མི་ཉག་མཆོད་རྟེན་མཐོང་གྲོལ་ཆེན་མོ། མི་ཉག་མཆོད་རྟེན་མཐོང་གྲོལ་ཆེན་མོའམ་མཆོད་རྟེན་དཀར་པོ་ཞེས་གྲགས་པ་ནི། བྲག་དགོན་པའི་མདོ་སྨད་ཆོས་འབྱུང་ལས། མངའ་བདག་ཁྲི་རལ་ཉིད་དངོས་སུ་ཕེབས་ཤིང་རལ་བ་ནང་བཞུགས་ཀྱི་རྟེན་ཁྲི་ཀར་ཡོད། ཅས་གསུངས་ཏེ་རབ་བྱུང་མ་ཚུགས་གོང་གི་མེ་མཁའ་རྒྱ་མཚོའི་འདས་ལོ་ལྕགས་གླང་ཕྱི་ལོ་༨༢༡ལ་ཁྲི་རལ་བ་ཅན་དང་། རྒྱ་རྗེ་མུ་ཙུང་གཉིས་ཀྱིས་དབོན་ཞང་གི་རྡོ་རིང་བསླངས། བཙན་པོ་ཞང་དང་། རྒྱ་རྒྱལ་འདུམ་པར་བྱས། ཞེས་དེབ་ཐེར་རྣམས་སུ་གསུངས། འདི་ལས་དཔག་ན་ད་ལྟའི་རབ་རྒྱན་མེ་ཡོས་ཡན་ལ་ལོ་ཆིག་སྟོང་བརྒྱ་རེ་དྲུག་སོང་ཟིན་པས་མཆོད་རྟེན་འདི་ཁྲི་ཀའི་ཡུལ་གྱི་རྟེན་ཐོག་མ་ཡིན། དེ་ནས་རབ་བྱུང་བཞི་བའི་ནང་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་ཧོར་རྒྱལ་པོས་གདན་དྲངས་པར་ཕེབས་ལམ་དུ་མཆོད་རྟེན་འདིར་རབ་གནས་གནང་། རབ་བྱུང་བཅུ་གཉིས་པའི་ནང་རྙེ་སྐུ་ཕྲེང་གཉིས་པ་ངག་དབང་བསྟན་འཛིན་ཉི་མས་ཞིག་གསོ་མཛད། སྒོ་རྒྱན་ནང་དུ་ཐུབ་སྐུ་དང་། བུམ་པའི་ནང་དུ་དཔལ་དུས་ཀྱི་འཁོར་ལོའི་སྨན་སྐུ་མི་ཚད་ཙམ། གཞན་ཡང་སྐུ་གསུང་ཐུགས་རྟེན་གྱི་རྟེན་སྣ་ཕྱུར་བུར་སྤུངས་ཏེ་རབ་གནས་མཛད། ཡང་རབ་བྱུང་བཞི་བའི་ནང་མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མས་གསེར་ཟངས་ལས་གྲུབ་པའི་ཉི་ཟླ་ཕུལ་ནས་ཞིག་གསོ་མཛད། དེ་ནས་རབ་ཚེས་མེ་ཡོས་ཕྱི་ལོ་༡༨༦༧ལོའི་ཧོས་འཁྲུགས་ཀྱིས་ཡུལ་འདིའི་དགོན་སྡེ་ཕལ་ཆེར་ལ་གནོད་སྐྱོན་དང་། མཆོད་རྟེན་འདི་ལའང་འཕྲོག་བསྲེག་བཅོམ་གསུམ་ཚབས་ཆེན་བཟོས། ལོ་དེའི་སྨད་དུ་ཐར་ཤུལ་རིན་པོ་ཆེ་སྐུ་ཕྲེང་བཞི་བ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་གྲྭ་ཚང་འདི་དང་མཆོད་རྟེན་མཐའ་སྐོར་གྱི་མ་ཎི་འཁོར་ལོ་སོགས་ལ་ཉམས་གསོ་གང་ལེགས་མཛད། དེ་མཚུངས་སུ་གོང་བ་གྲྭ་ཚང་དང་འཇམ་མོ་གྲྭ་ཚང་། ཅོག་རོང་གྲྭ་ཚང་དང་ཧོར་ཀྱྰའི་གྲྭ་ཚང་བཅས་ཀྱི་འདུ་ཁང་ལའང་ཉམས་གསོ་བྱས། དེ་ནས་རབ་རྒྱལ་ས་ཡོས་ཕྱི་ལོ་༡༩༣༩ལོར་མི་ཉག་ངག་དབང་ལེགས་བཤད་རྒྱ་མཚོས་མཐུན་རྐྱེན་སྦྱར་ཏེ་གཞི་ཁྱོན་ཆེ་བའི་ཞིག་གསོ་ཐེངས་བཞི་བ་བྱེད་སྐབས། ཆོས་དད་མང་ཚོགས་ཀྱིས་ཧུར་བརྩོན་སྒོས་ཨར་ལས་ཀྱི་བྱ་བ་དང་། དགོན་པ་སོ་སོའི་གྲྭ་བ་རྣམས་ཀྱིས་སྐུ་འདྲ་དང་ས་ཙྪ་སོགས་གཟུངས་གཞུག་འབུལ་བ་སོགས་ཀྱི་ལས་ལ་བསྒྲིམས་ཏེ་ཟླ་ཤས་རིང་ལེགས་གྲུབ་བྱུང་། མི་ཉག་རིན་པོ་ཆེས་གསེར་སྲང་ཞེ་བདུན་ཕུལ་ཏེ་མཆོད་རྟེན་གྱི་ཉི་ཟླ་ཆར་ཁེབས་སོགས་ལ་གསེར་ཚོས་ཕུལ་ནས། མཆོད་རྟེན་ཆེན་མོ་འདིའི་རྣམ་པ་སྔར་ལས་ལྷག་པ་ཞིག་གྲུབ་སྟེ་ཡུལ་འདིའི་རྒྱན་མཆོག་ཏུ་གྱུར། བྱང་ཆུབ་མཆོད་རྟེན་འདིའི་བཞེངས་བཀོད་ནི། མཐོ་ཚད་ཁྲུ་དགུ་ཅུ་ཙམ་རྒྱ་སོ་ཕག་ལས་གྲུབ། སྨད་ཆ་ལྷ་ཁང་གི་དབྱིབས་སུ་གྲུབ་ཅིང་ས་འཛིན་ནས་དགེ་བཅུའི་བར་ཐེམ་རིམ་རེ་རེ་བཞིན་གསལ་བོ་མེད་པར་ཕལ་ཆེར་གཞི་གཅིག་བྱས། མདུན་ཕྱོགས་ནས་སྟེང་གི་བང་རིམ་གསུམ་པའི་བར་ལྷ་ཁང་ཡིན་ལ། གཡས་གཡོན་རྒྱབ་གསུམ་དུ་མ་ཎི་འཁོར་ལོ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ། བུམ་པའི་ནང་ཁང་མིག་ཆེ་ཆུང་དགུ་དང་། སྟེང་འོག་གཉིས་བསྡོམས་པས་ཁང་མིག་ཆེ་ཆུང་བཅོ་བརྒྱད་ཙམ། དེ་དག་གི་ནང་དུ་རྟེན་གྱི་གཙོ་བོ་དུས་གསུམ་སངས་རྒྱས་མི་ཚད་ཙམ་ཁྲི་རྒྱབ་ཡོལ་བཅས། གསེར་ཟངས་ལས་གྲུབ་པའི་གྲུབ་ཆེན་བརྒྱད་ཅུ། རྒྱན་དྲུག་མཆོག་གཉིས་སོགས་ལི་སྐུ་སྣ་ཚོགས་བརྒྱ་ཕྲག་ལྷག་དང་། གཡས་གཡོན་རྣམས་སུ་གནས་རྟེན་བཅུ་དྲུག་དང་། འོད་དཔག་མེད། གདུགས་དཀར། ཕྱག་སྟོང་སྤྱན་སྟོང་། སྨན་བླ། སྒྲོལ་མ་བཅས་ཀྱི་གྱན་ཐང་སོགས་བྱིན་རླབས་ཅན་གྱི་རྟེན་སྣ་མང་པོ་བཞུགས། སྒྱུ་རྩལ་གྱི་ཆ་ནས། མཆོད་རྟེན་གྱི་ཟུར་བཞིར་རྡོ་ལས་བཟོས་པའི་སེང་གེ་གསོན་ཉམས་དང་ལྡན་པ། སྒོ་རྒྱན་གྱི་མཐའ་སྐོར་དུ་བཀྲ་ཤིས་རྟགས་བརྒྱད་དང་རྣམ་བཅུ་དབང་ལྡན་སོགས་སོ་ཕག་ལས་གྲུབ་ཅིང་ལག་རྩལ་ཡང་རྩེར་སོན། ལྷ་ཁང་གི་བརྐོས་རིས་སྣ་ཚོགས་ཤིང་ལས་གྲུབ་པའི་པད་འདབ་དང་བཀྲ་ཤིས་རྟགས་བརྒྱད། གླང་ཆེན་རྨ་བྱ། འབྲུག་རིས། སྤྲིན་རིས་སོགས་བཟོ་རྩལ་འབུར་དུ་ཐོན། མི་རིགས་དང་ཆོས་ལུགས་ཀྱི་ཁྱད་ཆོས་མཚོན་པའི་སྒྱུ་རྩལ་ཟླ་དང་བྲལ་བ་མདོ་སྨད་ཀྱི་མཆོད་རྟེན་རྣམས་ལས་ཆེ་ཤོས་ཤིག་ཡིན་ནོ།།  