འཕྲང་དམར་ས་ཆའི་དམངས་ཁྱིམ་དུ་ཡོད་པའི་འབྲོག་ཐབ་ཀྱི་ཁྱད་ཆོས།    གོང་དུ་བརྗོད་པ་ལྟར་འཕྲང་དམར་ལུང་པའི་ཕུ་ནས་མདའ་རུ་བོད་སྡེ་རྐྱང་རྐྱང་གི་སྡེ་པ་བཅུ་གཉིས་མཆིས་པ། མ་མཐའ་ཡང་ཡུལ་དེ་རུ་གཞི་བཅས་ནས་བགྲང་བྱ་སྟོང་ཕྲག་གཅིག་ཙམ་ཕྱིན་ཅིང་། ཐོན་སྐྱེད་གཙོ་བོ་ཞིང་ལས་དང་ཞར་ལ་འབྲོག་ལས་གཉེར་ཕྱིར། ཐོན་སྐྱེད་ལས་སྒོའི་ཆ་ནས་འབྲོག་པ་དང་ཤིན་ཏུ་ཐ་དད་ཀྱང་། བགྲང་བྱ་ཤིན་ཏུ་རིང་པོའི་ནང་ལ་འབྲོག་པའི་ཆ་ལུགས་གཏན་ནས་མ་དོར་པར་མ་ཟད། དུས་ཀྱི་འཕོ་འགྱུར་ལས་འབྲོག་ཐབ་མང་ཤོས་འབྱུང་བཞིའི་བག་ལ་བསྟིམས་ཀྱང་། ཤིན་ཏུ་ཉུང་ཤས་ཤིག་ད་དུང་ཉར་འཇོག་བྱས་འདུག་ལ། འབྲོག་པ་ལ་བལྟོས་པས་ཀྱང་གཅེས་སྤྲས་ལེགས་པོ་བྱེད་པ་ལ་ཁྱད་ཆོས་འདི་དག་ཡོད་དེ།     གཅིག   ཁྱིམ་གྱི་ཐབ་ཀ་གཞན་པ་བཤིག་ཀྱང་འབྲོག་ཐབ་མི་བཤིག་པ།    ཁོ་བོ་བྱིས་པའི་དུས་སུ་མཐོང་བའི་མི་ཁང་མང་པོ་ཞིག་ནི་མི་ཟོག་གཉིས་ཀའི་གནས་ཡུལ་དུ་གྱུར་ཅིང་། མི་ཁང་གིས་ཁྱིམ་དེའི་གཞིས་ཀ་ཡོངས་ཀྱི་ལྔ་ཆའི་གཉིས་ཙམ་ཟིན་པའི་ཁར། ཁང་པའི་ཀླད་ཀྱི་རྒྱུག་རྣམས་ནི་ཤིང་བཤིགས་མ་ཞིབ་ལས་གང་ཡང་མ་བྱས་པས་གནའ་བོའི་བཟོ་ཉམས་ཤིན་ཏུ་གསལ་ཞིང་། རྒན་པ་རྣམས་ཀྱི་ངག་རྒྱུན་ལྟར་ན། ཁྱིམ་ཚང་མི་ཉུང་བ་ཞིག་གིས་ཁང་པ་ཞིག་གསོ་བྱེད་སྐབས་འབྲོག་ཐབ་མེད་པར་བཟོས་རྐྱེན། མི་ཤི་རྟ་འགྱེལ་སོགས་བཀྲ་མི་ཤིས་པ་བྱུང་བར་སྨྲ་ཞིང་། ད་ལྟ་ད་དུང་འབྲོག་ཐབ་གནས་སའི་མི་ཁང་ལ་སྔ་རྗེས་སུ་ཞིག་གསོ་ཆེ་ཆུང་མི་འདྲ་བ་བྱས་སྐད་ཀྱང་འབྲོག་ཐབ་ཉིད་མ་བཤིག་པར་སྔ་གྱི་སོ་ན་བཞག་འདུག་ཟེར། སྤྱིར་གནའ་དུས་སུ་ཁྱིམ་རེའི་མི་ཁང་ནང་དུ་འབྲོག་ཐབ་དང་། ཚ་ཐབ་བཅས་རེ་རེ་ཡོད་པ་ལས། ཚ་ཐབ་ནི་ཐབ་རྩིས་ལྟར་བཤིག་སྤོའི་ཆོ་ག་སྤེལ་རྗེས་གསར་དུ་བཟོས་ཀྱང་། འབྲོག་ཐབ་མ་བཤིག་པར་བཞག་པ་ནི། ཁྱིམ་དེའི་ཐོག་མའི་འབྱུང་ཁུངས་ལ་རྗེས་དྲན་ཞུ་བ་དང་། ཐབ་ཀ་དེ་ཁྱིམ་དེའི་མི་རབས་དུ་མའི་རིང་ལ་བརྒྱུད་ཡོང་བས་ཧ་ཅང་གཉན་པར་བརྩི་བའི་རྟགས་སུའང་འཁུམས་སོ།།     