སྐུ་ཕྲེང་དགུ་བ་སྐུ་འབུམ་དུ་ཕེབས་དུས་ཞལ་མཇལ་དང་དུས་དབང་གསན། པཎ་ཆེན་མཆོག་ནས་“མཁན་པོ་ནོ་མོ་ཧན་གྱི་ཐམ་ག་”བསྩལ། དགེ་བའི་བཤེས་གཉེན་བསང་ཁོག་འཇིགས་མེད་ཚང་གི་མདུན་ནས་བཀའ་བསྟན་གྱི་ལུང་གསན། ཕྱི་ལོ1944ལོ་ནས་ཨ་ལགས་བླ་ཁོ་རིན་པོ་ཆེས་སྐུ་འབུམ་དུ་པཎ་ཆེན་བཅུ་བ་མཆོག་ལ་དབང་ལུང་གི་ཁྲིད་རྒྱུན་འབུལ་དུས་དབང་ལུང་མང་དུ་གསན། ཕྱི་ལོ1946ལོའི་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་སྐུ་འབུམ་དུ་དགོངས་པ་རྫོགས། རྗེ་འདི་བས་དབང་ལུང་དང་དཔེ་ཁྲིད་ཀྱི་ཟིན་བྲིས་ཆད་ལྷག་མེད་པར་ཚིག་སྦྱོར་བདེ་བའི་ལམ་ནས་བསྐྱོན་ནུས་པར་གསུངས། གསུང་རྩོམ་པོད་འགའ་ཡོད་ཀྱང་མང་ཆེ་བ་རིག་གསར་ནང་མེད་བརླག་ཏུ་བཏང་།

                35 ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན།

   མདོ་སྨད་ཁྲི་ཀའི་སྟག་ལུང་གྲོང་སྡེར་ཕྱི་ལོ1910ལོར་སྐུ་འཁྲུངས། དགུང་ལོ་བདུན་པར་རབ་ཏུ་བྱུང་སྟེ་ཡི་གེ་འབྲི་ཀློག་ལ་སྦྱངས། དགུང་ལོ་ཉེར་གཅིག་པའི་བར་དུ་ཆོས་སྤྱོད་དང་བཀའ་པོད་ལྔའི་རྩ་བ་སོགས་བློར་འཛིན་དང་། བོད་ཡིག་གཟབ་གཤར་དང་སོག་ཡིག སྒྲ་སྙན་ངག དབུ་ཕར་བར་གྱི་དཔེ་ཁྲིད། དབང་ལུང་མན་ངག་སོགས་མཐའ་ཡས་པ་གསན། ཉེར་གཅིག་ནས་སྐུ་འབུམ་བཤད་སྒྲུབ་གླིང་གི་ཆོས་གྲྭར་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་རྒྱ་ཆེར་མཛད། བསྡུས་གྲྭ་དང་བཀའ་པོད་ལྔའི་དམ་བཅའ་སྔ་ཕྱིར་བཞག་སྟེ་བསྔགས་བརྗོད་ཀྱི་མེ་ཏོག་དང་མཁས་པའི་སྙན་གྲགས་ཕྱོགས་སུ་རྒྱས། སྔ་ཕྱིར་ཨ་ལགས་བླ་ཁོ་རིན་པོ་ཆེ་དང་སྐྱབས་རྗེ་ཤིང་བཟའ་ཚང་སོགས་ཀྱི་མདུན་ནས་དབང་ལུང་ཁྲིད་མཐའ་ཡས་པ་གསན། དགུང་ལོ་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་གོ་གསུམ་པར་བཞུགས་ཏེ་རྗེ་སྒོ་གཉིས་ཀྱི་ཡིག་ཆའི་རྩོད་ཡིག་དང་བརྩི་བཞག རྩོད་རྒྱུགས་དང་བློ་རྒྱུགས། གཞོན་པ་རྣམས་ལ་དཔེ་ཁྲིད་དང་སྐྱོར་སྦྱོང་སོགས་འཆད་ཉན་ལ་ནན་ཏན་གྱིས་རྟིང་སྐུལ་ཤུགས་ཆེར་མཛད། འདོན་རྟ་དབྱངས་དང་ཐིག་རྡུལ་ཚོན། པར་རྐོ་ལ་སོགས་ལ་ཡང་ནན་ཏན་མཛད་པས་ཆོས་སྲིད་ཀྱི་ལེགས་ཚོགས་ཀུན་དར་ཞིང་རྒྱས་བའི་བཀའ་དྲིན་བླ་མེད་མཛད། དགེ་ཚུལ་སློང་དང་བསྙེན་རྫོགས་ཀྱི་སྡོམ་པ། དབང་ལུང་མན་ངག་གི་གསུང་ཆོས་སོགས་སྐབས་སྐབས་སུ་གདུལ་བྱའི་ཁྱོན་ལ་མང་དུ་བསྩལ། སྔགས་ཀྱི་དམ་བཅའ་དང་དུས་འཁོར་གྱི་རྡུལ་ཚོན་ལ་བརྟེན་པའི་ཆོ་ག་གསར་འཛུགས་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པས་བཤད་སྒྲུབ་དབྱར་མཚོ་བཞིན་རྒྱས། གསུང་རྩོམ་པོད་གཉིས་ཙམ་བཞུགས། དགུང་ལོ་སོ་དགུ་བ་ཕྱི་ལོ1948 ལོར་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་བསྟན། སྐུ་གདུང་རྗེ་གསེར་སྡོང་ཆེན་མོའི་ནང་བཞུགས།

