སུམ་བྷའི་ཀླུ་ཆུ་འཐུང་བ་བུ་འགྲུབ།

སུམ་བྷའི་ཀླུ་ཆུ་འཐུང་བ་བུ་འགྲུབ།


ཟི་ལིངརིན་ཆེན་བཀྲ་ཤིས།

 

 

      ༄༅། ། ཨོཾ་སྭསྟི་སིདྡྷཾ། མཁྱེན་བརྩེ་ཆུ་འཛིན་བསྣོལ་མར་འཁྲིགས་པ་ལས། །ལུང་རྟོགས་བདུད་རྩིའི་གྲུ་ཆར་འཇོ་བའི་དཔལ། །མཁའ་ཁྱབ་ཞིང་དུ་གྲགས་པའི་ཕྲེང་བ་ཅན། ། མཆོག་གསུམ་སྲུང་མར་བཅས་པས་ཤིས་པ་སྩོལ། ། གང་གི་མཚན་ཙམ་འཛིན་དང་དྲན་པ་ཡིས།   ། མི་བཟད་སྡུག་བསྔལ་མཐའ་དག་སེལ་མཛད་པ།   ། ཀླུ་ཡི་དབང་ཕྱུག་རྒྱལ་པོ་གཙོ་འཁོར་ལྔར།   ། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ།   ། གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི།   ། ས་འོག་མུན་པ་མ་ལུས་སེལ་མཛད་ཅིང་།   ། བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ།   ། ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད།   །

 

   དེ་ཡང་བསང་ལྷ་ལམ་ཀུན་ཁྱབ་ཏུ། ཀྱེ། སྔོན་གྱི་བསྐལ་བའི་དང་པོ་ལ། ། སློབ་དཔོན་པདྨའི་སྤྱན་སྔ་རུ། ། ཁྱོད་ཀྱིས་ཁས་བླངས་དམ་བཅས་པའི། ། ཤར་ཕྱོགས་བྲག་གནས་མགོན་པོ་ཞེས། ། ཀླད་ནས་སྤང་སེར་ལམས་སེ་ལམ། ། ཉི་ཟླ་འོད་འབར་ཁྱུགས་སེ་ཁྱུག ། གཡས་ན་བྲག་རི་བངས་སེ་བང་། ། གཡོན་ན་བྲག་སྔོན་སེངས་སེ་སེང་། ། གཡས་ན་ཆུ་ཕྲན་ཤ་ར་ར། ། གཡོན་ན་ལྷ་ཆབ་དཀར་པོ་འུ་རུ་རུ། ། བྲག་གནས་མགོན་པོ་ཁྱོད་ཀྱི་མདུན་ཕྱོགས་སུ། ། གཡུ་ཡི་སྣང་བ་སྔོན་མོ་ཀྱི་ལི་ལི། ། གཡུ་ཆུ་སྔོན་མོ་བྲངས་སེ་བྲང་། ། ཕྱོགས་ཀྱི་ལུང་པ་ཐམས་ཅད་ན། ། རི་དྭགས་གཅན་གཟན་ཐ་ར་ར། ། ཀླད་ན་བྱ་རྒོད་ཉི་ལི་ལི། ། ཕྱག་ན་ཐང་ཤིང་རྒྱངས་སེ་རྒྱངས། ། སྨྲ་ར་གཡས་གཡོན་སེར་སེ་སེར། ། བྲག་གནས་མགོན་པོ་གཉན་པོ་ཁྱོད། ། བཞུགས་ནི་ཤར་གྱི་ཕྱོགས་སུ་བཞུགས། ། གཟིགས་ནི་ནུབ་ཀྱི་ཕྱོགས་སུ་གཟིགས། ། ཞེས་པ་ལྟར། ཆུ་མིག་འདིའི་འབྱུང་སའི་ཁུངས་བྲག་གནས་མགོན་པོའམ་ཨ་མྱེས་དམག་དཔོན་ནི་བསྐལ་བ་ཆགས་པའི་དུས་ནས་ཡོད་ཅིང་སློབ་དཔོན་པདྨས་དམ་ལ་བཏགས་པའི་བཀའ་སྲུང་ཡིན་ཞིང་། དེའི་མདུན་གྱི་ཆུ་མིག་འདི་ཡང་བསྐལ་བ་ཆགས་པའི་དུས་ནས་ཡོད། ཆུ་མིག་འདི་ནི་དགུན་དྲོ་ཞིང་དབྱར་འཁྱག་ལ། དཔྱིད་དབྱར་ཆར་ཆུ་མཁོ་དུས་ཇེ་ཆེར་འགྱུར་ཞིང་། སྟོན་དགུན་མི་མཁོ་བའི་དུས་སུ་ཇེ་ཆུང་དུ་འགྲོ། ཆུ་མིག་འདི་ཀླུས་བདག་གིར་བཟུང་ཡོད་པས་ན་ཀླུ་ཆུ་ཟེར་ཞིང་། ཆར་ཆུ་དཀོན་དུས་ཆུ་མིག་འདིའི་ཁ་ནས་སྔགས་མང་གིས་ཀླུ་བསང་ཀླུ་གཏོར་དང་། སྤྲིན་ཆེན་པོའི་མདོ་སོགས་བཏོན་ནས་ཆར་ཆུ་ཕབ་ན་ངེས་པར་འབབ་པ་དང་། དེའི་ལུགས་སྲོལ་ནི་ད་ལྟའི་བར་དུ་མ་ཉམས་པར་མཆིས་སོ། ། ཡང་དེ་ཉིད་ལས། གཞིའི་བུ་བུ་འདོད་བུ་དང་སྤྲོད། ། ཅེས་གསུངས་པ་ལྟར་བུ་འདོད་པ་རྣམས་ཀྱིས་ཆུ་འདི་འཐུང་ན་བུ་སྐྱེས་པར་འགྱུར་ཞེས་ཀྱང་གྲགས་སོ། ། སརྦ་མངྒ་ལཾ། ། དགེའོ། །

proper place names Triga

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Ziling Rinchen Trashi
Year published 2020
Language Standard Tibetan , Tibetan
Subjects
Places
UID mandala-texts-63386
DOI