སྐྱབས་འགྲོའི་སེམས་བསྐྱེད་བཏང་སྙོམས་ལས་ཐོན་ པའི་འདྲ་མཉམ་གྱི་བསམ་པ།  བོད་བརྒྱུད་ནང་བསྟན་གྱི་སྐྱབས་འགྲོའི་གཞུང་དང་ནང་དོན་གྱི་ཐད་གསོལ་འདེབས་དང་དམ་བཅའ། སེམས་བསྐྱེད་ཀྱིས་གོ་གནས་ཧ་ཅང་གལ་ཆེན་པོ་ཡོད་དེ། སྐྱབས་སེམས་ཀྱི་ཁྲིད་བསྡུས་སངས་རྒྱས་ཆོས་ཚོགས་མའི་འགྲེལ་པ་ལས། ཐར་པའི་ལམ་ཐམས་ཅད་ཀྱི་གཞི། སྡོམ་པ་ཐམས་ཅད་ཀྱི་རྟེན། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། ཕྱི་དང་ནང་པའི་ཁྱད་པར་འབྱེད་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་གཞི་མ། སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་ཞེས་གསུང་ཞིང་། སྤྱིར་སེམས་བསྐྱེད་ལ་ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་གཉིས་ཡོད་ཅིང་། དེ་ནི་མདོ་སྔགས་ཀྱི་གཞུང་ཉམས་སུ་ལེན་པའི་ཐབས་དང་ནུས་པ་ཁྱད་དུ་འཕགས་པ་ཞིག་ཡིན་ཞིང་དཀོན་བརྩེགས་འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལུས་སེམས་བསྐྱེད་བཅུ་ཡོད་པར་གསུང་སྟེ། རི་རབ་ཀྱི་ཚུལ་དུ་དགེ་བའི་རྩ་བ་ཐམས་ཅད་ཀྱིས་ཡང་དག་པར་འཕགས་པའི་སེམས་དང་པོ་སྐྱེ་སྟེ། དེ་ལ་རྒྱུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། སེམས་བསྐྱེད་གསུམ་པ་ནི་འཇིགས་པ་མེད་པ་དང་བག་ཚ་མེད་པ། སྐྲག་པ་མེད་པའི་ཚུལ་གྱིས་རི་དྭགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་གྱི་རྩལ་ལྟ་བུར་བལྟ་སྟེ། དེ་ལ་རྒྱུ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། སེམས་བསྐྱེད་བཞི་པ་ནི་ཕྱིར་མི་ལྡོག་པའི་ཚུལ་གྱིས་སྲེད་མེད་ཀྱི་བུའི་མཐུ་དང་སྟོབས་དང་ཤུགས་དང་བརྩོན་འགྲུས་དང་བརྟུལ་བ་ལྟ་བུར་བལྟ་སྟེ། དེ་ལ་རྒྱུ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། སེམས་བསྐྱེད་ལྔ་བ་ནི་བསོད་ནམས་ཀྱིས་ཆོག་མི་ཤེས་པའི་ཚུལ་གྱིས་དགེ་བ་སྣ་ཚོགས་ཀྱིས་ཡང་དག་པར་འཕགས་པ་བལྟ་བུར་བལྟ་སྟེ། དེ་ལ་རྒྱུ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། སེམས་བསྐྱེད་དྲུག་པ་ནི་མུན་པ་མུན་ནག་ཆེན་མོ་སེལ་བའི་ཚུལ་གྱིས་ཉི་མའི་དཀྱིལ་འཁོར་འོད་གསལ་བ་བལྟ་བུར་བལྟ་སྟེ། དེ་ལ་རྒྱུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། སེམས་བསྐྱེད་བདུན་པ་ནི་དེད་དཔོན་མཛོད་ཆེན་པོ་ཕྱུག་པ་ལྟར་འཁོར་བའི་འབྲོག་དགོན་པ་ལས་སྒྲོལ་བའི་ཚུལ་གྱིས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ལེགས་པར་བརྒྱན་པར་བལྟ་