བྱིས་དུས་ཀྱི་ལོ་སར། བྱིས་དུས་ཀྱི་ལོ་སར།     རེ་རེ་བསྐྱེལ་བའི་ལོ་སར་དང་རེ་རེ་བརྩེགས་པའི་ལོ་ཡི་འཕེལ་རིམ་བར་ནས། ཕྱིར་འདང་རེ་བརྒྱབ་ན། བྱིས་དུས་ཀྱི་ལོ་གསར་བ་རེ་རེ་ནི་ཇི་འདྲའི་བརྗེད་མི་ཐུབ་པའི་དྲན་པའི་ཡོལ་རས་ངོས་ཀྱི་གཟུགས་བརྙན་ཆེས་ཡིད་དུ་འོང་བ་དེ་ཨང་།      དགུན་གནང་བཏང་མ་ཐག་ནས་ཕ་མར་ལོ་སར་གྱི་དུས་ཚོད་འདྲི་བ་དང་། དུས་ཚོད་རེ་རེ་མཛུབ་རྩེ་ལ་བགྲང་བཞིན་ལོ་སར་ལ་རེ་བ་བྱེད་པ་ནི་སྐབས་དེའི་ངེད་བྱིས་པ་ཚོར་མཚོན་ན། ཚང་མར་ཡོད་པའི་གཅིག་གྱུར་གྱི་སེམས་ཁམས་ཤིག་རེད་ཨང་།      ལོ་སར་ལ་ཉེ་སྐབས། ཕ་མ་ཚོར་སེམས་ཀྱི་གནོན་ཤུགས་ག་འདྲ་ཡོད་མེད་མི་རྟོགས་པའི་ང་ཚོས། དེ་ལྟར་སྔ་མོ་ནས་དགུན་གནང་གི་ལས་བྱ་བྲིས་ཚར་གང་ཐུབ་བྱས་རྗེས། ཉིན་རེར་ལོ་སར་བར་ཉིན་ག་ཚོད་ཡོད་མེད་དེ་མཛུབ་བར་ནས་རྒད་མོས་ཕྲེང་རིལ་བཞིན་དུ་ཡང་ཡང་བགྲང་གང་ཐུབ་བྱེད་བཞིན་ཡོད་དེ། ནམ་ལངས་ན། ས་རུབ་ན། ཁ་ལ་མི་ཤོངས་པ་ནི་ལོ་སར་གྱི་སྤྲོ་སྣང་དང་ཀླད་པར་མི་ཤོངས་པ་ནི་ལོ་སར་གྱི་འཆར་གཞི་རེད། གང་ལྟར་ཁྱིམ་ཚང་ཚང་མས་ལོ་ཤ་ལེན་པ་དང་། འབུད་ཤིང་བཏུ་བ། དུད་པ་ཕྱགས་པ། གོ་དམར་ཚོད་པ་སོགས་བྱེད་དུས་ནི་གཞི་ནས་ལོ་སར་དང་ཐག་ཤིན་ཏུ་ཉེ་བས། ངེད་ཚོ་བྱིས་པ་ཚོས་ཀྱང་རྒྱབ་ཏུ་སླེ་བོ་འཁུར་ཏེ་དགའ་སྤྲོ་ཆེན་པོས་མཐོན་པའི་རི་དང་དམའ་བའི་གཤོང་དག་ཏུ་འགྲིམས་ཏེ་ཨོང་བ་དང་ཤིང་སྣ་མང་པོ་སྒྲུག་པར་རང་ནུས་ཅི་ཡོད་འདོན་གང་ཐུབ་བྱེད་བཞིན་ཡོད་ལ། ཡང་སླེ་བོ་འཁུར་ནས་རུས་པ་འཐུ་བ་སོགས་འཚོང་ཆོག་པའི་སྙིགས་དངོས་གང་ཡོད་བཏུས་ཏེ་ཚོང་ལས་མཁོ་སྤྲོད་ཁང་དུ་བཙོངས་རྗེས་རིན་པས་སླར་རང་ཉིད་དགའ་བའི་ཤོག་བོའུ་ཉུང་ངུ་རེ་ཉོས་ཏེ་དགའ་སྤྲོས་ལོ་སར་བར་གྲ་སྒྲིག