བོད་ཀྱི་ཕུང་བོ་བྱ་སྦྱིན་གྱི་ཡུལ་དངོས་ལས་འཕྲོས་པའི་དམངས་སྲོལ་ལ་ཅུང་ཙམ་དཔྱད་པ།

བོད་ཀྱི་ཕུང་བོ་བྱ་སྦྱིན་གྱི་ཡུལ་དངོས་ལས་འཕྲོས་པའི་དམངས་སྲོལ་ལ་ཅུང་ཙམ་དཔྱད་པ།

 

ཁྲི་ཀསྒོ་མེ་མགོན་པོ་ཚེ་རིང་།

 

སྐད་གྲགས་ཅན་གྱི་དུར་ཁྲོད་རྣམས་ལ་གནས་མཇལ་ཞུ་རྒྱུ་ནི་བོད་མིའི་ཡུལ་སྐོར་ཐད་ཀྱི་ལུགས་སྲོལ་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་གྲུབ་གནས་ཁག་དང་དགོན་ཆེན་རྣམས་ལ་མཆོད་མཇལ་ཞུ་བའི་དགོངས་ཚུལ་དང་ཉིས་སུ་མ་མཆིས། ཡུལ་སྲོལ་དེའི་བསམ་བློའི་མཆེད་ཁུངས་ནི་ནང་་སངས་རྒྱས་པའི“ནམ་རྒྱུན་འཆི་བ་མི་རྟག་པ་དྲན་དགོས་པའི”དགོངས་པ་ཡིན་པར་འདོད་ཅིང་། བོད་པ་རྣམས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཚེ་འདིར་མི་ལུས་ཐོབ་པ་དོན་དང་ལྡན་པར་བྱ་བ་དང་། མི་ལུས་ཐོབ་ནའང་ཚེ་ཐུང་ནད་མང་བ་ལ་སོགས་པའི་ཕྱི་ནང་གི་རྐྱེན་སྣ་ཚོགས་ཀྱི་དབང་དུ་འགྲོ་ཉེན་ཆེ་བར་བསམས་ནས། མི་ཚེའི་སྙིང་པོ་ལེན་པ་ལ་རང་གཞན་གྱི་དོན་གཉིས་སྒྲུབ་པའི་ལས་ལ་ཅི་མྱུར་གྱིས་འབད་གང་ཐུབ་དང་། ལྷག་པར་དུ་འཆི་བ་མི་རྟག་པ་དྲན་པ་དང་སྒོམ་རྒྱུ་ནི་རང་རྒྱུད་ལེ་ལོའི་དབང་དུ་མི་འགྲོ་བར་གཞན་དོན་ཁུར་དུ་འཁྱེར་ནུས་པའི་ཕྱོགས་ལ་འབ་པའི་ཐབས་གལ་ཆེན་ཞིག་ཡིན་པར་འདོད། དུར་ཁྲོད་ནི་འཆི་བ་མི་རྟག་པ་སྟོན་སའི་དཔེ་གཞི་གསོན་པོ་ཞིག་ཡིན་པས། སྲོལ་རྒྱུན་མ་ཉམས་པའི་ཡུལ་གྲུ་ཀུན་གྱིས་དུར་ཁྲོད་ལ་གནས་མཇལ་ཞུ་རྒྱུའི་དོན་དེར་ཤིན་ཏུ་མཐོང་ཆེན་མཛད་ཅིང་ནམ་ཡང་སེམས་ཀྱི་མཐིལ་དུ་བཅངས་ཡོད་པ་རེད། མིང་དུ་གྲགས་པའི་དུར་ཁྲོད་ཡང་རྒྱ་བོད་ཀྱི་ཡུལ་གྲུ་ཀུན་ན་ཤིན་ཏུ་མང་བར་སྣང་སྟེ། སྔོན་རྒྱ་གར་འཕགས་པའི་ཡུལ་དུ་དུར་ཁྲོད་བསིལ་བ་ཚལ་ལྟ་བུའི་དུར་ཁྲོད་ཤིན་ཏུ་མང་པོ་ཡོད་པ་རྣམས་ནི་དམ་པའི་ཆོས་ཀྱི་སྙིང་པོ་ལེན་སའི་གནས་ཁྱད་པར་བ་རུ་རྩི་བཞིན་ཡོད་པ་སྟེ། དཔེར་ནསློབ་དཔོན་པདྨས་མཛད་པའི་བཀའ་ཐང་བསྡུས་པརུབསིལ་བའི་ཚལ་དུ་བདུད་རྩིའི་སྒྲུབ་པ་མཛད། ། བདུད་རྩི་ཡོན་ཏན་ལྷ་ཚོགས་ཞལ་གཟིགས་ཐོབ། ཧུཾ་ཆེན་དྲག་ཏུ་ཡང་དག་སྒྲུབ་པ་མཛད། ། ཡང་དག་ཐུགས་ཀྱི་ལྷ་ཚོགས་ཞལ་གཟིགས་ཐོབ། ། འཇིག་བྱེད་ཚལ་དུ་གཤིན་རྗེའི་སྒྲུབ་པ་མཛད། ། འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཞལ་གཟིགས་ཐོབ། ། པདྨ་བརྩེགས་སུ་རྟ་མཆོག་སྒྲུབ་པ་མཛད། ། པདྨ་གསུང་གི་ལྷ་ཚོགས་ཞལ་གཟིགས་ཐོབ། ། རོལ་གླིང་ཚལ་དུ་ཕུར་བའི་སྒྲུབ་པ་མཛད། ། ཕུར་བ་འཕྲིན་ལས་ལྷ་ཚོགས་ཞལ་གཟིགས་ཐོབ། ། ལྷུན་འགྲུབ་བརྩེགས་པར་མ་མོའི་སྒྲུབ་པ་མཛད། ། མ་མོ་སྦོད་གཏོང་ལྷ་ཚོགས་ཞལ་གཟིགས་ཐོབ། ། ལོ་ཀ་བརྩེགས་སུ་དྲག་སྔགས་སྒྲུབ་པ་མཛད། ། དམོད་པ་དྲག་སྔགས་ལྷ་ཚོགས་ཞལ་གཟིགས་ཐོབ། ། བདེ་ཆེན་བརྡལ་དུ་འཇིག་རྟེན་སྒྲུབ་པ་མཛད། ། འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཞལ་གཟིགས་ཐོབ། །ཅེས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྔར་དུར་ཁྲོད་ཆེན་པོ་བརྒྱད་འགྲིམ་བཞིན་སྒྲུབ་པ་སྙིང་པོར་མཛད་པས་དམ་པའི་ཆོས་ཀྱི་སྙིང་པོ་ལེགས་པར་རྟོགས་པའི་རྣམ་ཐར་ཡོད་པ་དང་། བོད་ཡུལ་དབུས་ཀྱི་ཕྱོགས་སུ་འབྲི་གུང་མཐིལ་གྱི་དུར་ཁྲོད་དང་། སེ་རའི་དུར་ཁྲོད་སོགས་ཡོད་པ་དང་། མདོ་ཁམས་ཕྱོགས་སུ་མགོ་ལོག་པདྨའི་འབེ་ཚའི་དུར་ཁྲོད་སོགས་མཆིས་ཤིང་། བོད་མི་རྣམས་དུར་ཁྲོད་དེ་དག་ཏུ་གནས་མཇལ་ལ་ཕེབས་པའི་ཚེ་ན་དུར་རྡོའི་སྟེང་དུ་གན་རྐྱལ་ལ་ལོག་ནས་ཉལ་བ་དང་། དུར་ཁྲོད་ཀྱི་མཐའ་འཁོར་ནས་མ་ཎི་སོགས་བཟློ་བ་དང་སྨོན་ལམ་སོགས་གང་ནུས་ཀྱིས་འདོན་པའི་ལུགས་སྲོལ་ཡོད་ལ། དེ་ནི་ནམ་རྒྱུན་འཆི་བ་མི་རྟག་པ་དྲན་པར་བྱས་ནས་རང་གཞན་གྱི་དོན་གཉིས་སྒྲུབ་པར་སྐུལ་བའི་ཆེད་དང་རང་ཉིད་འཆི་བའི་ཚེ་ནའང་འཇིག་སྐྲག་མི་འོང་བའི་ཆེད་སོགས་ཡིན་པར་བཤད། གསེར་རྟའི་བླ་རུང་སྒར་གྱི་ཉེ་གམ་ན་ཡོད་པའི་དུར་ཁྲོད་ཆེན་པོ་རོལ་བའི་དཀྱིལ་འཁོར་ཞུ་བ་དེ་ནི་ཉེ་བའི་ཆར་མདོ་ཁམས་ཡུལ་ན་སྐད་གྲགས་ཆེས་ཆེ་འི་དུར་ཁྲོད་ཅིག་ཡིན་པར་ངེས་ལ། འདི་རུ་དེ་སྔོན1ཆེད་དུ་བླ་རུང་སྒར་གྱི་དུར་ཁྲོད་རོལ་བའི་དཀྱིལ་འཁོར་ལ་གནས་མཇའ་ཞུ་བར་ཕྱིན་པའི་སྐབས་ཀྱི་མཐོང་ཐོས་རགས་ཙམ་བྲི་བར་བྱ།

 

གསེར་རྟ་རྫོང་ཁོངས་ཀྱི་མིང་དུ་གྲགས་པའི་བླ་རུང་སྒར་གྱི་ནུབ་ཕྱོགས་སུ་རི་བོ་ཆེན་པོ་ཞིག་ཡོད་པ་དེའི་གོང་སྟོད་དུ་དགོན་པ་འདིའི་དུར་ཁྲོད་ཡོད་ཅིང་། དེ་ནི་སྒར་ནས་སྤྱི་ལེ་བཞི་ཙམ་གྱི་མཚམས་སུ་ཆགས་འདུག སྔ་དྲོ་ཆུ་ཚོད་བཅུ་དང་ཕྱེད་ཀ་ཙམ་གྱི་ཚོད་དུ་ངེད་ཅག་དུར་ཁྲོད་ཀྱི་མདུན་དུ་སླེབས་ཤིང་། གྲོགས་པོ་ཀུན་འཕྲིན་ལགས་སྔར་དུར་ཁྲོད་འདིར་ཕེབས་མྱོང་ཡོད་པས། དུར་ཁྲོད་ཀྱི་འདབས་རོལ་ཏུ་རླངས་འཁོར་ལས་བབས་པ་ནས་བཟུང་། ཁོས་གྲོགས་པོ་རྟ་མགྲིན་རྒྱལ་དང་ངེད་གཉིས་ལ་དུར་ཁྲོད་འདིའི་ཁྱད་ཆོས་སོགས་ངོ་སྤྲོད་བྱེད་ཞོར་དུ་རྐང་པ་བརྒྱབ་ནས་སོང་་ཡིན།

 

དང་པོ། བླ་རུང་སྒར་གྱི་དུར་ཁྲོད་ཆེན་མོའི་ངོ་སྤྲོད་མདོར་བསྡུས།

དུར་ཁྲོད་འདི་ནི་རི་བོ་ཆེར་མི་གཟར་བ་ཞིག་གི་ངོས་སུ་ཆགས་ཡོད་ཅིང་། མིང་དངོས་ལ་དུར་ཁྲོད་རོལ་བའི་དཀྱིལ་འཁོར་ཟེར། དུར་རྡོ་ལྟ་བུ་ལས་གཞན་མིའི་བཟོ་སྐྲུན་སོགས་ཅི་ཡང་མེད་པའི་བོད་ཡུལ་གྱི་དུར་ཁྲོད་གཞན་པ་དང་མི་འདྲ་བར། འདིར་མཁན་པོ་འཇིགས་མེད་ཕུན་ཚོགས་ཞལ་བཞུགས་པའི་སྐབས་སུ་སྐུ་དངོས་ཀྱིས་ཐུགས་བཀོད་དང་སྣེ་ཁྲིད་གནང་་ལྟར་ཨར་ལས་བཟོ་སྐྲུན་ཡང་མང་དུ་གནང་དང་གནང་བཞིན་འདུག རླངས་འཁོར་འཇོག་སའི་ཐང་ཆེན་ནས་ཕར་བལྟས་པ་ན། དྲང་ཐད་ཀྱི་གོང་སྟོད་དུ་གཤིན་རྗེ་ཆོས་རྒྱལ་གྱི་ཁ་ཆེས་ཆེར་གདངས་པའི་བཟོ་དབྱིབས་ཀྱི་མཆོད་ཁང་ཞིག་ཡོད་ཅིང་། དེའི་ནང་རོལ་གྱི་གྱང་ངོས་ཐམས་ཅད་ཐོད་སྐམ་གྱིས་བར་གསེང་མེད་པར་བརྒྱན་འདུག་ལ། ལྟས་པ་ཙམ་གྱིས་འཇིགས་ཡེར་བ་ཞིག་ཡིན་ཡང་ཞིབ་ལྟ་བྱས་པ་ན་མི་མགོ་ཚང་མ་མི་ལག་བརྒྱུད་ནས་བཟོས་པ་ཤ་སྟག་རེད། སྒོའི་མདུན་ཐད་དུ་མཆོད་ཁྲི་ཞིག་ཡོད་པའི་སྟེང་དུ་མཆོད་མེ་ཅི་མང་སྒྲོན་ཡོད་ཅིང་། དེ་ནི་ཕྱོགས་ཡོང་གི་མཇལ་བ་དང་ལྷག་པར་ཉིན་དེར་བྱ་སྦྱིན་གཏོང་རྒྱུའི་བེམ་པོའི་བདག་པོ་རྣམས་ཀྱིས་དེ་རུ་མཆོད་མེ་ཕུལ་བ་ཡིན་འདུག  མཆོད་ཁང་འདིའི་མདུན་གྱི་ཁྱམས་རའི་ནང་དུ་སྟག་གཟིག་དང་བྱ་རྒོད་སོགས་འཇིགས་སུ་རུང་བའི་གཅན་གཟན་དང་རི་དྭགས། འདབ་ཆགས་སོགས་ཀྱི་འཇིགས་སུ་རུང་བའི་གཟིགས་དབྱིབས་གསོན་ཉམས་ལྡན་པ་སྣ་ཚོགས་བཟོས་ཡོད་པར་མ་ཟད། མི་གཅེར་བུ་ལུས་པོ་ཉིས་གུག་ལ་བླངས་ཤིང་མགོ་བོ་དང་སྐྲ་ལོ་སོགས་ཐུར་དུ་འཕྱངས་པའི་མི་རོ་ལྟ་བུ་ཡང་བཟོས་ཡོད་ལ། ལྷག་པར་དུ་ཟོག་ཟོབ་དེ་དག་གི་དཀྱིལ་དབུས་ཏེ། མཆོད་ཁང་གི་དྲང་ཐད་ཀྱི་སྨད་ཁྱམས་སུ་མི་དར་མ་ཞིག་གི་བེམ་པོ་དམར་རྗེན་གསོན་ཉམས་ལྡན་པ་ཞིག་གན་རྐྱལ་དུ་བསྙལ་བའི་ཟོལ་བཟོས་པ་སོགས་ནི་འཇིགས་སུ་རུང་བའི་དུར་ཁྲོད་ཀྱི་ཡུལ་དངོས་བཟོ་བཀོད་རེད། བར་ཁྱམས་དེའི་འོག་ཞབས་ནི་རླངས་འཁོར་འཇོག་སའི་ཐང་ཆེན་དང་། ཆོས་རྒྱལ་ལྷ་ཁང་གི་གཡོན་ཕྱོགས་སུ་ཐིག་ནག་ཆེན་པོ་ལྷ་ཁང་ལས་ཀྱང་མཐོ་བ་ཞིག་བཞེངས་ཡོད་ཅིང་། དེ་ནི་མིའི་སྐྲ་ལོ་ལྟ་བུའི་སྐྲ་སྐུད་ནག་པོའི་རིགས་མང་དུ་གཤིབ་ནས་བཟོས་པ་ཞིག་རེད། ཐང་ཆེན་གྱི་ནུབ་ཕྱོགས་སུ་མིས་བཟོས་པའི་བྲག་རི་སྔོ་སྐྱ་འཇིགས་སུ་རུང་བ་ཞིག་བཞེངས་ཡོད་པ་དེ་ནི་དུར་ཁྲོད་འདིའི་ཨར་ལས་ཁྲོད་ཀྱི་ཆེས་བརྗིད་ཉམས་ལྡན་པའི་འཛུགས་སྐྲུན་ཡིན་པ་དང་། འདིའི་བར་གསེང་ཀུན་ཏུ་སྣང་སྲིད་ལྷ་འདྲེའི་ཕུག་པ་དང་ཧེ་རུ་ཀའི་ཕུག་པ་ཟེར་བ་སོགས་མཚམས་ཁང་འགའ་རེ་ཡོད་ཅིང་། བྲག་རིའི་དབུ་རྩེ་ན་གཅོད་པ་བའི2གཅོད་གསུང་སའི་མཆོད་ཁང་ཡོད་ལ། དེར་རྒྱུན་ལྡན་གྱི་མཇལ་བ་རྣམས་སོང་མི་ཆོག་པར་འདུག ནུབ་ཀྱི་བྲག་རིའི་མདུན་ངོས་ཀྱི་བར་ཁྱམས་སུ་མཆོད་རྟེན་དཀར་པོ་ཆེ་ཆུང་རན་པ་ཞིག་བཞེངས་ཡོད་ཅིང་དེ་ནི་དུར་ཁྲོད་འདིའི་རྟེན་གཙོ་བོ་ཞིག་ཡིན་འདུག་ཅིང་། སྔར་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཞལ་བཞུགས་པའི་སྐབས་སུ་བཞེངས་པ་ཡིན་ལ། མཆོད་རྟེན་གྱི་དྲང་ཐད་ཞབས་འོག་གི་ཐང་ཆེན་ན་ཡོད་པའི་དུར་རྡོ་ཟད་པོ་ཤིན་ཏུ་རྙིང་བ་ཞིག་ཡོད་པ་དེ་གཉིས་ནི་མཁན་ཆེན་གྱི་ཐུགས་བཀོད་ནང་བཞིན་བཀོད་སྒྲིག་གནང་པར་ཤད། སྔར་གྱི་དུར་རྡོ་འདིའི་ཚབ་ཏུ་བཞེངས་པའི་ད་ལྟའི་བེམ་པོ་བྱ་སྦྱིན་གཏོང་ཡུལ་ནི་གོང་ནས་བཤད་པའི་མིས་བཟོས་བྲག་རིའི་གཡོན་ཟུར་དང་མི་མགོ་སྐམ་པོའི་མཆོད་ཁང་གཉིས་བར་གྱི་གྲུ་ཟུར་དུ་ཡོད་ཅིང་། དེའི་གམ་དུ་སླེབས་མ་ཐག་དམར་དྲི་དྲག་པོ་ཞིག་འཐུལ་འོངས་པས། དེ་ནི་ཕུང་བོ་བྱ་སྦྱིན་གཏོང་སའི་ར་བ་ཆེན་པོ་ཡིན་པ་ཤེས་ཐུབ། གྲུ་བཞི་ནར་མོའི་དབྱིབས་སུ་ཡོད་པའི་ར་བ་དེར་ཕལ་ཆེར་ས་མུའུ་ཕྱེད་ཀ་ཙམ་གྱི་ཆེ་ཆུང་ཡོད་ལ། ར་བའི་ཤར་ལྷོ་ནུབ་གསུམ་གྱི་ཕྱོགས་གསུམ་ནི་སོ་ཕག་གི་ར་བས་བསྐོར་ཡོད་ལ། མཐོ་དམའ་ནི་སྨི་གཅིག་དང་ཕྱེད་ཀ་ཙམ་ཡིན་ཞིང་། མདུན་སྒོ་ནི་ལྕགས་དྲ་ཞེང་ཆེན་པོ་ཅན་ཞིག་ཡིན། ར་བའི་བྱང་རྒྱབ་རི་ལ་བསྙེ་ཤིང་དེ་ནི་བྱ་རྒོད་རྣམས་ར་ནང་དུ་འབབ་ས་ཡིན་པས་སྨི་བཅུ་ཙམ་གྱི་རིང་ཐུང་ལ་ཕྱི་གྱང་མེད་ཅིང་། དར་རས་ཁྲ་བོའི་ཡོལ་བ་གྱང་གི་མཐོ་དམན་ཙམ་ཞིག་འཐེན་འདུག ང་ཚོས་དུར་ཁྲོད་འདིའི་སྒྲ་སྒམ་ལས་ཐོན་པའི་གདུང་དབྱངས་ཡིད་སེམས་དབང་མེད་དུ་རྨེང་བར་བྱེད་པའི་སྐྱོ་གཞས་ལྟ་བུ་ཞིག་གི་ཁྲོད་ནས་དུར་ཁྲོད་ཀྱི་གོང་སྨོས་བཟོ་བཀོད་ཡོངས་ལ་ཞིབ་མཇལ་བྱས་རྗེས་བླ་རུང་སྒར་དུ་མཆོད་མཇལ་ལ་སོང་བ་དང་། ཕྱི་དྲོའི་ཆུ་ཚོད་དང་པོ་ཙམ་ལ་བེམ་པོ་བྱ་སྦྱིན་གཏོང་རྒྱུ་ཡིན་པ་ཐོས།

གཉིས་པ། བེམ་པོ་བྱ་སྦྱིན་གཏོང་བའི་ཡུལ་དངོས་ཀྱི་ཐོག་མའི་མཐོང་ཐོས།

ང་ཚོ་སླར་ཡང་དུར་ཁྲོད་དུ་སླེབས་པའི་དུས་ནི་ཕྱི་དྲོའི་ཆུ་ཚོད་གཅིག་ཅུང་གཟུར་བ་ཙམ་རེད། ཉིན་འདིར་ཉི་མ་ཧ་ཅང་དྲོ་ཞིང་ནམ་མཁའ་རུ་སྤྲིན་པ་ལེབ་མོ་ཙམ་ཡང་མཐོང་རྒྱུ་མི་འདུག རྒྱ་མི་ལྟ་སྐོར་བ་རྣམས་སྔ་མོ་ནས་དེར་སླེབས་ཤིང་དུར་ཁྲོད་ཀྱི་གྲུ་ཟུར་གཅིག་ཀྱང་མ་ལུས་པར་ཞིབ་ལྟ་བྱེད་བཞིན་འདུག་ཅིང་། མཐར་བྱ་སྦྱིན་ར་བའི་དོ་དམ་པའི་བཀོད་འདོམ་ལྟར་གཡོན་ཟུར་གྱི་ཕྱི་མི་ལྟ་སྐོར་བ་འདུག་སའི་ཐེམ་སྐས་སྟེང་དུ་འཚང་ཀ་ཤིག་ཤིག་གིས་བཀང་འདུག་པ་ནི་དེའི་གོང་ན་ཡོད་པའི་བྱ་རྒོད་ཀྱི་ཚོགས་པ་དང་ཀུན་ནས་མཚུངས། སྐབས་འདིར་དུར་ཁྲོད་ནི་སྔ་དྲོ་ནང་བཞིན་ཧ་ཅང་དབེན་ཐེང་ངེར་མཆིས་པ་ཞིག་མ་ཡིན་པར་རྒྱ་བོད་ཀྱི་མཇལ་བ་དང་ལྟ་སྐོར་བ་བསྡོམས་པས་ཕལ་ཆེར་མི་གྲངས་ཉིས་བརྒྱལོངས་པ་ཙམ་ཞིག་ཡུན་གྱིས་དེར་འདུས་ཤིང་། དེའི་ཁྲོད་དུ་གཅོད་གསུངས་མཁན་གྱི་བཙུན་མ་ཉི་ཤུ་ལྷག་དང་སེར་མོ་བ་ཁ་ཤས་བཅས་ཡོད་པ་རྣམས་ཀྱིས་གོང་གསལ་མཆོད་རྟེན་དེར་གཡས་སྐོར་མང་ཙམ་བརྒྱབ་ནས་གྱང་སྐེ་རུ་འཕྲོ་རིམ་འཕྲོར་དཀྱིལ་གྲུང་གིས་བཞུགས་པའི་ཚུལ་དེ་ནི་ཉིན་འདིར་མི་སྐྱ་ཀུན་གྱིས་དོ་སྣང་བྱ་སའི་གཞི་གལ་ཆེན་ཞིག་ཏུ་གྱུར་འདུག ཡིན་ན་ཡང་ཁོང་རྣམས་ནི་ཉིན་འདིར་དུར་ཁྲོད་དུ་ཕེབས་ནས་གཅོད་གསུང་མཁན་ཡིན་པ་ལས་དུར་ལས་བྱ་མཁན་གྱི་གཅོད་པ་བ་དངོས་མ་རེད། སྐབས་དེར་བྱ་སྦྱིན་ར་བའི་གོང་སྟོད་ཀྱི་རི་ངོས་སུ་ནམ་ཞིག་ལ་འཕུར་འོང་བ་ཆ་མ་འཚལ་བའིབྱ་རྒོད་ཀྱི་ཁྱུ་ཚོགས་ཆེན་པོ་ཞིག་ནག་ཙོག་གེར་ཡོད་ཅིང་། མཁའ་དབྱིངས་སུ་ལྡིང་སྐོར་ཡང་ཡང་རྒྱག་བཞིན་པའི་ཕུབ་མ་ལྟ་བུའི་བྱ་ཚོགས་ནི་དེར་ཡོད་མཇལ་བ་ཀུན་གྱིས་དོ་སྣང་བྱ་སའི་གཞི་གཙོ་བོར་གྱུར། དེར་འདུས་པའི་ཐང་དཀར་རྒོད་པོ་རྣམས་ནི་སྒྲ་སྒམ་ལས་ཐོན་པའི་ཟབ་མོ་གཅོད་ཀྱི་གདངས་དབྱངས་སྙན་མོའི་ཁྲོད་ནས་རིམ་གྱིས་རི་བོའི་རྩེ་དང་བར་སྐེད་ཀྱི་ཐེམ་ཐོག་ཏུ་བབ་འདུག་པ་ནི་སྔ་རྗེས་ལྟར་གསོལ་སྟོན་ལ་ཕེབས་པའི་མགྲོན་པོ་རྣམས་ཀྱིས་སྟོན་ཁྱིམ་དུ་བསུ་རྒྱུར་སྒུག་འདུག་པ་དང་ཀུན་ནས་མཚུངས། དེ་རིང་འདིར་བབ་པའི་རྒོད་པོ་ཕལ་ཆེ་བ་ནི་ཐང་དཀར་རྒོད་པོ་ཡིན་ནའང་དབྱར་གྱི་དུས་ཚིགས་སོགས་སུ་དུར་ཁྲོད་འདིར་ཐང་ནག་ཀྱང་མང་དུ་འབབ་པར་བཤད་ཅིང་། སྤྱིར་གཅོད་ཡིག་རྣམས་སུ་དུར་ཁྲོད་དུ་འབབ་པའི་བྱ་རྒོད་ཀྱི་རིགས་ལ་ཐང་དཀར་དང་། ཐང་ནག ཐང་སེར། ཐང་སྨུག ཐང་སྔོན་བཅས་བྱ་རྒོད་ཀྱི་རིགས་ལྔ་ཙམ་ཡོད་པར་བཤད་ཅིང་། དེ་དག་ནི་མཁའ་འགྲོ་སྡེ་ལྔའི་སྤྲུལ་བ་ཡིན་པས། ཕུང་བོ་བྱ་སྦྱིན་གཏོང་བ་ནི་མ་དང་མཁའ་འགྲོ་ཚོགས་སྦྱིན་ཕུལ་བའི་འདུ་ཤེས་འཛིན་དགོས་པར་བཤད། དེ་རིང་འདིར་བབས་པའི་ཐང་དཀར་ལ་མཚོན་ན་ཕོ་མོའི་དབྱེ་བ་འབྱེད་དཀའ་ནའང་ལུས་པོང་ཅུང་ཆུང་བ་ནི་མོ་དང་། ལྟོས་བཅས་ཀྱིས་ལུས་བོང་ཆེ་བ་རྣམས་ནི་ཕོ་ཡིན་པར་འདུག ཕོ་མོ་གང་ཡིན་ཡང་སྤྱིར་ཐང་དཀར་གྱི་སྒྲོ་མདོག་ཕལ་ཆེར་སེར་སྐྱ་ཡིན་ཞིང་། གཤོག་པ་རྐྱང་བའི་ཚེ་ན་གཤོག་འོག་དང་སྐེ་གོང་ཐམས་ཅད་ནི་དཀར་ཅོག་གེར་ཡོད་ཅིང་། བརླ་གཉིས་ཀྱི་སྟེང་གི་སྤུ་ཆུང་རྣམས་ཀྱང་དཀར་པོ་ཡིན་པའི་རྐྱེན་གྱིས་ཐང་དཀར་ཀྱི་རིགས་ཡིན་པ་ཤེས་ལ། དེའི་སྐྱ་མདོག་གི་མཆུ་ཏོ་ནི་ལྕགས་ཀྱི་ཀྱོ་བ་རྣོན་པོ་ནང་བཞིན་རིང་ཞིང་རྩེ་མོ་ནང་དུ་ཀུག་ནས་ཡོད་ཅིང་། སྒྲོ་སྤུ་ཉུང་བའི་སྐེ་ཚིགས་སྤྱི་ཐེར་ནི་རིང་མནར་མནར་གྱིས་མཉེན་སྟོབས་ལྡན་པའི་ངང་ཕར་གཡོ་གྱེན་སློང་བྱེད་པའི་ཞོར་དུ་ཐུར་ལ་བསྲིངས་ཤིང་ལན་རེར་ཉིས་ལྟེབ་བྱས་ནས་རང་གི་སྒྲོ་བར་བསལ་བར་བྱེད་པ་སོགས་ཀྱི་རྣམ་འགྱུར་སྣ་ཚོགས་སྟོན་བཞིན་མཆིས། རྒྱང་རིང་ནས་བལྟས་ཚེ་ཐང་དཀར་གྱི་ཀླད་གོར་ཆུང་ལ་མིག་གོང་གཉིས་ནི་ནག་གོར་རེར་མཆིས། ཐང་དཀར་རྒོད་ཀྱི་སྡེར་ཁྱིམ་ནི་སྲ་ཞིང་མཁྲེགས་ལ་ཁོའི་མཆུ་ཏོ་ནང་བཞིན་སྡེར་མོ་རྣམས་ཀྱི་རྩེ་མོ་རྣོ་ཞིང་ནང་དུ་ཀུག་ནས་ཡོད་པ་དེས་ནི་བེམ་པོ་ལ་རོལ་བའི་སྐབས་སུ་ཤ་རུས་འཛིན་པ་དང་འཐེན་པ་སོགས་བྱེད་ཅིང་མཆུ་ཏོ་ལ་རོགས་རམ་གོ་ཆོད་མང་ཙམ་བྱེད་བཞིན་འདུག དེ་དག་ས་ངོས་སུ་འགྲོ་བའི་ཚེ་ན་རྒན་པོ་མཐིང་བོ་ཞིག་འགྲོ་བ་ནང་བཞིན་གཡས་གཡོན་གཉིས་སུ་གཡོ་བཞིན་གཡོ་བཞིན་འགྲོ་བ་དང་། ཐེམ་ཐོག་ཏུ་བབས་ཡོད་པའི་སྐབས་སུ་མི་རྒན་ཅིག་གིས་སློག་རྩག་གཡང་ཤམ་བྱས་ནས་ཙོག་པུར་སྡོད་པ་དང་ཀུན་ནས་མཚུངས། ཡུལ་མི་རྣམས་ཀྱི་ངག་རྒྱུན་དང་ལྷག་པར་དུ་གཅོད་པ་བའི་བཤད་རྒྱུན་ལྟར་ན། བྱ་རྒོད་རྣམས་ནི་མཁའ་འགྲོ་མའི་སྤྲུལ་བ་ཡིན་པར་བཤད་ཅིང་། ལན་རེར་རི་བྲག་གི་ཁོང་གསེང་སོགས་སུ་ངལ་གསོས་ནས་ཡོད་པའི་སྐབས་སུ་མིའི་གཟུགས་བརྙན་བསྟན་ནས་སྐེ་རྒྱན་ཁྲོལ་ལེར་ཡོད་པ་ཡུལ་མི་འགའ་རེས་དངོས་སུ་མཐོང་མྱོང་བར་ཡང་བཤད། ནམ་ཞིག་གི་ཚེ་ན་ཡུལ་འདིའི་དུད་ཁྲོད་ཅིག་ཏུ་གཅོད་པ་བས་གཡང་གཞི་ལ་གྲི་ཤད་བྱེད་བཞིན་པའི་སྒང་དེར་བྱ་རྒོད་རྣམས་ཤ་ལ་རྔམ་ནས་ལག་བར་དུ་འཛུལ་འོང་བས། ཁོའི་ལག་འཆོལ་ནས་རལ་གྲི་བྱ་རྒོད་ཅིག་གི་གཤོག་འོག་ཏུ་བརྡབ་པ་དང་། བྱ་རྒོད་དེ་སྐྲག་མ་དངངས་ཀྱིས་རལ་གྲི་དང་བཅས་མཁའ་རུ་འཕུར་སོང་བའི་ལོ་རྒྱུས་ཡོད་ཅིང་། རྗེས་སུ་གཅོད་པ་བ་དེ་ལྷ་སར་མཇལ་སྐོར་ལ་ཕེབས་སྐབས། ཉིན་ཅིག་ལ་དུད་ཁྱིམ་ཕལ་བ་ཞིག་ཏུ་སློང་མོར་སོང་པ་ན། བུད་མེད་རྒན་པ་ལག་མགོ་ན་རྨ་ཤུལ་ཡོད་པ་ཞིག་གིས་ཁོ་རང་ནང་དུ་བསུས་ནས་དྲོ་བྱིན་པ་དང་། ཁོས་བུད་མེད་དེའི་ཁྱིམ་དུ་སྔར་རང་གིས་དུར་ཁྲོད་དུ་བོར་བའི་རལ་གྲི་དེ་ཡོད་པ་ངོས་ཟིན་པས། རྒྱུ་མཚན་རྣམས་ཞིབ་ཏུ་དྲིས་ཚེ་མོ་རང་ནི་ནམ་རྒྱུན་བྱ་རྒོད་དུ་སྤྲུལ་ནས་དུར་ཁྲོད་སོ་སོར་འཕུར་བཞིན་ཡོད་པའི་མཁའ་འགྲོ་མ་མང་པོའི་གྲས་ཀྱི་གཅིག་ཡིན་པ་དང་། སྔར་རང་གིས་དུར་ཁྲོད་དུ་ལག་འཆོལ་ནས་མོ་ལ་གྲི་བརྡབ་པ་ཤེས་ཤིང་། ཁོ་མོས་དེ་མུར་འཁང་ར་མང་དུ་བྱས་ཤིང་། མཐར་གཅོད་པ་བས་སེམས་གཏིང་ནས་འགྱོད་བཤགས་ཕུལ་མཐར་མཁའ་འགྲོ་མས་ཀྱང་བཟོད་གསོལ་གནང་བའི་ལོ་རྒྱུས་ནི་ཡུལ་མི་ཀུན་གྱི་ངག་ན་རླུང་ལྟར་གྲགས་པར་མ་ཟད། བླ་རུང་སྒར་གྱི་དུར་ཁྲོད་ཆེན་མོའི་ཐང་ཆེན་གྱི་མཐའ་སྐོར་ན། ཁང་མིག་རེའི་ཆེ་ཆུང་ཙམ་ཡོད་པའི་རྡོ་ལེབ་ཆེན་མོ་དྲུག་ཙམ་གྱི་ངོས་སུ་གཏམ་རྒྱུད་དེའི་བརྒྱུད་རིམ་ཆ་ཚང་གསོན་ཉམས་ལྡན་པའི་རི་མོར་བརྐོས་ནས་ཡི་གེའི་གསལ་བཤད་དང་བཅས་བསླངས་ཡོད་པ་ལྟར་ན། དོན་རྐྱེན་དེ་ནི་དུས་རབས་བཅུ་དགུ་བའི་ནང་དུ་བྱུང་པ་དང་། སྐབས་དེའི་གཏེར་སྟོན་ཆེན་མོ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་སྟེ་སྒེས་ལི་གཏེར་སྟོན་ཚང་ལ་དེའི་དོན་རྣམས་ཞུས་པ་དང་། བླ་མས་གཅོད་པ་བར་བཀའ་བཀྱོན་གནང་ཚུལ་དང་རྗེས་སུ་འགྱོད་བཤགས་ཕུལ་ནས་སྡིག་བཤགས་བྱས་ཚུལ་སོགས་ཀྱི་ནང་དོན་ཡང་ཐོན་འདུག