             36 མཚན་སྒྲོགས་དགེ་འདུན་ལེགས་བཤད་བསྟན་པ་རྒྱ་མཚོ།

   ཁྲི་ཀའི་རྨ་ཀླུང་སྔོན་མོའི་འགྲམ་ངོགས་གཤོང་པ་སྡེ་བར་ཕྱི་ལོ1918 ལོར་འཁྲུངས། སྐུ་འབུམ་བྱམས་པ་གླིང་གི་ཆོས་སྒོར་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱོང་བ་རིམ་གྱིས་མཛད། དགུ་ལོ་ཉེར་དགུའི་སྟེང་སྐུ་འབུམ་ཁྲི་ཆེན་གོ་དྲུག་པར་བཞུགས་ཏེ་ལོ་གཉིས་ཀྱི་རིང་གདན་ས་གང་གི་འཆད་ཉན་འཕེལ་བར་མཛད། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དང་ལྷན་དུ་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེའི་མདུན་ནས་དབང་ལུང་མན་ངག་མང་དུ་གསན། ཕྱི་ལོ1953ལོ་ནས་ཁྲི་ཀ་རྫོང་གི་རྫོང་དཔོན་གཞོན་པ་དང་མཚོ་ལྷོ་ཁུལ་གྱི་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱལ་ཡོངས་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་གྱི་འགན་བཅས་བཞེས་ཏེ་བསྟན་པ་དང་འགྲོ་བའི་དོན་མཛད། ཕྱི་ལོ2004ལོའི་ཧོར་ཟླ3པའི་ཚེས28ཉིན་སྐུ་གཤེགས།

              37 རབ་འབྱམས་པ་ངག་དབང་ཀུན་བཟང་།

   ཁྲི་ཀ་གསེར་མོ་ལྗོངས་ཀྱི་འཕྲང་དམར་ལྷ་སྡེ་ཚོ་བ་བརྒྱད་ཀྱི་ནང་ཚན་དུ་ཕྱི་ལོ 1925 ལོར་འཁྲུངས། དགུང་ལོ་བཅུ་གཅིག་སྟེང་གཤོང་མོ་ཆེ་དགོན་པར་ཁུ་བོའི་དྲུང་དུ་ཀློག་དང་ཆོས་སྤྱོད་སོགས་བསླབས། བཅུ་དགུ་བར་དབུས་སུ་ཕེབས་ཏེ་འབྲས་སྤུངས་དགོན་པར་སློབ་གཉེར་གནང་། དགུང་ལོ་ཉེར་གསུམ་པ་ཕྱི་ལོ 1943 ལོར་རང་ཡུལ་དུ་ཕེབས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ལོ་ངོ་བཅུའི་རིང་གཞུང་ཆེན་པོར་ཐོས་བསམ་མཛད་དེ་རབ་འབྱམས་པའི་མཚན་བཏགས་བཞེས། ང་བརྒྱད་སྐབས་དུས་འགྱུར་གྱི་དབང་གིས་རང་ཡུལ་དུ་ལོག་སྟེ་ནག་ཕྱུགས་འཚོ་སྐྱོང་གི་ཞོར་ལ་རྩིས་དཀར་ནག་སོགས་གསང་སྟབས་ཀྱིས་སྦྱངས། ཆོས་སྒོ་ཕྱེས་བ་ནས་དགོན་སྡེ་མང་པོ་དང་སློབ་གྲྭ་ཆེ་འབྲིང་གིས་གདན་ཞུས་ལྟར་ཕེབས་ཏེ་རིག་པའི་གནས་མང་པོའི་དཔེ་ཁྲིད་རྒྱུན་བསྟུན་མར་གནང་། གསུང་རྩོམ་ལ་རྩིས་གཞུང་སོགས་པོད་གཉིས་ཙམ་བཞུགས།  ཕྱི་ལོ 2006 ལོར་གཤེགས།

