སྟག་རིག་སྡེ་བའི་རྒན་བཀུར་ལོ་སར་ངོ་སྤྲོད་མདོར་བསྡུས། སྟག་རིག་སྡེ་བའི་རྒན་བཀུར་ལོ་སར་དུས་སྟོན་གཞིས་བྱེས་ལྷན་འཛོམས་ཞེས་བྱ་བ་ནི་སྟག་རིག་ལས་བྱེད་གཙོ་བྱས་པའི་སྡེ་མི་རྣམས་ཀྱིས་མང་མོས་ཞལ་འདེབས་བཞག་སྟེ་ཡ་རབས་ཀྱི་སྤྱོད་བཟང་གསོ་བར་སྐུལ་བའི་བྱ་འགུལ་ཞིག་ཡིན་ཞིང་། སྤྱི་ལོ་༢༠༠༥ལོ་ནས་སྤེལ་མགོ་ཚུགས་པ་ནས་ད་བར་ཁྱོན་བསྡོམས་ལོ་འཁོར་བཅུ་སོང་བའི་རིང་སྤེལ་རྒྱུན་ཟམ་མ་ཆད་པར་ཇེ་ལེགས་ཇེ་རྒྱས་ངང་ཡང་དག་སྐྱོང་མུས་སུ་མཆིས། བྱ་བ་འདི་ནི་༢༠༠༤ལོའི་དབྱར་ཟླ་དྲུག་པའི་ནང་གནའ་མཁར་ཟི་ལིང་དུ། སྡེ་འདིའི་ལས་བྱེད་པ་འགའ་ལན་ཅིག་ལྷན་དུ་འཛོམས་པའི་བསྐལ་བ་བྱུང་བར། ད་ལྟ་སྡེ་བའི་སྔར་གྱི་རྒན་བཀུར་ཆུང་སྐྱོང་གི་དཔེ་སྲོལ་བཟང་བོ་དེ་དག་ཉམས་པར་འདུག་ལ། རང་རེ་ཕྱི་ན་ཡོད་པའི་ལས་བྱེད་ཕལ་ཆེར་ཞིག་ཀྱང་ལོ་རེར་ཕ་ཡུལ་དུ་ཐེངས་གཅིག་གམ། ལ་ལ་ཐེངས་གཅིག་ཙམ་ཡང་ལོག་ཕེབས་ཐུབ་པ་མི་འདུག་པས། དུས་རྒྱུན་རྒན་པ་རྣམས་ལ་ལྟ་སྐྱོང་འདྲི་སྐོར་རྒྱག་ཐུབ་པ་ཕར་ཞོག ལོ་སར་སྟེར་བ་དང་ཐ་ན་ཚེ་དུས་རྣམས་ཀྱི་གཤིན་དགེའི་སྟེང་ལ་ཡང་སླེབས་ཐུབ་མཁན་རྒྱ་ལམ་ཡིན་ན། དེ་ནི་སྡེ་འདིའི་ཁོངས་ཞབས་སུ་སྐྱེས་པ་རང་རེ་རྣམས་ཀྱི་ངོ་ཚ་ཆེན་པོ་ཞིག་སྟེ། སྲོལ་ངན་དེ་རིགས་མི་མཐུད་རྒྱ་ཡན་དུ་བཏང་ཚེ་སྡེ་བ་ཡ་རབས་སུ་སྐོར་བའི་བཀག་རྡོར་འགྲོ་ཞིང་། དཔེ་སྲོལ་ངན་པའི་ས་བོན་འདེབས་ཉེན་ཡོད་པ་དང་། སྔར་བྱོན་པའི་རང་སྡེའི་རྒྱན་དང་ན་ཟླའི་དཀྱིལ་དུ་གྱུར་བའི་སྐྱེས་བུ་རྣམས་ཀྱིས་རང་སྡེར་བཞག་པའི་རྒན་བཀུར་ཆུང་སྐྱོང་གི་ལག་རྗེས་མཐའ་དག་ཀྱང་རྨེག་མེད་དུ་འཇོམས་དོགས་ཆེ་གཤིས། ད་འདི་ལྟར་སྡོད་རིན་མིན་པར་ཡ་རབས་ཀྱི་བྱ་བ་སྣ་གཅིག་གི་དཔེ་སྲོལ་བཟང་བོ་ཙམ་ཞིག་ཅི་ནས་ཀྱང་རྒྱུན་སྐྱོང་ཨེ་ཐུབ་ངེས་པར་བལྟའོ་ཞེས་གྲོས་མགོ་བཏོན་པ་ན། དེར་ཡོད་ཚང་མས་ལེགས་སོ་ཞེས་བྱ་བ་ཤིན་ཏུ་འཐད་པའི་ལན་བྱིན་ཅིང་། ལྷག་པར་ས་ཆ་སོ་སོ་ན་རེ་ཞིག་བུ་དང་མནའ་མས་ཕ་མ་མི་གཅེས་པ་དང་། ཆུང་ཕྱོགས་པས་རྒན་པ་མི་བཀུར་བ་སོགས་རྒན་བཀུར་གྱི་བྱ་བ་ཤིན་ཏུ་ཉག་ཕྲ་ཞིང་ཉམས་ཐག་པར་ཡོད་པ་ལ་དགོངས་ཏེ། མཐར་སྡེ་བའི་ལོ་ལོན་རྒན་པ་རྣམས་ལ་ལོ་རེར་ལོ་སར་གྱི་ལེགས་སྐྱེས་དབུལ་བའི་དུས་སྟོན་བཤམས་པ་དེར་དགོས་པ་ཆེ་བར་ཐག་གིས་བཅད་པ་ནས་བྱ་བ་འདིའི་དབུ་བརྙེས་ཤིང་། དེ་ཡང་བྱ་བ་འདི་མགོ་བརྩམས་ལེགས་པ། བར་རིམ་པ་ཚང་བ། མཇུག་རྔ་མ་རིང་བ་ཞིག་ཡོང་ཆེད། གཉེར་ཡུན་སྐོར་གཅིག་ལོ་གསུམ་དུ་ཐག་གཅོད་བྱས་ནས་སྐོར་དང་པོའི་གཉེར་བ་ལྕགས་ཐར་རྒྱལ་དང་རྟག་མགྲིན་རྒྱལ་གཉིས་ཀྱིས་འཁུར་དགོས་པར་ལས་བྱེད་པ་རྒན་གྲས་རྣམས་ཀྱིས་དུས་དེར་བཀའ་བསྒོས་བྱས་པ་བཞིན། ༢༠༠༤ལོའི་ལུགས་རྙིང་ལོ་སར་ནས་༢༠༠༦ལོའི་ལོ་སར་བར་ལོ་གསུམ་གྱི་གཉེར་འགན་ཕྲག་ཏུ་ནན་གྱིས་བླངས་ཤིང་། དེའི་འཕྲོར་གཉེར་བ་གོང་མའི་ལོ་ཡི་མས་བབས་ལྟར་བཀྲ་ཤིས་ཚེ་རིང་དང་གནམ་ལྷ་ཚེ་རིང་གཉིས་ཀྱིས་༢༠༠༧ལོ་ནས་༢༠༠༩ལོའི་བར་ལོ་གསུམ་གྱི་ལོ་སར་གཉེར་འགན་ཡོངས་སུ་ལེགས་པར་བཞེས། དེའི་རྗེས་ཀུན་བཟང་དང་བསོད་ནམས་རབ་བརྟན་གཉིས་ཀྱིས་༢༠༡༠ལོ་ནས་༢༠༡༢ལོའི་ལོ་སར་གྱི་གཉེར་འགན་ལོ་གསུམ་པོ་སྔར་སྲོལ་བཞིན་ཕྲག་ཏུ་ལེགས་པར་བཞེས་བཞིན་གདའ་འོ།། ལོ་སར་དུས་སྟོན་འདིའི་དམིགས་འབེན་གཙོ་བོ་ནི་རྒན་པར་བཀུར་བསྟི་དང་ཆུང་བར་བྱམས་སྐྱོང་བྱེད་རྒྱུ་དེ་ཡིན་ལ། སྤྱིར་རིགས་མཐོ་བ་དང་རྒན་པར་བཀུར་བསྟི་བྱེད་པ་དེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ནས་གངས་ཅན་གྱི་ལྗོངས་སུ་ལུགས་གཉིས་ཁྲིམས་ཀྱི་རྣམ་པས་དར་སྤེལ་བཏང་བའི་མི་ཆོས་གཙང་མ་བཅུ་དྲུག་གི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་། ད་བར་ལོ་ངོ་སྟོང་གཅིག་དང་དྲུག་བརྒྱར་ཉེ་བའི་ལོ་ཟླའི་ནང་བོད་རྣམས་ཡ་རབས་ཀྱི་ཕྱོགས་དང་སྤྱི་ཚོགས་འཆམ་མཐུན་གྱི་ལམ་དུ་ཡང་དག་འགྲོ་བར་ནུས་པ་གལ་ཆེན་བཏོན་ཡོད། ང་ཚོས་བྱ་བ་འདི་ལོ་སར་ནང་འཇོག་དོན་ཡང་ལོ་སར་གྱི་ཁྲོམ་ཚོགས་བེད་སྤྱད་དེ་སྡེ་བའི་རྒན་པ་ལ་ལོ་སར་ལེགས་སྐྱེས་སྟེར་བ་དང་ཆབས་ཅིག་རྒན་པར་བསྙེན་བཀུར་བྱེད་དགོས་པ་དང་ཕ་མར་གཅེས་སྐྱོང་བྱེད་དགོས་པའི་སློབ་གསོ་བརྒྱབ་སྟེ། སྔར་ཡོད་ཀྱི་རྒན་བཀུར་ཆུང་སྐྱོང་གི་དཔེ་སྲོལ་བཟང་བོ་མི་ཉམས་གོང་སྤེལ་གཏོང་རྒྱུ་དེ་ཡིན། ལོ་སར་ལེགས་སྐྱེས་སྟེར་ཡུལ་ནི་རང་ལོ་བདུན་ཅུ་ཡན་དུ་སླེབས་པའི་གྲོང་རི་དགོན་གྱི་སེར་སྐྱ་རྒན་རྒོན་རྣམས་ཡིན་ཞིང་། ལོ་རེར་ཆ་སྙོམས་བཅད་ལོ་དེ་ཐོག་ཏུ་སླེབས་ཡོད་པའི་ལོ་ལོན་བདུན་ཅུ་ཐམ་པའི་གྲངས་ཀར་ལོངས་པ་ལ་ལོ་སར་ལེགས་སྐྱེས་གནང་གི་ཡོད། ༢༠༠༩ནས་བཟུང་ལོ་སར་སྟེར་ཡུལ་གྱི་ཁོངས་རྒྱ་བསྐྱེད་དེ་དྭ་ཕྲུག་དང་། སློབ་མ་དབུལ་བོ། རྒྱུགས་འཕྲོད་སློབ་མ། ཡ་རབས་བླ་གྲྭ་བཅས་གསར་དུ་བསྣན་ཏེ་དེ་དག་ལོ་སར་ལེགས་སྐྱེས་གནང་ཡུལ་གྱི་གྲས་སུ་བཞག་ཅིང་། སོ་སོར་ལྷ་རྫས་དྲི་མ་མེད་པ་དང་སྨོན་ལམ་ཡང་དག་གིས་མཚམས་སྦྱར་བའི་སྟེང་སྒོར་རྐྱང་ཚད་དུ་ལོངས་པ་ལོ་སར་ལེགས་སྐྱེས་སུ་བྱིན་ཏེ། ཁྲོམ་ཆེན་པོ་འདུས་པ་རྒྱ་མཚོའི་དབུས་སུ་གཟེངས་བསྟོད་བགྱིས་ནས་རིག་པའི་གནས་ལ་བརྩོན་པར་རྟིང་སྐུལ་བྱས། ཁྱད་པར་དགོང་གི་ཉི་ཟླ་ཁ་སྤྲོད་པའི་ཟོལ་གྱིས་སྡེ་འདིའི་དཔལ་དུ་ཤར་བ་རྙེ་དང་ཐིས་པ་དགོན་གཉིས་ཀྱི་གདན་ས་འཛིན་པ་པོ་རྩ་བའི་བླ་མ་ཐིས་པ་རིན་པོ་ཆེ་དང་ཨ་ལགས་ཀུན་བཟང་། རྙེ་རིན་པོ་ཆེ་རྣམ་པ་གསུམ་ཡང་རྒན་བཀུར་ལོ་སར་དུས་སྟོན་སྟེང་སྐུ་དངོས་ཀྱིས་ཕེབས་ཅིངས་བཞུགས་གདན་འཇགས་ནས་ལུགས་གཉིས་དང་མཐུན་པའི་བསླབ་བྱ་གནད་དུ་སྨིན་པ་གནང་བ་ལ། རྒན་བཀུར་ལོ་སར་རྩ་འཛུགས་པས་ལོ་སར་གྱི་སྐྱེས་གང་འཛོམས་མཆོད་སྤྲིན་དུ་སྤྲོས་ནས་གྲོང་རི་དགོན་གྱི་བསྟན་སྲིད་བྱ་བ་མཐའ་དག་རྒྱས་ པའི་འཕྲིན་ལས་ཆེད་དུ་བཅོལ་གཏད་བྱས། རྒན་བཀུར་ལོ་སར་དུས་སྟོན་སྤེལ་བའི་དུས་ནི་ལོ་རེའི་ལུགས་རྙིང་གི་རྒྱ་ལོའི་ཚེས་པ་གཉིས་ཀྱི་ཉིན་གཅིག་གི་རིང་ཡིན་ཞིང་། སྡེ་འདིར་ནང་གསེས་ཤོག་ཁ་གསུམ་ཡོད་པའི་ནང་ཁུལ་ནས་གོ་རིམ་བཞིན་ལོ་སར་དུས་སྟོན་རེས་སྤེལ་བྱེད་དགོས་ཤིང་། ལོ་དེར་སྤེལ་རེས་བབས་པའི་ཤོག་ཁ་དེས་ཉིན་དེ་ཡི་རྩེད་མོའི་རྣམ་གྲངས་གྱ་ནོམ་་པ་དང་ཇ་ཆང་གི་སྡེར་ཁ་གང་འཛོམས་བསྒྲིགས་པ། ཁྲོམ་ཚོགས་ཀྱི་འགྲིག་ལམ་བསྡམས་པའི་འགན་སོགས་ཕྲག་ཏུ་ལེན་དགོས་པ་ཡིན། ལོ་སར་ནི་ལོ་གཅིག་ནང་གི་དུས་ཆེན་གལ་ཆེ་ལ་རྟེན་འབྲེལ་ཅན་ཞིག་ཡིན་གཤིས། ལོ་སར་གྱི་སྐབས་ཐ་ན་ས་མཐར་འཁྱམ་པའི་མི་ཞིག་ཡིན་ཡང་རང་གི་ལྟེ་ཁྲག་སྟོར་བའི་ཕ་ས་གང་དེར་ལོག་ཐབས་ཅི་ནུས་ཀྱིས་ཉེ་མི་རྣམས་དང་ལྷན་དུ་འཛོམས་ནས་ལོ་གསར་བའི་དགའ་སྟོན་མཉམ་རོལ་བྱེད་པས་ན་ལོ་སར་ནི་ངེས་པ་དོན་གྱི་གཞིས་བྱེས་ལྷན་དུ་འཛོམས་པའི་བཀྲ་ཤིས་དུས་བཟང་ཞིག་ཡིན་ཞིང་། ལོ་སར་གྱི་ནང་མི་སུ་ཡིན་ཡང་རང་ཉིད་དྲིན་གྱིས་བསྐྱངས་པའི་མི་རྣམས་ལ་ལོ་སར་གྱི་ལེགས་སྐྱེས་རང་གི་འཛོམས་ཚོད་ཅིག་ངེས་པར་འཁྱེར་ནས་སྟེར་དགོས་པ་དང་། ལོ་སར་ལ་སྐྱེས་མཆོག་དམན་གང་ཞིག་སྟེར་ཡང་། སྟེར་ཡུལ་གྱིས་ཀྱང་རྩ་བ་གང་ཆེ་གང་བཟང་ལ་མི་བལྟོས་པར་མ་བྱིན་པ་ལ་ཤིན་ཏུ་རེ་ཆེ་ཞིང་བྱིན་པའི་ལོ་སར་དེ་ཧ་ཅང་འདང་ཅན་ཞིག་ཏུ་བརྩི་ངེས་ལ། ལོ་སར་ཆག་ཆད་ཤོར་པ་དེར་ལོ་གསར་གྱི་སྐལ་བཅད་སོང་ཟེར་ནས་འཁང་ར་དང་མི་ཁ་གཏོང་འོང་བ་ཞིག་ཡིན་ཕྱིར། སྟག་རིག་གི་རྒན་བཀུར་དུས་སྟོན་དེ་འདི་ལྟ་བུའི་དོན་སྙིང་ལྡན་པའི་ལོ་སར་འདེམས་ནས་སྤེལ་དོན་ཡང་ཕྱི་ལོག་ན་འཚོ་བའི་ལས་བྱེད་པ་རྣམས་ལོ་སར་སྐབས། ཕ་ཡུལ་དུ་ཅི་ཐབས་ཀྱིས་སླེབས་ནས་ཡུལ་མི་སྤུན་ཟླ་དང་ལྷན་དུ་རྒན་བཀུར་གྱི་བྱ་བར་ཞུགས་ཏེ་རང་སྡེ་རྒན་པ་ཡོངས་ལ་སོ་སོའི་སེམས་ཀྱི་རྒན་བཀུར་གྱི་བསམ་པ་རྨ་མེད་པ་དེ་ལོ་སར་ལེགས་སྐྱེས་ཀྱི་ཚུལ་དུ་འབུལ་འདོད་པ་དེའོ།།    ཞལ་འདེབས་ཀྱི་ཡོང་ཁུངས་གཙོ་བོ་ནི་ལས་བྱེད་པ་ཡིན་ཞིང་། དེ་ལས་བྱ་བ་འདིའི་གྲོས་མགོ་འདོན་མཁན་གྱི་ལས་བྱེད་པ་རྣམས་ནས་ལོ་ལྟར་ཁྱིམ་རེས་སྒོར་སུམ་བརྒྱ་ཞལ་འདེབས་གཏན་འཇགས་སུ་དབུལ་དགོས་པ་དང་། ལས་བྱེད་གཞན་རྣམས་རང་མོས་བཞིན་སྟེར་ཆོག་པ་ཡིན། གཞན་ཡང་སྡེ་འདིའི་གྲྭ་བ་དང་ཚོང་བ། འབངས་མི་ཕལ་བའ་ནང་དུའང་སྤྱི་སེམས་ཅན་མང་དུ་འབུལ་མཁན་བྱུང་བས་ཡ་རབས་ཀྱི་སྤྱོད་པ་ལ་དགའ་བའི་དཔུང་སྡེ་