ཕ་ཡུལ་གྱི་འདས་མཆོད་སྒྲུབ་སྟངས་ལས་བཙོ་སྐོལ་བའི་རིམ་པ་བཤད་པ།        སྤྱིར་ཡུལ་འདིར་མི་ཞིག་ཚེ་ལས་འདས་རྗེས། དེ་ལ་བསྒྲུབ་པའི་འདས་མཆོད་ཀྱི་བྱ་བ་ ནི་རིམ་པ་དགུ་ཡིས་རྫོགས་པར་བྱེད་དེ། དེ་དག་ནི་སོ་སོར་དང་པོ་བེམ་ཁང་བེམ་པོ་བདག་སྐྱོང་། གཉིས་པ་དགེ་རྩའི་གཤིན་ཆོས་འདོན་པ། གསུམ་པ་སྔས་མགོའི་བླ་མ་ཞུ་བ། བཞི་པ་དཀའ་ཐུབ་བསྙུང་གནས་སྲུང་བ། ལྔ་པ་པུར་འདོན་སྐར་མ་བྱེད་པ། དྲུག་པ་ཚར་སྐར་འགྲུབ་སྐར་སྒྲུབ་པ། བདུན་པ་དགོང་ཞག་ཞེ་དགུའི་བྱ་བ། བརྒྱད་པ་ལོ་འཁོར་དུས་རན་ཚོགས་པ། དགུ་བ་རྣམ་ཤེས་ངོས་འཛིན་བྱེད་པ་བཅས་སུ་ཕལ་ཆེར་ནི་འདུའོ།། དེ་དག་ལས་རིམ་པ་དང་པོ་ནས་ཚར་སྐར་བར་གྱི་དུས་ཡུན་ལ་སྡེ་འདིས་ཆ་ཆག་གི་ནང་ཞེས་དང་། ཡང་ན་སྡུག་གི་ནང་ངམ་དགེ་ཡི་ནང་ཞེས་བརྗོད་པར་འདུག   མི་སུ་ཞིག་གིས་ཁྱིམ་གང་ཞིག་ལ་ཚེ་འདས་ཀྱི་དོན་བྱུང་བ་གོ་ཞིང་ཐོས་རྗེས། རབ་ཡིན་ན་སྡུག་གི་ནང་ཞེས་བྱ་བའི་བཅད་བཟུང་གི་དུས་ཚོད་འདིའི་ནང་ཁྱིམ་དེ་ཚང་དུ་སྡུག་འདྲི་ལ་ངེས་པར་འགྲོ་དགོས་པ་ཞིག་ཡིན། ཁྱད་པར་དུ་སྐར་མའི་སྔོན་རོལ་ལ་ཡོང་མི་ཐུབ་ཀྱང་སྐར་ཐོག་ལ་ངེས་པར་ཐོན་པ་ཞིག་བྱ་དགོས། དུས་དེར་སླེབས་པ་ཡིན་ན་མིག་སྔུན་དུ་ཐོན་སོང་བའི་གོ་ཆོད་པ་ཡིན་ཏེ། དེ་ལ་མི་ཆེ་གེ་མོ་དེ་དང་གན་སོགས་དེ་ཚང་གི་མིག་སྔུན་དུ་བུད་ཡོང་དང་། སྡུག་གི་ནང་ཐོན་སོང་། དགེ་ཡི་ནང་སླེབས་སོང་ཟེར་ནས་ཁ་ངོ་ཤིན་ཏུ་ཆེ་བ་ཡིན། དུས་འདི་འདས་ཏེ་ཕྱི་ནས་ཡོང་ན་སྐོར་བ་ཙམ་བྱས་པའི་མིང་ལས་མིག་སྔུན་དུ་ཡོང་བའི་བྱ་བ་ལ་ནི་མི་བརྩི་བར་མཐོང་།  གལ་ཏེ་ཁྱིམ་དེའི་ཁྱིམ་མི་གང་རུང་དང་འབྲེལ་བ་ལེགས་པ་ཞིག་ཡིན་ན། མི་དེ་མ་མཐའ་ཡང་སྡུག་གི་སྐབས་སུ་ཁྱིམ་དེ་ཚང་ལ་ཐེངས་གཉིས་སུ་ཡོང་ཐབས་བྱ་དགོས་ཏེ། སོ་སོར་མིག་སྔུན་དང་སྐར་མའི་དུས་གཉིས་ལའོ།། དུས་བཅད་འདི་ནི་འདི་འདྲའི་གལ་ཆེན་པོ་ཡིན་པ་ནི། སྲིད་པའི་གཏམ་དུ་ཡང་། སྡུག་གི་ནང་ལ་ཐོན་དགོས། སྐྱིད་ཀྱི་སྐབས་སུ་འབོད་དགོས་ཞེས་འབྱུང་བ་ལྟར།  བོད་ཁྱིམ་རྣམས་ཀྱི་སྤྱིར་བཏང་གི་འགྲོ་ལུགས་ནི་སྐྱིད་ཀྱི་བྱ་བ་རྩོམ་པའི་སྐབས་སུ་ཕན་ཚུན་ལ་བརྡ་འབོད་གཏོང་དགོས་ཤིང་། དེ་ལྟར་བརྡ་བཏང་ནས་ཆེད་དུ་མ་བོས་ན་ཁ་ར་དང་སྐང་ར་ཤིན་ཏུ་ཆེ་བ་ཡིན་ལ། ཐ་ན་དེ་ཉིད་རྐྱེན་དུ་སོང་བ་གཞི་བཅས་ཕན་ཚུན་བར་འཁོན་དང་གྱོད་དུ་འགྱུར་བ་ཡང་ཡོད།  