གནས་བཤད་བཀྲ་ཤིས་གཡང་ཚིག་དུང་གི་སྒྲ་དབྱངས།   མཆོད་ༀ་ཨཱཿ ཧཱུྃ།   མཆོད་ༀ་ཨཱཿ ཧཱུྃ།  མཆོད་ༀ་ཨཱཿ ཧཱུྃ། གནས་ཆོས་དབྱིངས་དག་པའི་ཞིང་ཁམས་ནས།། ལྷ་ཆོས་སྐུ་ཀུན་ཏུ་བཟང་བོ་མཆོད།། ལྷོ་དཔལ་དང་ལྡན་པའི་ཞིང་ཁམས་ནས།། ལྷ་ལུང་སྐུ་ཐུགས་རྗེ་ཆེན་པོ་མཆོད།། གནས་བྱ་རྒོད་ཕུང་བོའི་རི་བོ་ནས།། ལྷ་བཅོམ་ལྡན་རྒྱལ་བ་ཤཀྱྰ་མཆོད།། གནས་གསང་བདག་དཔལ་རིའི་རྩེ་མོ་ནས།། ལྷ་ཨོ་རྒྱན་པདྨ་འབྱུང་གནས་མཆོད།། གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ནས།། ལྷ་དྲིན་ཆེན་རྩ་བའི་བླ་མ་མཆོད།། གནས་མེ་རི་འབར་བའི་དུར་ཁྲོད་ནས།། ལྷ་ཡི་དམ་ཞི་ཁྲོ་རབ་འབྱམས་མཆོད།། གནས་གཡུ་ལོ་བཀོད་པའི་ཞིང་ཁམས་ནས།། མ་རྗེ་བཙུན་འཕགས་མ་སྒྲོལ་མ་མཆོད།། ལྷོ་འཛམ་བུ་གླིང་གི་ས་ཆ་ནས།། སྐུ་སེང་ཆེན་ནོར་བུ་དགྲ་འདུལ་མཆོད།། རི་མ་ལ་ཡ་ཡི་དུར་ཁྲོད་ནས།། དཔལ་མ་ཧྰ་ཀ་ལ་ལྕམ་དྲལ་མཆོད།། སྤྲིན་དཀར་པོ་སེང་གེ་འགྱིང་སྟེང་ནས།། སྨན་ཨ་ནེ་གོང་མ་རྒྱལ་མོ་མཆོད།། གནས་རི་དགོན་གཉིས་ཀྱི་གོང་ཕུགས་ནས།། ངའི་ཨ་མའི་རྒྱུད་ཀྱི་སྲུང་མ་མཆོད།། ནང་གཞི་མགྲོན་གཉིས་ཀ་ཚོགས་ས་ནས།། ངའི་དགྲ་ལྷ་རྟ་ཐིགས་དཀར་པོ་མཆོད།། ཁྱིམ་ཕུགས་དང་ལྷས་རའི་ཕྱི་ནང་ནས།། གཡང་ལྷ་དང་ཟས་ལྷ་ནོར་ལྷ་མཆོད།། མི་སྐར་ཚོགས་འཇའ་ཚོན་སྒྲིག་འདྲ་ནས།། མི་རང་གི་ཕོ་ལྷ་དགྲ་ལྷ་མཆོད།། མཆོད་མཆོད་མཆོད་ལ་ཕ་ལྷ་མཆོད།། ཕ་ལྷ་ཕྲག་པ་གཡས་ནས་མཆོད།། མཆོད་མཆོད་མཆོད་ལ་མ་ལྷ་མཆོད།། མ་ལྷ་ཕྲག་པ་གཡོན་ནས་མཆོད།། མཆོད་མཆོད་མཆོད་ལ་ཞང་ལྷ་མཆོད།། ཞང་ལྷ་རོ་སྟོད་རྒྱབ་ནས་མཆོད།། མཆོད་མཆོད་མཆོད་ལ་རང་ལྷ་མཆོད།། རང་ལྷ་ཀླད་པའི་གཙུག་ནས་མཆོད།། དེ་རིང་ཁྲོམ་པའི་ཚོགས་ལྷ་མཆོད།། ཚོགས་ལྷ་རང་གི་སེམས་ནས་མཆོད།།ཟེར་བའོ།།    ཡ།  ད་ངའི་ལག་གི་དཀར་ཡོལ་ཁྱུང་གཤོག་ལྡེམ་པ་འདིའི་བྱུང་རིམ་ལོ་རྒྱུས་རེ་བཤད་ན། འདི་འབུད་ས་མི་མཐོ་འབུད་ས་དམའ།། འབུད་ས་རྒྱ་ནག་ཡུལ་ནས་བུད།། རྒྱ་ཁེ་བ་ཅན་གྱིས་བོད་ལ་བཙོང་ནས།། བོད་ཁ་བ་ཅན་གྱིས་ཆང་དཀར་ཉན་ཟིག། དགུང་སྔོན་གནམ་ལ་དཔེ་བླངས་ནས།། ཁ་ལ་འཁོར་ལོ་རྩིབས་བརྒྱད་བྲིས་ཡོད།། བར་སྣང་ཁམས་ལ་དཔེ་བླངས་ནས།། སྐེད་ལ་བཀྲ་ཤིས་རྟགས་བརྒྱད་བྲིས།། དོག་མོ་ས་ལ་དཔེ་བླངས་ནས།། ཞབས་ལ་པདྨ་འདབ་བརྒྱད་བྲིས།། ཕ་ཨ་ཁུས་ཉོ་དུས་རྟ་བརྒྱ་བྱིན་ཟིག། མ་སྲུ་མོས་ཉོ་དུས་འབྲི་བརྒྱ་བྱིན་ཟིག། བུ་རང་གིས་ཉོ་དུས་ལུག་བརྒྱ་བྱིན་ཟིག། འདི་གོང་ཆེན་ཞིག་མ་རེད་རྩ་ཆེན་ཞིག་རེད།། གངས་ཅན་བོད་ཀྱི་རྟེན་འབྲེལ་ཞུ་སྤྱད་རེད།། དེ་རིང་ཁྲོམ་པར་ཆང་བཞེས་འཇོག་སྤྱད་རེད།། ཟེར་བའོ།    ཡ།   འདིའི་ནང་གི་བདུད་རྩི་ཆང་གི་བྱུང་རིམ་ལོ་རྒྱུས་རེ་བཤད་ན། འདི་དང་པོ་ལྷ་ཡུལ་ཁམས་ལ་དར་ཟིག། ལྷའི་སྲས་མོ་ཨུ་མ་དེ་བས་བཙགས་ནས།། སྟོད་ལྷ་ཆེན་ཚངས་བ་དཀར་པོར་དྲངས་ཟིག། མིང་ལ་ལྷ་ཆབ་བདུད་རྩི་བཏགས་ཟིག། དེ་ནས་ཀླུ་ཡུལ་ཁམས་ལ་དར་ཟིག། ཀླུ་མོ་དུང་སྐྱོང་དཀར་མོས་བཙགས་ནས།། ཀླུ་རྒྱལ་གཙུག་ན་རིན་ཆེན་ལ་དྲངས་ཟིག། མིང་ལ་བདུད་རྩི་བསིལ་མ་བཏགས་ཟིག། དེ་ནས་གངས་ཅན་བོད་ལ་དར་ཟིག། ལྒ་སྐྱ་ལོ་སེང་ལྕམ་འབྲུག་མོས་བཙགས་ནས།། གླིང་སེང་ཆེན་ནོར་བུ་དགྲ་འདུལ་ལ་དྲངས་ཟིག། མིང་ལ་མྱོས་བྱེད་བདུད་རྩི་བཏགས་ཟིན།། དེ་ནས་སྟག་རིག་གྲོང་ལ་དར་ཟིག། དགུང་ཨ་སྔོན་སྤྲིན་གྱི་བང་རིམ་ནས།། ལྷོ་གཡུ་འབྲུག་སྔོན་མོས་ངར་སྐད་སྒྲོག་གི། གསེར་འོད་ཅན་གྱི་གློག་དམར་འཁྱུག་གི། བདུད་རྩི་བསིལ་མའི་སྦྲང་ཆར་འབབ་གི། ས་སྟག་རིག་རིན་ཆེན་གསེར་གཞོང་ནང་ནས།། འབྲུ་རིགས་སྣ་ལྔའི་ལོ་ཏོག་འཁྲུངས་གི། སྨན་བུ་མོ་སུམ་བརྒྱས་ཟོར་བ་བཟུང་ནས།། གྲོ་ཡག་གི་ཟེར་ནས་གླུ་རེ་ལེན་གི། སྟག་ཤར་བ་སུམ་བརྒྱས་ལག་བསྐྱོར་བསྐོར་ནས།། ནས་བཟང་གི་ཟེར་ནས་གླུ་རེ་ལེན་གི། སྡེ་གོར་མོ་ཡག་ལ་ཡ་མགོའི་མ་གི། ཤིང་ལྕང་སྡོང་ཅན་གྱི་གཡུལ་ཁའི་ནང་