ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་བྱུང་འཕེལ་རགས་ཙམ་དཔྱད་པ།
(མཚོ་ལྷོ)ལྷ་མོ་ཐར། རྡེའུ་དཀར་ནག་གིས་ཞུས།
གངས་ཅན་ཁ་བའི་ལྗོངས་ཀྱི་ཡུལ་འདིར་ཡུལ་ལྷ་གཞི་བདག་གནས་པའི་འདུ་ཤེས་ནི་གནའ་ནས་གཞི་གྲུབ་བྱུང་བ་ཞིག་ཡིན་ལ། མདོ་དབུས་ཁམས་གསུམ་ཀུན་གྱི་རི་ཆེན་པོའི་རྩེ་དང་གཙང་བའི་འགྲམ། ཉག་ཁ་ཆེན་པོའི་དཀྱིལ་སོགས་སུ་ཡུལ་ལྷ་གཞི་བདག་ལ་མཆོད་བཀུར་བྱེད་པའི་དར་ལྕོག་དང་། རླུང་རྟ་སོགས་བཏགས་ཡོད་པ་དང་། ཁྱིམ་ཚང་སོ་སོའི་ར་བའི་ནང་ཡུལ་ལྷར་མཆོད་པའི་བསང་ཁྲི་རེ་ལས་ནས་ཉིན་རེ་བཞིན་ཡུལ་ལྷ་གཞི་བདག་དེ་དག་ལ་བསང་དང་། ཇ་ཕུད་སོགས་མཆོད་ནས་འགལ་རྐྱེན་ཐམས་ཅད་ཞི་བའི་གྲོགས་སུ་བསྟེན། ཁྲི་ཀ་ས་ཆར་མཚོན་ནའང་ཨ་མྱེས་ཡུལ་ལྷ་ཞེས་ཡོངས་གྲགས་ཀྱི་གཞི་བདག་ཞིག་ཡོད་པ་དེ་ལ་མི་རྣམས་ཀྱིས་བསང་དང་གསུར། སྤོས་སོགས་ཀྱི་མཆོད་ཅིང་། ཡུལ་ལྷའི་ཕོ་བྲང་ཞེས་བརྗིད་ཉམས་ལྡན་པ་ཞིག་བཞེངས་ཡོད། དེ་ཡང་ཨ་མྱེས་ཡུལ་ལྷ་འདི་གང་ནས་བྱོན་པ་དང་། ཁ་བའི་ལྗོངས་ཀྱི་ཡུལ་འདིར་ཇི་ལྟར་བྱོན་ཚུལ། ཁྲི་ཀའི་ཡུལ་དུ་ལྷ་ཁང་ཇི་ལྟར་བཞེངས་ཚུལ་གྱི་སྐོར་ལ་ངག་རྒྱུན་ཙམ་མ་གཏོགས་དངོས་ཡོད་ཀྱི་ལོ་རྒྱུས་ཁུངས་ལྡན་ཡང་དག་ཅིག་མེད་རྐྱེན་དེའི་སྐོར་ལ་དཔྱད་གཏམ་ཞིག་བརྗོད་རྒྱུ་ནི་ཧ་ཅང་དཀའ་བའི་གནས་སུ་གྱུར་ཡོད་མོད། འོན་ཀྱང་སྔར་ཡོད་བོད་ཀྱི་ལོ་རྒྱུས་དང་དམངས་ཁྲོད་དུ་དར་བའི་ངག་རྒྱུན། མཁས་གྲུབ་དག་གིས་མཛད་པའི་བསང་ཡིག་སོགས་ལས་དེའི་བྱོན་ཚུལ་ཅུང་ཙམ་རྟོགས་ཐུབ།
དང་པོ། གཞི་བདག་འདི་ལ་ངོས་འཛིན་སྟངས་སྐོར་བཤད་པ།
དེ་ཡང་རྒྱའི་ཡིག་ཚགས་སུ། སྔོན་དུས་སུ་ལྷ་ཆེན་འདིའི་མཚན་ལ་ཝུན་ཁྲང་ཞེས་འབོད་ལ། ཝུན་ཁྲང་ཞེས་པའི་མཚན་འདི་སྔོན་རྒྱ་ནག་གོང་མའི་དཔོན་རིགས་མིང་གྲགས་ཅན་གྱི་བློན་ཆེན་སོགས་ཀྱི་ཆེས་མཐོ་བའི་གོ་གནས་ཤིག་གི་མིང་དང། མི་རྣམས་ཀྱིས་སུམ་རྩེན་ནའང་གོ་གནས་ཆེས་མཐོ་བའི་ལྷའི་གྲས་ཤིག་ཏུ་ངོས་འཛིན་པ་དང་རྒྱུ་སྐར་ཞིག་