སྟེ། དེ་ལ་རྒྱུ་ནི་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པའོ།། སེམས་བསྐྱེད་བརྒྱད་པ་ནི་ཟླ་བ་ཉ་བའི་དཀྱིལ་འཁོར་རྣམ་པར་དག་པའི་ཚུལ་གྱིས་སྒྲུབ་པ་ཐམས་ཅད་རྣམ་པར་དག་པར་ཡོངས་སུ་རྫོགས་པར་བལྟ་སྟེ། དེ་ལ་རྒྱུ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ།། སེམས་བསྐྱེད་དགུ་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་སེམས་ཡོན་ཏན་གྱི་རྒྱན་བཀོད་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་བལྟ་སྟེ། དེ་ལ་རྒྱུ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། སེམས་བསྐྱེད་བཅུ་བ་ནི་ཡོན་ཏན་དང་ཡེ་ཤེས་དང་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་མཚན་གྱི་དཔེའི་ཚུལ་གྱིས་ནམ་མཁའ་དང་མཚུངས་པར་བལྟ་སྟེ། དེ་ལ་རྒྱུ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལས་སྐྱབས་འགྲོའི་ནང་དུ་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆིའོ།། བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་ལ། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ཅེས་སེམས་བསྐྱེད་པ་ནས་ཚད་མེད་བཞིའི་སྐབས་སུ་སེམས་བསྐྱེད་ཀྱི་དམིགས་རྣམ་དེ་ཉིད་ཐེ་རྒྱས་སུ་གཏོང་བ་ཡིན་ཏེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཉེ་རིང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག་བྱ་བ་དེ་བྱམས་པ་ཚད་མེད་དང་སྙིང་རྗེ་ཚད་མེད། དགའ་བ་ཚད་མེད། བཏང་སྙོམས་ཚད་མེད་བཞི་རུ་བགར་ཞིང་དེ་རེ་རེ་ལའང་ནང་དོན་གསུམ་འདུས་པར་གསུང་ཏེ། བྱམས་པ་ཚད་མེད་ལ་མི་རྟག་པ་དང་བདེན་མེད་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་སེམས་ཅན་ཐམས་ཅད་ལ་དམིགས་ནས་བདེ་བ་དང་ལྡན་ན་སྙམ་པ་ཆོས་ལ་དམིགས་པའི་བྱམས་པ། བདེན་མེད་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་ཐམས་ཅད་ལ་དམིགས་ནས་བདེ་ལ་ལྡན་ན་སྙམ་པ་དམིགས་ལ་མེད་དམིགས་པའི་བྱམས་པའོ།། སྙིང་རྗེ་ཚད་མེད་ལ་མི་རྟག་པ་དང་བདེན་མེད་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ། སྐད་ཅིག་རེ་རེར་འཇིག་པ་མི་རྟག་པས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་མི་རྟག་པར་རྟག་པར་འཛིན་པའི་སེམས་ཅན་རྣམས་སྙིང་རྗེ་སྙམ་པ་ཆོས་ལ་དམིགས་པའི་སྙིང་རྗེ། བདེན་པས་སྟོང་པའི་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་བདེན་