སྡུག་ཅེས་བྱ་བ་ནི་ཁྱིམ་ཚང་གང་ལ་གང་ཟག་གི་ཤི་ཆད་བྱུང་བ་ལ་ཟེར་ཞིང་། ཞིབ་ཏུ་བརྗོད་ན་འཆི་ཁ་མའི་ཚེ་ལྡན་གང་ཞིག་སྲོག་དབུགས་ཆད་ནས་འཆི་སྲིད་ཡོངས་སུ་གྲུབ་པ་ན་ཁྱིམ་དེ་ལ་སྡུག་བྱུང་བའི་དུས་དངོས་ལ་གཞི་ནས་ངོས་བཟུང་ཆོག། སྡུག་གི་བྱ་བ་མགོ་ལ་བབས་ཚེ་ཁྱིམ་དེས་རང་ལ་སྡུག་ཡོང་བའི་གནས་ཚུལ་དེ་གཞན་ལ་བརྡ་རྒྱག་སྲོལ་ཡེ་མེད་ལ་བརྡ་གཏོང་བ་ནི་ངོ་ཚ་ཞིག་ཏུ་ཡང་སེམས་སྟབས། དེ་དུས་ཤ་བ་ཤ་ཉེ་དང་བཟང་ས་རྒྱན་ས་སོགས་ཤ་ཚ་བའི་མིས་དང་དུ་བླངས་ཏེ་དོན་དེ་གོ་མ་ཐག་གཅིག་གཅིག་ལ་བརྡ་རྒྱག་དགོས་པ་ཡིན་ལ།  སུ་དང་གང་གིས་བརྡ་དེ་ལྟར་གོ་བ་ན་རང་གིས་ཤེས་དོད་དེ་གང་ཁོམ་གྱིས་ཁྱིམ་དེ་ལ་མྱུར་དུ་ཡོང་དགོས་པ་ཞིག་ཀྱང་ཡིན། གཞན་ཡང་དོན་གལ་ཆེན་གྱི་དབང་གིས་སྡུག་གི་ནང་དེ་ལ་ཡོང་མ་ཐུབ་པ་ཡིན་ན། འདྲི་རྟེན་དུ་མར་གནས་དང་སྐད་བསྐུར་ནས་རང་ཉིད་ཡོང་མ་ཐུབ་པའི་རྒྱུ་མཚན་གསལ་བོ་བཤད་དགོས་ཆེ་ཞིང་། ཁོམ་དུས་ཡོང་རྒྱུའི་བསམ་པ་སྟོན་པ་ཡིན། དེ་ལྟ་བྱས་ན་ནི་གང་ལྟར་སྡུག་གི་ནང་མ་ཐོན་ཡང་དགོང་ཞག་ཞེ་དགུ་མ་ཚང་བའི་སྐབས་སུ་སླེབས་ཐུབ་པ་བྱུང་བ་དེ་རང་ཡང་། གཏན་ནས་མ་ཡོང་བ་ལ་ལྟོས་པས་ངོ་ཐང་ཡོད་པ་ཡིན།   ཚར་སྐར་རམ་འགྲུབ་སྐར་ཞེས་བྱ་བ་ནི་ཁྱིམ་དེ་ལ་རང་གི་ཁྱིམ་མིའི་ཤི་ཆད་བྱུང་སྟེ་གདུང་བའི་སྡུག་བསྔལ་ཆེས་ཆེ་བའི་དང་ཐོག་གི་ཉི་མ་དེ་དག་རེ་ཞིག་མཇུག་རྫོགས་པའི་དུས་ཚོད་ལ་བྱ་ཞིང་། ཉིན་དེ་ནི་ནམ་ལ་བྱེད་རང་གི་གཞིས་དཔོན་ནམ་ཡང་ན་ཨ་མཆོད་ནག་རྩིས་ལ་མཁས་པ་ཞིག་གི་རྩིས་དཔེ་ལྟར་གཏན་ལ་ཕབ་དགོས་ཤིང་། སྐབས་རེར་ཉིན་བཅུ་གྲངས་ལ་འགྲུབ་སྐར་མེད་པ་དང་། མཚམས་རེར་ཉིན་ལྔ་དྲུག་གི་མཚམས་སུ་འགྲུབ་སྐར་ཡོད་པ་སོགས་དུས་ཀྱི་རིང་ཐུང་ལ་ངེས་པ་གཏན་ནས་མེད། ཚར་སྐར་གྱི་ཉི་མའི་བྱ་བ་གཙོ་བོ་ནི་བཙོ་སྐོལ་ཏེ་སྡུག་ཁྱིམ་དང་དེའི་ལས་རོགས་པ་ཐམས་ཅད་ལ་བྱབས་ཁྲུས་བྱ་རྒྱུ་དེ་རེད། ཉིན་དེར་ནི་ཐ་ན་ཁྱིམ་དེ་ནས་གཤིན་དགེ་ལ་དམིགས་པའི་དཀར་ཆོས་ཀྱི་བྱ་བ་ཙམ་ཡང་མི་རྩོམ་ཞིང་། རོགས་བྱེད་མཁན་ཚང་མ་ཡང་ཉིན་དེ་ལ་སྔ་མོ་ནས་ཁྱིམ་དེ་ལ་ཁ་ཚང་གིས་ཡོང་ནས་འདུག་དགོས་ཏེ།   བཙོ་ཁྲུས་ཀྱི་བྱ་བ་དེ་ནི་ཉིན་མོའི་སྔ་རག་ལ་ཡོངས་སུ་ཚར་དགོས་པ་ཞིག་ཀྱང་རེད། དང་པོ།       བཙོ་ཁྲུས་ཀྱི་སྟ་གོན། དེ་ཡང་བཙོ་ལ་བཙོ་སྐྱ་དང་བཙོ་དམར་བྱ་བ་གཉིས་ཡོད་པ་ལས། སྐབས་འདིའི་བསྐོལ་བར་བྱ་བ་དེ་ནི་བཙོ་སྐྱ་ཞེས་པའི་རིགས་ལ་གཏོགས་པ་ཡིན། དེ་ཡང་བཙོ་སྐོལ་བ་ལ་ཚང་དགོས་པའི་གང་ཟག་དང་དངོས་པོ་དག་ནི་སོ་སོར་གང་ཟག་ལ་ཨ་ཁུ་དཔོན་ཞིག་དང་ཐབ་གཡོག་གཅིག   བཙོ་ཆུ་ལེན་མཁན་བཅས་གསུམ་དང་།   དེར་མཁོ་བའི་དངོས་པོ་ལ་བཙོ་ཆུ་དང་བཙོ་ཟངས།  བཙོ་སྙིང་དང་བཙོ་ལྕག   བཙོ་ཐབ། སྒྱེད་པུ་གསུམ་བཅས་དངོས་རྫས་རྣམས་ཚང་དགོས་པ་རེད།  བཙོ་ཆུ་ཟེར་བ་ནི་ཉིན་དེའི་བཙོ་ཁྲུས་ལ་དམིགས་ཏེ་ཆེད་དུ་ཁུར་ཡོང་བའི་ཆུ་ལ་ཟེར་ཞིང་།  