གི་མཚན་ལའང་ཝུན་ཁྲང་སྐར་མའམ་རིག་ལྡན་སྐར་མ་ཞེས་འབོད་པ་ཡང་ཡོད། ད་ལྟ་འདི་བཀུར་བ་ཡང་ཐོག་མར་གདོད་མའི་དུས་སུ་སྐར་ཚོགས་ལ་དད་པར་འབྲེལ་བ་ཡོད་དེ། རྗེས་སུ་ཨ་མྱེས་ཡུལ་ལྷ་འདི་ཅིན་རྒྱལ་རབས་ཀྱི་གསོ་རིག་ལ་མཁས་ཤིང་འགྲོ་བ་སེམས་ཅན་ལ་ཕན་ཆེན་པོ་བཏགས་པའི་ཀྲང་ཡ་ཙི་ཟེར་བ་དེའི་སྤྲུལ་བ་ཡིན་པར་འདོད། ཀྲང་ཡ་ཙི་ནི་སི་ཁྲོན་ཙི་ཐུང་གི་ཡིན་པ་དང་། ཅིན་རྒྱལ་རབས་ཀྱི་བློན་པོ་ཞིག་ཡིན་ལ་རྗེས་སུ་དམག་འཁྲུག་སྐབས་ཚེ་ལས་འདས། གནས་དེའི་མི་རྣམས་ཀྱིས་ཁོང་ལ་རྗེས་དྲན་བྱེད་ཆེད་མཆོད་ཁང་བཞེངས་ཏེ་མཆོད་བཀུར་དང་འཕྲིན་བཅོལ་བྱས། ཕྱིས་སུ་ཁོང་ཉིད་མཐོ་རིས་ལྷ་རུ་སྐྱེས་ནས་ཧྲུའུ་ས་ཆར་མགོན་སྐྱབས་གནང་བས་ཡུལ་འདིའི་ལྷ་མཆོག་མཐུ་སྟོབས་ཆེ་ཤས་ཀྱི་གྲས་སུ་གཏོགས་པ་དང་། ཨ་མྱེས་རི་ལང་དང་འདྲ་བར་མཚན་སྙན་གྲགས་རྒྱས། ཐང་རྒྱལ་རབས་ཀྱི་རྒྱལ་བོ་ཞི་ཙོན་ཟི་ཁྲོན་ལ་ཡུལ་བྱོལ་ཡོང་དུས་ཁོང་ལ་ཕན་བདེ་དཔལ་གྱི་རྒྱལ་པོ་ཞེས་མཚན་གསོལ། ཡོན་རྒྱལ་རབས་ཀྱི་གོང་མ་རིན་ཙོན་སྐབས་སུ་ཀྲང་ཡ་ཙིའི་གོ་གནས་སྤར་ཏེ་ཝུན་ཁྲང་ལྷ་ཆེན་ཞེས་མཚན་ངེས་གཏན་མཛད་ནས་མིང་གྲགས་སྔར་ལས་ཆེའོ།། དེ་བས་ཡུལ་ལྷ་འདི་ཉིད་རྒྱའི་དཔའ་བོ་ཀྲང་ཡ་ཙི་ཞེས་པ་གཡུལ་ལས་གྲོངས་པ་དེའི་རྣམ་ཤེས་ལྷ་མ་ཡིན་གྱི་འཁོར་དུ་སྐྱེས་པ་དེ་དང་སྐར་ཚོགས་དད་པ་གཉིས་སྦྲགས་ནས་ཡུལ་ལྷ་གཞི་བདག་དུ་བཀུར་བར་གསུངས། ཡང་བཤད་ཚུལ་གཞན་ཞིག་ལ། ཨ་མྱེས་ཡུལ་ལྷ་འདི་ནི་སྤྱི་ལོ220ནས280ཙམ་ལ་ཝེ་དང་ཧྲུའུ། ཝུའུ་བཅས་རྒྱལ་ཁག་གསུམ་དུ་གྱེས་དུས་ཧྲུའུ་རྒྱལ་ཁག་གི་དམག་དཔོན་ཝེ་ཡན་ནམ་མིང་གཞན་ལ་ཝུན་ཁྲང་དུ་འབོད་པ་དེ་ཡིན་པ་དང་། དེའི་མིང་ལའང་རྒྱ་སྐད་དུ་ཐུན་ཙིའམ་ཝུན་ཁྲང་དུ་འབོད་ཅིང་བོད་སྐད་དུ་ཨ་མྱེས་ཡུལ་ལྷར་འབོད་པར་བཤད། ངག་རྒྱུན་དུ། ཨ་མྱེས་ཡུལ་ལྷ་ནི་སྔོན་ཆད་རྒྱལ་ཁབ་ཅིག་གི་བློན་པོ་ཡིན་ལ། བློན་པོ་འགས་ཕྲག་དོག་གིས་གོང་མར་སྙན་ཕྲ་ཞུས་པས་གོང་མས་བསད། ཕྱིས་སུ་དུག་སྦྲུལ་ཞིག་ཏུ་སྐྱེས་ནས་ས་དེར་གནོད་ཚེ་མང་པོ་བྱས་པ་དང་། དེ་ནས་ལོ་བརྒྱ་ཕྲག་འགའི་རྗེས་སུ་མཁས་མཆོག་དམ་པ་ཞིག་གནས་དེར་ཏིང་ངེ་འཛིན་གྱི་སྡོམ་པ་ལེན་པའི་སྐབས་སུ་དུག་སྦྲུལ་དེས་དྲག་རྩལ་སྣ་ཚོགས་མངོན་ནས་མཁས་མཆོག་དེ་ལ་གནོད་སྐྱེལ། མཁས་མཆོག་གིས་ཁོ་ལ་ལས་འབྲས་ཀྱི་ཆོས་གསུངས་པས་དུག་སྦྲུལ་དེའི་ཞེ་སྡང་གི་མེ་ལྕེ་རིམ་བཞིན་ཞི་ནས་སྦྲུལ་གྱི་ཕུང་བོ་ལས་ཐར་བ་དང་། ཕྱིས་སུ་སངས་རྒྱས་ཆོས་ལུགས་ཀྱི་སྲུང་མར་གྱུར། གོང་གི་བཞེད་ཚུལ་འདི་གསུམ་གྱི་ཆ་མཐུན་ས་ནི་ཨ་མྱེས་ཡུལ་ལྷ་འདི་སྔོན་རྒྱའི་བློན་པོ་ཞིག་ཡིན་པ་དེ་རེད། མི་མཐུན་ས་ནི། བཤད་ཚུལ་དང་པོ་ནང་ཨ་མྱེས་ཡུལ་ལྷ་ནི་ཀྲང་ཨ་ཙིའི་སྤྲུལ་བ་ཡིན་པར་འདོད། བཤད་ཚུལ་གཉིས་པའི་ནང་ཧྲུའུ་རྒྱལ་ཁག་གི་དམག་དཔོན་ཝེ་ཡན་ཞེས་པ་དེ་ཚེ་འཕོས་ནས་གཟུགས་མེད་ཡི་དྭགས་ཀྱི་སྐྱེས་པ་དང་། ཕྱིས་སུ་བོད་ཡུལ་གྱི་སྲུང་མར་གྱུར་བར་འདོད། བཤད་ཚུལ་གསུམ་པ་དེ་ནི་བདག་གིས་བསམས་པར་ཕལ་ཆེར་སྤྲིན་རིང་རྒྱལ་པོ་སྟེ་རྒྱའི་ཀ་ཉི་མས་མཛད་པའི་བསང་མཆོད་ནང་སྤྲིན་རིང་རྒྱལ་པོའི་ལོ་རྒྱུས་དང་གོང་གི་ཨ་མྱེས་ཡུལ་ལྷའི་བཤད་ཚུལ་གཉིས་འདྲ་མཚུངས་ཡིན་པས། ལོ་ངོ་བརྒྱ་ཕྲག་སྔོན་དུ་དུས་ཀྱི་འཕོ་འགྱུར་སྣ་ཚོགས་ལ་བསྟུན་ནས་མི་རྣམས་ཀྱི་ངག་ཐོན་ནས་བརྒྱུད་པའི་གཏམ་རྒྱུད་དེ་དག་དུས་ཡུན་རིང་པོ་ཞིག་འགོར་བས་ཕན་ཚུན་གོ་འཛོལ་བྱུང་བར་སྙམ།
གཉིས་པ། གདོང་དམར་བོད་ཀྱི་ཡུལ་འདིར་ཇི་ལྟར་བྱོན་ཚུལ་བཤད་པ།
ཨ་མྱེས་ཡུལ་ལྷ་འདི་ཉིད་རྒྱའི་དམངས་ཁྲོད་ཀྱི་གཞི་བདག་དཀྱུས་མ་ཞིག་ནས་བོད་ཀྱི་ཡུལ་འདིར་དར་ཚུལ་ལ་ཅུང་དཔྱད་ན། ཡུལ་ལྷ་འདི་ཐོག་མར་ཁྲི་ཀའི་ཡུལ་ལྷའང་ཟེར། དེ་བས་བོད་ཀྱི་ཡུལ་འདིར་བྱོན་ཚུལ་ལ་ཐོག་མར་ཁྲི་ཀ་ས་ཆར་ཇི་ལྟར་བྱོན་ཚུལ་ལ་འབྲེལ་བ་དམ་པོ་འདུག