ཞིག་སྟོབས་ཤུགས་ལྡན་པ་དང་། གཞི་རྒྱ་ཆེ་བའི་ངང་ཆེ་ཆེར་འཕེལ་ཏེ་ཉམས་དགའ་བའི་རྣམ་པའི་ཕྱོགས་སུ་འགྲོ་བཞིན་པའི་ཚུལ་འདི་མཐོང་སྟེ། ཡུལ་ཕྱོགས་འདིའི་བླ་སྤྲུལ་མང་པོ་ཡུལ་སྡེ་གང་དུ་ཕེབས་ས་ནས་སྟག་རིག་གི་རྒན་བཀུར་གྱི་བྱས་པ་ལ་ཡི་རངས་དང་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་གཏོང་ཞིང་། ཁྲི་ཀ་རྫོང་རྫོང་མགོ་སྡེ་བ་སོགས་ས་ཆ་འགས་སྟག་རིག་མིག་དཔེར་བཟུང་ནས་དགུན་གནང་སྐབས་དགེ་རྒན་དང་སློབ་ཆེན་སློབ་མ་ཆེད་བསྐོང་གིས་རང་སྡེའི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་སློབ་ཁྲིད་ཤུགས་སྣོན་རྒྱག་པའི་རྦ་རླབས་འཕྱུར་མགོ་བརྩམས་ཡོད།       History subjects 2586 For more information about this term, see Full Entry below.Subjects Tibet and HimalayasTopicsFull EntryRelated Subjects (1)Related Audio-video (17)Related Texts (6)Related Visuals (1) Amdo subjects 1079 For more information about this term, see Full Entry below.Subjects Tibet and HimalayasBibliographic ClassificationTibetan and HimalayanCultural and Environmental GeographyPlacesTibetFull EntryRelated Subjects (1)Related Texts (24)Related Sources (5) Ziling places 1149 For more information about this term, see Full Entry below.Feature Type Collected Urban UnitsPlaces EarthAsiaChinaQinghaiXiningFull EntryRelated Subjects (1)Related Places (5)Related Texts (6)Related Audio-video (1) Takring places 2186 For more information about this term, see Full Entry below.Feature Type ADM4, Township (without urban registered population)Places EarthAsiaChinaTibet Autonomous RegionNakchuNakchuFull EntryRelated Subjects (2)Related Places (1)Related Texts (1)