ཆུ་དེ་ནི་ཉིན་དེའི་ཆུ་ལེན་བུ་མོ་དེ་ཉིད་ཁོ་ནས་ཆུ་མགོ་ནས་ལེན་པ་དང་ཐབ་ལ་ལྡུག་པར་བྱེད་དགོས་པ་ལས་མི་གཞན་གྱིས་རེག་མི་ཆོག་པ་ཡིན།  བཙོ་སྙིང་ཟེར་བ་ནི་རས་དཀར་ཁྲུ་གང་གི་ཁུག་ལ་རིན་ཆེན་སྣ་ལྔ་དང་འབྲུ་རིགས་སྣ་ལྔ་དང་།  ཤུག་པ་དང་སུར་དཀར། མཁན་དཀར་སོགས་ནང་རྫོང་བྱས་ཏེ་དབྱིབས་ལྡོག་ལྡོག་ཏུ་ཁ་ལ་དར་ཚོན་སྣ་ལྔས་བསྡམས་པའི་དངོས་པོ་ཞིག་ལ་བྱ་ཞིང་། སྔར་རས་མེད་པའི་དུས་སུ་ལུག་བལ་ཆུན་པོའི་ཁུག་ལ་དེ་དག་བཅུག་ནས་བཙོ་སྙིང་བྱས་པར་བཤད་དོ།།   འབྲུ་རིགས་སྣ་ལྔ་ངོས་འཛིན་སྐབས་གྲོ་ནས་སྲན་གསུམ་དང་འབྲས་བཅས་བཞི་བོ་དེ་ལ་ཡུལ་ལུང་སོ་སོར་རྩོད་པ་མེད་ཀྱང་། བྲ་བོ་ཞེས་པ་ཏིལ་དཀར་དང་སོ་ནག་གཉིས་ཀྱི་གང་ལ་གོ་དགོས་པའི་ཐད་ཡུལ་ལུང་རང་རང་ལ་ཕྱག་ལེན་མི་འདྲ་བ་བྱུང་ཡོད་དེ། ལ་ལས་ཏིལ་དཀར་བྱེད་པ་དང་ལ་ལས་སོ་ནག་བྱེད་པའི་གནས་སྐབས་མཐོང་། ཡུལ་འདི་ནས་ཏིལ་དཀར་རམ་ཡུངས་དཀར་ལ་དེ་ཉིད་དུ་ངོས་འཛིན་སྲོལ་ཆགས་ཡོད། བཙོ་ལྕག་ཅེས་པ་ཡང་ཤུག་ལོ་དང་རྩི་ཏོ་ཕོན་པོ་མཉམ་དུ་བསྡམས་པའི་སྡུད་མ་ལ་ཟེར་ཞིང་ཉིན་དེའི་བཙོ་ཆུ་སྟོར་བྱེད་ཀྱི་ཡོ་བྱད་དུ་སྤྱོད་པ་ཡིན། བཙོ་ཐབ་ཟེར་བ་ཉིན་དེའི་བཙོ་སྐོལ་བྱེད་ཀྱི་ཐབ་ཀ་ལ་ཟེར་ཞིང་། དེ་ནི་གསར་དུ་ལས་པའི་ཐབ་ཀ་ཡིན་མི་དགོས་མོད། འོན་ཀྱང་ཐབ་མི་གཙང་བ་ཞིག་གཏན་ནས་ཡིན་མི་ཆོག་པར་དག་གཙང་གི་བདག་ཉིད་དུ་གྲུབ་པ་ཞིག་ཡིན་དགོས་སྟབས། སྤྱད་ཟིན་པ་དང་སྤྱོད་བཞིན་པའི་ཐབ་ཀ་ཡིན་ན་ཐལ་རྙིང་བརྗེས་ཏེ་ཐབ་ས་གསར་བ་བླུགས་པའི་ཐོག་དྲངས།  ཐབ་ཁུང་གི་ཁ་མཐའ་ལ་དཀར་རྩི་བྱུགས་ནས་ནག་ནོག་གི་དྲི་མས་དབེན་པར་བྱེད་དགོས་པ་ཞིག་ཡིན། བཙོ་ཟངས་ཟེར་བ་ཉིན་དེའི་བཙོ་སྐོལ་བྱེད་དུ་སྤྱོད་པའི་ཟངས་པ་ལ་ཟེར་ཞིང་།དེ་ཡང་སྔར་མ་སྤྱད་པའི་གསར་དུ་ཉོ་དགོས་པ་ཞིག་མིན་ཆོག་ཀྱང་། གཙང་མ་ཡོང་ཆེད་ཕྱི་ངོས་སུ་ཆགས་པའི་དུ་དྲེག་ཐལ་དྲེག་རྣམས་ལེགས་པར་བྲད་རྗེས།  ཟངས་པའི་ཕྱོགས་གསུམ་དུ་རྡོ་ལོག་ཆུང་ཆུང་གསུམ་འཇོག་དགོས་པ་ཡིན་ལ། རྡོ་དེ་གསུམ་ལ་སྒྱེད་པུ་གསུམ་ཞེས་འབོད་པ་དང་། དེ་ནི་གནའ་དུས་གང་སར་བ་ཁ་འདེབས་དུས་བ་རྡོ་ལ་རྡོ་ལོག་གསུམ་བཙུགས་ཏེ་ཐབ་བྱེད་པའི་གདོད་མའི་འཚོ་བ་དེ་མཚོན་ཡོད་ལ། སྐྱིད་སྡུག་གི་དོན་གལ་ཆེན་ལ་ཐུག་དུས་སྡེ་འདིའི་ཁྱིམ་ཚང་དག་གིས་རང་ཉིད་དང་ཐོག་ཏུ་འབྲོག་གི་ཡིན་པ་ཅི་ཐབས་ཀྱིས་དེ་ལྟར་མངོན་ཐུབ་བྱེད་འདུག་པ་དཔེར་ན། སྡེ་འདིའི་ཁྱིམ་རྙིང་ལ་ལར་ད་ལྟ་ད་རུང་འབྲོག་ཐབ་མང་བོ་སོར་བཞག་ཏུ་ཡོད་པ་མཐོང་ཞིང་། དུས་རྒྱུན་གྱི་ཟས་སྐོལ་བར་རྒྱ་ཐབ་བེད་སྤྱོད་བྱེད་ན་ཡང་། རྒྱ་ལོའི་ཚེས་ཞིག་ལྟ་བུའི་ཚེས་གྲངས་རྟེན་འབྲེལ་ཅན་ལ་སླེབས་ན། ཚེས་ཞིག་གི་ཞོགས་པའི་མཆོད་ཀ་དེ་ཉིད་ངེས་པར་འབྲོག་ཐབ་ཀྱིས་སྟེང་ནས་བསྐོལ་ཏེ་འཐུང་སྲོལ་ཡོད་པ་ལྟ་བུ་ཡིན། དེ་ལས་གཞན་ཡང་འབྲོག་ཁྱིམ་གྱི་སྦྲ་ནག་གི་ཕུག་གི་ཀ་བ་སྟག་པ་དང་མདའ་ཡི་ཀ་བ་ཤུག་པ་ཡིན་དགོས་པ་དེ་བཞིན། སྡེ་འདིའི་ཁྱིམ་དག་གི་སྲུང་མ་ནི་ཁྱིམ་གྱི་ཕུག་སྟོད་དུ་གནས་ཡོད་པ་མཐོང་ཞིང་། སྲུང་མའི་ལྷ་རྟེན་དུ་ཕུག་སྟོད་ཀྱི་གྱང་ངོས་ལ་སྟག་ཕུར་ཆུང་ཆུང་རེ་བརྡབས་པའི་སྐེད་ལ་ལུག་བལ་ཆུན་པོ་འདོགས་ཤིང་། སྟེང་དུ་མར་གྱིས་ཁ་བསྐུས་པ་ཉིད་སྲུང་མ་བཞུགས་པའི་གནས་སུ་བྱེད་ལ། ཕུར་བ་དེ་ལ་རྟེན་ཕུར་ཞེས་ཀྱང་འབོད་པའི་བརྡ་ཉིད་བྱུང་ཡོད་པ་སོགས་རང་ཉིད་འབྲོག་རྒྱུད་ནས་མཆེད་འོངས་པའི་དམ་བཅའ་དེ་དུས་དང་རྣམ་པ་ཀུན་ཏུ་མ་ཉམས་པར་ཡོད།  སྒྱེད་པུ་གསུམ་ཞེས་པ་ཆུ་ལེན་བུ་མོ་དེས་ཉིན་དེའི་ཞོགས་པ་སྔ་མོ་ལ་གྲམ་པ་ནས་གསར་དུ་བཏུས་ཡོང་བའི་རྡོ་ལོག་ཆུང་ཆུང་གསུམ་ལ་ཟེར་ཞིང་། བ་རྡོའི་དོད་དུ་ཉིན་དེར་བཙོ་ཟངས་ཀྱི་ཕྱོགས་གསུམ་དུ་བཞག་སྟེ་བ་རྡོའམ་ཐབ་རྡོ་བྱེད་པ་ཡིན་ནོ།། དེ་ཡང་ཨ་ཁུ་དཔོན་ཞེས་པ་ནི་ཁྱིམ་དུ་གནས་པའི་སྔགས་པ་ལ་ཡུལ་སྐད་ཀྱིས་འབོད་པའི་མིང་གི་རྣམ་གྲངས་ཡིན་ཞིང་ཉིན་དེའི་བཙོ་སྐོལ་མཁན་གྱི་ཆོས་ལུགས་མི་སྣ་བ་གཙོ་བོ་དེ་ཉིད་ཡིན། སྔར་སྲོལ་ལྟར་ན་བཙོ་ཞེས་བྱ་བ་འདི་དཔོན་གྱིས་མ་གཏོགས་གྲྭ་པས་མི་སྐོལ་ཟེར་ཡང་། ད་ལྟ་གསར་མ་ཚང་གི་ཕྱག་ལེན་དུ་ཡེ་ཤེས་པའི་སྲུང་མ་མགོན་པོའི་ཆོ་གའི་སྒོ་ནས་གྲྭ་པ་དང་དགེ་བོ་དང་དཔོན་རྣམས་གང་རུང་གིས་མགོན་པོའི་བཙོ་ཁྲུས་ཀྱི་སྟེང་ནས་བཙོ་སྐོལ་བའི་བྱ་བ་ལག་ལེན་བྱེད་ཆོག་པའི་ལུགས་སྲོལ་དར་ཡོད་ལ། དེ་ནི་གཙོ་བོར་མགོན་པོའི་བཙོ་དཔེ་ལ་བསྟེན་ནས་བཙོ་སྐོལ་བའི་བྱ་བ་རྣམས་སྒྲུབ་པར་བྱེད་པ་མཐོང་། མཆོད་གཡོག་གཅིག་ཅེས་པ་ནི་ཉིན་དེར་ཨ་ཁུ་དཔོན་གྱི་དྲུང་དུ་བསྡད་དེ་ངག་བཀོད་ལྟར་ཞབས་ཞུ་སྒྲུབ་མཁན་གྱི་མི་དེ་ལ་ཟེར་ཞིང་།  དེ་ནི་མི་ཚགས་ཡང་ཞིང་བཙོ་སྐོལ་བའི་བྱ་བ་ལ་མཐོང་བརྒྱུད་ཀྱི་ཉམས་མྱོང་ཡོད་པ་ཞིག་ཡིན་དགོས།  ཚར་སྐར་གྱི་ཉིན་འདི་ལ་ད་རུང་དོན་གལ་ཆེ་བ་ཞིག་མཐོང་བ་ནི་བཙོ་ཆུ་ལེན་མཁན་གདམས་པར་བྱ་རྒྱུ་དེ་རེད། བཙོ་ཆུ་ལེན་མཁན་དེ་ནི་མིང་གི་ཐོག་མ་ན་བཀྲ་ཤིས་དང་རིན་ཆེན་ལ་སོགས་དང་། མིང་གི་མཐའ་རྒྱན་དུ་འཚོ་དང་མཚོ་དང་སྐྱིད་སོགས་བཀྲ་ཤིས་ཤིང་སྨོན་འདུན་ཡག་པོ་མཚོན་པའི་མིང་ཅན་གྱི་བུ་མོའམ་བུད་མེད་ཀྱི་རྟེན་ཅན་གང་རུང་ཞིག་ཡིན་དགོས་པས་མི་ཚད།  སྐབས་ཐོག་དེར་འདུན་འོག་ཏུ་མ་ཤོར་ཞིང་ཉེ་བོ་ལས་ཤ་ཉེ་མ་ཡིན་པ་ཞིག་ཀྱང་ངེས་པར་དགོས་ལ།  