ཝུན་ཁྲང་ངམ་ཡུལ་ལྷ་འདི་དམངས་ཁྲོད་དད་མོས་ཁྲོད་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པར་མ་ཟད། ཏོའོ་ཆོས་ཀྱི་ལྷ་གཙོ་བོ་ཞིག་ཀྱང་ཡིན་པས། དེ་ནི་རྒྱལ་རབས་རིམ་བྱོན་སྐབས་སུ་མི་འབོར་གནས་སྤོ་བ་དང་། ཁྲི་ཀ་ས་ཆའི་དམིགས་བསལ་གྱི་ཁོར་ཡུག་དང་། མི་རིགས་འབྲེལ་འདྲིས་བརྒྱུད་རྒྱ་བོད་རིག་གནས་བར་ཕན་ཚུན་མཉམ་འདྲེས་དང་བསྡུ་ལེན་བྱེད་པ་སོགས་རྒྱུ་རྐྱེན་ཁྲོད་ཁྲི་ཀ་ས་ཆར་དར་བར་འདོད། ལོ་རྒྱུས་ཐད་ནས་མིང་རྒྱལ་རབས་ཀྱི་དུས་མགོ་ནས་རྒྱ་རིགས་ཨ་མདོ་ས་ཁུལ་དུ་གཞི་རྒྱ་ཆེ་བའི་ངང་གནས་སྤོ་བྱས་ལ། སྐབས་དེར་ཁྲི་ཀ་ས་ཆར་རྒྱའི་དམག་དཔོན་ཉིས་བརྒྱ་ཅན་དང་། དུད་ཚང་སྟོང་ཅན། སྐྱ་དམག་ལྔ་བརྒྱ་ཅན་སོགས་སྤོས་ཡོང་། དེ་ནས་བཟུང་ཁྲི་ཀ་ས་ཆར་རྒྱ་བོད་འདུས་སྡོད་དང་ཕན་ཚུན་ལ་རིག་གནས་ཀྱི་ཤན་ཤུགས་ཐེབས། དེ་མིན་མིང་རྒྱལ་རབས་ཀྱི་ཧོང་བོ་སྲིད་ལོ་བཅུ་གསུམ་རྗེས་ནས་ཁྲི་ཀ་ས་ཆར་ཏོའོ་ཆོས་དར་མགོ་ཚུགས་པ་སོགས་དེ་འདྲའི་ཁོར་ཡུག་འོག་ཡུལ་ལྷ་འདི་ཉིད་གནས་དེར་སྤོས་ཡོང་ནས་རྒྱ་མིས་དད་པ་བྱེད་པ་རེད། ངག་རྒྱུན་ལྟར་ན། ཡུལ་ལྷ་གོང་མའི་བློན་པོའི་ཚུལ་བཟུང་ནས་འགྲོ་དོན་མཛད་སྐབས་བློན་པོ་འགས་ཕྲག་དོག་གིས་གོང་མར་སྙན་ཕྲ་ཞུས་པས་བསད་པ་དང་། ཕྱིས་སུ་མི་མ་ཡིན་མཐུ་ཅན་ཞིག་ཏུ་སྐྱེས། གསེར་ཁྲི་རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི་མ་གོང་མའི་དབུ་བླར་བཞུགས་སྐབས་མི་མ་ཡིན་པ་དེས་ཁོང་ལ་གྲོགས་མཛད་པས་མདོ་སྨད་དུ་ཕེབས་སྐབས་རྨ་ཆུར་གྲུ་བརྒྱབ་ནས་འགྲོ་དུས་གྲུ་ཆུང་ཆུ་དཀྱིལ་ནས་བགྲོད་མ་ཐུབ་པས་ཁོང་གི་ཐུགས་སུ་ཞལ་བཞེས་དྲན་ཏེ། ཀྱེ། ཁྲི་ཀའི་ཡུལ་གནས་ལྷ་གཉན་མཐུ་བོ་ཆེ།། རྒྱ་ནག་ཤིང་མཱ་ཐུན་ཙི་ཞེས་གྲགས་ཁྱོད། མ་ལས་འཁོར་བཅས་གནས་འདིར་སྤྱན་འདྲེན་ནོ།། བསང་གསུར་བཞེས་ལ་འདོད་པའི་དོན་ཀུན་སྒྲུབས། ཞེས་བསང་མཆོད་བཀྲ་ཤིས་གཡས་འཁྱིལ་མ་འདི་གསུངས་ཏེ་ཡུལ་ལྷའི་ཕོ་བྲང་གི་ཤུལ་གྱི་ཕ་བོང་དཀར་པོ་དེར་ཡུལ་ལྷ་བསྟིམས་པར་མཛད་ཅེས་གྲགས། ངག་རྒྱུན་དེ་ལས་ཡུལ་ལྷའི་བསྟན་པ་དམངས་ཁྲོད་དུ་སྤེལ་གྱིན་པ་མངོན་པར་མཐོང་ཐུབ། ཡུལ་ལྷ་འདི་ཉིད་ཁྲི་ཀ་ས་ཆར་དར་