ནས།། རླུང་སྐྱི་བསེར་ཡག་གིས་དགུང་ལ་ཕྱར་གི། ས་གྲུ་བཞིའི་བང་མཛོད་ནང་ལ་ལེན་གི། རྒྱ་ཐབ་ཕྲ་མོའི་ཁྲི་ཐོག་ལ་ཕུད་ནས།། མཁར་ཟངས་བཀྲ་ཤིས་འཁྱིལ་བའི་ནང་ནས།། སྔོན་མོ་ཆུ་ཡི་རླངས་པས་བཙོ་གི། དམར་བོ་མེ་ཡིས་རྫོང་བ་བྱེད་གི། གཡུ་དོ་སྔོན་མོ་དགུང་ལ་མཆེད་གི། དྲི་ཞིབ་མངར་མོས་བར་སྣང་ཁྱབ་གི། བདུད་རྩི་ཆང་གི་ཐིགས་པ་དང་པོ།། དཀར་ཡོལ་འབྲུག་མའི་ནང་ལ་འབབ་གི། མིང་ལ་ནས་ཆང་ཞིམ་པོ་འདོགས་གི། འདི་ལོ་ལ་བསྙལ་བའི་ལོ་ཆང་ཁམ་པ།། ཟླ་ལ་བསྙལ་བའི་ཟླ་ཆང་བསིལ་མ།། དེ་རིང་ཉིན་མོའི་ཉིན་ཆང་གསར་བ།། ཕ་ཨ་ཁུས་འཐུང་ན་འབྱུང་གཞི་བདེ་གི། སྟག་ཤར་བས་འཐུང་ན་དཔའ་རྩལ་རྒྱས་གི། མ་སྲུ་མོས་འཐུང་ན་ཤ་མདངས་དཀར་གི། འདི་དང་བོ་རང་གིས་བཙོ་གི་སྐབས་སུ།། སྟོད་རྒྱ་གར་ཡུལ་གྱི་འབྲས་དཀར་བསྲེས་ཟིག། སྨད་རྒྱ་ནག་ཡུལ་གྱི་འབྲས་ནག་བསྲེས་ཟིག། བྲེ་སར་འབྲོང་གི་རྭ་སྣེར་བསྲེག་ཟིག། ཁ་དཀར་རྐྱང་གི་རྨིག་སྣེར་བསྲེས་ཟིག། དམར་ཡག་སྟག་གི་སྙིང་ཁྲག་བསྲེས་ཟིག། འདི་གླུ་ལེན་གར་རྩེད་བྱེད་པའི་ནང་མ་ཡིན།། སྡུག་མུན་པ་སེལ་གི་ཕྱི་མ་ཡིན།། མགོ་གསེར་ཏོག་ཅན་གྱི་དཔོན་ངོ་ལོན་གི། རྒྱུ་ནོམ་པ་ཅན་གྱི་ཁེ་ངོ་ལོན་གི། བཟང་ཁ་མཐུན་ཕྱོགས་ཀྱི་མི་ངོ་ལེན་གི། ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་ངོ་ལོན་གི། དེ་རིང་ཁྲོམ་པའི་དགའ་ངོ་ལོན་གི།  ཟེར་བའོ།།     ཡ།  ངའི་ལག་གི་ཁ་བཏགས་དཀར་པོ་འདིའི་བྱུང་རིམ་ལོ་རྒྱུས་རེ་བཤད་ན། རི་དུང་དཀར་སྒང་གི་གཡས་ཟུར་ནས།། དུང་གི་མཚོ་མོའི་གཡོན་ཟུར་ནས།། དུང་ལ་རིང་མོའི་ཁ་སྒང་ནས།། དུང་གི་ལུ་གུ་སྤུན་གསུམ་འཁྲུངས་ཡག་གི། དབྱར་གསུམ་ཆུ་དང་ཆར་བའི་བཅུད་ཡག་གི། དགུན་གསུམ་རླུང་དང་བསེར་བུའི་སྡེབ་ཡག་གི། ལུག་རྫི་བསོད་ནམས་ཅན་གྱིས་འཚོ་ཡག་གི། གཞོན་ནུ་ཆ་ལག་ཅན་གྱིས་འཛིན་ཡག་གི། བལ་ཐིག་ལྷད་མ་ལྷོད་ཀྱིས་བཀྱིགས་ཡག་གི། ཁེ་གྲི་གྲ་མ་གྲི་ཡིས་འབྲེག་ཡག་གི། ཨ་སེར་སྐྱེས་མགོ་ཅན་གྱིས་འཁེལ་ཡག་གི། འཐག་ལ་ར་གཞི་བཙུགས་བཙུགས་བྱས་ཟིག། ཟིན་སྐུད་ལི་གུ་ལྡིང་ལྡིང་བྱས་ཟིག། སྟག་མ་གློག་དམར་འཁྱུག་འཁྱུག་བྱས་ཟིག། འདིའི་ཁ་ཚར་གཡས་བའི་སྟེང་ལ།། གསེར་གྱི་བཀྲ་ཤིས་རྟགས་བརྒྱད་ཅིག་འཐགས་ཟིག། ཁ་ཚར་གཡོན་མོའི་སྟེང་ལ།། དངུལ་གྱི་གཡང་དྲུང་རང་འགྲུབ་ཅིག་འཐགས་ཟིག། འདི་ཁ་བཏགས་ཆུང་རུང་ལྷ་རྫས་ཡིན།། དེ་རིང་ཁྲོམ་པ་རྟེན་འབྲེལ་ཞུ་སྤྱད་ཡིན།། ཟེར་བའོ།    ཡ།   ད་གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་མངའ་འོག ས་པདྨ་འདབ་བརྒྱད་ཀྱི་གདན་སྟེང་། ཆུ་རྨ་ཆུ་དར་སྐུད་འདྲ་བའི་ཡངས་ཁུག་ན་ཡོད་པའི། གནས་གཡང་ཆགས་སྟག་རིག་ལྷ་སྡེ་དཀར་བོ་འདི་ལ་བསྟོད་པ་རེ་བཤད་ན། གནམ་དར་སྔོན་འདྲ་ཡི་འོག་ནས།། ས་དར་སྐྱ་འདྲ་ཡི་ཐོག་ནས།། ལྷོ་འཛམ་བུ་གླིིང་གི་ས་ཆ།། བོད་ཁ་བ་ཅན་གྱི་ཡུལ་ཁམས།། སྨད་མདོ་ཁམས་ས་ཡི་དཀྱིལ་འཁོར།། རི་སྲིན་པོ་གཉན་གྱི་ལྷ་མདུན།། བྲག་དཀར་པོ་ལྷ་ཡི་གཡས་ཟུར།། རྨ་ལྷ་ཆབ་སྔོན་མོའི་གཡོན་ཟུར།། ཤར་འཕྲང་དམར་ཡུལ་གྱི་ལུང་བ།། ཐང་གཡང་དྲུང་འདྲ་བའི་ལྟེ་བ།། གནས་གཡང་ཆགས་སྟག་རིག་ལྷ་སྡེ་ཡོད།། རྟ་ནོར་ལུག་རི་ལ་སྐྱིས་ས།། འབྲུ་སྣ་ལྔ་ཞིང་ལ་འདེབས་ས།། རྗེ་བླ་མས་མ་ཎི་གསུངས།། བན་སེར་མོས་ཀུན་རིག་འདོན་ས།། བུ་གཉེན་པོས་དཔའ་སྐད་འཐེན་ས།། མི་བཙན་པོས་ཁྲིམས་ཁ་ཞིབ་ས།། ཕྱུག་པོས་ལྷ་ཁང་བཞེངས་ས།། ཡ་རབས་ཀྱི་གཞི་མགྲོན་ཚོགས་ས།། དཀར་ནག་གི་དབྱེ་བ་འབྱེད་ས།། དགེ་སྡིག་གི་སྤང་བླང་བཤད་ས།། འདིའི་ཤར་གྱི་ཨ་མྱེ་སྲིན་པོ་དེ།། སེང་དཀར་མོས་གཡུ་རལ་ཕྲག་ནས་ངོམ་འདྲ།། ལྷོ་ཡི་བྲག་དཀར་སྤུན་གསུམ་དེ།། རི་དཀར་བོ་ཤེལ་གྱི་མཆོད་རྟེན་བཞེངས་འདྲ།། ནུབ་ཀྱི་ཨ་མྱེས་གཉན་ཐོད་དེ།། དགུང་ཨ་སྔོན་ལ་ཤེལ་གྱི་ཀ་བ་བཙུགས་འདྲ།། བྱང་གི་དམར་གདུང་རིང་མོ་དེ།། སྟག་དར་མའི་ལུས་ལ་འཛུམ་དྲུག་རྒྱས་ས།། རྒྱབ་རི་གླང་ཆེན་འགྱིང་འདྲ་བ།། ནུབ་བདག་རྡོ་རྗེ་འབར་བ་རེད།། བུ་དཔའ་བོ་སྐྱེས་པའི་བསོད་ནམས་རེད།། མདུན་ཐང་སྒོ་ཆེན་ཕྱེས་འདྲ་བ།། ནོར་ལོངས་སྤྱོད་འཛོམ་པའི་རྟེན་འབྲེལ་རེད།། འདིའི་གཡས་སུ་མཚོ་ཆུང་ནོར་བུ་ཡོད་གི། གཡོན་དུ་ཀླུ་ཕྱུག་མཚོ་མོ་ཡོད་གི། དཀྱིལ་ན་ཡན་ལག་བརྒྱད་ལྡན་གྱི་ཆུ་མགོ་རང་བྱུང་དུ་འབབ་པའི་ལྷ་སྡེ་དཀར་བོ་འདི་ནི་བདག་ཅག་གི་ཕ་ཡུལ་ཡིན་ནོ།།    ཡ།  དགོན་སྡེ་དང་བླ་སྤྲུལ་རྣམས་ལ་བསྟོད་པ་རེ་བཤད་ན། ལྷོ་ནུབ་གཉིས་ཀྱི་བར་མཚམས་སུ།། ཐིས་བ་བློ་བཟང་ཉི་མ་བཞུགས།། དགུང་ཉི་མ་གནམ་ནས་ཤར་བ་བཞིན།། འགྲོ་རིགས་དྲུག་མུན་པའི་རྒྱ་ལས་གྲོལ།། ཆོས་ཀུན་རིག་འདོན་པའི་ཆོས་གྲོགས་ལ།། རྙེ་ཐམས་ཅད་མཁྱེན་པ་དངོས་སུ་བཞུགས།། དགུང་ཉི་ཟླ་རེས་མོས་འོད་སྣང་གིས།། ཕྱིའི་འཇིག་རྟེན་གསུམ་གྱི་མུན་པ་སེལ།། རྙེ་ཐིས་བ་ཉི་ཟླ་ཁ་སྤྲོད་ཀྱིས།། འགྲོ་རིགས་དྲུག་སེམས་ཀྱི་མུན་པ་སེལ།། དཔལ་ཀུན་བཟང་ནོར་བུ་རྒྱ་མཚོའི་སྐུ།། ནངས་སྔ་མོའི་ཐོ་རེངས་སྐར་ཆེན་བཞིན།། དུས་སྙིགས་མའི་འགྲོ་ལ་དཔྱིད་དུ་ཤར།། དགོན་གཡས་གཡོན་དཔལ་གྱི་དཀྱིལ་འཁོར་དུ།། གསེར་ཏོག་ཅན་གྱི་འདུ་ཁང་ཡག་གི། དངུལ་ཏོག་ཅན་གྱི་བྱམས་ཁང་ཡག་གི། ལྕགས་རི་རིང་མོ་མཐའ་ནས་ཡག་གི། མ་ཎི་འཁོར་ལོ་བར་ནས་ཡག་གི། གོང་ན་ཁྲི་སྡེས་བསྟོད་པའི་བླ་མ་ཡག་གི། བར་ན་སྟོང་སྡེས་བསྟོད་པའི་དགེ་སློང་ཡག་གི། ཞོལ་ན་བརྒྱ་སྡེས་བསྟོད་པའི་བན་ཆུང་ཡག་གི། དེའི་ནང་ན་ཨ་ཁུ་ཆོས་གྲགས་ཀྱིས།། གསང་སྔགས་བདེ་ཆེན་གྱི་ཆོས་འཁོར་བསྐོར་ནས།། མར་གྱུར་སེམས་ཅན་ཆོས་སྦྱིན་གཏོང་གི། ཀླུ་བདུད་བཙན་གསུམ་གྱི་ཁ་གནོན་བྱས་ཏེ།། ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས་གི། རྒྱ་བོད་སོག་ཀུན་གྱི་སྡུག་བསྔལ་སེལ་གི། ཁོང་དཔོན་སློབ་ཀུན་གྱི་ཞབས་བརྟན་དུ།། ཆོས་མ་ཎི་འདོན་པའི་ལྷ་སྡེ་ལ།། ཤར་འཕྲང་དམར་སྡེ་དགུ་ཚོ་བཅུ་ཡོད་གི། ནང་སྒོས་སུ་སྟག་རིག་ཤོག་དྲུག་ཡོད་གི། ཆོས་དཀར་བོ་སྟོན་པའི་བླ་སྤྲུལ་ཚོ།། སྐུ་རི་རྒྱལ་བརྟན་པའི་སྨོན་ལམ་འདེབས།།  