བུད་མེད་ཡིན་ན་ད་རུང་བཟའ་ཚང་སྐྱ་ཡ་མ་ཆད་པ་ཞིག་ཀྱང་ཡིན་དགོས་པ་རེད། གལ་ཏེ་རང་ཁྱིམ་དང་རང་གི་ཤ་ཁྲག་གི་ནང་ལ་དེ་ལྟ་བུ་མ་འཛོམས་ན། རུ་སྐོར་ཁྱིམ་མཚེས་སོགས་གཞན་ནས་གླ་བའམ་གང་ཅི་ལྟར་གྱིས་དེ་ལྟར་འཛོམས་ཐབས་ནི་བྱེད། ཆ་རྐྱེན་དེ་ལྡན་གྱི་བུ་མོ་དེས་ནི་བོད་ལྭ་སོ་མ་གྲ་དག་ཅིག་གོན་ཅིང་ལག་ཏུ་སྔོན་མ་ནས་བསྲེགས་པའི་རྒྱལ་བོ་ལ་མར་གྱིས་ཁ་བཏང་ཞིང་སྐེད་ལ་བལ་སྐུད་ཀྱིས་བཅིངས་པ་བཟུང་། ཆུའི་སྣོད་དུ་བྱེད་པའི་ཟོ་ཡི་ཁ་ལ་ཡང་མར་གྱི་ཁ་བསྐུས། བལ་གྱིས་དཀྲིས་བརྒྱབ་ནས་རྒྱབ་ཏུ་ཁུར་ཏེ། ཉིན་དེའི་ཞོགས་པ་སྔ་མོ་ཐོ་རངས་ཀྱི་དུས། དེ་ཡང་མི་རྣམས་མལ་ལས་མ་ལངས་པ་དང་། བྱ་དང་ཁྱི་ཡིས་འཐུང་ཆུ་མ་རེག་གོང་ལ་ཆུ་ལེན་དུ་འགྲོ་དགོས་པ་ཡིན། ཆུ་ལེན་སའི་ཆུ་མགོ་དེ་ནི་ཉིན་གྱི་ཆུ་མགོ་མ་ཡིན་པའི་སྲིབ་ཏུ་ཡོད་པ་ཞིག་ཡིན་ན་རབ་དང་། དེ་མིན་ཡང་ས་དེའི་ཆུ་མགོ་རབ་ཏུ་བརྩི་བ་ཞིག་ལ་འགྲོ་ཐུབ་ན་ཤིན་ཏུ་ལེགས་སོ།། བཙོ་དཔེར་ཕྱོགས་བཞིའི་ཆུ་ཞེས་ཕྱོགས་བཞི་ན་ཡོད་པའི་ཆུ་མགོ་ནས་བླངས་པའི་ཆུ་འཁྱེར་ཡོང་དགོས་པ་གསལ་མོད། རང་ཡུལ་དུ་ད་ལྟ་ཆུ་སྣ་གཅིག་འཁྱེར་ཡོང་བས་འཐུས་པར་བགྱིས་ཡོད།  དེར་སླེབས་རྗེས་ལེན་མཁན་གྱིས་ཐོག་མར་ཆུ་མགོའི་འདབས་ནས་ཡར་འཁོར་ཏེ་ཕྱག་གསུམ་འཚལ་བ་དང་། ལག་གི་རྒྱལ་བོ་དེ་ཆུ་མགོའི་ཀླད་དུ་བཞག་སྟེ། ཐོམ་བུས་ཆུ་ཐོམ་གསུམ་བླངས་ཏེ་ཆུ་མགོའི་ནང་གྱེན་དུ་ལན་དེ་གྲངས་སུ་མཆོད་པར་བྱས་རྗེས་ཁ་ནས་འདི་ལྟར་བརྗོད་དགོས་པ་སྟེ། ཆུ་བརྐུས་ནི་མིན་ལ་བསླངས་པ་ཡིན། ཞེས་བརྗོད་ཚར་བ་དང་ཆུ་དྭངས་ཤིང་གཙང་བ་སྣོད་དུ་འཆུ་བ་དང་། ཆུ་འཁུར་ཡོང་སྐབས་ངག་དམ་པོར་བསྡམས་ཏེ་ལམ་བར་ནས་མི་སུ་ལ་ཐུག་ཀྱང་ཁ་མི་གྲགས་པ་དང་། ཁ་ཕྱིར་བལྟས་མེད་པར་ཁྱིམ་ག་ལ་བ་དེར་དྲང་ཐད་དུ་ཡོང་དགོས་ལ། དེ་དང་ཆབས་ཅིག་ཆུ་ལེན་བུ་མོ་དེས་ལས་ཀ་དེ་དག་གི་ཞོར་དུ་ཐབ་ལ་གཟུག་རྒྱུའི་ཐབ་རྡོ་སྟེ་སྒྱེད་པུ་གསུམ་པོ་དེ་ཡང་ཞོགས་པ་དེར་གྲམ་པ་ནས་དུས་གཅིག་ལ་བཏུས་ནས་མཉམ་དུ་ཁྱིམ་ཚང་དེར་ཐོན་དགོས་པ་ཡིན། ཁྱིམ་ལ་ཡོང་རྗེས་ཉིན་དེའི་བཙོ་ཆུ་སྐོལ་མཁན་དང་འོ་ཇ་སྐོལ་བའི་བྱ་བ་ཚང་མ་ནི་ཆུ་ལེན་བུ་མོ་དེ་ཁོ་ནས་མི་གཅིག་ལག་གཅིག་གིས་བྱེད་པ་ལས་མི་གཞན་ལ་རེག་ཏུ་མི་འཇུག་པ་ཡིན།  དེ་ལྟར་ཨ་ཁུ་དཔོན་མ་སླེབས་པའི་སྔོན་དུ་ཁྱིམ་ཚང་གིས་བཙོ་ཆུ་ལེན་པ་དང་། སྒྱེད་པུ་བཏུ་བ། བཙོ་ཐབ་བཙོ་ཟངས་དག་གཙང་བྱེད་པ། བཙོ་སྙིང་དང་བཙོ་ལྕག་ལ་མཁོ་བའི་དངོས་རྫས་སྒྲིག་པ།  སྣོད་ཅ་ལག་ཉལ་གོས་ཉལ་གདན་རྣམས་གནས་གཅིག་ཏུ་སྤུངས་ཏེ་བཙོ་ཁྲུས་བྱེད་བདེ་བ་སོགས་སྔོན་འགྲོའི་བྱ་བ་རྣམས་ཚགས་སུ་ཆུད་པ་བྱེད་དགོས་པ་དང་། དེ་དག་ལས་དམིགས་གསལ་དུ་མཐོང་བའི་བྱ་བ་ཞིག་ནི་བཙོ་ཟངས་དེ་ཉིད་ཐབ་ཀྱི་ཉེ་འཁོར་དུ་འདོན་པ་པོའི་མདུན་དུ་གཏད་དེ་ངེས་པར་དུ་ཁ་མར་སྒོར་ཏེ་འཇོག་པར་བྱེད་པ་དེའོ།། གཉིས་པ།           དངོས་གཞི་བཙོ་ཁྲུས་ཀྱི་རིམ་པ། ཨ་ཁུ་དཔོན་ཁྱིམ་དེར་སླེབས་པ་ནས་ཐབ་ཀྱི་དྲུང་དུ་བཞུགས་རྗེས། བཙོ་སྐོལ་བའི་བྱ་བའི་མགོ་རྩོམ་པ་ནི་འདི་ལྟར།  ཨ་ཁུ་དཔོན་བཞུགས་པའི་ཐབ་མདུན་དུ་ཤིང་བྲེ་ལ་ནས་ཀྱིས་གང་བའི་སྟེང་། དཀར་ཡོལ་དུ་བྱེ་མས་བྱུར་བུར་སྤུངས་པ་ལ་མར་རྒྱན་གཏོང་བ་དང་།  དེའི་དྲུང་དུ་གཡང་མདའ། གསེར་སྐྱེམས། བསང་རྩི་རྣམས་རིམ་པར་བཤམས་ཏེ་འཇོག   དེ་ཡང་ཉིན་དེའི་ཐབ་བསྐྱོན་ཚད་དང་མེ་འབུད་ཚད། ཆུ་ལྡུག་ཚད་སོགས་ནི་བཙོ་སྐོལ་མཁན་ཨ་ཁུ་དཔོན་གྱི་བཙོ་དཔེ་དང་སྒོ་ཀུན་ནས་བསྟུན་དགོས་པ་ཞིག་ཡིན། དེ་ནས་བཙོ་ཁྲུས་ཀྱི་ཆོ་ག་སྤེལ་མགོ་རྩོམ་ཞིང་། དང་ཐོག་ཏུ་མགོན་པོའི་ཆོ་ག་རྣམས་གསུང་ཞིང་དེ་ནས་བཙོ་གཞུང་ལ་འཇུག་པར་བྱེད།  འདོན་པའི་མཚམས་སུ་ནས་སྐབས་བབ་ལྟར། ཐོག་མར་ཨ་ཁུ་དཔོན་གྱིས་སྒྱེད་པུ་གསུམ་པོ་ཟངས་ཁུང་གི་ཕྱོགས་གསུམ་དུ་འཛུགས། དེ་ནས་འདོན་པའི་ནང་དོན་ལྟར་བཙོ་ཟངས་ཀྱི་ཁ་ཡར་བཟེད་ཚད་ལ་ཐོན་པ་ན་བཙོ་ཟངས་ཀྱི་ཁ་ཡར་སྒོར་དགོས་པ་དང་།  དེ་ནས་བཙོ་ཟངས་ཐབ་ལ་བསྐྱོན་དགོས་པ་བྱུང་བ་ན་ཅིས་ཀྱང་ཆུ་ལེན་བུ་མོ་དེ་རང་བོས་ནས་བསྐྱོན་དུ་འཇུག་པ་མཐོང་། བཙུགས་རྗེས་ཐབ་ཁུང་དུ་ཆ་མ་དང་ཨོང་བ་སོགས་བསྒོངས་ནས་མེ་སྒྲོན་རྐྱང་དུ་འཇོག་པ་ཡིན། དེ་ནས་ཨ་ཁུ་དཔོན་གྱི་འདོན་པའི་ནང་དོན་ལྟར། བཙོ་ཟངས་ཀྱི་ཞབས་ལ་དགྲ་བགེགས་འགུག་གཞུག་གི་ལིང་སྒམ་གྱི་དོད་དུ་དབྱིབས་ཟུར་གསུམ་ཞིག་བྲིས་པའི་ནང་དབུས་སུ། གདོན་འགུགས་ཀྱི་ས་བོན་དུ་བཤད་པ་“ཎིཏྲི”ཞེས་བྱ་བའི་སྔགས་ཡིག་བྲིས་ཏེ། འདོན་པ་ལྟར་འགུགས་གཞུག་རྒྱག་པའི་སྒོ་ནས་གཡང་མདའི་རྩེ་མོ་དེ་ལིང་སྒམ་གྱི་སྟེང་བཙུགས་ཏེ་འགུགས་གཞུག་ཡང་ཡང་བརྒྱབ་རྗེས་ཕྱིར་རང་གནས་སུ་འཇོག དེ་ནས་བུ་མོ་ལ་ཆུ་འཛུགས་བཅུག་ནས་ཟངས་ཁ་གང་བ་དང་ནང་དུ་བཙོ་སྙིང་འཕེན་པ་ཡིན་ཞིང་། ཆུ་བཙུགས་པ་དེས་ནི་བཙོ་སྙིང་མར་ནུབ་པ་ཞིག་ཡོང་དགོས།  དེ་ནས་འདོན་མཁན་གྱིས་འདོན་པ་དབྱངས་ལ་བཀུག་སྟེ་བཏོན་རྗེས། མེ་འབུད་མཚམས་ལ་མེ་འབུད་པ་དང་། བཙོ་ཟངས་ལ་ཁ་ལེབ་མི་གཏན་པར་ཁ་གཡེལ་ཏེ་གདུ་བར་འཇོག   མཚམས་ནས་ཐབ་ཀྱི་མེ་རོ་མར་བྲུས་པའི་སྟེང་ནས་བསང་ཞིག་གཏོང་ལ། དེ་ལ་ཐབ་བསང་ཞེས་ཀྱང་བྱ། དེ་ནས་འདོན་པ་ཚར་བ་དང་ཆུ་ཟངས་པ་གང་བོ་ལྷོག་བུད་པ་གཉིས་ཐོ་ཐུག་བྱེད་དགོས་པ་ཡིན། དེ་ནས་བཙོ་ཁྲུས་བྱེད་པའི་དུས་ཐོན་པ་ན། ཁྱིམ་མི་དང་ཉིན་དེ་དག་གི་ལས་རོགས་ཐམས་ཅད་བོས་ནས་བཙོ་ཟངས་ཀྱི་ཉེ་འཁོར་དུ་འདུས་ཏེ་བཙོག་པོར་འདུག་པ་དང་། ཨ་ཁུ་དཔོན་གྱིས་བཙོ་ལྕག་ལ་སྔགས་ཕུ་བཏབ། བཙོ་ཆུ་ངར་ཆེ་བར་མཐོང་ན་དེ་ལ་ངར་ཕབ་