ནས་གནས་དེའི་བོད་མིས་མཆོད་བཀུར་བྱེད་པ་དེ་རིམ་དུ་ཉེ་འགྲམ་ས་ཆར་ཁྱབ་པ་དང་། ད་ལྟ་མདོ་སྨད་ས་ཁུལ་དུ་ཨ་མྱེས་ཡུལ་ལྷར་བཀུར་བའི་ས་ཡི་རྒྱ་ཁྱོན་ཆེ་སྟེ། དཔའ་ལུང་རྫོང་ཞུང་ཞན་ཁ་ཤྭ་མཐིལ་དུ་ཡུལ་ལྷའི་ཁང་ཞིག་བཞེངས་ཡོད་པ་དེ་ནི་ད་ལྟ་ཁྲི་ཀ་ཕུད་ཨ་མདོ་ས་ཆའི་ཨ་མྱེས་ཡུལ་ལྷ་ཁང་ཆེ་ཤོས་ཡིན། རེབ་གོང་དུ་དྲུག་པའི་ཀླུ་རོལ་སྐབས་སུ་ཨ་མྱེས་ཡུལ་ལྷའང་ལྷ་རྩེད་ཀྱི་གྲས་སུ་གཏོགས། དེ་མིན་མཚོ་ལྷོ་ཁུལ་དུ་ཁྲི་ཀའི་ཉེ་འཁོར་གྱི་ཀོས་ནས་རྫོང་དང་། ཐུན་ཏེ་རྫོང་། གུང་ཧོ་རྗོང་། ཞིན་ཧེ་རྫོང་སོགས་སུ་ཡུལ་ལྷའི་ལྷ་ཁང་དང་། འབག་སྐུ། ལྡེབས་རིས་སོགས་བཞེངས་ནས་མཆོད་བཀུར་ཆེན་མོ་བྱེད་ལ་ཡུལ་ལྷ་འདི་མདོ་སྨད་ས་ཆར་དར་ཁྱབ་ཆེན་མོ་སོང་ཡོད། ཨ་མྱེས་ཡུལ་ལྷ་འདི་ཉིད་དངོས་གནས་སུ་ཞིག་ཡིན་པ་དང་གང་ནས་ཡོང་བ་སོགས་ལ་བཤད་སྲོལ་སྣ་ཚོགས་ཡོད་ལ། ཡོངས་ཁྱབ་ཀྱིས་རྒྱ་ནག་ནས་ཡོང་བར་བཤད། འོན་ཀྱང་བོད་ཀྱི་མཁས་གྲུབ་དག་གིས་ཡུལ་ལྷ་འདི་ནི་འཇམ་དབྱངས་ནག་པོའི་ཐུགས་སྤྲུལ་ཡིན་པར་འདོད། དེ་ལ་བདག་གིས་བསམ་པར་འབྱུང་རྐྱེན་གཉིས་ཡོད་དེ། ཕྱོགས་གཅིག་ནས་ཨ་མྱེས་ཡུལ་ལྷ་ནི་འཇིག་རྟེན་པའི་ལྷ་ཡིན་ལ། དེ་ཡང་། རང་ཡང་འཁོར་བའི་བཙོན་རྭར་བཅིངས་པ་ཡིས། འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། ཞེས་གསུངས་པ་ལྟར། སྤྱིར་ཡུལ་ལྷ་གཞི་བདག་འདི་དགྲ་འགྲོ་བ་མི་ནས་ཚེ་འཕོས་པའི་ཡི་དྭགས་ལྷར་ངོས་བཟུང་བ་ཡིན་པས། སྐྱབས་གནས་མཐར་ཐུག་མི་ནུས་པ་དང་སྟོན་པའི་ན་བཟའ་མནབས་པའི་དགེ་འདུན་དཀོན་མཆོག་གི་ཕྱག་འཚལ་མི་འོས་པ་དང་། སྐྱབས་འགྲོ་བསླབ་བྱའི་ནང་དུ་འཇིག་རྟེན་ལྷ་ཀླུ་གཞི་བདག་ལ་སྐྱབས་སུ་མི་འགྲོ་བ་བཅས་མཛད་ཡོད། འོན་ཀྱང་། ཨ་མྱེས་ཡུལ་ལྷ་འདིར་རྒྱ་བོད་སོག་གསུམ་ཀུན་གྱིས་གུས་ཕྱག་འཚལ་གྱིན་ཡོད་པ་ཀུན་གྱི་མིག་གི་བདུད་རྩི་རུ་མངོན་ཐུབ། འོ་ན་ཅིའི་ཕྱིར་འཇིག་རྟེན་པའི་ལྷ་འདི་ལ་ཕྱག་འཚལ་བ་ཡིན་ཟེར་ན། དེ་ནི་བོད་ཀྱི་མཁས་གྲུབ་དག་གིས་ཡུལ་ལྷ་འདི་ནི་འཇམ་དབྱངས་ནག་པོའི་ཐུགས་སྤྲུལ་ཡིན་པས་སོ་ཞེས་འགྲེལ་བཤད་བྱེད་པ་དང་། འཇམ་དབྱངས་ནག་པོ་ནི་སངས་རྒྱས་བྱང་སེམས་ཀྱི་གོ་འཕང་ཡོད་ལ་འགྲོ་བ་རིགས་དྲུག་ཀུན་ལ་དགེ་བ་སྒྲུབ་པས་དེའི་སྤྲུལ་བ་ལ་གུས་ཕྱག་འཚལ་བ་ནི་འོས་འཚམ་ཡིན། ཡང་ཕྱོགས་གཅིག་ནས་རྒྱའི་རྒྱལ་རབས་ལ་ཝུན་ཁྲང་ནི་ཤེས་རིག་དང་ཡོན་ཏན་གྱི་ཐོབ་ཐང་ལ་བདག་སྐྱོང་བྱེད་མཁན་གྱི་ལྷ་ཡིན་པ་དང་། བོད་ཀྱི་རིག་གནས་ཁྲོད་འཇམ་དབྱངས་ནག་པོ་ནི་ཤེས་རིག་གི་ལྷ་ཡིན་པས་དེ་གཉིས་བྱེད་ནུས་ཀྱི་ཐད་ནས་ཆ་མཐུན་པར་སྦྱར། དེ་ནི་རིག་གནས་མི་འདྲ་བའི་མཉམ་འདྲེས་ཁྲོད་ཀྱི་སྣང་ཚུལ་ཁྱད་པར་ཅན་ཞིག་ཡིན་པ་རྟོགས་ཐུབ།
གསུམ་པ། ལྷ་མཆོག་ཡུལ་ལྷ་གཉན་པོའི་ཕོ་བྲང་ཁྲི་ཀའི་ཡུལ་དུ་བཞེངས་ཚུལ།
ངག་རྒྱུན་དུ། གནའ་སྔ་མོ་ཞིག་ལ་ཨ་མྱེས་ཡུལ་ལྷ་དེ་ཀ་ཅི་ཞེས་པའི་ས་ཆར་ཡོད་ལ། ཡུལ་ལྷ་ནི་མཐུ་ནུས་ཧ་ཅང་ཆེ་བས་ས་དེར་གནོད་པའི་ལས་བྱས་ནས་ཡུལ་གྲུ་དེའི་སྡོང་བོ་ཐམས་ཅད་སྐམ་པ་དང་། མི་རྣམས་ལ་དགག་བར་ཆད་མང་པོ་འབྱུང་བས་ས་དེའི་མི་རྣམས་ཀྱིས་ཁོང་རྨ་ཆུར་བསྐུར། དེ་ནས་ཁྲི་ཀའི་ཡུལ་འདིར་ཐོན་པ་ན་རྒྱའི་བུད་མེད་ཅིག་གིས་རྙེད་པ་དང་། མོས་རས་ཀྱི་ཁ་ཕྱེ་ནས་བལྟས་ཙ་ན་ནང་དུ་ལྷ་སྐུ་ཞིག་ཡོད་པས་ཡ་མཚན་སྐྱེས་ནས་འདི་ནི་ལྟས་བཟང་ཞིག་རེད་སྙམ་ཏེ་ཆུ་ནང་ནས་བླངས་ཏེ་ཡུལ་ལ་ཁྱེར། རྗེས་སུ་གདོང་སྣའི་ཤན་འབུམ་ཐང་གི་གནས་འདིར་ཡུལ་ལྷའི་ལྷ་ཁང་བཞེངས་ཟེར། ད་ལྟའི་ཁྲི་ཀའི་ཡུལ་ལྷའི་ཕོ་བྲང་གི་ནང་ཕྱོགས་ཀྱི་ཤིང་པར་ཐོག་བྲིས་ཡོད་པ་ལྟར་ན་ཕོ་བྲང་འདི་ཐོག་མར་མིང་རྒྱལ་རབས་ཀྱི་དུས་སྨད་ལ་བཞེངས་ཟེར། དུས་དེར་ཡུལ་ལྷ་གཙོ་འཁོར་སོགས་སྨན་སྐུ་ལྔ་དང་ལྡེབས་རིས་བཅས་བཞུགས། གཡས་གཡོན་དུ་ཟུར་ཁང་དང་། ཤར་ཕྱོགས་གཙོ་སྐར་ལྷ་ཁང་བཅས་ཡོད། ད་དུང་རྔ་ཁང་དང་། གསོ་ཁང་སོགས་ཁང་མིག་གྲུ་བཞི་མ་བརྒྱད་ཅུ་ལྷག་ཡོད། ཆིན་རྒྱལ་རབས་ཀྱི་གོང་མ་ཐོན་ཀྲིའི་སྲིད་ལོ་དྲུག་པར་དམག་འཁྲུག་ཅིག་གི་ནང་དུ་སྔོན་གྱི་ལྷ་ཁང་རྙིང་པ་དེ་མེར་བསྲེགས། ཆིན་རྒྱལ་རབས་ཀྱི་གོང་མ་ཀོང་ཞིའི་སྲིད་ལོ་གསུམ་པ་ནས་བཅུ་གསུམ་བར་བློན་པོ་འགའ་དང་རྒྱ་བོད་དད་ལྡན་དག་གིས་བསྐྱར་བཞེངས་མཛད། 