མེད་ལ་བདེན་པར་འཛིན་པའི་སེམས་ཅན་སྙིང་རེ་རྗེ། བདེན་པས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་བདེན་མེད་ལ་བདེན་པར་འཛིན་པའི་སེམས་ཅན་སྙིང་རྗེ་སྙམ་པ་ནི་དམིགས་མེད་ལ་དམིགས་པའི་སྙིང་རྗེའོ།། དགའ་བ་ཚད་མེད་ལ་སེམས་ཅན་ཐམས་ཅད་བདེ་བ་དང་དམ་པ་དང་མི་འབྲལ་བར་གྱུར་ན་ཅི་མ་རུང་སྙམ་པ་ནི་འདུན་པ་ཚད་མེད། སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་བདག་གིས་བྱའོ་སྙམ་པ་ནི་ལྷག་བསམ་ཚད་མེད་དོ།། བཏང་སྙོམས་ཚད་མེད་ལ་སེམས་ཅན་ཐམས་ཅད་བདེ་སྡུག་གི་ཆེད་དུ་རྒྱུ་ཉེ་རིང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་ན་ཅི་མ་རུང་སྙམ་པ་ནི་འདུན་པ་ཚད་མེད་སེམས་ཅན་ཐམས་ཅད་བདེ་སྡུག་གི་རྒྱུ་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག་སྙམ་པ་ནི་སྨོན་པ་ཚད་མེད། སེམས་ཅན་བདེ་སྡུག་གི་རྒྱུ་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་བདག་གིས་བྱའོ་སྙམ་པ་ནི་ལྷག་བསམ་ཚད་མེད་དོ།། ཚད་མེད་བཞི་སེམས་བསྐྱེད་སྐབས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་སྙམ་པའི་དོན་ནི་སྡུག་བསྔལ་སེལ་བ་དང་བདེ་བ་སྒྲུབ་པ་གཉིས་ལས་མ་འདས་ཤིང་། སྡུག་བསྔལ་སེལ་བར་འདོད་པ་ལ་སྙིང་རྗེ། བདེ་བ་སྒྲུབ་པར་འདོད་པ་ལ་དགའ་བ། བདེ་བའང་ཟག་བཅས་ཀྱི་བདེ་བ་ཙམ་ལ་ཡིད་བརྟན་མེད་པ་མཐར་སླུ་བའི་ཆོས་ཅན་ཡིན་པས་ཟག་མེད་ཀྱི་བདེ་དགའ་ནམ་ཡང་མི་ཉམས་པ་ཞིག་ལ་འགོད་པར་འདོད་པ་དགའ་བ། ཕྱོགས་རིས་ཅན་མ་ཡིན་པར་དགྲ་གཉེན་བར་མ་ཀུན་ལ་སྙོམས་པ་ཞིག་དགོས་པས་བཏང་སྙོམས་ཏེ་བཞིར་ཕྱར་བ་ཡིན། ཚད་མེད་བཞིའི་ནང་གི་བཏང་སྙོམས་ཚད་མེད་དེ་སྙམས་པའི་སེམས་སམ་སེམས་སྙོམས་ནི་ཧ་ཅང་གལ་ཆེ་བས་སྔོན་བྱོན་མཁས་པ་རྣམས་ཀྱིས་དཔྱད་འགྲེལ་མང་པོ་གནང་ཡོད་པར་མ་ཟད། སྔ་གཞུག་གི་གོ་རིམ་སྒྲིག་ཚུལ་ལ་བཞེད་པ་མི་མཐུན་པའང་ཁ་ཤས་མཆིས་པར་གནང་སྟེ་བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག་ཕན་བདེ་ལམ་བཟང་དུ་བཏང་སྙོམས་ནི་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་བ་ལྟར་རྒྱ་ཆེ་བས་མཇུག་ཏུ་བཞག་པ་ཡིན་ཀྱང་། ཤེར་ཕྱིན་གྱི་མདོ་དང་མངོན་པར་རྟོག་པའི་རྒྱན་ལས་རྣམ་རྫོགས་སྦྱོར་བའི་དྲོད་ཀྱི་སྐབས་སུ་མཉམ་པའི་སེམས་སོགས་བཅུ་གསུངས་པ་ལྟར་ཇོ་བོའི་མན་ངག་གིས་སེམས་སྙོམས་པ་སྔོན་དུ་འགྲོ་དགོས་པས། ངག་ཏུ་བརྗོད་སྐབས་ཀྱང་སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག་ཅེས་པ་