བྱེད་དུ་ཡི་དམ་གྱི་སྔགས་ཐུང་ངུ་ཞིག་ཡོད་པ་དེ་བཏོན་ནས་ངར་འཇམ་པོར་གཏོང་། དེ་ནས་ཨ་ཁུ་དཔོན་གྱིས་འདོན་པ་བློར་སྐྱོར་ཞོར་དུ་ལག་པ་གཡས་ལག་གིས་བཙོ་ལྕག་བཟུང་སྟེ། བཙོ་ཟངས་ནང་ཡང་ཡང་དུ་སྲུབ་པ་དང་ཡར་ལེན་པའི་སྒོ་ནས། ཐོག་མར་ཁྱིམ་གྱི་སྲུང་མ་དང་། བར་དུ་ཐབ་ལྷ། མཐར་མཇུག་བཙོ་འོག་ཏུ་བསྡད་ཡོད་པའི་མི་རྣམས་ཀྱི་ལུས་སྟེང་དང་ཁྱིམ་དེའི་ཕྱུགས་ཟོག་ཐམས་ཅད་ལ་བཙོ་ཆུ་སྟོར་ནས་བྲན་པར་བྱེད། དེ་ལྟར་ཚར་རྗེས། མཆོད་གཡོག་པ་བོས་ཏེ་བཙོ་སྙིང་དེ་ཚ་ལྡེ་ལ་ཟངས་ནས་བླངས་ཏེ་ཡོན་བདག་གི་མགོར་རེ་རེ་བཞིན་འཇོག་པ་དང་། ཡོན་བདག་ལ་དེ་ལས་དངོས་གྲུབ་ལེན་དུ་འཇུག དེ་ནི་ཐབ་ནས་བླངས་མ་ཐག་པ་ཡིན་སྟབས་ཀླད་གཙུག་ཀྱང་ཚ་བུར་བུར་དུ་བྱེད་ཡོང་ལ། འདིའི་ཡོན་བདག་ཅེས་པ་ཚེ་འདས་པ་དེའི་ཤུལ་ན་ལུས་པའི་བཟའ་མི་ཐམས་ཅད་ལའོ།། དེའི་རྗེས་བཙོ་ཆུ་གཤེགས་གསོལ་གྱི་འདོན་པ་བཏོན་ཚར་བ་དང་། ཐབ་བདག་མའམ་ཆུ་ལེན་བུ་མོ་དེས་བཙོ་ཆུ་རྣམས་སྣོད་གཞན་དུ་ཕོད་དེ་བཙོ་ཟངས་དེ་ཉིད་ཀྱི་ཤུལ་གཙང་དག་བྱེད་པ་དང་། འཕྲོ་མར་ལུས་པའི་བཙོ་ཆུ་དེ་དག་གིས་ཁྱིམ་དུ་མི་ནད་པ་ཡོད་པའི་ལུས་ཕུང་ལ་བྱབས་ཁྲུས་བྱེད་པ་དང་། དེར་ཡོད་མི་ཚང་མའི་ལག་མཐིལ་དུ་གང་འཚམ་རེ་བླུགས་པའི་ནང་ནས་ཉུང་ཙམ་འཐུང་བར་བྱེད་པ་དང་། ལྷག་མས་མགོ་དང་ཁ་ལག་རྣམས་བཀྲུ་བར་བྱེད་ཅིང་། མཆོད་གཡོག་གིས་ནང་དུ་བཙོ་ལྕག་སྲུབ་ནས་ཕུག་གི་མཆོད་ཁང་མན་ཆད་ནས་སྨད་ཀྱི་རྒྱ་སྒོའི་ཡན་ཆད་ཀྱི་ཁྱིམ་ཁང་ཡོངས་དང་ཁྱིམ་དེའི་སྣོད་ཅ་ལག་ཉལ་གོས་ཉལ་སྟན་ལ་སོགས་པ་ཐམས་ཅད་དང་། གཞན་ཡང་གཡར་བའི་དངོས་པོ་མ་ལུས་པའི་སྟེང་དུ་རེ་རེ་བཞིན་དུ་བཙོ་ཆུས་བྲན་ཏེ་གཙང་དག་བྱེད་པ་ཡིན། དེ་ནས་ཐབ་ཀྱི་བདག་མོས་སྔར་གྱི་བཙོ་ཟངས་དེ་ལ་འོ་མ་ཟངས་པ་སྐེད་ཙམ་ཞིག་བླུགས་ཏེ་འོ་མ་སྐོལ་བར་བྱེད། འོ་མ་དེ་ནི་ཟངས་ཁ་ནས་ཕྱིར་ལ་འཕྱུར་ཡོང་བ་ཞིག་སྐོལ་ཐུབ་པ་བྱུང་ན་ཁྱིམ་དེ་ཉིད་ལ་བཀྲ་ཤིས་པ་འབྱུང་བར་བཤད་པས་དེ་ལྟར་དུ་འོང་ཆེད་མེ་བཙན་པོ་སྤར་ནས་ལྷོག་ལྷོག་ཏུ་འཕྱུར་བ་ཞིག་སྐོལ་བར་བྱེད།  འོ་མ་ཕྱིར་ལ་འཕྱུར་བ་དང་དེ་ལ་ཆུ་བཙུགས་ཇ་བཏབ་སྟེ་འོ་ཇ་ལུག་ལུག་ལུག་ཅིག་སྐོལ་བར་བྱེད་ལ། ཇ་དེ་ཁོལ་རྗེས་ཉིན་དེར་འདུས་པའི་མི་རེ་རེ་ལ་ཇ་དཀར་ཡོལ་གང་རེ་ལྡུག་པ་དང་། དེ་ནི་ཚང་མས་ཁ་ལ་ངེས་པར་རེག་ཏུ་འཇུག་དགོས་པ་ཞིག་ཡིན་སྟབས་ཚང་མས་འོ་ཇ་དེ་འཐུང་བར་མི་བརྩོན་པ་ནི་མེད་པ་ཡིན།  ཨ་ཁུ་དཔོན་གྱིས་འོ་ཇ་དེ་ཁོལ་སྐབས་གཡང་འབོད་དང་བཀྲ་ཤིས་རབ་གནས་གསུང་སྟེ་ཁྱིམ་ཡོངས་ལ་ནས་འབྲུའི་མེ་ཏོག་སྟོར་བའི་སྒོ་ནས་རབ་གནས་ཀྱི་བྱ་བ་ལེགས་པོ་ཞིག་བྱེད།  