ཟེར་བའོ།     ཡ།  སྟག་རིག་ལྷ་སྡེ་དཀར་པོའི་རི་ཆུ་ནགས་གསུམ་ལ་བསྟོད་པ་རེ་བཤད་ན། ཕྱི་རྫ་རི་དཀར་བོ་གངས་ཀྱི་ར་བ།། ནང་རྫ་རི་སེར་བོ་གསེར་གྱི་ར་བ།། རི་འདོད་ཡོན་མནྜལ་དུང་དཀར་སྒང་།། ཁམ་ཆུང་ཤར་གདོང་རེ་ལུང་ནང་།། ཤར་གྱི་རི་གསུམ་ལུང་གསུམ་འདིའི།། རི་རེ་རེ་མགོ་ན་ལབ་ཙེ་རེ།། ལུང་རེ་རེའི་མདོ་ན་ཆུ་མགོ་རེ།། རྟ་ནོར་ལུག་གསུམ་གྱི་དགུན་ས་ཡིན།། བ་བོང་དྲེལ་གསུམ་གྱི་དབྱར་ས་ཡིན།། ལྷོ་ཀ་ཙེ་གདན་དཀར་བཏིང་འདྲ་ལ།། འབྲུ་མཛོ་མོའི་པ་ཊ་དཀྱིལ་ནས་ཡག་གི། ལུག་ཚེར་མོའི་གཡང་དྲུང་མཐའ་ནས་ཡག་གི། འདིའི་གཡས་ན་རི་སུལ་བརྒྱ་ཡིས་བསྐོར་གི། གཡོན་ན་རི་སུལ་སྟོང་གིས་བསྐོར་གི། མདུན་ན་རྒྱལ་རོལ་གཞུང་ཆུ་འབབ་གི། ཉིན་ཁ་ཚང་མ་ཤུག་པ་སྐྱེས་གི། ཕྱུགས་ཁྲ་ཁྲ་ལྷས་སུ་བསྐྱིལ་འདྲ་རེད།། སྲིབ་ཕྱོགས་ཚང་མ་གསོམ་པ་སྐྱེས་གི།། དགུང་སྔོན་པོར་ཀ་བ་རྩེང་འདྲ་རེད།། སྟག་པ་གཡེར་བ་སྐྱེར་བའི་ཤིང་གིས།། ཉིན་སྲིབ་བར་ནས་འཚང་ཁ་རྒྱག་གི། ཤིང་ཚ་རུའི་མེ་ཏོག་མཐོ་ན་ཡག་གི། ཨ་གར་མེ་ཏོག་ཉུང་ན་ཡག་གི། ཀླུ་རྡོ་ར་ནག་པོའི་ཆུ་མཛོད་ཁ་ནས།། ཆུ་མི་གཅིག་ཆུ་སྣ་བཅོ་བརྒྱད་བབས་ནས།། མཚོ་ཆུང་ནོར་བུ་གཡས་སུ་བསྐྱིལ་གི། ཀླུ་ཕྱུག་མཚོ་མོ་གཡོན་དུ་བསྐྱིལ་གི། མགོ་མང་ཆུ་བོ་འཕྲེད་དུ་འབབ་གི། གཡང་ལུང་ཆུ་ཁོལ་ཐུར་དུ་འབབ་གི། མཐའ་སྐོར་ནས་ཆུ་མིག་བརྒྱ་དང་བརྒྱད་འབབ་གི། ཡན་ལག་བརྒྱད་ལྡན་གྱི་ཆུ་མགོ་འདི་སྡེ་བ་འདིའི་དཀྱིལ་ནས་འབབ་གི།  ཟེར་བའོ།།    ཡ།  