1958ལོར་བོད་ཡུལ་གྱི་ནང་བསྟན་ལ་ཆགས་འཇིག་བྱུང་སྐབས་ཡུལ་ལྷའི་ཕོ་བྲང་གི་རྟེན་དང་བརྟེན་པ་ཐམས་ཅད་ཀྱང་འཇིག 1982ལོར་རྨ་ནུབ་ཤང་གི་ལུ་ཐང་གོང་ཞོལ་དང་། གུར་རྒྱ་སོགས་སྡེ་བའི་རྒན་པ་བཅུ་གཉིས་ཀྱིས་མ་དངུལ་བསྡུས་ནས་བསྐྱར་བཞེངས་ཀྱི་མགོ་བརྩམས། 1984ལོ་ནས1995ལོའི་བར་གྱི་ལོ་ངོ་བཅུའི་རིང་ལ་བསྐྱར་ཏུ་བཞེངས་པ་དང་།1987ལོར་རྟ་བདག་རྒྱལ་པོའི་ལྷ་ཁང་དང་གཙང་ཁང་ཡུལ་ལྷ་གཙོ་འཁོར། ཤན་པ་ཙི་ཐུང་སོགས་ཀྱི་སྨན་སྐུ་བཞེངས་ཡོད། ད་ལྟ་ང་ཚོའི་མིག་གི་བདུད་རྩི་རུ་གྱུར་ཞིང་གཟི་བྱིན་དཔལ་གྱིས་ཕྱུག་པའི་ཡུལ་ལྷའི་ཕོ་བྲང་འདི་བརྗིད་ཉམས་ལྡན་པའི་སྲིན་པོ་རི་ལ་ཁ་གཏུགས་ནས་འདུག་ལ། ཕོ་བྲང་འདི་ལ་བརྩེགས་རིམ་གསུམ་ཡོད་དེ། བརྩེགས་རིམ་དང་པོར་ཁ་དོག་སྣ་ལྔའི་རྩིས་ཞུགས་པའི་སྒོ་ཆེན་ཡིན། དེ་ནས་རྡོ་ཐེམ་འཛེགས་ནས་ཡར་སོང་ན་བརྩེགས་རིམ་གཉིས་པ་སྟེ། དེའི་མཐའ་སྐོར་དུ་ཁང་པ་སྐོར་ཡོད་དེ། ཤར་ཕྱོགས་ཀྱི་ཁང་པའི་ནང་ཤན་པ་ཙི་ཐུང་བཞེངས་ཡོད། དེ་ནི་སྔོན་གོང་མའི་ཡིག་མཁན་བཟང་པོ་སེམས་ཅན་ལ་ཕན་ཐོགས་པ་ཞིག་ཡོད་པར་གཞན་གྱིས་གོང་མར་སྙན་ཕྲ་ཞུས་ནས་ཉེས་པ་བཀལ་ན་ཁོ་མཚོ་ལ་ལྕེབས། མཚོ་ནས་ཆུ་སྲིན་གྱིས་བཏེགས་ཤིང་སྨེ་བདུན་གྱིས་འཐེན་ནས་འདོད་ཁམས་ཀྱི་ལྷ་རུ་སྐྱེས་པར་གྲགས། དེའི་འདྲ་སྐུ་ནི་རྐང་གཡས་ཀྱི་ཞབས་ནས་ཆུ་སྲིན་གྱིས་བཏེགས་ཤིང་། རྐང་གཡོན་རྒྱབ་ཏུ་བསྐུམས་པའི་ནང་སྐར་མ་སྨེ་བདུན་ཡོད། ཤན་པ་ཙི་ཐུང་གི་རྒྱབ་ཕྱོགས་སུ་འཇམ་དབྱངས་ནག་པོའི་སྐུ་བཞེངས་ཡོད་པ་དེ་ནི་གཙོ་སྐུ་ཨ་མྱེས་ཡུལ་ལྷ་དང་ཁ་གཏུག་ནས་ཡོད། ལྷོ་ཕྱོགས་སུ་གོང་མ་རྒྱལ་མོ་དང་། མཆོད་པའི་ལྷ་མོ། བུ་གནང་ལྷ་མོ་བཞེངས་ཡོད། དེའི་གཡོན་དུ་ཅང་ཤེས་རྟ་མཆོག་དང་ཤན་པ་རྭ་མགོ་སོགས་བཞེངས་འདུག བྱང་ཕྱོགས་སུ་མེ་ལྷ་དང་། རྟ་མགྲིན། གླང་རྒྱལ་གསུམ་དང་། དེའི་གཡས་སུ་གྱི་ལང་དྲེལ་དང་བཙན་ཁང་སོགས་བཞེངས་ཡོད། བརྩེགས་རིམ་གསུམ་པ་ནི་གཙོ་སྐུ་ཨ་མྱེས་ཡུལ་ལྷའི་བཞུགས་ཁང་ཡིན་ལ། ཁང་པའི་མཐོ་ཚད་སྨི་བཅུ་དང་། རིང་ཚད་སྨི་བརྒྱད་ཡོད། ཁང་པའི་དཀྱིལ་དུ་ཨ་མྱེས་ཡུལ་ལྷའི་སྐུ་དང་། གཡས་གཡོན་གཉིས་སུ་ཤན་པ་ར་མགོ་དང་ཤན་པ་ཙི་ཐུང་གི་སྐུ། མདུན་དུ་མཆོད་པའི་རིམ་པ་སྣ་ཚོགས་འབུལ་བའི་མཆོད་རྟགས་དང་མཆོད་འབུལ་ཡོ་བྱད་སོགས་བཤམས་ཡོད། ཡུལ་ལྷའི་བཞུགས་ཁང་གི་རྒྱབ་ཕྱོགས་སུ་གཡོན་དུ་ཀོན་གུང་དང་། གནམ་བདག་ཆུ་ལྷའི་རྒྱལ་པོ། ལམ་སྣེ་ཁྲིད་མཁན། ཨ་མྱེས་རྒྱ་ཐང་བཅས་ཀྱི་ལྡེབས་རིས་བཞེངས་ཡོད་ལ། གཡས་སུ་ཨ་མྱེས་རི་ལང་དང་། ཆོས་རྒྱལ། རི་བདག་ལྷ་ཆེན། སྟག་ཁྲིད་ཀྲོ་ཁུང་མེད། ས་བདག་རྒན་པོ་བཅས་ཀྱི་ལྡེབས་རིས་བཞེངས་ཡོད། དེ་ཡང་ལི་འདི་གའི་ནང་ཡུལ་ལྷའི་བཞུགས་ཁང་གི་རྒྱབ་ཕྱོགས་སུ་ཡབ་སྲིན་པོ་དང་ཡུམ་ཀླུ་མོ་གཉིས་ཀྱི་སྐུ་བཞེངས། 1996ལོའི་ཟླ12པའི་ནང་ཡུལ་ལྷའི་ཕོ་བྲང་འདི་ཉིད་ཞིང་ཆེན་རིམ་པའི་གནའ་རྫས་སྲུང་སྐྱོབ་ལས་ཁུངས་ཀྱི་གྲས་སུ་བཞག་པ་ནས་བཟུང་ཕོ་བྲང་འདིར་གནོད་སྐྱོན་ཅི་ཡང་མ་ཕོག་པར་ད་ལྟ་བདག་ཅག་གི་མིག་གི་དགའ་སྟོན་དུ་གྱུར་པ་འདི་ཉིད་དོ།། ཨ་མྱེས་ཡུལ་ལྷ་དང་ཡུལ་ལྷའི་ཕོ་བྲང་ནི་མི་རིགས་འདྲེས་མའི་ས་ཆའི་རིག་གནས་མཉམ་འབྲེལ་གྱི་ཐོན་རྫས་ཁྱད་པར་བ་ཞིག་ཡིན་པས། དེ་ཡིས་དམངས་སྲོལ་རིག་གནས་འཕེལ་སྲུང་དང་མི་རིགས་མཐུན་སྒྲིལ་གྱི་སྐོར་ལའང་ཚད་ངེས་ཅན་ཞིག་ནས་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། ལྷག་པར་དུ་ལྗོངས་རྒྱུ་ལས་རིགས་དེ་ཁྲི་ཀ་ས་ཆའི་གསར་དར་ལས་རིགས་སུ་གྱུར་བས་ཡུལ་ལྷའི་ཕོ་བྲང་གིས་དེ་ཐད་ལའང་ནུས་པ་ཆེན་པོ་ཐོན་འདུག དེའི་རྐྱེན་ཨ་མྱེས་ཡུལ་ལྷ་དང་ཡུལ་ལྷའི་ཕོ་བྲང་ནི་མི་རྣམས་ཀྱི་དད་པའི་གནས་ཁོ་ན་ཙམ་མིན་པར་ཁྲི་ཀ་ས་ཆའི་དཔལ་འབྱོར་གོང་འཕེལ་འགྲོ་བའི་སྒུལ་ཤུགས་སུའང་གྱུར་ཡོད།