                38 ཆེ་ཤོས་དཔལ་ལྡན་ལུང་རིགས་རྒྱ་མཚོ།

    ཁྲི་ཀའི་སྒོ་མེའི་ལྕང་ར་ལུང་བའི་སྡོང་རྒན་སྡེ་བར་ཕྱི་ལོ1935 ལོར་འཁྲུངས། དགུང་ལོ་གཉིས་བཞེས་དུས་ཀུན་གཟིགས་པཎ་ཆེན་དགུ་བ་སྐུ་འབུམ་དུ་ཕེབས་དུས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་སྐུ་འབུམ་དུ་གདན་སར་བཀོད། ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ཀྱི་རིམ་པར་བསླབས། 1944 ལོ་ནས་སྐུ་འབུམ་དུ་ཨ་ལགས་བླ་ཁོ་རིན་པོ་ཆེས་པཎ་ཆེན་སྐུ་ཕྲེང་བཅུ་བར་དབང་ལུང་གི་རྒྱུན་འབུལ་བ་ལ་བཞུགས། དགུང་ལོ་བཅུ་གཉིས་ཕྱི་ལོ1946ལོའི་ཟླ་བདུན་པར་སྐུ་གོང་མ་རྣམས་ཀྱི་ཕྱག་སྲོལ་བཞིན་དབུས་སུ་སློབ་གཉེར་དུ་ཕེབས། སེ་ར་དགོན་པར་ཚོགས་ཞུགས་གནང་སྟེ་སྡེ་བདུན་དང་དབུ་ཕར་སོགས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་མཁས་པའི་གོ་འཕང་བརྙེས། ༧གོང་ས་བཅུ་བཞི་བའི་མདུན་ནས་དུས་དབང་གཙོས་དབང་ལུང་དང་ཁྲི་བྱང་ཚང་དང་ཕུར་ལྕོག་ཚང་གི་མདུན་ནས་ཀྱང་མང་དུ་གསན། དགུང་ལོ་ཉེར་གཉིས་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་སྟེང་རྒྱལ་བའི་བཀའ་རབ་འབྱམས་ལ་གྲྭ་སྐོར་མཛད་དེ་ལྷ་རམས་པའི་དམ་བཅའ་བཞག  དགུང་ལོ་ཉེར་གསུམ་བཞེས་པ་ཕྱི་ལོ1957 ལོར་མདོ་སྨད་སྐུ་འབུམ་དུ་ཕྱིར་ཕེབས། སྐྱབས་རྗེ་མི་ཉག་རིན་པོ་ཆེ་དང་སྣ་ཚོགས་ལོ་ཡེ་ཚང་སོགས་ཀྱི་མདུན་ནས་སྔགས་དང་གསུང་ཆོས། དཀའ་གནད་སོགས་ཞུས་ཏེ་ཐོས་བསམ་གྱིས་དུས་གདའ་བར་མཛད། 1958ལོ་ནས་བཙོན་དུ་ཕེབས་ཏེ་ལོ་ངོ་ཉེར་གཅིག་རིང་བཞུགས། 1979ལོའི་ཟླ་བདུན་པར་བཙོན་གྲོལ་ཐོབ་སྟེ་སྐུ་འབུམ་དགོན་པའི་ཀྲུའུ་རིན་གྱི་འགན་བཞེས་ཏེ་འཆན་ཉན་སླར་གསོ་ལ་ལེགས་རྗེས་མང་དུ་བཞག 1991ལོ་ནས་པེ་ཅིན་ནང་བསྟན་སློབ་གླིང་གི་གདན་ཞུས་ལྟར་ཕེབས་ཏེ་དཔེ་ཁྲིད་དང་དབང་ལུང་གི་རྒྱུན་སྤེལ། སྔ་ཕྱིར་དུས་དབང་ལན་གསུམ་གནང་བ་སོགས་བསྟན་པ་ལ་ཕན་པའི་མཛད་པ་རྨད་དུ་བྱུང་། མཐར་ཕྱི་ལོ 2001ལོའི་ཟླ་བཅུ་བར་པེ་ཅིན་དུ་གཤེགས། གསུང་རྩོམ་མདོ་སྔགས་ཀྱིས་བསྡུས་པའི་པོད་གཅིག་ཙམ་བཞུགས།

      ཞེས་བོད་རབ་རྒྱན་མེ་སྤྲེལ་ཕྱི་ལོ2016 ལོའི་ཧོར་ཟླ་བཅུ་བའི་ནང་ཡུལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་ཁྲི་སྐལ་བཟང་བརྩོན་འགྲུས་སུ་འབོད་པས་བྲིས་པའོ།།

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author ཁྲི་སྐལ་བཟང་བརྩོན་འགྲུས།
Year published 2019
Original year published 2019
Language Amdo Group
Subjects
Places
UID mandala-texts-51036
DOI
PDF View | PDF icon Download (84.18 KB)
Creative Commons Licence