མཆོད་རྟེན་གྱི་དཀར་ཆག་ང་བརྒྱད་སྐབས་དང་རིག་གསར་སྐབས་བརླགས་པས་འགོད་རྒྱུ་མ་རྙེད་མོད། སྔོན་ཆད་ཀྱི་མཆོད་རྟེན་རྩ་མེད་དུ་མ་གྱུར་ཟེར་བས་རྟེན་སྣ་ལ་བོར་སྟོར་མ་བྱུང་སྙམ་མོ།། རབ་རྒྱས་ས་ཁྱི་སྟེ་ང་བརྒྱད་དང་རིག་གནས་གསར་བརྗེ་སྐབས་སུ་ཁྱད་དུ་འཕགས་པའི་མཆོད་རྟེན་འདི་ལའང་ཉམས་ཉེས་ཆེན་པོ་ཐེབས། ཡིན་ནའང་དེང་སྐབས་ཆོས་དད་རང་དབང་གི་བསིལ་རླུང་ཕྱོགས་སུ་རྒྱུ་བ་དང་ཆབས་ཅིག་རབ་རྒྱལ་མེ་སྟག་ནས་སླར་གསོ་བྱེད་རྒྱུའི་སྐལ་བ་བྱུང་། མཆོག་སྤྲུལ་རིན་པོ་ཆེ་ངག་དབང་བསྟན་འཛིན་འོད་ཟེར་རྒྱ་མཚོས་ཐིག་བཏབ་ནས་བསྐྱར་བཞེངས་ཀྱི་དབུ་བཙུགས། སྐེ་བའི་སྔགས་རམས་པའི་སྤྲུལ་སྐུས་གཟུངས་འབུལ་གྱི་འགན་ལེགས་པར་བཞེས། དད་ལྡན་མང་ཚོགས་ཀྱི་རྒྱབ་སྐྱོར་དང་ལས་འདིར་ཐུགས་ཁུར་བླ་ལྷག་གནང་བའི་མགོ་བ་རྣམས་ཀྱི་འབད་རྩོལ། ཡུལ་འདིའི་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ཀྱི་རྒྱབ་སྐྱོར་སོགས་ཀྱིས་མཆོད་རྟེན་ཆེན་མོ་འདི་སྔོན་ཆད་ཇི་ལྟ་བུ་བཞིན་ལེགས་གྲུབ་བྱུང་། ཁྱབ་བདག་འཁོར་ལོའི་མགོན་པོ་ཅོ་ནེ་མཁན་རིན་པོ་ཆེ་དབུ་བཞུགས་ཀྱི་གྲྭ་བ་བཞི་བཅུ་ལྷག་གིས་རབ་གནས་ཀྱི་ཆོ་ག་རྒྱས་པར་མཛད་དེ་རྟེན་དང་བརྟེན་པ་ཀུན་ཡེ་ཤེས་པའི་གཏེར་དུ་གྲུབ་པར་མཛད། བསྐྱར་བཞེངས་སྐབས་ཀྱི་རྟེན་སྣའང་སྲིད་གསུམ་ན་རྙེད་པར་དཀའ་བའི་རིང་བསྲེལ་གྲངས་མེད་པ་བཞུགས་པའི་དཀར་ཆག་ལོགས་སུ་དཔར་ཡོད་པས་འདིར་བསྐྱར་བའི་ངལ་བ་མ་བྱས། འདིར་བཞེངས་གྲུབ་ཀྱི་ལོ་ཚིགས་སོགས་ཞིབ་ཏུ་འགོད་འོས་ནའང་ས་བོན་དུ་ལོ་རྒན་དྲུག་ཅུའི་བོད་མིང་དང་དབང་ཐང་སྦྱར་བ་སོགས་ཀྱི་རྐྱེན་པས་མ་འོངས་པའི་ལོ་འགའ་ཞིག་ཐོན་འདུག་པ་དེའི་སྟབས་ཀྱིས་གོང་གི་དབུ་བཙུགས་པའི་ལོ་དེ་ཡང་གཙིགས་མིན་ཤེས་སོ།། ཕྱི་ལོ་༡༩༨༧ལོའི་ཟླ་ཚེས་བཟང་བོའི་ཉིན་ནས་བཞེངས་མགོ་བརྩམས་པའི་རྟེན་འབྲེལ་དུ་མཆོད་རྟེན་གྱི་རྡུལ་སྤུངས་པའི་མདུན་སར། མཆོད་པིའ་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བཀོད་པ་མཛེས་པར་བཤམས་ཏེ་དགེ་འདུན་བགྲེས་གཞོན་མང་པོ་ལྷན་འཛོམས་གནང་བའི་སྒོས་ཆོས་སྤྱོད་སྨོན་ལམ། རྒྱལ་བའི་ཡུམ་འབྲིང་བསྡུས་སོགས་གསུང་སྒྲོགས་གནང་ཞིང་། མཇུག་ཏུ་དྲུག་ཅུ་བ་དྲག་བསྔོས་དམ་ཅན་གྱི་གསོལ་ཁ་བཅས་གསུངས། བླ་མ་མཆོག་གསུམ་དང་ཆོས་སྐྱོང་ཁག་ལ་གཉེར་གཏད་དང་ཐུགས་རྗེ་སྐུལ་བའི་གསོལ་འདེབས་ཤུགས་དྲག་གནང་སྟེ། སྤྱིར་ལྷར