དེ་དང་དུས་མཉམ་དུ་ཐབ་གཞན་དུ་ཟ་མ་གཡོས་སྦྱོར་གྱ་ནོམ་པ་བྱས་ཏེཀུན་གྱིས་མཉམ་དུ་དྲོས་ཇ་སྟོན་མོ་འདྲ་བ་ཞིག་འཐུང་བར་བྱས་ཏེ་བཙོ་ཁྲུས་ཀྱི་རིམ་པ་རྣམས་མཇུག་རྫོགས་པར་བྱེད་དོ།། དེའི་རྗེས་ནས་དེར་ཡོད་ཚང་མ་གཅིག་དུ་སྒྲིལ་ནས་སྡུག་ཁྱིམ་དེའི་ཉལ་ས་གསར་དུ་བཅའ་བ་དང་། ཀ་ཅ་ཐམས་ཅད་བཀྲུས་ནས་ཆ་སྒམ་དུ་སྒྲིག་པ། གང་གཡར་བའི་དངོས་པོ་རྣམས་ཕྱིར་བདག་པོ་ལ་སྟེར་བ། ཁྱིམ་དང་སྒོ་ཁ་ཕྱི་ནང་ཐམས་ཅད་གཙང་མར་ཕྱགས་པ་དང་། གཞན་ཡང་དགེ་ཐབ་དང་ཚ་ཁྲི་ཡང་ཉིན་དེར་རྩ་བ་ནས་བཤིག་སྟེ་ཤུལ་མེད་དུ་བྱེད་པ་སྟེ།  དགེ་ཐབ་ཅེས་པ་ནི་སྡུག་ཁྱིམ་གྱི་ལྷས་དང་སྒོ་ཁ་ཕྱི་ནང་གི་ས་འོས་འཚམ་ལ་སྡིག་གི་སྐབས་གསར་དུ་བརྩིགས་པའི་ཐབ་ཀ་རྣམས་ལ་བྱ་ཞིང་། ཚར་སྐར་གྱི་ཉིན་མ་ལ་དེ་དག་ངེས་པར་བཤིག་སྟེ་ས་ཕག་དང་འདམ་སྐམ། དུད་དྲེག་ཏུ་སོང་བའི་རྩིག་པ་རྣམས་ཞིབ་མོར་བརྡུང་རྗེས། གནས་གང་འདོད་དུ་མི་འདོར་བར་ཁྱིམ་ཚང་རང་གི་ཞིང་ནང་དུ་སྟོར་བར་བྱེད་ལ། ཚ་ཁྲི་ཞེས་པ་སྡུག་བྱུང་བ་ནས་ཚར་སྐར་གྱི་བར་ལ་ཚ་གསུར་ཕུད་བྱེད་དུ་བེད་སྤྱོད་པའི་ས་ཁྲི་དམའ་ལ་ཆེ་བ་ཞིག་ལ་ཟེར་ཞིང་། ཉིན་དེར་དེ་ཡང་གཏོར་དགོས་ཤིང་ཤུལ་ཡང་གཙང་དག་ཕྱགས་ནས་ཁྲི་ས་དང་གསུར་ཐལ་རྣམས་ཞིང་སོགས་ས་གཙང་མ་ལ་འདོར་བར་བྱེད་ཅིང་། ཡང་བསྐྱར་ས་ཁྲི་གསར་བ་ལོགས་སུ་བཅོས་ཏེ་ཚ་ཁྲི་བྱེད་པ་དང་། དེ་ནི་སྡུག་གི་སྐབས་ཀྱི་ཚ་ཁྲི་ལས་ཅུང་ཙམ་ཆུང་བ་ཡིན་ཞིང་། དེའི་སྟེང་ནས་དགོང་ཞག་ཞེ་དགུ་ཚང་བའི་བར་དུ་ཚ་གསུར་ཆག་མེད་དུ་ཕུད་པ་ཡིན་ནོ།། ཁྱིམ་ལ་དེ་ལྟར་ཁྱོན་ཡོངས་ནས་གཙང་སྦྲ་ལེགས་པོ་ཞིག་བྱས་ཏེ་གཤིན་དགེའི་བྱ་བའི་རིམ་པ་རྣམས་ཡོངས་སུ་ཚར་བར་བྱེད་ལ། བཙོ་ལྕག་དང་བཙོ་སྙིང་གཉིས་ནི་ཁྱིམ་ལ་ཁྲུས་བྱས་ཚར་བའི་རྗེས་སུ་ཡང་གང་སར་གཡུགས་པ་དང་བསྐྱུར་པ་སོགས་ཀྱི་བྱ་བ་བྱེད་མི་ཆོག་པས་ན། ཁྱིམ་གྱི་རྒྱ་སྒོའི་ནང་ལོགས་ཀྱི་ཀླད་སོགས་གནས་མཐོ་ས་ལ་ལོ་ཡུན་རིང་དུ་འཇོག་སྲོལ་མཆིས་སོ།། Modern Creative Literature subjects 1603 For more information about this term, see Full Entry below.Subjects Tibet and HimalayasBibliographic ClassificationTibetan and HimalayanTibetan LiteratureFull EntryRelated Subjects (1)Related Audio-video (42)Related Texts (20) Triga places 1176 For more information about this term, see Full Entry below.Feature Type CountyPlaces EarthAsiaChinaQinghaiTsolho Tibetan Autonomous PrefectureFull EntryRelated Subjects (1)Related Places (76)Related Texts (116)Related Audio-video (81)Related Images (192)