 

གསུམ་པ། བེམ་པོ་བྱ་སྦྱིན་གཏོང་བའི་ཡུལ་དངོས་ཀྱི་མཐོང་ཐོས་དངོས།

དེ་ནས་ཆུ་ཚོད་གཉིས་པ་དང་སྐར་མ་བཅུ་ཙམ་གྱི་སྟེང་ནས་བེམ་པོ་དག་ཁྱིམ་བདག་རྣམས་ཀྱིས་རླངས་འཁོར་ལ་བཞག་ནས་འཕྲོ་རིམ་འཕྲོར་དུར་ཁྲོད་དུ་བསྐྱལ་འོང་བ་དང་། ཕྱར་བ་སྣ་ཚོགས་ཀྱིས་གཅུད་པའི་བེམ་པོ་རྣམས་ནི་རླངས་འཁོར་ལས་བླངས་རྗེས། གསར་བུ་སྟོབས་ཅན་གསུམ་བཞི་ཙམ་གྱིས་བཀྱགས་ནས་ཐོག་མར་གོང་ཏུ་བཤད་ཟིན་པའི་དུར་རྡོ་རྙིང་པ་དེའི་སྟེང་དུ་འཇོག་ཙམ་བྱས་རྗེས། དེའི་གོང་གི་ཐེམ་སྐེ་ལ་འགོས་ནས་མཆོད་རྟེན་གྱི་དྲུང་དུ་ཕྱིན་པ་དང་། དེར་གཡས་སྐོར་གསུམ་བརྒྱབ་རྗེས་ཐད་ཀར་དུ་བྱ་སྦྱིན་ར་བའི་ནང་དུ་ཁྱེར་ནས་འགྲོ་བ་རེད། དེ་རིང་སྤྱི་སྡོམ་པས་དུར་ཁྲོད་འདིར་ཁྱེར་ཡོང་བའི་བེམ་པོ་བཅུ་ཡོད་ཅིང་། དེའི་ཁར་བྱིས་པ་གཅིག་དང་རི་བོང་དཀར་པོ་གཅིག་བཅས་བཅུ་གཉིས་ཡོད། གོ་ཐོས་སུ་རི་བོང་དེ་ནི་རྒྱ་མོ་ཞིག་གིས་ཁྱེར་འོང་བ་ཡིན་ལ། སྤྱིར་བོད་པ་ཚོར་སྲོག་ཆགས་ཤི་བའི་རོ་ནི་མིའི་ཕུང་བོ་གཏོར་སའི་དུར་ཁྲོད་དུ་ཁྱེར་འོང་བའི་ལུགས་སྲོལ་མེད་པས། འདི་དག་ནི་བཀག་འགོག་བྱ་དགོས་པའི་གནས་ཡིན་པར་འདོད། དེ་ནས་ཅུང་ཙམ་འགོར་རྗེས་གཅོད་པ་བ་གཉིས་བྲག་སྟེང་གི་མཚམས་ཁང་ནས་མར་བབས་འོང་ཤིང་ཐད་ཀར་དུ་བྱ་སྦྱིན་ར་བར་ཕེབས་སོང་། ཁོང་གཉིས་ཀྱིས་དེར་ཡོད་ཀྱི་མི་ཀུན་དང་གཏན་ནས་མི་མཚུངས་པའི་དུར་ཆས་འཆམ་ལྭ་ལྟ་བུ་རེ་མནབས་ཡོད་ཡིང་། དེ་ནི་ཚོས་གཞི་དམར་པོའི་སྟེང་ན་ཐོད་སྐམ་སོགས་ཀྱི་རི་མོ་ཕབ་ཡོད་པའི་ལྭ་རིང་ཞིག་ཡིན་ལ། ཕྲག་ཁེབས་དང་བཅས་པ་ཡོད་པས་ནང་བའི་ཆོས་གཞུང་དུ་གསལ་བའི་ཚད་ལྡན་གྱི་གཅོད་པ་བའི་དུར་ལྭ་ཡིན་པར་ངེས། སྤྱིར་གཅོད་པ་བ་ནི་གཅོད་གསུང་བར་མཁས་ཤིང་དེ་འབྲེལ་གྱི་མཚམས་བཅད་དང་བསྙེན་པ་མང་པོ་ཕུལ་མྱོང་བ་ཞིག་ཡིན་དགོས་ལ། དེ་ལྟར་གཅོད་ཀྱི་ཉམས་ལེན་མང་པོ་གནང་མྱོང་བའི་དུར་ཁྲོད་ཀྱི་གཅོད་པ་བ་ཞིག་ཡིན་ཚེ། ཤི་བོའི་རྣམ་ཤེས་འདྲེན་རྒྱུ་དང་བེམ་པོའི་སྟེང་དུ་བྱ་འགུག་བྱས་ནས་ཉིན་དེར་བྱ་གྲངས་ཅི་ཙམ་འབབ་དུ་འཇུག་རྒྱུ་རྣམས་ནི་རང་ལག་ན་ཡོད་པར་བཤད། བེམ་པོ་དམར་རྗེན་ཁ་འོག་ཏུ་བསྟན་ནས་གྲལ་བསྒྲིགས་ཟིན་པ་རྣམས་ཀྱི་སྟེང་དུ་གཅོད་པ་བ་གཉིས་ཀྱིས་སྒྲ་སྒམ་ལས་ཐོན་པའི་གཅོད་ཀྱི་དབྱངས་འགྲོས་སྙན་མོ་དང་བསྟུན་ནས་ལག་གི་ཚོད་གཏུབ་ལེབ་ཆེན་གྱིས་གྲི་ཤད་བྱེད་པའི་མགོ་བརྩམས་བྱུང་། དེ་ཡང་ཐོག་མར་རྒྱབ་གཞུང་དུ་རྒྱ་གྲིམ་རེ་ཕབ་པ་དང་། དེ་ནས་ཕོང་ཤ་གཡས་གཡོན་དང་། ཉྭ་རྒྱུད་གཡས་གཡོན། ཕྲག་རྒྱབ་གཡས་གཡོན་བཅས་སུ་གང་མགྱོགས་ཀྱིས་རྡོ་རྗེ་རྒྱ་གྲམ་རེ་ཕབ་པའི་རྗེས་སུ། ཉྭ་རེ་རེའི་སྟེང་ནས་ཤ་ལྡོག་ལེབ་མོ་རེ་དྲས་ནས་རྐང་མཐིལ་བར་དུ་གཏུགས་རྗེས། རྒྱབ་སྟོད་ནས་ཕྱི་པགས་གྱེན་དུ་བཤུས་ནས་སྐེ་ཤ་དང་མཐར་མགོ་པགས་བཀོག་ནས་བེམ་པོའི་ངོར་འགེབ་པར་བྱེད། ཀླད་པ་ནི་ཆེས་སྲ་མཁྲེགས་ལྡན་པ་ཡིན་པས་ཚོད་གྲི་ལེབ་ཆེན་དེས་ཤུགས་ཀྱིས་བསྣུན་ནས་བསྣད་ཅིང་གཏུབ་པ་སོགས་ནི་བྱ་རྒོད་ཀྱིས་ཟ་བདེ་བའི་ཆེད་ཡིན་འདུག ལས་འདི་དག་བགྱི་བའི་སྐབས་སུ་སྒྲ་སྒམ་ནང་དུ་ཟབ་མོ་གཅོད་ཀྱི་གསུངས་ངག་དི་རི་རི་གྲགས་ཤིང་། ཊ་དྲིལ་གྱི་དཀྲོལ་སྒྲ་སི་ལི་ལིའི་དབྱངས་འགྲོས་དང་བསྟུན་ནས་རི་ངོས་སུ་བབ་འདུག་པའི་བྱ་རྒོད་རྣམས་ནི་གསོལ་སྟོན་ལ་འགྲམ་ཆུ་ལྡིང་བ་ནང་བཞིན་འདུག་མ་བཟོད་པར་བྱ་སྦྱིན་ར་བའི་མཐའ་བསྐོར་ཤིང་། འཚང་ཁ་ཤིག་ཤིག་གིས་རས་ཡོལ་གྱི་སྲུབ་ཀ་ནས་ར་བའི་ནང་དུ་མཆོངས་གྲབས་བྱེད་པ་ཡིན་པས། བེམ་པོའི་བདག་པོ་རྣམས་ཀྱིས་ལག་ཏུ་དབྱུག་པ་བཟུང་ནས་ར་མཐའ་སྐོར་བཞིན་བྱ་རྒོད་རྣམས་ཅི་ནུས་ཀྱིས་བཀག་འདུག གཅོད་པ་བ་གཉིས་ཀྱིས་བེམ་པོ་རེ་རེར་ཞིབ་ཚགས་ཀྱིས་གོ་རིམ་ཚང་བའི་གྲི་ཤད་བཏོད་ཚར་མ་ཚར་ཙམ་གྱི་སྐབས་སུ། བྱ་རྒོད་རྣམས་མ་ཁོག་པར་ར་བའི་ནང་དུ་ཧུར་གྱིས་མཆོངས་འོངས་ཤིང་བེམ་པོའི་སྟེང་དུ་མཆུ་ཏོ་ཡིས་ཡང་ཡང་གཙགས་ནས་འཕྲོག་རྩོད་ཀྱི་རྣམ་པས་ཟ་ལོག་བྱེད་ཅིང་། སྐར་མ་སུམ་ཅུ་ཙམ་གྱི་ཡུན་ལ་བྱ་རྒོད་སྟོང་ཁར་ལོངས་པ་ཙམ་གྱིས་བེམ་པོ་རྣམས་ཕལ་ཆེར་བཏོག་ཚར་ཤིང་ཤུལ་ཏུ་ལུས་པ་ནི་དཀར་སངས་སངས་ཀྱི་རུས་པ་ཁོ་ན་རེད། གཤིན་པོའི་བདག་པོ་ཁ་ཤས་ཀྱིས་བྱ་རྒོད་དེ་རྣམས་ཀྱིས་ཤ་ཁྲག་ལ་རོལ་ནས་ཡིད་མི་འཚིམ་པར་དོགས་པས་ཟོག་ཤ་གཞན་དག་ཟུར་ནས་ཁྱེར་འོངས་ཏེ་བྱ་སྦྱིན་ར་བར་གཏོར་ཤིང་བྱ་རྒོད་ཀྱི་འགུ་བཀང་བར་བྱེད། སྐབས་དེར་སྔ་མོ་ནས་ཕྱིར་མཚམས་ཁང་དུ་ཕེབས་ནས་གཅོད་དབྱངས་གསུང་བཞིན་པའི་གཅོད་པ་བ་གཉིས་སླར་བྱ་སྦྱིན་ར་བའི་ནང་དུ་ཕེབས་ནས་རུས་པ་རྣམས་ཤུགས་ཀྱིས་བཅགས་ཤིང་། ཁ་ཅིག་འཕྲུལ་འཁོར་དུ་ཡང་བཅུག་ནས་འཐག་སྟེ་བྱ་རྒོད་རྣམས་ལ་སྦྱིན་ཞིང་ཤུལ་ལུས་ལྷ་རོ་རྣམས་གཙང་དག་བཟོ་བཞིན་འདུག་ལ། སྲོལ་རྒྱུན་ལྟར་ན་ཐོག་མར་བྱ་རྒོད་ཀྱིས་བེམ་པོར་ཁ་མ་བཞག་པའི་སྔོན་དེར་ཀླད་ཞོ་ཟུར་དུ་བླངས་ནས་འཇོག་དགོས་པ་དང་། མཐར་ལྷག་ལུས་ཀྱི་རུས་ཚིགས་རྣམས་ལ་རྐུས་ནས་སྦྱིན་ན་བྱ་རྒོད་ཀྱིས་དེ་མུར་རུས་པ་དང་བཅས་ཟ་ངེས་ཡིན་ཟེར་ལ། དེ་དག་ཟོས་ཚར་རྗེས་སྙུང་གནས་སྲུང་མཁན་རྣམས་ཀྱིས་ཟས་ཀྱི་རྗེས་སུ་ཆབ་བླངས་པ་དང་མཚུངས་པར་ཉིན་དེར་བྱ་རྒོད་དེ་དག་གིས་ཟས་གཞན་ལ་མི་རོལ་བར་བཤད།

ཚོགས་སྦྱིན་ལ་ཕེབས་པའིམཁའ་འགྲོ་མརྣམས་ར་བ་ལས་ཕྱིར་ཐོན་ཏེ་ཁྲག་གིས་བརྫུས་པའི་མགོ་བོ་དང་མཆུ་ཏོ་སྤང་ངོས་སུ་འདྲུད་བཞིན་དུར་ཁྲོད་ཀྱི་རྒྱབ་རིའི་ངོས་སུ་ཡུན་གྱིས་འགོས་འགྲོ་བ་དང་། གང་འཚམས་ཀྱིས་གོམ་པ་ཉི་ཤུའི་ཡས་མས་ཙམ་ལ་འགོས་རྗེས། རིམ་གྱིས་ཕྱིར་འཁོར་ནས་ཁ་ཐུར་ཏུ་བསྟན་ཏེ་གོམ་པ་བཅུ་ཕྲག་ཙམ་ལ་རྒྱུགས་མཐར་ས་ངོས་དང་ཡུན་གྱིས་བྲལ་ནས་གཤོག་ལྡེབ་བྱེད་བཞིན་གནམ་འཕངས་བསྟོད་པའི་མགོ་རྩོམ་བཞིན་པ་ནི་གསོལ་སྟོན་ལ་ཕེབས་པའི་འགྲུལ་བ་རྣམས་གསོལ་སྟོན་གྲོལ་ནས་རང་ཡུལ་དུ་ལོག་འགྲོ་བ་དང་ཀུན་ནས་མཚུངས་ཤིང་། གོ་ཐོས་སུ་ཁོ་ཚོ་དེ་མུར་ཆུ་གཙང་པོའི་ཁར་བབས་ནས་ཁྲག་གིས་སྦག་པའི་མགོ་བོ་དང་མཆུ་ཏོ་སོགས་ལེགས་པར་བཀྲུས་རྗེས་རང་རང་གི་གནས་རིར་འཕུར་འགྲོ་བར་བཤད།