་བཅས་འགྲོ་བ་ཀུན་གྱི་ཕན་བདེ་འབྱུང་བའི་གཞི་གཅིག་པུར་གྱུར་པ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། སྒོས་མཆོད་རྟེན་མཐོང་གྲོལ་ཆེན་མོ་འདི་ཉིད་ཉམས་གསོ་བྱ་བ་གེགས་མེད་མྱུར་དུ་འགྲུབ་པའི་ཐུགས་སྨོན་དང་། འཕྲིན་བཅོལ་ནན་ཏན་གནང་ཞིང་སྐྱབས་རྗེ་མོ་ཡོག་སྤྲུལ་བའི་སྐུ་རིན་པོ་ཆེ་ངག་དབང་བསྟན་འཛིན་འོད་ཟེར་རྒྱ་མཚོ་དཔལ་བཟང་བོས་ཐིག་བཏབ་ནས་གསར་བཞེངས་ཀྱི་དབུ་མརྩམས། དེ་ལ་གཏོང་བ་ཡངས་པའི་དད་ལྡན་རྣམས་ཀྱིས་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་ནས། སོ་ཕག་དང་ཨར་འདམ་སོགས་མཁོ་དངོས་རྣམས་འདུ་ཐོག་ཧྲི་ཧྲོ་མེན་སོགས་བཟོ་བོ་བཅུ་ཕྲག་དང་། ཐིག་རྩ་འཛིན་མཁན་དབང་འབུམ་རྒྱལ་བཅས་དང་། སྤྱི་གཉེར་བ་ཨ་ཁུ་བློ་གྲོས་སོགས་འདིར་བཞུགས་འདུས་པའི་སྡེ་ཡོངས་ཀྱིས་ངལ་བ་ཁྱད་དུ་བསད་པ་དང་། རྩོལ་བ་ཆེན་པོས་བསྒྲུབས་ཏེ་རྨང་ལེགས་པར་བཏིང་ནས་རིམ་བཞིན་བཞེངས་ཤིང་། རྔ་ཆེན་ཆུ་ཁྱིའི་ཟླ་ཚེས་དགེ་བར་སྐྱབས་རྗེ་དམ་པ་རྡོ་རྗེ་འཆང་དངོས་དགེ་འདུན་ལེགས་བཤད་བསྟན་པ་རྒྱ་མཚོ་དཔལ་བཟང་པོ་དང་རྗེ་བཙུན་ངག་དབང་བསྟན་འཛིན་འོད་ཟེར་རྒྱ་མཚོའི་ཞལ་སྔ་ནས་གསེར་གྱི་བཀའ་ལུང་དྲི་བྲལ་ནོར་བུའི་ཅོད་པན་སྤྱི་བོར་བསྩལ་བ་བཞིན་མཁྱེན་རབ་ཀྱི་དབང་ཕྱུག་སྐེ་བའི་སྔགས་རིམ་པའི་མཆོག་སྤྲུལ་རིན་པོ་ཆེ་དགོན་འདིར་དངོས་ཕེབས་སྒོས་གཟུངས་འབུམ་ཤེལ་དཀར་མེ་ལོང་ལས་ཇི་ལྟར་གསུངས་པ་ལྟར་གཟུགས་གཞུག་དཔར་སྒྲིལ་སོགས་ཕྱག་ལེན་ཚད་ལྡན་གྱིས་ལེགས་པར་བསྒྲུབས། ཧོར་ཟླ་དྲུག་པའི་ཡར་ངོའི་ཚེས་བཞི་ནས་རྒྱུད་ལྡན་དམ་པའི་ཕྱག་བཞེས་ལྟར་གཟུངས་སྒྲུབ་ཉིན་བདུན་མཛད་སྐབས་དཀར་ཕྱོགས་ལྷ་རྣམས་མངོན་པར་དགྱེས་པའམ་ལྗོངས་འདིར་བཀྲ་ཤིས་དགེ་མཚན་གྱི་ལང་ཚོ་དཔལ་དུ་དར་བའི་རྟེན་འབྲེལ་དུ་མཛེས་སྡུག་ཡིད་དུ་འོངས་པའི་ཆུ་འཛིན་གྱི་ལྡིང་ཁང་ནས་ཆར་ཟིམ་འཇོ་བ་དང་། དབང་གཞུའི་གུར་ཁང་ཕྱོགས་སུ་བཀྲ་བ་སོགས་རྟགས་དང་རྟེན་འབྲེལ་ཕུན་སུམ་ཚོགས་པ་མངོན་དུ་གྱུར་པ་དང་། མཆོད་རྟེན་མཐོང་གྲོལ་ཆེན་མོ་བཞུགས་ཁྲི་བུམ་པ་ཆོས་འཁོར་ཉི་ཟླ་དང་མཆོད་རྟེན་མདུན་གྱི་ལྷ་ཁང་མཐའི་མ་ཎི་འཁོར་ཁང་དང་བཅས་པ་གེགས་མེད་ལྷུན་གྱིས་གྲུབ། གཟུངས་འབུམ་སོགས་བགྱི་འོས་མཐའ་དག་སླ་ཆོས་སུ་མ་སོང་བར་བསྒྲུབས་ཟིན་པ་ན། ལོ་དེའི་མཉམ་མེད་ཤྰཀྱའི་རྒྱལ་བོ་ལྷ་ལས་བབས་པའི་དུས་ཆེན་དང་བསྟུན་ཁྱབ་བདག་འཁོར་ལོའི་མགོན་པོ་ཅོ་ནེ་མཁན་རིན་པོ་ཆེ་རྡོ་རྗེ་སློབ་དཔོན་དང་། གཞན་གྲྭ་བ་བཅུ་ཕྲག་བཞིས་དཀྱིལ་འཁོར་ཞལ་ཕྱེས་ནས་རབ་གནས་ཀྱི་ཆོ་ག་རྒྱས་པར་མཛད་དེ་རྟེན་དང་བརྟེན་པ་ཡེ་ཤེས་པའི་གཏེར་དུ་གྲུབ་པར་མཛད། དད་ལྡན་རྣམས་ཀྱི་དད་པའི་མེ་ཏོག་རྣམ་པར་བཞད་ཆེད་རིང་བསྲེལ་རྣམ་བཞི་ལེགས་པར་ཕུལ་བའི་ཚུལ་ཅུང་ཟད་འགོད་པ་ལ། མཆོད་རྟེན་རིན་པོ་ཆེའི་སྙིང་བོར་བཞུགས་པའི་ནང་རྟེན་གྱི་དཀར་ཆག་ནི། སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཐང་ག་ཚོན་བཀྲ་ཅན་བཅུ་གཉིས། རྒྱབ་བ་གཉིས་པ་བློ་བཟང་གྲགས་པའི་དབུ་ཞྭ། པད་དཀར་འཆང་བ༧གོང་ས་སྐྱབས་མགོན་ལྔ་མཆོག་གི་ཚོགས་ཞྭའི་ཚལ་བུ། རྒྱལ་བ་སྐལ་བཟང་རྒྱ་མཚོ་མཆོག་གི་གདུང་ཚ། སྣང་བ་མཐའ་ཡས་པཎ་ཆེན་སྐུ་ཕྲེང་བཅུ་བའི་གདུང་ཚ། དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་པའི་འདྲ་སྐུ་གཅིག རྗེ་གསེར་ཁང་བའི་དབུ་སྐྲ། དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་གྱི་རྟེན་འདུས་རིལ་བུ་བདུན། གུ་རུ་པདྨ་ཡབ་ཡུམ་གྱི་སྐུ་བལ་ཀུན་འདུས། སིདྷི་ཆོ་གྱི་རྒྱལ་མཚན་གྱི་ཐུགས་རིལ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་དབུ་ཞྭའི་ཚལ་བུ། འབྲུག་པ་ཀུན་ལེགས་ཀྱི་གདུང་རུས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཚོགས་ཞྭའི་ཚལ་བུ། པཎ་ཆེན་ཆོས་ཀྱི་ཉི་མའི་ན་བཟའི་ཚལ་བུ། མདོ་མཁྱེན་བརྩེ་དབང་བོའི་དབུ་སྐྲ་དང་ན་བཟའི་ཚལ་བུ། བཀའ་བརྒྱུད་རྟེན་འདུས། རྒྱལ་བ་འབྲི་གུང་བའི་ན་བཟའ། སྟག་ལུང་སངས་རྒྱས་ཤེས་རབ་བླ་མའི་རང་བསྲེལ། ༧གོང་ས་སྐྱབས་མགོན་ཆེན་པོའི་ཕུར་བ་ཡང་སྙིང་སྤུ་གྲིའི་སྒོ་ནས་སྨིན་སྒྲུབ་བསྐྱངས་པའི་བདུད་རྩི་ཆོས་སྨན། ཐེག་ཆེན་ཆོས་འཁོར་གླིང་གི་གཙུག་ལག་ཁང་ནས་༧གོང་ས་སྐྱབས་མགོན་མཆོག་དབུ་བཞུགས་མ་ཎི་དུང་སྒྲུབ་རིལ་བུ་འབུམ་གཅིག ༧རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གདུང་རུས། ༧སྐྱབས་མགོན་སྐུ་ཕྲེང་བཅུ་བའི་གདུང་ཚྭ་བླ་སྐུ་གཅིག