དབེན་པའི་གནས་མཆོག་དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་གི་གནས་ཀྱི་བསྔགས་པ་མདོ་ཙམ་བརྗོད་པ་གཡས་འཁྱིལ་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
ཁྲི་ཀའི་བོད་འཕྲིན་ལས་བཏུས།
༄༅།། ན་མོ་གུ་རུ་ཨཱ་རྱ་ཏཱ་རེ་ཡ། རྒྱལ་ཀུན་བྱ་སྒྲུབ་ཡེ་ཤེས་ངོ་བོ་ཉིད།། རྗེས་ཆགས་ཟག་མེད་སྙིང་རྗེའི་འོད་ཞགས་སྐྱོངས།། དཔག་ཡས་མཛད་འཕྲིན་ཕུན་ཚོགས་དཔལ་མངའ་བའི།། བླ་མ་ལྷ་མཆོག་ཨཱརྱ་ཏཱ་རེ་མཆོད།།སྤང་རྟོགས་ཆ་ཤས་ཡོངས་རྫོགས་དཀྱིལ་འཁོར་ལས།། དགེ་ལེགས་འོད་སྣང་འབུམ་ཕྲག་རབ་འཕྲོ་བས།། ས་གསུམ་འགྲོ་བའི་རེ་བ་སྐོང་བའི་གཉེན།། ཟླ་མེད་སྟོན་པ་ཐུགས་རྗེ་ཅན་ལ་འདུད།། ཟབ་ཡངས་བློ་གྲོས་བཟང་པོའི་རྒྱ་མཚོ་ཆེར།། ཡོངས་རྫོགས་ཐུབ་བསྟན་ནོར་བུས་ཕྱུར་བུར་གཏམས།། གྲགས་སྙན་རླབས་ཕྲེང་གཡོ་བའི་ཙོང་ཁ་བ།། གངས་ཅན་ཤིང་རྟ་ཆེན་པོའི་ཞབས་ལ་འདུད།། རྒྱལ་དབང་བློ་བཟང་གྲགས་སྙན་རབ་འབར་བའི།། སྒྲུབ་བརྒྱུད་བསྟན་པའི་གསེར་གྱི་རྒྱལ་མཚན་མཆོག།། སྐྱེ་དགུའི་ཕན་བདེའི་གསོས་སུ་བསྐྲུན་པ།། གྲུབ་མཆོག་དམ་པའི་ཞབས་ལ་སྙིང་ནས་འདུད།། གསེར་ཞུན་ཅོད་པན་འཆང་བའི་རིང་ལུགས་ཀྱི།། ཆོས་མཆོག་བསྟན་པ་འཛིན་ཅིང་སྤེལ་བ་ལ།། རྒྱ་ཆེན་འཕྲིན་ལས་དབྱར་མཚོ་ལྟར་འཕེལ་བའི།། རྗེ་བཙུན་བླ་མའི་ཞབས་ལ་སྙིང་ནས་འདུད།། དགའ་ལྡན་སྒྲུབ་བརྒྱུད་བསྟན་པའི་པད་དཀར་རྒྱ།། ལེགས་གྲོལ་བཀྲ་ཤིས་དྲི་བསུང་འཁྱིལ་བ་ལ།། དབང་འབྱོར་ཐེག་ཆེན་བཤེས་གཉེན་དུ་མ་ཡིས།།ཞབས་སེན་འཁོར་ལོས་རྒྱས་བཏབ་གླིང་འདི་བསྔགས།། བློ་བཟང་སྙན་བརྒྱུན་བདུད་རྩིས་ལུས་སྟོབས་རྒྱས།། གུས་རྟག་བརྩོན་པའི་གཤོགས་རྩལ་རབ་རྫོགས་པའི།། ཐེག་ཆེན་བཤེས་གཉེན་གཞན་གསོས་དབང་བོ་ཡིས།། འབྱུང་གྱུར་ལུང་གི་སྙེ་མ་མཆུར་བཟུང་ནས།། དབེན་གནས་པདྨའི་ཚལ་འདིར་ལེགས་བྱོན་ཏེ།། དགའ་ལྡན་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་མཆོག། རྣམ་བཀྲ་ཤིས་པའི་ཏོག་ཅན་བསྐྲུན་པ་ན།། ཐེག་ཆེན་བཤེས་གཉེན་ཡེ་ཤེས་མཚན་ཅན་ཞབས།། དགྱེས་བའི་བསྔགས་བརྗོད་མེ་ཏོག་གླིང་འདིར་བབས།། ལྗོངས་འདིའི་འགྲོ་བའི་གཏམ་བདེ་སྲོག་གི་དཔྱིད།། རྒྱལ་རི་ལྷུན་ཆགས་ཤེལ་དཀར་སྟོད་གཡོགས་ཅན།། སྔོ་ལྗང་མརྒད་ཁུ་བས་ལེགས་བྲན་པས།། འོག་ལྤགས་ཤམ་ཐབས་གྱོན་པའི་ས་འཛིན་ལ།།ཁོར་ཡུག་རི་ཕྲན་དུ་མས་བསྐོར་བ་འདི།། ལུང་རྟོགས་ཡོན་ཏན་དཔལ་གྱིས་མངོན་མཐོ་པས།། ལམ་སྟོན་ཐེག་པ་མཆོག་གི་བཤེས་གཉེན་ཞབས།། བསམ་སྦྱོར་ཟུང་གིས་གུས་པས་ལེགས་བསྟེན་ན།། འདི་ཕྱིའི་འདུན་མ་དགུང་ལ་རེག་པའི་བརྡའ།། འཇིག་རྟེན་སྣང་བྱེད་ལྷ་ཡི་སྒྲོན་མེ་ཟུང་། ཤར་ཕྱོགས་ས་འཛིན་ཕྲག་ནས་འཆར་འཕྱི་བ།། ཀླུ་ཟླའི་གྲངས་ཀྱི་རྒྱན་ལྡན་ཆོས་སྒྲུབ་རྟེན།། རྙེད་དཀའ་དོན་ཆེའི་ངང་ཚུལ་བསམ་དགོས་བརྡའ།། དབྱར་གྱི་དཔལ་མོའི་ལང་ཚོའི་ཐེག་ལེ་ལ།། གྲང་རེག་ཁ་བའི་རྡུལ་གྱིས་བཅོམ་སྔ་བ།། གཅིག་བུར་དབེན་པར་གནས་པའི་ཐར་འདོད་ལ།། སྙིང་ནས་མི་རྟག་སྒོམ་ཞེས་བསྐུལ་བ་འདྲ།། གནོད་སྤྱིན་ཕྱོགས་ནས་ཤུགས་དྲག་ཉལ་འགྲོ་རྒྱུན།། གཅོང་རོང་དོགས་བོར་ལྷུང་ལྷུང་རྒྱུགས་པ་འདིས།། དགེ་བའི་སྲབ་བྲལ་དམུ་རྒོད་སེམས་ཀྱི་རྟ།། མུ་མེད་འཁོར་བར་འཁྱམས་པའི་ངང་ཚུལ་སྟོན།། སྣ་ཚོགས་རྐང་འཐུང་སྤུ་ལོངས་རབ་གཡོ་བས།། ས་འཛིན་ཡོལ་བ་མཐོན་པོས་སྒྲིབ་པ་འདིས།། སྲིད་ལས་ཐར་འདོད་ངེས་འབྱུང་གིས་བསྐུལ་ཏེ།། བསླབ་གསུམ་ཉམས་སུ་ལོངས་ཞེས་བསྐུལ་བ་འདྲ།། སྔོ་སངས་ཀུན་གསལ་བུ་མོའི་ཞལ་གྱིས་སྒོར།། ཚེམས་དཀར་ཆུ་འཛིན་འཁྲིགས་པའི་གདེངས་ཀ་ནས།། རླབས་ཆེན་གྲུ་ཆར་བྱེ་བ་བརྒྱ་འཇོ་བས།། གསེར་ལྡན་དགའ་མའི་ལང་ཚོ་སྤེལ་བ་འདིས།།ཀུན་སྙོམས་བྱམས་དད་ཤུགས་དྲག་སྙིང་རྗེ་ཆེ།། རྨད་བྱུང་བྱང་ཆུབ་སེམས་ཀྱི་བདུད་རྩི་མཆོག ། བློ་གྲོས་ཤེལ་གྱི་བུམ་པར་ལེགས་འཁྱིལ་བས།། སྐྱེ་དགུའི་ཕན་བདེ་སྤེལ་ཞེས་བསྐུལ་བ་འདྲ།། དབེན་གནས་དམ་པའི་རྒྱས་གྱི་ནམ་མཁའ་ལ།། གཉིས་སྐྱེས་འདབ་ཆགས་རྒྱལ་བའི་ཚོགས་འདུས་ནས།། ཕན་ཚུན་སྒྲོ་གཤོག་རྩལ་རྣམས་འགྲན་པ་ལྟར།། དལ་གྱིས་འཁོར་བཞིན་བླ་རུ་འགྲོ་བ་འདི།། སྐྱོན་བྲལ་ཚོགས་གཉིས་བཙན་པའི་དཔུང་ཤེད་ཅན།། ལུང་རིག་རྩལ་རྫོགས་ཟབ་མོའི་ཤེས་རབ་ཀྱིས།། མཐའ་བཞི་སྤྲོལ་བྲལ་དབུ་མའི་ནམ་མཁའ་ལ།། འདི་ལྟར་སྤྱོད་ཅེས་བསྐུལ་བ་གོར་མ་ཆག ། མདུན་ངོས་ཁོལ་སྙོམས་ཕུན་ཚོགས་འཛིན་མའི་དབྱིབས།། འདབ་མ་བདུན་ལྡན་ཆུ་སྐྱེས་བཞད་འདྲ་བ།། ལྟ་སྤྱོད་པདྨའི་སྦུབས་ལྟར་ལེགས་གཙང་བ།། ལྷ་ཆོས་བདུན་ལྡན་ཇོ་བོ་བཀའ་གདམས་པའི།། རིང་ལུགས་བཤེད་སྒྲུབ་རླབས་ཕྲེང་རབ་གཡོ་བ།། ཐུབ་བརྟན་འོ་མཚོ་གནས་འདིར་འཕེལ་བའི་བརྡའ།། བཅུད་ལྡན་གཡུ་ཡི་སྙེ་མ་ཡོངས་གང་བའི།། རབ་མཛེས་ཞིང་ས་དུ་མས་བརྒྱན་པ་འདི།། སྒྲུབ་བརྩོན་དམ་པ་རྣམས་ཀྱི་ཐུགས་རྒྱུད་ལ།། ཚེགས་མེད་ཉམས་རྟོགས་ཡོན་ཏན་འཁྲུངས་བའི་བརྡའ།། ཤར་ཕྱོགས་རི་བོ་རིམ་གྱིས་དམའ་བ་འདི།། རྣམ་གཡེང་ཉེར་འཚེ་གནས་འདིར་ཉུང་བའི་བརྡའ།། ཆུ་ལྷའི་ས་འཛིན་བརྟན་ཅིང་དཔངས་མཐོ་བ།། དྲན་ཤེས་བྱ་ར་ངང་གིས་བྱུང་བའི་བརྡའ།། དབེན་པའི་གནས་ཀྱི་མདུན་དང་གཡས་ཕྱོགས་སུ།། དར་དཀར་གྱེན་དུ་འཐེན་འདྲའི་ལམ་བཟང་འདི།། འཁོས་ཆུང་བྱ་བཏང་འདུལ་འཛིན་ཚོགས་རྣམས་ཀྱིས།། དད་ལྡན་སྐྱེ་བོ་ཕྱི་བཞིན་ལེགས་དྲངས་ཏེ།། འཇམ་དཔལ་སྙིང་པོའི་མདུན་སར་འགྲོ་བའི་བརྡ།། དབང་ཕྱོགས་རྒྱལ་པོའི་བཀའ་ཡི་ཡིད་བཞིན་ནོར།། སྤྱི་བོར་བཅིངས་པའི་རྒྱལ་ཕྲན་དུ་མ་ཡིས།། འགྱུར་མེད་རྒྱལ་ཁྲིམས་གསེར་གྱི་ཐིག་ཤིང་གིས།། མཆོག་དམན་སྐྱེ་དགུའི་གཉའ་བ་མནན་པ་འདི།། ཐེག་མཆོག་ལམ་བཟང་སྒྲུབ་པའི་གང་ཟག་ལ།། ཕྱི་ནང་མི་མཐུན་གནོད་པ་བསྲུང་བའི་ཕྱིར།། མཐུ་ལྡན་བསྟན་བསྲུང་དམ་ཅན་རྒྱ་མཚོ་ཡིས།། ཕྱོགས་རྣམས་ཀུན་དུ་བྱ་ར་བྱས་པ་འདྲ།། དེ་ལྟར་ཕྱི་སྣོད་འཇིག་རྟེན་བཀོད་པ་ཡིས།། ཡོངས་རྫོགས་ལམ་གྱི་རིམ་པ་སྟོན་ནུས་པ།། དབེན་པའི་གནས་འདིའི་ཁྱད་པར་འཕགས་པའི་ཆོས།། རྨད་བྱུང་ཡོན་ཏན་དཔལ་དང་ལྡན་པའི་དབུས།། སྐལ་བཟང་རྣམ་སད་བྱེ་བ་རོལ་བའི་གནས།། ཆོས་ཀྱི་མཐོ་བ་ས་ལ་བབས་འདྲ་བའི།། རྣམ་བཀྲ་ཚོན་བརྒྱས་སྤྲས་པའི་ཁང་བཟང་ན།། མི་འཇིགས་སེང་ཁྲི་ས་སྲུང་དཀར་པོའི་སྟེང་།། དྲི་མེད་བློ་གྲོས་འདྲེན་བྱེད་སྟོང་གཡོ་ཞིང་།། མཁས་བཙུན་བཟང་པོའི་དགེ་ལེགས་དཔལ་ཡོན་ཅན།། བཤད་སྒྲུབ་རྒྱལ་མཚན་འཛིན་པའི་མཆོག་གྱུར་བ།། བཤེས་གཉེན་ལྷ་དབང་གཞོན་ནུ་ལྷམ་མེར་ཞུགས།། རྒྱལ་དབང་བློ་བཟང་མཁྱེན་བརྩེའི་གཏེར་ཆེན་པོ། ། སླར་ཡང་ངུར་སྨྲིག་འཆང་པའི་ཚུལ་བཟུང་བ།། ཁྲིམས་ལྡན་ཐར་འདོད་བསམ་ལས་འདས་པ་ཡི།། གཙུག་ནོར་གཏན་གྱི་སྐྱབས་གཅིག་སྤྲུལ་བའི་སྐུའི།། ལྷན་སྐྱེས་རྣམ་དཀར་མཛད་པའི་ཉི་འོད་ཀྱིས།། སྐལ་ལྡན་འགྲོ་ལ་ལམ་བཟང་སྟོན་བཞིན་བཞུགས།། རྒྱལ་ངོས་ས་འཛིན་ཆོས་དུང་དབྱིབས་ཅན་དང་།། སྲ་བརྟན་བྲག་རི་རྒྱལ་མཚན་སྒྲེང་འདྲ་འདི།། ཀུན་མཁྱེན་བློ་བཟང་རྒྱལ་བའི་མདོ་སྔགས་བསྟན།། བཤད་སྒྲུབ་ཟུང་གིས་འཛིན་ལ་ཟླ་བྲལ་བ།། སྐྱབས་མགོན་ཡབ་སྲས་སྐུ་ཕྲེང་རིམ་བྱོན་གྱི།། རྣམ་དཀར་མཛད་པའི་སྙན་པའི་སྒྲ་དབྱངས་ཀྱིས།། བྱང་ཕྱོགས་ཁྱོན་ཀུན་འགེངས་པས་རྟེན་འབྲེལ་དུ།། འཇིག་རྟེན་མེས་པོས་རིང་ནས་བསྒྲིག་གམ་སྙམ།། རིལ་བསྲེལ་རྣམ་བཞིས་ཕྱུར་བུར་ལེགས་གཏམ་བའི།། ཡབ་རྗེའི་སྐུ་བརྙན་མཐོང་བ་དོན་ལྡན་སོགས།། བྱིན་རླབས་གཟི་འོད་འབར་བའི་རྟེན་མཆོག་རྣམས།། ཡངས་བའི་རྒྱལ་ཁམས་བདེ་སྐྱིད་འཕེལ་བའི་དཔྱིད།། འགྱུར་མེད་བཀའ་ལུང་རྡོ་རྗེའི་རེ་ཁ་མཆོག།། སྤྱི་བོར་བཀོད་པའི་བསྟན་སྲུང་རྒྱ་མཚོའི་ཚོགས།། པདྨོའི་མཚོ་ལ་ངང་བ་རྩེན་པ་ལྟར།། མ་བོས་བཞིན་དུ་གནས་མཆོག་འདི་ན་བཞུགས།། ས་ལ་གནས་པའི་མཐུ་ལྡན་ཚོགས་རྣམས་ཀྱིས།། དགའ་བའི་བ་དན་དབྱིངས་སུ་སྒྲེང་བཞིན་དུ།། དབེན་གནས་རྟེན་གསུམ་དགེ་འདུན་སྡེ་རྣམས་ལ།། གཡེལ་མེད་བསྲུང་སྐྱོབ་བྱ་ར་བྱེད་བཞིན་བཞུགས།། ཛ་ཧུའི་བུ་མོ་གཞོན་ནུའི་རྗེས་འགྲོ་བའི།། ལྷུང་ལྷུང་དལ་གྱིས་འབབ་བའི་ཡོན་ཆབ་དང་།། དྲུག་ལྡན་བུང་བ་དགའ་བའི་རྩེ་འཇོ་རོལ།། འཇམ་མཉེན་ལོ་འདབ་རྒྱས་པའི་མེ་ཏོག་དང་།། དྲི་ལྡན་སྨན་སྣ་ལྷ་ཤིང་ཤུག་པ་སོགས།། བསང་བྱེད་ཤིང་སྣ་དུ་མའི་བདུག་སྤྲོས་དང་།། སྒྲིབ་བྱེད་མུན་པ་དྲུང་ནས་འབྱིན་མཛད་པ།། སྣང་བའི་མུ་ཁྱུད་ཟུང་གི་སྒྲོན་མེ་དང་།། ཚིམ་བྱེད་རོ་མཆོག་བརྒྱ་ཡི་དཔལ་ལྡན་པའི།། འབྲས་བཟང་གཡུར་དུ་ཟ་བའི་ཞལ་ཟས་དང་།། སྣ་ཚོགས་ལྗོན་པའི་གར་སྟབས་བསྒྱུར་བ་ལས།། སིལ་སིལ་སྒྲ་སྙན་འབྱིན་པའི་རོལ་མོ་རྣམས།། རྟེན་གསུམ་བླ་མ་དགེ་འདུན་སྡེ་རྣམས་ལ།། མ་བཅོས་རང་བྱུང་མཆོད་པའི་མཆོད་དམ་སྙམ།། རབ་མཛེས་སྤུ་སྡུག་བྱ་རིགས་དུ་མ་ཡིས།། སྐད་སྙན་གླིང་བུའི་འགྱུར་ཁུག་འབུམ་བསྒྱུར་བ།། གང་གི་ཐོས་འཛིན་བུ་གར་སོན་པས་མོད།། དགའ་དད་སྐྱོ་བ་འགྲན་བཞིན་ཅི་ཡང་འཕེལ།། ཁྱད་འཕགས་དབེན་པའི་གནས་འདིའི་ཉེ་འདབ་ན།། མཁས་མང་གདེངས་ཅན་བྱེ་བས་ཡོངས་བཟུང་བའི།། རྨད་བྱུང་ཆོས་སྡེ་ཟབ་ཡངས་རྒྱ་མཚོ་ཆེ།། བཤད་སྒྲུབ་ནོར་བུའི་མཛོད་ཀྱིས་ལེགས་པར་གཏམས།། གང་འདོད་ཡིད་ཀྱི་རེ་བ་སྐོང་བྱེད་པའི།། བསམ་འཕེལ་དབང་གི་རྒྱལ་བོ་ལས་ལྷག་གོ །། གནས་མཆོག་འདི་ཡི་རྨད་བྱུང་ཡོན་ཏན་མཛོད།། བས་མཐའི་འབྲོག་མགོན་ཆོམ་པོས་འཁྱེར་དོགས་ནས།། ཁོར་ཡུག་ས་འཛིན་འཕྲེང་བས་ཡོངས་བསྐོར་འཚམས།། ཉམས་ལྡན་ཕྱག་རྒྱ་དལ་གྱིས་བསྐོར་བ་འདྲ།། ས་ལ་བཀྲ་ཤིས་དགེ་མཚན་བྱིན་ཆགས་ཤིང་།། བར་སྣང་བཀྲ་ཤིས་རྟགས་ཀྱི་རི་མོ་བསྐོར།། མཁའ་ལ་བཀྲ་ཤིས་སྤྲིན་དཀར་བླ་རེ་ཅན།། དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་འདི་བསྔགས།། བློ་བཟང་མཁྱེན་བརྩེའི་སྣང་བ་ཁོང་ནས་བཞད།། དགེ་ལེགས་འོད་སྟོང་ཕྱོགས་བཅུ་རབ་འཕྲོ་བས།། བཤད་སྒྲུབ་བསྟན་པའི་སྦྲང་རྩིའི་རྒྱལ་མཚན་ཚལ།། རྒྱས་མཛད་ཡབ་རྗེ་བསྐལ་བརྒྱར་ཞབས་བརྟན་ཤོག ། བློ་ཆེན་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་རྒྱས།།ཚུལ་མཐུན་ཁྲིམས་ཀྱི་རི་དྭགས་མཚན་མའི་སྤྲས།། ཟག་མེད་བསམ་གཏན་འོད་དཀར་ཕྲེང་བ་ཅན།། མཆོག་སྤྲུལ་ཟླ་བ་གཞོན་ནུ་རྒྱལ་གྱུར་ཅིག ། ཕ་རྒོད་རྒྱལ་བ་གཉིས་པའི་མདོ་སྔགས་བསྟན།། རྩེ་གཅིག་ཉམས་སུ་ལེན་ལ་རབ་བརྩོན་ཞིང་།། ངུར་སྨུག་རྒྱལ་མཚན་འཆང་བའི་བཤད་སྒྲུབ་སྡེ།། གངས་རིའི་ཁྲོད་འདིར་འཕེལ་ཞིང་རྒྱས་གྱུར་ཅིག ། འཁོར་བའི་བདེ་འབྱོར་སྲིན་མོའི་བསླུ་བྲིད་ལ།། ནམ་ཡང་མ་ཆགས་ཐར་བ་དོན་གཉེར་བློས།། རྣམ་དག་བསླབ་གསུམ་ཉམས་ལེན་མཐར་ཕྱིན་ནས།། སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམ་གྱུར་ཅིག། བརྒྱ་ཕྲག་དུ་ཁཿ་མནར་བའི་འགྲོ་བ་ཀུན།། སྒྲོལ་ཕྱིར་བླ་མེད་བྱང་ཆུབ་སེམས་བསྐྱེད་ཞིང་།། རླབས་ཆེན་རྒྱལ་སྲས་སྤྱོད་པ་ཡོངས་རྫོགས་ཏེ།། ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག། རྒྱུ་དང་རྐྱེན་ལས་བྱུང་བའི་འཁོར་འདས་ཆོས།། མིང་བརྡས་བཏགས་ཙམ་མ་གཏོགས་ཡུལ་སྟེང་ན།། རང་ནས་གྲུབ་པ་རྡུལ་ཙམ་མ་མཆིས་པའི།། སྟོང་གསལ་ཆོས་སྐུའི་རང་ཞལ་མྱུར་ཐོབ་ཤོག། བླ་མེད་སྐུ་གསུང་གོ་འཕང་ཡིད་བཞིན་ནོར།། སྐད་ཅིག་ཉིད་ལ་སྩོལ་མཛད་ལམ་གྱི་ཕུལ།། འཇམ་མགོན་རྒྱལ་བོའི་སྙན་བརྒྱུད་ལས་འོངས་པའི།། ཟབ་ལམ་རྡོ་རྗེའི་རིམ་པ་མཐར་ཕྱིན་ཤོག། བདག་ཀྱང་དེང་ནས་བྱང་ཆུབ་སྙིང་བོའི་བར།། དལ་འབྱོར་རྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ།། མཚན་ལྡན་ཐེག་མཆོག་བཤེས་དང་མི་འབྲལ་ཞིང་།། ཐུགས་ཀྱི་བཞད་རྒུ་སྒྲུབ་པས་མཉེས་བྱེད་ཤོག། དེ་ལྟར་སྨོན་པའི་རྣམ་དཀར་དགེ་བའི་ཚོགས།། རྒྱལ་ཀུན་ཟག་མེད་ཐུགས་ཀྱི་ཀློང་སིམ་ཞིང་།། ཕན་བདེའི་རྫོགས་ལྡན་གསར་བའི་སྤྲིན་ཆེན་གྱིས།། འགྲོ་བའི་ཡིད་ཀྱི་ཚ་གདུང་གཞིལ་གྱུར་ཅིག། ཐུབ་བསྟན་སྙིང་བོ་འཇམ་མགོན་རིང་ལུགས་ཀྱི།། བཤད་སྒྲུབ་བསྟན་པའི་ཉི་མ་བྱེ་བ་བརྒྱས།། དགེ་ལེགས་འོད་སྣང་འགྲོ་ལ་འགྱེད་བཞིན་དུ།། ནམ་ཡང་མི་ནུབ་རིང་དུ་གནས་གྱུར་ཅིག། ཅེས་དབེན་པའི་གནས་མཆོག་དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་གི་གནས་ཀྱི་བསྔགས་པ་མདོ་ཙམ་བརྗོད་པ་གཡས་འཁྱིལ་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི་མདོ་སྔགས་ལམ་གྱི་རིམ་པ་ལ་སྒྲུབ་པ་སྙིང་བོར་འགྱིད་པའི་བྱ་བྲལ་བ་དགེ་སློང་བསམ་གྲུབ་རྒྱ་མཚོས་རབ་དཀར་ལྷ་རྫས་བཅས་བསྐུལ་མ་གནང་བ་བཞིན་སྤྲངས་པོ་བཅོལ་ཆུང་པ་ཨ་བྷྱ་མིང་ཅན་གྱིས་བྲིས་པ་དགེ་ལེགས་འཕེལ།།