བཞི་བ། བེམ་པོ་བྱ་སྦྱིན་གྱི་རིག་གནས་བརྡ་འགྲེལ།

   སྤྱིར་བོད་པ་རྣམས་ཀྱི་ཕུང་བོ་དུར་འཇུག་གི་རིག་གནས་ནི་གཞུང་ལུགས་ཆ་ཚང་ཞིང་ནང་དོན་ཕུན་སུམ་ཚོགས་ལ་ཆོ་གའི་གོ་རིམ་གསལ་ཞིང་། བསམ་བློའི་མཚོན་དོན་སོགས་ཤིན་ཏུ་གཏིང་ཟབ་ཅིང་ཚན་རིག་དང་མཐུན་པའི་ཡུལ་སྲོལ་རིག་གནས་ཤིག་རེད། བོད་པའི་ཕུང་བོ་དུར་འཇུག་གི་གཞུང་ལུགས་ལ་གཤིན་རྩིས་ཟེར་ཞིང་དེ་ནི་བོད་པའི་རྩིས་གཞུང་གི་གྲུབ་ཆ་གལ་ཆེན་ཞིག་རེད། བོད་པ་རྣམས་ཀྱིས་གཞུང་ལུགས་དེ་རྨང་གཞི་བྱས་ཤིང་རང་རང་གི་ཡུལ་དུས་དང་ཡང་ཅུང་ཙམ་རེ་བསྟུན་ཏེ་གནའ་ནས་ད་བར་དུ་ཕུང་བོ་དུར་འཇུག་གི་ལག་ལེན་ལ་ཞུགས་བཞིན་ཡོད། སྤྱིར་མིའི་ཕུང་ཁམས་ནི་ས་ཆུ་མེ་རླུང་དང་ནམ་མཁའ་བཅས་འབྱུང་བ་ལྔ་ཡིས་གྲུབ་པའི་ངོས་འཛིན་གྱི་སྟེང་ནས་ཚེ་འདས་ཀྱི་བེམ་པོ་ཡང་ས་ཆུ་མེ་རླུང་སོགས་ལ་བཅོལ་བའི་ཡུལ་སྲོལ་མཆིས་ཤིང་། དེ་རེ་རེར་ཡང་ཆོ་གའི་གོ་རིམ་དང་། རིག་གནས་ཀྱི་བསྟན་དོན་ཕུན་སུམ་ཚོགས་པ་རེ་ཡོད་པས། བོད་པའི་དུར་འཇུག་གི་རིག་གནས་འདི་འཛམ་བུའི་གླིང་ན་སྐད་གྲགས་ཆེ་ཞིང་ཕྱི་ནང་གི་མཁས་པ་མང་པོས་དང་དོད་ཆེན་པོ་བྱེད་བཞིན་མཆིས་ལ། ལྷག་པར་དུ་རླུང་གཡེལ་ལམ་བྱ་གཏོར་གྱི་ལུགས་སྲོལ་འདི་ཐུན་མོང་མ་ཡིན་པ་ཞིག་དུ་ངོས་འཛིན་བཞིན་ཡོད་ཅིང་། དེར་ངོ་མཚར་བའི་ཞིབ་འབྲི་གནང་མཁན་དང་། ཟུར་མི་འདྲ་བའི་སྒོ་ནས་པར་རྒྱག་མཁན་དང་བརྙན་ལེན་མཁན་སོགས་གང་མང་མཆིས་ཤིང་། དེའི་ཁྲོད་དུ་གཏི་མུག་གི་དབང་གིས་ངན་བརྗོད་དང་འཁྱོག་བཤད་བྱ་མཁན་དང་། ཡང་ན་མ་ཤེས་པའི་ལོག་འགྲེལ་རྒྱག་མཁན་དང་། ལྷག་པར་དུ་ལྟ་རྒྱ་དང་མཐོང་རྒྱས་དབེན་ཞིང་རང་གི་རིག་གནས་ཁོ་ན་མཆོག་ཏུ་འཛིན་པའི་ལྟ་ངན་སྟེརང་ཉིད་ལྟེ་བར་འཛིན་པའི་རིང་ལུགསསོགས་ཀྱི་སྒོ་ནས་བཤད་བརྗོད་སྣ་ཚོགས་སྤེལ་མཁན་ཡང་མང་དུ་མཆིས་པས། གོང་དུ་རང་གི་མཐོང་ཐོས་མྱོང་གསུམ་དང་སྦྲགས་ནས་ཞིབ་བརྗོད་ཅུང་ཙམ་བྱས་པ་ཡིན།

སྤྱིར་ན་འཛམ་བུ་གླིང་གི་རྒྱལ་ཁབ་སོ་སོ་དང་མི་རིགས་རང་རང་ལ་འོས་མཐུན་གྱི་བེམ་པོ་དུར་འཇུག་གི་ཆོ་ག་རེ་ཡོད་ངེས་ཤིང་། དེ་ཡང་རང་རང་གི་ཡུལ་དུས་དང་མཐུན་པའི་རིག་གནས་ཤིག་ཏུ་གྲུབ་འདུག་ཕྱིན། དེར་ཆོ་གའི་གོ་རིམ་གསལ་མིན་དང་རིག་གནས་ཀྱི་བསྟན་དོན་ཡོད་མེད། སྤྱི་ཚོགས་འཕེལ་རྒྱས་ཀྱི་གེགས་སུ་གྱུར་ཡོད་མེད་སོགས་ལ་ཞིབ་འཇུག་བྱ་རྒྱུ་ལས། དེའི་བཟང་ངན་དང་མཆོག་དམན་གྱི་ཁྱད་པར་འབྱེད་རྒྱུ་ཧ་ཅང་ཁག་པོ་ཡིན་ཞིང་། དེ་ལྟར་འབྱེད་པའི་དགོས་བ་ཡང་མ་མཆིས་ཤིང་། སུས་ཀྱང་རང་རང་གི་ཡུལ་སྲོལ་དེ་ནི་མཆོག་ཏུ་གྱུར་བ་ཞིག་ཡིན་པར་འདོད་འདུག་པ་གདོན་མི་ཟ།

བོད་པ་རྣམས་ཀྱིས་མིའི་ཕུང་བོ་ནི་འབྱུང་བ་ལྔ་ལས་གྲུབ་པའི་དབང་གིས་སླར་ཡང་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔ་ལ་ཐིམ་དགོས་པར་འདོད་ཅིང་། དགོངས་པ་དེ་ནི་བོད་མིའི་དུར་འཇུག་གི་བསམ་བློའི་རྨང་གཞི་རེད། དེ་ཡང་བེམ་པོ་ས་ལ་བཅོལ་བའི་ཚུལ་ནི་བོད་བཙན་པོའི་དུས་སུ་དར་ཁྱབ་ཆེ་བར་མངོན་ཏེ། འཕྱོངས་རྒྱས་ན་ཡོད་པའི་བོད་ཀྱི་བཙན་པོ་རིམ་བྱོན་གྱི་བང་སོ་རྣམས་ལས་ར་ལེགས་པོར་འཕྲོད་ཐུབ་པ་དང་། དེ་མིན་བོད་བཙན་པོའི་དུས་སུ་བཏབ་པའི་བང་སོ་ནི་བོད་ཡུལ་གྱི་ས་གནས་སོ་སོ་རུ་མཐོང་ཐུབ་པ་སྟེ། དཔེར་ན་མཚོ་སྔོན་གྱི་ཏུའུ་ལན་ན་ཡོད་པའི་བཙན་པོའི་དུས་ཀྱི་བང་སོ་སོགས་ད་ལྟ་སྔོག་འདོན་དང་ཞིབ་འཇུག་བྱ་བཞིན་པའི་སྒང་ཡིན་པ་ལྟ་བུ་རེད། དེ་ལས་ཀྱང་སྔ་བའི་ས་དུར་ནི་རྡོ་ལེབ་ཀྱི་སྒམ་བསྒྲིགས་པ་དང་ཤུག་པའི་སྒམ་བཟོ་བ། ཡང་ན་རྫ་བུམ་ལྟ་བུར་བཅུག་ནས་དུར་རྫས་གཞན་དང་མཉམ་དུ་སར་བཅོལ་བའི་སྲོལ་ཡོད་པ་གནའ་རྫས་རྟོགས་དཔྱོད་པ་རྣམས་ཀྱི་ངག་ན་རླུང་ལྟར་གྲག་བཞིན་ཡོད་པ་དེ་ལྟར་ཡིན་ལ། སྲོལ་རྒྱུན་དེའི་དབང་གིས་དུས་ད་ལྟའི་བར་དུ་མཚོ་སྔོན་ཤར་ཕྱོགས་ཀྱི་གྲོ་ཚང་དང་ཁྲི་ཀ་སོགས་བོད་རིགས་ས་ཁུལ་ཁག་ཅིག་ཏུ་ད་ལྟ་ད་དུང་བེམ་པོ་ཤིང་གི་ཟ་མ་ཏོག་ཏུ་བཅུག་ནས་ས་ལ་བཅོལ་བའི་སྲོལ་རྒྱུན་དེ་མ་ཉམས་པར་རྒྱུན་སྐྱོང་བཞིན་ཡོད་པ་དང་། དེ་ཡང་བོད་རང་གིའབྱུང་རྩིསཀྱི་ལག་ལེན་ལྟར་དུར་འཇུག་གི་ཆོ་ག་ཆ་ཚང་སྒྲུབ་བཞིན་ཡོད་པ་ལྟ་བུ་རེད། ཆུ་ལ་བཅོལ་བའི་ཚུལ་ཡང་བོད་དུ་གནའ་ནས་དར་ཡོད་པར་མངོན་ཏེ། ལོ་རྒྱུས་དེབ་ཐེར་སྔ་གྲས་རྣམས་སུསྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བཏབ། །མཚོ་ལ་ཁ་བ་བབས་པ་འདྲའོ་སྐད། །ཅེས་བོད་ཀྱི་བཙན་པོ་རིམ་བྱོན་ལས་ཆུའི་སྡེ་བརྒྱད་དེ་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་བརྩིས་པའི་རྒྱལ་རབས་བཅུ་དྲུག་པ་ནས་ཉེར་གསུམ་བར་གྱི་བཙན་པོ་བརྒྱད་ཀྱི་བང་སོ་ནི་ཆུ་བོའི་གཞུང་ལ་བཏབ་ཚུལ་ཡི་གེར་འཁོད་ཡོད་ཅིང་། སྲོལ་རྒྱུན་དེ་ལྟ་བུའི་དབང་གིས་དུས་ད་ལྟའི་བར་དུ་བེམ་པོ་ཆུ་ལ་བཅོལ་བའི་སྲོལ་ཡང་མ་ཉམས་པར་ས་གནས་ཁ་ཤས་སུ་རྒྱུན་འཛིན་བྱེད་བཞིན་ཡོད་ཅིང་། དེ་ཡང་ལོ་སྙིང་དང་རྨེ་བ། སྤར་ཁ། ཚེ་འདས་རང་གི་འབྱུང་བ། འདས་སྐར་སོགས་ལ་གཞིགས་ནས་ཆུ་ལ་བཅོལ་དགོས་མིན་གྱི་འབྱུང་རྩིས་འདེད་པ་ཡིན་ལ། བེམ་པོ་བཅོལ་རུང་བའི་ཆུ་བོ་ཆེན་པོ་ཡོད་མེད་ཀྱི་ཕྱིའི་ཆ་རྐྱེན་ལ་ཡང་ལྟ་བཞིན་ཡོད་པ་གདོན་མི་ཟ། མེ་ལ་བཅོལ་བ་ནི་སྦྱིན་བསྲེགས་ཀྱི་ཆོ་ག་ལྟར་སྒྲུབ་བཞིན་པའི་བེམ་པོ་དོ་དམ་བྱེད་ལུགས་དེར་ཟེར་ཞིང་། དེ་ནི་གཙོ་བོ་བླ་མ་སྤྲུལ་སྐུ་སོགས་སྐྱེས་ཆེན་དམ་པའི་རིགས་ཀྱི་སྐུ་ཕུང་དེ་སྲོལ་རྒྱུན་གྱི་ཆོ་ག་ལྟར་སྦྱིན་བསྲེགས་བྱེད་པ་ཡིན་ལ། དེང་གི་དུས་སུ་མི་སྐྱ་ཕོ་མོ་སོགས་ཀྱང་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཆོ་ག་དེ་ལྟར་དུ་མེ་ལ་བཅོལ་ནས་སྦྱིན་བསྲེགས་བྱེད་པའི་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་ལྟ་བུ་རེད། གཞན་ཡང་སྤྲུལ་སྐུ་ཚོའི་སྐུ་ཕུང་དམར་གདུང་གི་རྣམ་པས་དོ་དམ་གནང་ལུགས་དང་། ཁ་ཅིག་འཇའ་ལུས་སུ་གྲུབ་ནས་མཁའ་སྤྱོད་དུ་གཤེགས་པ་དང་། ཡང་ན་རང་བསྲེལ་སྣ་ཚོགས་འབབ་པ་སོགས་ནི་དམ་པའི་ཆོས་ཀྱི་ཉམས་ལེན་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། ཕུང་པོ་རླུང་ལ་བཅོལ་བ་ནི་བྱ་གཏོར་རམ་རླུང་གཡེལ་ལ་གོ་ཞིང་། དེ་ནི་གོང་སྨོས་བྱ་རྒོད་རྣམས་ཀྱི་ཟས་སུ་ཕུལ་བ་དེར་ཟེར་ལ། རྒྱལ་ནང་གི་མི་རིགས་གཞན་གྱི་དུར་འཇུག་གི་སྲོལ་དང་གཏན་ནས་མི་འདྲ་བ་ཞིག་ཡིན་པས་ཀུན་གྱི་དོ་སྣང་བྱ་ཡུལ་གཙོ་བོར་གྱུར་ཡོད་ཅིང་། འགྲོ་བ་མིའི་རིགས་ཀྱི་སྤྱི་སྲོལ་དང་འགལ་ཚུལ་སོགས་ཀྱི་འབྲེལ་ལོག་ཀྱང་སྣ་ཚོགས་རྒྱག་བཞིན་ཡོད་མོད། བོད་པ་རང་ཉིད་ལ་མཚོན་ན་ལུགས་འདི་ཆེས་རྒྱུགས་ཆེ་ཞིང་རྒན་པོ་ཀུན་གྱི་ཡིད་སྨོན་འཆོར་ས་ཡིན་པར་མ་ཟད། ནང་བསྟན་གྱི་གདམ་པ་ཟབ་མོ་གཅོད་ལུགས་ཀྱི་ཆོ་ག་དང་དམ་དུ་འབྲེལ་ཞིང་། མི་རབས་མང་པོའི་བར་དུ་ཉམས་མྱོང་བསགས་ནས་ཕུང་པོ་བྱ་གཏོར་གྱི་གཞུང་ལུགས་ཆ་ཚང་གྲུབ་ཡོད་པ་རྣམས་ཡི་གེར་བཀོད་དེ་གཏན་དུ་ཕབ་ཡོད་པ་དང་། བྱ་རྒོད་དང་བེམ་པོའི་བར་གྱི་འབྲེལ་བ་ལ་ངོ་མཚར་བའི་བའི་བཤད་རྒྱུན་ཡང་སྣ་ཚོགས་ཡོད་ལ། དུས་ད་ལྟའི་བར་དུ་བྱ་གཏོར་གྱི་གོ་རིམ་རྣམས་དམངས་ཁྲོད་ན་མ་ཉམས་པར་ལག་ལེན་གནང་བཞིན་མཆིས་ན། རིག་གནས་ལྟོས་བཅས་སྨྲ་བའི་རིང་ལུགསལྟར་གོ་བ་བླངས་ཚེ་ཁོར་ཡུག་གཙང་སྦྲ་དང་། ལྷག་པར་དུ་འགྲོ་བ་མིའི་རིགས་ཀྱི་གཏོང་ཕོད་དམ་སྦྱིན་གཏོང་གི་གོམས་གཤིས་ཁྱབ་བརྡལ་དུ་གཏོང་བ་སོགས་ལ་ཕན་ནུས་རྒྱ་ཆེན་པོ་ཡོད་པར་མངོན།

མདོར་ན་ཁྱད་ཆོས་མངོན་པར་གསལ་བའི་བོད་པའི་དུར་འཇུག་གི་སྲོལ་རྒྱུན་གལ་ཆེན་ཏེ་ཕུང་བོ་བྱ་སྦྱིན་བྱེད་པ་འདི་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། ཆོ་གའི་གོ་རིམ་མངོན་པར་གསལ་ལ། གཞུང་ལུགས་དང་ལག་ལེན་ཕུན་སུམ་ཚོགས་པ་ལྡན་ཞིང་། དུས་ད་ལྟའི་བར་དུ་ཟམ་མ་ཆད་པར་བོད་རིགས་དམངས་ཁྲོད་དུ་རྒྱུན་འཛིན་བྱེད་བཞིན་པའི་ཡུལ་སྲོལ་གལ་ཆེན་ཞིག་ཡིན་པར་མ་ཟད། ཁོར་ཡུག་ལ་བཙོག་གྲིབ་མི་འབྱུང་པ་དང་ས་རྒྱ་མི་གཅོད་པ། མིའི་རིགས་ཀྱི་གཞན་ཕན་དང་སྦྱིན་པའི་འདུ་ཤེས་ཇེ་དྲག་ལ་གཏོང་ཐུབ་པ་སོགས་ཀྱི་ཕན་ནུས་བླ་ན་མེད་པ་ལྡན་ཕྱིན། ཤེས་ལྡན་རྣམས་ཀྱིས་ཡར་སྐུལ་གནང་རྒྱུ་དང་དེའི་དྲང་ཕྱོགས་ཀྱི་ནུས་པ་སྔོག་འདོན་གནང་ཅི་ཐུབ་བྱ་རྒྱུ་ཤིན་ཏུ་གལ་ཆེ།

 

སྤྱི་ལོ༢༠༡༧ལོའི་ཟླ༡༡པའི་ཚེས༡༧ཉིན་མགོ་ལོག་པདྨ་ནས་བྲིས་ཤིང་། ༢༠༡༩ལོའི་ཟླ༢པའི་ཚེས༡༥ཉིན་ཟི་ལིང་ནས་བསྐྱར་བཅོས་བྱས།


  1. ^ ༢༠༡༧ལོའི་སྤྱི་ཟླ༡༡པར་གྲོགས་པོ་སྟག་རིག་རྟ་མགྲིན་རྒྱལ་སོགས་དང་མཉམ་དུ་གསེར་རྟའི་དུར་ཁྲོད་དུ་ཡུལ་དངོས་རྟོགས་དཔྱོད་དུ་ཕྱིན་པ་དང་། དེ་གར་བཅར་འདྲི་དང་པར་རྒྱག་པ། བརྙན་ཐུང་ཕབ་པ་བཅས་ཀྱི་ལས་ཕྲན་བུ་ཙམ་བགྱིས།
  2. ^ དུར་ལས་བྱེད་མཁན་ལ་ཡུལ་འདི་རུ་གཅོད་པ་བ་ཟེར་ཞིང་། མགོ་ལོག་པདྨ་སོགས་སུའང་དེ་ལྟར་འབོད།
Sky and Water Burial cemetery Triga

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Gomé Gönpo Tséring (Trika)
Year published 2020
Language Tibetan , Standard Tibetan
Subjects
Places
UID mandala-texts-63416
DOI