ཡང་གདུང་ཚྭ་དུམ་གཅིག ༧སྐྱབས་མགོན་སྐུ་ཕྲེང་བཅུ་བའི་བྱང་སེམས་རིལ་བུ། དེའི་ན་བཟའ་བྱིན་ཅན། རྡོ་རྗེ་འཇིགས་བྱེད་ཀྱི་འདྲ་སྐུ་གཅིག ཇོ་བོ་རྗེའི་ན་བཟའ་འཁྲུལ་མེད། རྡོ་རྗེ་འཆང་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་དུས་འཁོར་དབང་ཆེན་གནང་སྐབས་ཀྱི་རྡུལ་ཚོན་ཕྱེ་མ། བྱ་ཁྱུང་གསེར་གདུང་བདུད་རྩི་རིལ་བུ། པཎ་ཆེན་སྐུ་ཕྲེང་གི་གདུང་ཚྭ། ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་རིན་པོ་ཆེའི་ན་བཟའ། པོ་ཏ་ལའི་གཟིམས་ཁང་ནས་གནང་བའི་རྟེན་འདུས་རིལ་བུ། ཆུ་བཟང་རིན་པོ་ཆེའི་ན་བཟའ། རྗེ་གསེར་ཁང་བའི་རྟེན་འདུས་རིལ་བུ། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་ན་བཟའ། བཟང་སྤྱོད་སྨོན་ལམ། མདོ་སྡུད་པ། བྱང་ཆུབ་ལམ་རིམ་ཆེན་མོ། སྔགས་རིམ་ཆེན་མོ། དུས་འཁོར་བསྡུས་རྒྱུད་འདོད་གསོལ་དང་བཅས་པ། འཇམ་དཔལ་མཚན་བརྗོད། ལྷ་སྡེ་སྡེ་བས་བཞག་པའི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། ལྷ་སྡེ་ཨ་ཚོགས་ཀྱི་ཨ་ཁུ་ཀུན་བཟང་གིས་ཕུལ་བའི་ཡུམ་དུམ་པ་བཅུ་གཉིས་དང་ལམ་རིམ་དང་སྔགས་རིམ་གཉིས་བཅས་དང་། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་སྣ། བྱང་ཆུབ་ཤིང་གི་ལོ་མ་སྐུ་གཟུགས་ཅན་གསུམ་རིན་ཆེན་བྱུར་དམར་ཉེར་ལྔ་རིལ་བུ་གསུམ། བདུད་རྩི་ཆོས་སྨན། རིན་ཆེན་མང་སྦྱོར། བདུད་རྩི་རིལ་བུ། རིན་ཆེན་ཕྱེ་མ། གཙོད་རྭ་དཀར་པོ། བསེ་རུའི་རྭ། རཏྣ་བསམ་འཕེལ། དགའ་ལྡན་ཁམ་པ། དུར་ཁྲོད་བསིལ་བ་ཚལ་གྱི་མགོན་པོའི་བླ་ཤིང་། སྒྲོལ་མའི་བླ་རྡོ། བྱང་ཆུབ་ཤིང་གི་ཤུན་པ་སྨན་ཕྱེ་འགངས་ཆེན་ལས་བྱུང་བ་དུམ་གཅིག ཨ་ར་པ་ཙའི་མདུན་གྱི་ཙན་དན། བྱང་ཆུབ་ཤིང་གི་ལོ་མ། རྟེན་འདུས་རིལ་བུ། སྐུ་འབུམ་དུས་འཁོར་གྲྭ་ཚང་གི་རྡུལ་ཚོན་ཕྱེ་མ། སྐུ་འབུམ་གསེར་སྡོང་གི་ལོ་མ་དང་སྐུ་ཕྱིས། དམ་ཅན་བླ་རྡོ། གཙང་བཀྲ་ཤིས་ལྷུན་པོ་ནས་གནང་བའི་རྟེན་འདུས་རིལ་བུ། སྣང་བ་མཐའ་ཡས་པཎ་ཆེན་སྐུ་ཕྲེང་དྲུག་པ་ནས་བཅུ་བའི་བར་གྱི་ན་བཟའ། འཕགས་པ་བརྒྱད་སྟོང་བ། གསེར་འོད་དམ་པ་མདོ་སྡེ་དབང་བོའི་རྒྱལ་བོ། ཏིང་འཛིན་བཀའ་ཐང་ཤེལ་བྲག་མ། བསྐལ་བཟང་རྟོགས་བདུན་དང་རྟོགས་གསུམ། ཞྭ་དམར་ལམ་རིམ། གཟུངས་གཞུག་རྒྱས་པ་ཚར་ཉེར་ལྔ་དང་བསྡུས་པ་ཚར་ལྔ་བཅུ། མི་འཁྲུགས་པའི་སྐུ་འབུམ་ཕྲག་སོ་ལྔ། རྗེ་བཙུན་འཕགས་མ་སྒྲོལ་མའི་སྐུ་འབུམ་ཕྲག་ང་དགུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་བཞི་བའི་སྐུ་འབུམ་ཕྲག་སུམ་ཅུ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་སྐུ་འབུམ་ཕྲག་སུམ་ཅུ། དཔལ་ཕྱག་ན་རྡོ་རྗེའི་སྐུ་འབུམ་ཕྲག་སུམ་ཅུ། འཕགས་པ་ཚེ་དཔག་མེད་ཀྱི་སྐུ་འབུམ་ཕྲག་བཞི་བཅུ། འཕགས་མ་ཡིད་བཞིན་འཁོར་ལོའི་སྐུ་འབུམ་ཕྲག་བཞི་བཅུ། བཅོམ་ལྡན་རྣམ་རྒྱལ་མའི་སྐུ་འབུམ་ཕྲག་བཞི་བཅུ། རྗེ་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་སྐུ་འབུམ་ཕྲག་གསུམ། སྣང་སྲིད་ཟིལ་གནོན་གྱི་སྐུ་འབུམ་ཕྲག་སོ་གཅིག དཔལ་དུས་ཀྱི་འཁོར་ལོའི་སྐུ་འབུམ་ཕྲག་གཅིག བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ་གྱི་སྐུ་འབུམ་ཕྲག་གཅིག དཔལ་རྟ་མཆོག་རོལ་བ་ཡང་གསང་གི་སྐུ་འབུམ་ཕྲག་གཅིག ནོར་བདག་ཛམ་ལྷ་རིགས་ལྔའི་སྐུ་འབུམ་ཕྲག་དགུ། དམ་ཅན་གཤིན་རྗེ་ཆོས་ཀྱི་རྒྱལ་བོའི་སྐུ་འབུམ་ཕྲག་གཅིག མཆོད་རྟེན་རྣམ་བརྒྱད་འབུམ། བུམ་ཁང་དུ་སྨན་འདམ་ལས་བཞེངས་པའི་དཔལ་དུས་ཀྱི་འཁོར་ལོ་ཁྲི་དྲུག་འགྱོགས་ཅན་དང་ཁྲི་རལ་བ་ཅན་གྱི་སྐུ་སྨན་འདམ་ལས་གྲུབ་པ་མི་ཚད་གཅིག་རིགས་ལྡན་དྲག་པོའི་སྐུ་སྨན་འདམ་ལས་བཞེངས་པ་གཅིག་དང་། གསང་བདག་ཕྱག་ན་རྡོ་རྗེའི་འབག་སྐུ་གཅིག འཇམ་དཔལ་གཞོན་ནུའི་འབག་སྐུ་གཅིག་བཅས་བཞུགས། སྒོ་རྒྱན་གྱི་གཡས་གཡོན་དུ་ཚོན་བཀྲ་ཅན་གྱི་རྗེ་ཡབ་སྲས་གསུམ་དང་དུས་འཁོར་བླ་བརྒྱུད། རིགས་ལྡན་ཉེར་ལྔ་བཅས་ཀྱི་ལོགས་བྲིས་ཡོད། འདིའི་གཟུངས་གཞུག་རྒྱས་པ་ཚར་གསུམ་དང་བསྡུས་པ་ཚར་བཞི། དུས་འཁོར་རྩ་རྒྱུད། པཎ་ཆེན་སྐུ་ཕྲེང་བཅུ་བའི་གདུང་ཚྭ། བླ་སྐུ་གཅིག་དང་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་གཅིག་བཅས་མ་གཏོགས་གཞན་དང་འདྲ། དེ་ཡང་དུས་འཁོར་དང་། མངའ་བདག རིགས་ལྡན། འཇམ་དབྱངས། གསང་བདག་བཅས་ཀྱི་གཟུངས་གཞུག་ཏུ་སྨོན་ལམ་རྣམ་ལྔ་དང་མདོ། བྱང་ཆུབ་ཤིང་གི་ལོ་མ། པཎ་ཆེན་སྐུ་ཕྲེང་བཅུ་བའི་གདུང་ཚྭ་བླ་སྐུ་གཅིག