ད་སྟག་རིག་ལྷ་སྡེ་དཀར་བོ་འདི་ལ་ཁ་གཡང་རེ་བོས་ན། མི་ལ་ན་ཚ་མི་ཡོང་བའི།། ཚེ་དཔོག་མེད་པའི་བཀྲ་ཤིས་ཤོག། ཕྱུགས་ལ་གོད་ཁ་མི་ཡོང་བའི།། རྩྭ་ཆུ་འཛོམས་པའི་བཀྲ་ཤིས་ཤོག། ཞིང་ལ་ཐན་སྐྱོན་མི་ཡོང་བའི།། ཆར་ཆུ་དུས་སུ་འབབ་པའི་བཀྲ་ཤིས་ཤོག། ཁ་མཆུ་རྩོད་གླེང་མི་ཡོང་བའི།། ཕན་ཚུན་མཐུན་སྒྲིལ་ཡོང་བའི་བཀྲ་ཤིས་ཤོག། རྒན་པ་རྣམས་ཚེ་ཐག་རིང་བའི་བཀྲ་ཤིས་ཤོག། གཞོན་པ་རྣམས་འདབ་ལག་རྒྱས་བའི་བཀྲ་ཤིས་ཤོག། ཕྱི་ནས་དོན་འགྲུབ་པའི་བཀྲ་ཤིས་ཤོག། ནང་ནས་ཁ་འཆམ་པའི་བཀྲ་ཤིས་ཤོག། ལོ་ཡག་འབྲུ་དྲུག་སྨིན་པའི་བཀྲ་ཤིས་ཤོག། རྟ་ནོར་ལུག་གསུམ་འཕེལ་བའི་བཀྲ་ཤིས་ཤོག། ལྷས་ར་གོར་མོ་ཕྱུགས་ཀྱིས་གང་བའི་བཀྲ་ཤིས་ཤོག། མཛོད་ཁང་གྲུ་བཞི་ནོར་གྱིས་གང་བའི་བཀྲ་ཤིས་ཤོག། བསམ་པའི་དོན་འགྲུབ་པའི་བཀྲ་ཤིས་ཤོག། འདོད་པའི་རྩེ་བཀང་བའི་བཀྲ་ཤིས་ཤོག། བཀྲ་ཤིས་གཡང་དུ་འཁོར་བའི་བཀྲ་ཤིས་ཤོག།                  ཞེས་སྤྱི་ལོ་༢༠༠༦ལོའི་ཧོར་ཟླ་༡༢བའི་ཚེས་༨ཉིན་ཁྲི་ཀའི་གནས་ཁང་གྲུ་བཞིའི་ནང་དུ་སྦྱར་བ་དགེའོ།།རི་འདོད་ཡོནདཡིན་ནོ།། འི་རོད་ལ།སརི་འདོད་ཡོནདཡིན་ནོ།། འི་རོད་ལ།ས རི་འདོད་ཡོནདཡིན་ནོ།། འི་རོད་ལ།སmཌཌཌཌརི་འདོད་ཡོནདཡིན་ནོ།། འི་རོད་ལ།ས Tibetan Songs subjects 6326 For more information about this term, see Full Entry below.Subjects Oral GenresTibetan Oral GenresFull EntryRelated Subjects (30)Related Audio-video (396)Related Texts (1) Amdo subjects 1528 For more information about this term, see Full Entry below.Subjects Tibet and HimalayasBibliographic ClassificationTibetan and HimalayanReligionRegionTibetFull EntryRelated Subjects (1)Related Texts (1) Golok places 15885 For more information about this term, see Full Entry below.Feature Type DistrictPlaces EarthAsiaChinaSichuanKandzé Tibetan Autonomous PrefectureNyakchukhaFull EntryRelated Subjects (1)Related Places (1)Related Texts (2)