གཉིས། འབྲོག་ཐབ་ནི་དུས་ཆེན་གྱི་ཁ་ཟས་གཡོ་སྐོལ་བྱེད་ས་ཡིན་པ།    འཕྲང་དམར་ལུང་པའི་བོད་སྡེ་དེ་དག་གི་ཁྱིམ་གཞིས་རྙིང་གྲས་རྣམས་ཀྱི་རྩིག་གྱང་ས་ཡི་དགྱེ་དགུ་ལྟར་བརྡུངས་པ་ལས། རྩིག་གྱང་གི་རྨང་རྟིང་བདེ་སྙོམས་བྱས་མེད་པ་དང་། མཁར་གཞིས་ལ་གྲུ་བཞི་དང་། ཟུར་གསུམ། འཇོང་མོ་སོགས་སྣ་ཚོགས་ཡོད་པ་དང་། ཁང་པའི་བཟོ་བཀོད་ལ་ས་གནས་གཞན་དང་མི་འདྲ་བའི་ཁྱད་ཆོས་དུ་མ་ཡོད་པ་ཕྱི་ནས་བཤད་འགྱུར་ལྟར་ལས། ཁང་པ་སྤྱིའི་བཟོ་དབྱིབས་ཨ་མདོའི་ས་ཁུལ་གཞན་དང་འདྲ་བར་ཁང་ཀླད་ལེབ་མོ་ཆུ་གཟར་ཅན་ཤ་སྟག་རེད། ཁྱིམ་གཞིས་གང་ཡིན་ཡང་དོན་དག་བཟང་ངན་ཆེ་ཁག་ཐམས་ཅད་མི་ཁང་རང་དུ་བྱེད་པའི་ཁར། འབྲོག་ཐབ་ཡོད་པའི་ཁྱིམ་ཚང་ལ་ལར་ད་ལྟའང་བྱིས་པའི་བང་སྐྲ་བཞར་བ་དང་། བུ་མོའི་སྐྲ་ཕབ་པ། མནའ་མའི་བག་སྟོན་བྱེད་པ། ལོ་སར་གསར་ཚེས། དགུན་གྱི་ཉི་ལྡོག་སོགས་གཟའ་སྐར་དུས་སྟོན་གྱི་ཆོ་ག་རྣམས་འབྲོག་ཐབ་ཀྱི་སྟེང་དུ་བྱེད་པའི་སྲོལ་ཡོད་ཀྱང་། འབྲོག་ཐབ་ལ་དུ་ཁུང་མེད་པས་དུ་བ་ཕྱིར་འཕྱུར་བ་དང་། ཚལ་སོགས་རྔོ་སྐབས་དམར་དྲིས་འགོང་སླ་བས་སྲོལ་དེ་རིམ་གྱིས་ཉམས་པ་རེད།    གསུམ། ཐབ་ལྷ་མཆོད་པའི་ཚེ་གཙོ་བོ་འབྲོག་ཐབ་ལ་མཆོད་པ།     འཕྲང་དམར་ཚོ་བ་བཅུ་གཉིས་ཞེས་པ་ནི། ཤོག་ཀ་ཆེན་པོ་བཅུ་གཉིས་ཀྱིས་གྲུབ་ཅིང་། སྟག་རིག་སྡེ་བར་མཚོན་ན་ཤོག་ཀ་ཆེན་པོ་གསུམ་དང་ཚོ་བ་མང་པོ་ཡོད་པའི་ནང་ནས། ནགས་ཚང་ཚོ་བར་དུད་ཁྱིམ་སུམ་ཅུ་ལྷག་དང་། སྒྱོམ་ཚོ་བར་ཁྱིམ་ཚང་གཅིག་ལས་མེད་པས་མཚོན་ཏེ། ཤོག་ཀ་རེ་ལ་སྤྱི་ཁང་རེ་དང་། ཚོ་བ་མང་པོ་ཞིག་ལ་ཚོ་བའི་མཆོད་ཁང་ཡོད། ཚོ་བའི་མཆོད་ཁང་ནི་ཚོ་བ་དེའི་ཁྱིམ་གཞི་གཙོ་བོ་ཞིག་ཏུ་ཡོད་པ་དང་། ཡུལ་ཕྱོགས་སྤྱི་ལ་ཡུལ་ལྷ་དང་། སྡེ་བ་རེ་ལ་སྐྱེས་ལྷ། ཚོ་བ་རེ་ལ་དགྲ་ལྷ། ཁྱིམ་ཚང་རེ་ལ་སྲུང་མ། ཐབ་ཀ་རེ་ལ་ཐབ་ལྷ་རེ་ཡོད་པར་མ་ཟད། ད་དུང་ཟས་ལྷ། ནོར་ལྷ། སྒོས་ལྷ་སོགས་ལྷ་རིགས་མང་པོ་བསྟེན་ཞིང་། ལོ་ལྟར་བསྐང་གསོལ་དང་། སྨན་ལྷ། གཤིན་པོའི་དུས་དྲན། སྨོན་ལམ་སོགས་ལོ་ཆོད་ཆག་མེད་དུ་སྒྲུབ་པའི་སྲོལ་ཁྱིམ་གཞིས་རྙིང་བ་དག་ཏུ་མ་ཉམས་པར་གནས་ཤིང་། ཐབ་ཀ་ཁོ་ནའི་དབང་དུ་བྱས་ན། ཐབ་ཀ་ནི་ཉིན་གཅིག་ཐུན་གསུམ་གྱི་ཁ་ཟས་གཡོ་སྐོལ་བྱེད་ས་དང་། ལྷ་ཚོགས་གཞན་ལ་བསང་མཆོད་འབུལ་བའི་བསང་མེའི་འབྱུང་ཁུངས་ཡིན་པས། རྟག་ཏུ་ཐབ་ལྟར་འགོང་མནོལ་མི་བྱེད་པ་དང་། ལྷག་པར་གནམ་ལོ་གསར་བའི་གོ་དམར་འཚོད་པའི་ཚེ། ཐོག་མར་“ལོ་རྒན་རྒྱལ་པོ”ཞེས་པའི་གོ་རེ་དམར་པོ་གཉིས་བཙོས་ཏེ། གཅིག་མཆོད་ཁང་དུ་ལྷ་ཚོགས་ལ་འབུལ་ཞིང་། ཅིག་ཤོས་ཐབ་ཀའི་མེ་ལ་དྲངས་ཏེ་ཐབ་ལྷ་ལ་མཆོད་པར་བྱེད། ལྷག་པར་དེ་སྔ་ཐབ་བསང་ཕུལ་བ་དང་། ཐབ་ཆེར་བསྒྲོན་པ། ཐབ་ལྷ་མཆོད་པའི་ཚེ། ཐོག་མར་འབྲོག་ཐབ་ལ་མཆོད་པའི་རྗེས་སུ། དུས་རྒྱུན་ཁ་ཟས་གཡོ་སྐོལ་བྱེད་སའི་ཐབ་ཀ་དེར་མཆོད་པ་ཡིན་ཞེས་ཁྱིམ་བདག་རྒན་མོ་དག་གི་ངག་སྒྲོས་ལས་ཐོས་ཤིང་། དབྱར་ཐབ་བམ་རྒྱ་ཐབ་ལ་དེ་ལྟར་མཆོད་པའི་སྲོལ་མེད་དོ།།      བཞི། འབྲོག་ཐབ་ཀྱིས་གཙོས་པའི་ཐབ་ཀ་ལ་འགོམ་མནོལ་མི་བྱེད་པ།      ཐབ་ཀ་ནི་འགོམ་མནོལ་བྱ་སླ་བའི་གནས་ཤིག་ཡིན་ལ། གལ་ཏེ་ཐབ་ཀ་ལ་མནོལ་གྲིབ་ཐེབས་ན་དེ་ལས་ཐོན་པའི་མི་ཡིས་བསང་ཕུལ་བ་དང་། ཚ་གསུར་གཏོང་བ། བདུག་པ་བདུགས་ཚེ་མནོལ་དྲི་གཞན་ལ་ཐེབས་པར་དོགས་པས། ཐལ་ཀ་མནོལ་འགོང་མི་བྱེད་པ་ནི་མི་ཆེ་ཆུང་ཀུན་གྱིས་ངེས་པར་བརྩི་དགོས་པའི་གོམས་སྲོལ་ཞིག་རེད། ཡུལ་གཞན་དང་ཁྱིམ་གཞན་ནས་ཐོན་པའི་ཟས་རིགས་སྤྱི་དང་སྒོས་སུ་ཤ་རིགས་རྣམས་རྒྱ་སྒོའི་ཕྱི་རུ་མེ་པུང་སྦར་བའི་སྟེང་གཡུགས་གཡུགས་བྱས་རྗེས་ད་གཟོད་ཁྱིམ་དུ་འཁྱེར་ཆོག་པ་དང་། ཁྱིམ་དུའང་ཁ་ཟས་སུ་མ་གཡོས་པའི་གོང་ལ་ཤུག་པས་གདུག་པར་བྱེད་ཅིང་། ཤ་རིགས་ནི་དམར་ཟས་ཡིན་པས་ཐབ་ཀའི་སྟེང་དུ་མི་འཕེན་ཞིང་། བརྒྱ་ལ་སྟབས་མ་ལེགས་པར་མེ་རུ་འགོངས་ཚེ། འཕྲལ་དུ་བདུག་པ་བདུགས་ཏེ་གཤགས་སོ།། རྨིག་པ་ཟླུམ་པོ་ཅན་ཏེ་རྟ་བོང་དྲེལ་གསུམ་དང་། འདབ་ཆགས་ཀྱི་ཤ་སྡེར་ཐོགས་ཀྱི་ཤ། ཤི་ཤ་སོགས་གཏན་ནས་མི་ཟ་བར་མ་ཟད། ཕྱི་ནས་ཉ་ཤ་དང་བྱ་ཤ་ཟོས་ཀྱང་ཁ་ནང་ཡང་ཡང་བཤལ་རྗེས་ད་གཟོད་ཁྱིམ་དུ་ལོག་པ་རེད། ཐབ་ཀའི་ནང་དུ་སྐྲ་དང་། ལུད་པ། གད་སྙིགས་སོགས་མི་འཕེན་པར་མ་ཟད། ཐབ་ཀའི་ཕྱོགས་ལ་རྐང་པ་མི་བསྲིང་བ་དང་། ཐ་ན་མི་ཐུར་དང་། ཐལ་སྐྱོགས་སོགས་ཐབ་ཀའི་མཁོ་ཆས་དག་ལའང་མི་འགོམ་ཞིང་། ཐབ་ཀའི་སྟེང་དུ་འགོམ་པ་དེ་བས་ཀྱང་མི་རུང་ངོ་།། དེར་མ་ཟད། ཁྱིམ་མི་ཆེ་ཆུང་གི་གོན་པ་སྤྱི་དང་། ཕྱིའི་མགྲོན་པོའི་ཅ་ལག་གང་ཡིན་ཡང་ཐབ་ཀའི་སྟེང་དུ་མི་འཇོག་པས། དེའི་ཐད་ནས་བལྟས་ན། འབྲོག་ཐབ་ཀྱི་བཟོ་དབྱིབས་ཅུང་མཐོ་ཞིང་། སྟེང་དུ་སྒྲོམ་སྟེགས་གང་ཡང་མེད་པས་ཅ་ལག་འཇོག་པའི་གནས་མི་གདའ་བ་ནི། ཐབ་ཀ་དང་ཐབ་ལྷ་ལ་མི་འགོམ་པའི་སླད་དུ་བྱས་པ་ཞིག་ཡིན་ལས་ཆེའོ།།    ལྔ། ཐབ་ཀའི་གཙང་སྦྲ་ནན་ཏན་བྱེད་པ་ནི་ཁྱིམ་བདག་མའི་འགན་འཁྲི་ཡིན།    བོད་རིགས་ཕོ་མོའི་ལས་བགོས་ཤིན་ཏུ་གསལ་བ་ལྟར། འཕྲང་དམར་ས་ཆའང་དེ་ལས་མ་འདས་པར་སྐྱེས་པ་རྣམས་ཀྱིས་གཙོ་བོ་ཕྱི་ཡི་ལས་ཀ་གཉེར་བ་དང་། བུད་མེད་དག་གིས་ཁྱིམ་གྱི་ནང་ལས་ལ་བརྩོན་ཏེ། ཕྱི་ཡི་རྒྱུ་ནོར་ཕོ་ཡིས་འདྲེན། ནང་གི་ཡར་འཇོག་མི་ཡིས་བྱེད། ཁྱིམ་གྱི་ཁ་ཟས་གཡོ་སྐོལ་བྱེད་མཁན་ནི་བུད་མེད་ཡིན་པ་དང་། བུད་མེད་དག་ནམ་རྒྱུན་ཐབ་ཀ་དང་འབྲལ་མེད་དུ་གནས་ཕྱིར། ཉིན་གཅིག་ཐུན་རེར་ཟ་མ་གཡོ་སྐོལ་བྱེད་པའི་དུས་སུ། ཐབ་ཀ་ཡོངས་རྫོགས་ཐེངས་གཅིག་ལ་ངེས་པར་འབྱིད་དགོས་པ་དང་། ཇ་དང་ཐུག་པ་སོགས་འཕྱུར་ཏེ་བོ་བ་ན་འཕྲལ་འཕྲལ་དུ་འབྱིད་ཅིང་། དེ་ལས་ལྡོག་སྟེ་ཐབ་ཀན་ནག་ནོག་གིས་བསྒོས་ན་ཟས་ལྷ་མི་འཁོར་ཞིང་མགྲོན་པོ་མི་འདུ་བར་བལྟས་ཏེ། “རུལ་མའི་ཐབ་ཀ ཞི་ལའི་ཕོར་བ”ཞེས་སྨོད་པར་བྱེད་དོ།། དེ་བས། ཐབ་ཀ་ནི་ཁ་ཟས་གཡོ་སྐོལ་བྱེད་ས་ཙམ་དུ་མ་ཟད། ཁྱིམ་དོན་གྲོས་ཀྱིས་གཅོད་པ་དང་། བྱིས་པ་སྐྱེད་སྲིང་བྱེད་ས། རྒན་རྒོན་གཉོར་སྐྱོང་བྱེད་ས། སྐྱིད་སྡུག་དོན་ཆེན་བསྒྲུབ་ས་བཅས་ཡིན་པས། ཐབ་ཀ་ནི་ཁྱིམ་དེའི་རྣམ་པ་མཚོན་བྱེད་ཀྱི་མེ་ལོང་ལྟ་བུ་དང་། ལྷ་ཚོགས་རྣམས་ལ་མཆོད་འབུལ་བྱེད་སྤྱད་ཀྱི་འབྱུང་གཞིར་གྲུབ་ཕྱིར། ཁྱིམ་གྱི་རྒྱུ་ནོར་ཐམས་ཅད་ཐབ་ཀ་དང་འབྲེལ་ཞིང་། ཐབ་ཀ་ནི་ཁྱིམ་གྱི་འཚོ་བའི་རྟེན་གཞི་ཆེས་གཙོ་བོ་ཞིག་རེད་དོ།། Households subjects 5159 For more information about this term, see Full Entry below.Subjects Tibet and HimalayasPopulationFull EntryRelated Subjects (1)Related Places (529)Related Texts (1)Related Images (1) Amdo subjects 1079 For more information about this term, see Full Entry below.Subjects Tibet and HimalayasBibliographic ClassificationTibetan and HimalayanCultural and Environmental GeographyPlacesTibetFull EntryRelated Subjects (1)Related Texts (24) Ziling places 1149 For more information about this term, see Full Entry below.Feature Type Collected Urban UnitsPlaces EarthAsiaChinaQinghaiXiningFull EntryRelated Subjects (1)Related Places (5)Related Texts (6)Related Audio-video (1)