སྔོན་དུ་བླངས་ནས་འདོན་པའི་ཕྱག་བཞེས་ཀྱང་ཡོད་པས་གང་མོས་བྱ། ཞེས་གསུངས་པའི་ཕྱིར། གང་ལྟར་ཡང་ཚད་མེད་བཞིའི་སྔོན་འགྲོ་དང་རྨང་གཞི་ནི་བཏང་སྙོམས་ཀྱི་བསམ་པ་ཡིན་པ་མཁས་པའི་བཞེད་ཚུལ་མཐུན་ཞིང་དེ་ནི་ནང་པ་སངས་རྒྱས་ཀྱི་རྩ་བའི་རིན་ཐང་དང་བླ་ན་མེད་པའི་ལག་ལེན་མཛུབ་སྟོན་ཡིན། དེ་ཡང་ཉེ་རིང་དང་ཆགས་སྡང་མེད་པའམ་བྲལ་བའི་བཏང་སྙོམས་སེམས་ཏེ། སེམས་ཅན་ཐམས་ཅད་འགྲོ་བ་རིགས་དྲུག་འདྲ་མཉམ་གྱི་འདུ་ཤེས་འབྱུང་བའི་རྨང་གཞི་ཡིན་པ་ནི་དང་པོ་འགྲོ་བ་རིགས་དྲུག་དེ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོར་གནས་ཡོད་པའི་ངོས་འཛིན་དགོས་པ་དང་། གཉིས་པ་དེ་རྣམས་ཐར་བའི་བདེ་བ་ལ་འདྲེན་པ་དཀོན་མཆོག་གསུམ་ཁོ་ནར་སྐྱབས་སུ་ཞུ་དགོས་པའི་དད་པ། གསུམ་པ་འགྲོ་བ་རིགས་དྲུག་ལ་གཏན་གྱི་བདེ་བ་བྱང་ཆུབ་མཆོག་གི་གོང་འཕང་ཐོབ་པར་དགྲ་དང་གཉེན། ཉེ་དང་རིང་གི་ཆགས་སྡང་དོར་ནས་འདྲ་མཉམ་གྱི་འདུ་ཤེས་ཆགས་དགོས་པ། འདུ་ཤེས་དེ་འབྱུང་བའི་ཁུངས་ནི་སེམས་ཅན་ཐམས་ཅད་རང་གི་བརྩི་བའམ་བཀུར་བའི་རིགས་པའི་གཞུང་ལུགས་ལ་ཐུགས་པར་འདོད་དེ། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་གནང་མཁན་ཕ་མ་ནི་ཧ་ཅང་བཀའ་དྲིན་ཆེ་བས་དྲིན་ལན་འཇལ་ཐབས་མེད་པ་ནང་བཞིན་འགྲོ་བ་རིགས་དྲུག་གི་སེམས་ཅན་ཡང་ཚེ་རབས་སྔ་མ་རྣམས་སུ་ཕ་མ་བྱས་པ་གཅིག་ཀྱང་མེད་པས་མ་རྒན་སེམས་ཅན་འདི་རྣམས་ཐོག་མ་མེད་པ་ནས་བདེ་བ་ཁོ་ན་འདོད་ཀྱང་དེའི་རྒྱུ་མ་བསྒྲུབས་པས་བདེ་བ་རྣལ་མ་གཅིག་དང་མ་འཕྲད་པར་འདུག ད་ལྟ་བདེ་བ་རློན་པ་བག་རེ་ཡོད་ཀྱང་མྱུར་དུ་སྡུག་བསྔལ་དུ་འགྱུར་ནས་འགྲོ་བ་དང་། འདི་རྣམས་ཀྱིས་ཐོག་མ་མེད་པ་ནས་ཕན་ཚུན་དུ་འགའ་ཞིག་ལ་ཉེ་བར་བཟུང་། འགའ་ཞིག་ལ་རིང་བར་བཟུང་ནས་ཆགས་སྡང་གི་ལས་ངན་སྣ་ཚོགས་བསགས་པའི་དབང་གིས་སྤྱིར་འཁོར་བ་དང་ཁྱད་པར་དུ་ངན་འགྲོའི་སྡུག་བསྔལ་དཔག་མེད་མྱོང་བར་འདུག་པས་འདི་རྣམས་ཕན་ཚུན་ལ་ཉེ་རིང་དུ་བཟུང་སྟེ་ཆགས་སྡང་གི་སེམས་དང་བྲལ་ནས་བཏང་སྙོམས་ལ་གནས་པར་གྱུར་ཅིག བདག་གིས་ཀྱང་འདི་རྣམས་ལས་ཁ་ཅིག་ལ་ཉེ་བ་དང་ཁ་ཅིག་ལ་རིང་བར་བཟུང་ནས་ཆགས་སྡང་མི་བྱེད་པར་ཐམས་ཅད་ལ་སེམས་སྙོམས་པར་བྱའོ།། ཞེས་པའི་བསམ་བློའི་འབྱུང་ཁུངས་ཧ་ཅང་བརྟན་པའི་གཞུང་ལུགས་ཡོད་པ་དེ་བྱང་ཆུབ་ལྟུང་བཤགས་ཉམས་སུ་ལེན་ཚུལ་སྡིག་ལྟུང་མུན་སེལ་ལས་དང་པོ་རང་གི་མདུན་དུ་རྩ་བའི་མ་དང་རང་ལ་ཤིན་ཏུ་ཡིད་མི་འོང་བའི་དགྲ་ལྟ་བུ་གཉིས་གསལ་བཏབ་ནས་བསམ་ན་རང་གི་དེ་ལ་ཡིད་དགའ་ཞིང་། དགྲའམ་ཡིད་དུ་མི་འོང་བའི་སེམས་ཅན་དེ་ལ་ཅུང་མི་དགའ་བ་ཞིག་སྐྱེ་བ་ན། ག་རེ་བདག་གི་སེམས་ཅན་འདི་གཉིས་ལ་ཉེ་རིང་ཆགས་སྡང་བྱ་བ་འདི་དོན་མེད་དེ། དགྲ་འདི་ལྟ་བུ་རང་ཉིད་སྣང་བ་འཁྲུལ་པའི་དབང་གིས་དགྲ་ལྟ་བུ་ཞིག་སྣང་བ་ལས་དོན་ལ་ཚེ་སྔོན་རབས་རྣམས་སུ་དགྲ་འདིས་བདག་གི་མ་བྱས་པ་གྲངས་ཀྱི་མི་ཆོད། མ་ནམ་བྱས་དུས་སུ་ད་ལྟར་རང་གི་མ་འདིས་རང་ལ་དྲིན་ཆེན་པོ་བྱས་པ་ལྟར་དྲིན་གྱིས་བསྐྱངས་པའི་དྲིན་ཆེན་མ་ཡིན་པར་ཐག་ཆོད། དེས་ལ་འདི་གཉིས་མ་ཡིན་ལུགས་འདྲ་བ་ལ་བདག་གི་ཉེ་རིང་ཆགས་སྡང་བྱ་བའི་དོན་མེད་སྙམ་དུ་སྒོམ། དེ་བཞིན་དུ་གཉེན་དང་སེམས་ཅན་དམྱལ་བ་པ་སོགས་ཐམས་ཅད་ཀྱང་ཕ་མ་གྲངས་མེད་བྱས་ཤིང་དྲིན་གྱིས་བསྐྱངས་པར་འདྲ་བས་སེམས་ཅན་རེ་རེ་ལ་སྡང་བ་དང་རེ་རེ་ལ་ཆགས་པ་བྱ་བའི་དོན་མེད་སྙམ་ནས་བཏང་སྙོམས་ཚད་མེད་ལ་རང་གནས་ཤིང་སེམས་ཅད་ཐམས་ཅད་ཀྱང་བཏང་སྙོམས་ཚད་མེད་ལ་གནས་པར་གྱུར་ཅིག་ཅེས་བཏང་སྙོམ་ཚད་མེད་བསྒོམ་པར་བྱའོ།། ཞེས་གསུངས་པ་བཞིན་ནོ།། དེ་བས་སྐྱབས་འགྲོའི་སེམས་བསྐྱེད་བཏང་སྙོམས་བསམ་པ་ནི་བོད་བརྒྱུད་ནང་བསྟན་གྱི་འདྲ་མཉམ་འདུ་ཤེས་ཀྱི་རིག་པའི་གཞུང་ལུགས་ཡིན་པ་དང་བོད་བརྒྱུད་ནང་བསྟན་ནི་བྱམས་སེམས། སྙིང་རྗེ། གཞན་ཕན། འདྲ་མཉམ་བཅས་ཀྱི་ནང་པ་སངས་རྒྱས་པའི་གཞུང་ཕུན་སུམ་ཚོགས་པ་ཞིག་ཡིན་པ་ལུང་དང་རིག་པ། ཉམས་ལེན་བཅས་ཀྱི་སྟེང་ནས་ར་སྤྲོད་བྱས་ཡོད་པར་འདོད་དོ།། Modern Creative Literature subjects 1603 For more information about this term, see Full Entry below.Subjects Tibet and HimalayasBibliographic ClassificationTibetan and HimalayanTibetan LiteratureFull EntryRelated Subjects (1)Related Texts (20)Related Audio-video (42) Amdo subjects 730 For more information about this term, see Full Entry below.Subjects Cultural RegionsTibetan and Himalayan Cultural RegionsCultural TibetNortheastFull EntryRelated Subjects (5)Related Texts (26)Related Audio-video (42) Tsolho Tibetan Autonomous Prefecture places 1173 For more information about this term, see Full Entry below.Feature Type Autonomous Prefecture (China)Places EarthAsiaChinaQinghaiFull EntryRelated Subjects (1)Related Places (205)Related Texts (119)Related Audio-video (192)Related Images (631)