པཎ་ཆེན་སྐུ་ཕྲེང་དྲུག་པ་ནས་བཅུ་བའི་ན་བཟའ། དུས་འཁོར་ལས་གཞན་རྣམས་ལ་གཟུངས་གཞུག་རྒྱས་པ་ཚར་གཉིས་རེ་དང་། བསྡུས་པ་ཚར་གསུམ་རེ། འཇམ་དཔལ་མཚན་བརྗོད་ཚར་གསུམ་རེ། ལམ་རིམ་དང་སྔགས་རིམ་རེ་རེ། ༧རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གདུང་རུས། རིན་ཆེན་རིལ་བུ། རི་བོ་རྩེ་ལྔའི་མེ་ཏོག བྱ་ཁྱུང་ཨ་ར་པ་ཙའི་རིལ་བུ། རིན་ཆེན་ཕྱེ་མ། སྨན་སྣ་ཨ་ར་པ་ཙ་བདུན་གྱི་ཙན་དན་ཇོ་བོའི་ན་བཟའ། བྱང་ཆུབ་ཤིང་གི་ལོ་མ། དུས་འཁོར་དབང་ཆེན་གྱི་རྡུལ་ཚོན། སྐུ་འབུམ་དུས་འཁོར་གྲྭ་ཚང་གི་རྡུལ་ཚོན། བྱ་ཁྱུང་གསེར་གདུང་རིལ་བུ། སྐུ་འབུམ་གསེར་གདུང་གི་ལོ་མ། སྒྲོལ་མའི་བླ་རྡོ། ཙ་རི་དང་། མངའ་རིས། ཧི་མ་ལ་ཡའི་ས་སྣ་ཆུ་སྣ། པཎ་ཆེན་སྐུ་ཕྲེང་བཅུ་བའི་བྱང་སེམས་རིལ་བུ། རྒྱ་གར་དང་རྒྱ་ནག་སོགས་གནས་ཆེན་དག་གི་ས་སྣ་ཆུ་སྣ་བཅས་བཞུགས་སོ།། Stupa subjects 115 For more information about this term, see Full Entry below.Subjects Geographical FeaturesReligiousReligious StructuresStructures (non-residential)Full EntryRelated Subjects (1)Related Places (30)Related Images (271)Related Audio-video (4)Related Texts (2) Amdo subjects 730 For more information about this term, see Full Entry below.Subjects Cultural RegionsTibetan and Himalayan Cultural RegionsCultural TibetNortheastFull EntryRelated Subjects (5)Related Audio-video (42)Related Texts (26) Heyin places 17821 For more information about this term, see Full Entry below.Feature Type Township (with urban registered population)Places EarthAsiaChinaQinghaiTsolho Tibetan Autonomous PrefectureTrigaFull EntryRelated Subjects (30)Related Places (5)Related Texts (2)Related Images (2) Minyak Dratsang Trashi Chömpel Ling places 22816 For more information about this term, see Full Entry below.Feature Type MonasteryFull EntryRelated Subjects (6)Related Places (1)Related Texts (2)Related Images (2)