་བྱེད་བཞིན་པ་དེ་རེད། དེ་དང་བསྟུན་ནས་ཕ་མར་རང་ལ་ལོ་གསར་བར་ལྭ་བ་གསར་བ་གང་འདྲ་གྲ་སྒྲིག་བྱས་ཡོད་མེད་འདྲི་བ་དེ་ཡིན་ལ། ཁོ་བོ་ནི་ཆུང་དུས་ནས་སྤུན་མཆེད་མང་ཞིང་ཡོང་སྒོ་ཉུང་བའི་ཁྱིམ་གཞིས་ཕལ་བ་ཞིག་ནས་ལག་ཆགས་པ་ཡིན་པས། ཕ་མས་བུ་བུ་མོ་ཆེ་བའི་ལྭ་རྙིང་གིས་ཆུང་བར་འཚམ་པའི་ལྭ་བ་གྲ་དག་རེ་གྲ་སྒྲིག་བྱས་ཡོད་ཚེ་ཤིན་ཏུ་ཡིད་ཚིམས་པ་ཡིན།        དེ་ལས་ཀྱང་བརྗེད་དཀའ་བ་ནི་ལོ་སྐྲ་བཞར་བཞིན་པ་དེ་ཡིན་ལ། ལོ་སྐྲ་ཆེད་དུ་སྡེ་བའི་རྒད་པོ་ལྷ་དཔལ་གྱི་མདུན་དུ་བཞར་དུ་འགྲོ་དགོས་པ་དེ་ཡིན། དེ་ནི་གཞན་གང་ཡང་མ་ཡིན་ཏེ། གཅིག་བྱས་ན་ཁོང་བྱིས་པ་ཚོར་དགའ་བ་དང་། གཉིས་བྱས་ན་ཁོང་ལ་མ་གཏོགས་སྐྲ་གྲི་བཟང་པོ་ཞིག་མི་འཛོམས་ལ། གསུམ་བྱས་ན་ཁོང་ལ་མ་གཏོགས་སྐྲ་བཞར་བའི་ལག་རྩལ་ཡང་དེ་འདྲ་ཞིག་མི་འཛོམས་པ་དེ་རེད། ཡིན་ནའང་ལོ་སར་སྐབས་སྐྲ་བཞར་མཁན་མང་པ་དང་། སྐྲ་བཞར་དུས་ན་ཚ་རེ་ཙམ་ཡང་བསྲན་མི་ཐུབ་པའི་བྱིས་པ་གང་མང་ཞིག་གིས་སྐྲ་བཞར་དུས་ན་ཚས་འོ་དོད་འབོད་ཅིང་གློ་བུར་འཕག་འཚག་རྒྱག་པ་སོགས་ཀྱིས་སྐྲ་གཙང་ཞིང་མགོ་འཇམ་པ་ཞིག་འཁྱོངས་དཀའ་བ་ཕར་ཞོག སྐྲ་གྲིས་རྨ་ཁ་བཏོད་པའང་རེ་གཉིས་མཆིས་པས། རྒན་གཞོན་ཚོས་རྒྱུན་དུ་དེ་དག་ལ“ཨ་ལ་ལ། ཁྱོད་ཀྱི་མགོར་བོང་བུས་སོས་བཏབ་པ་ཡིན་ནམ”ཞེས་ཀུ་རེའི་མཚང་འདྲི་བྱས་ཏེ་སྤྲོ་སྣང་མཚོན་བཞིན་པ་དག་རེད།       ཕ་མ་ཚོ་ཉིན་འགར་བསྟུད་མར་ཁྲོམ་རར་འགྲིམས་ཤིང་། ལོ་སར་གྱི་བཟའ་ཆས་ཉོ་སྒྲུབ་བྱེད་པ་དང་། དེ་ནས་ཨ་མ་དང་ཨ་ཅེ་སོགས་ཀྱིས་ལ་ལས་ཁྱིམ་དུ་ཆུ་ལེན་པ་དང་། ལ་ལས་ལྭ་བཀྲུ་ནང་ཕྱགས་ཀྱི་གཙང་སྤྲ་བྱེད་པ། ལ་ལས་རྩྭ་བསྲེགས་ཏེ་གོ་རེ་རྒྱལ་པོ་སོགས་ཆེ་ཆུང་དང་དབྱིབས་སྣ་ཚོགས་པའི་སྟེང་མཛེས་པའི་མེ་ཏོག་སྣ་བརྒྱ་ཕབ་པའི་གོར་མོ་ཕྱེ་སྲེག་པ་དང་། ཨ་ཕས་ལོ་གཏོར་དང་ལོ་ཡི་སིལ་སྡོང་བཟོ་བའམ། ཕུ་བོ་དང་ངེད་ཚོས་དྲ་མར་ཤོག་དཀར་གསར་བ་སྦྱར་བའི་དཀྱིལ་དུ་ཤོག་དམར་ལ་དྲས་པའི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་གང་རུང་ངམ། ཡང་ན་གངས་སེང་ཡབ་ཡུམ་མམ་ལོ་དེའི་ལོ་རུས་དྲས་ཏེ་སྦྱར་བའི་ཟུར་བཞིར་པ་ཏྲའི་རི་མོ་དྲས་ཤིང་སྦྱར་བ་དང་། ཚ་ཐབ་གྱང་ངོས་སོགས་སུ་ཤོག་གསར་སྦྱར་ལ།  གྱང་ལྡེབས་སུ་འདྲ་རིས་སྣ་ཚོགས་དང་ཤོག་མདོག་སྣ་ཚོགས་ཀྱི་ཚར་ལུང་བཀྲ་བའི་ཤོག་བུ་དམར་སར་གྱི་སྤོས་སྣོད་སྦྱར་ཏེ་མཛེས་སྤྲས་བྱེད་པ། དེ་བཞིན་མཚན་མོ་ཕྱིའི་ཕྱམ་ཁར་སྒྲོན་མེ་འཇོག་བྱེད་རླུང་འགོག་ལྒང་སྒྲོན་སོགས་བཟོ་དུས་ནི་ཕལ་ཆེར་གནམ་གང་ལ་སླེབས་ཡོད་པའི་དུས་ཡིན་པས་སྐབས་དེའི་ང་ཚོའི་སྣང་བ་ནི་ཇི་འདྲའི་དགའ་བདེའི་དཔལ་གྱིས་ཁྱབ་པ་ལ་ཨང་།       གནམ་གང་ཉིན་ནི་ཁྱིམ་སོ་སོར་བྲེལ་བ་ཤིན་ཏུ་ཆེ་སྟེ། ཟླ་ཕྱེད་རིང་གྲ་སྒྲིག་བྱས་པའི་ལོ་སར་གྱི་བཟའ་བཅའ་མ་ལུས་སྔོན་ལ་སྟ་གོན་ཨང་གསར་འགྲིག་དགོས་པ་དེ་རེད། དེ་ལྟར་མ་བྱས་ཚེ་གནམ་གང་རོལ་ནས་ཚེས་གཅིག་གི་སྡེར་ཁ་ཇི་ལྟར་འཁྱོངས། གནམ་གང་གི་སྐྱ་རེངས་ཤར་བ་ནས་ཕལ་ཆེར་ཕྱི་དྲོའི་དུས་ཚོད་དྲུག་ཡས་མས་བར་ཡོད་པ་ལག་ལེན་དང་མེད་པ་ཁ་གསབ་ལ་བྲེལ་ཏེ་བལྟས་ན་ཁོམ་ལོང་ཞིག་མི་འདུག་ལ། ང་ཚོ་བྱིས་པ་རྣམས་ཀྱིས་ཀྱང་རང་རང་གི་མགོ་དང་། སྐེ་ཚིགས། རྐང་བར་ཚི་དྲེག་ཆགས་ཡོད་པ་སོགས་གཙང་མར་བཀྲུ་གང་ཐུབ་བྱས་རྗེས་ཕན་ཚུན་ཁྱིམ་ཚང་བར་ལོ་སར་གྲ་སྒྲིག་གི་ལྟད་མོར་བསྐྱོད་པ་དང་། དེ་ནས་བཟང་ཁ་མཐུན་ཕྱོགས་བར་ཚོགས་ཁག་བསྒྲིགས་ཏེ་ཚེས་གཅིག་གི་ཞོགས་པར་དུས་ཚོད་དུའི་སྟེང་དུ་སྔོན་ལ་ཁྱིམ་སུ་ཚང་ནས་འཛོམས་རྒྱུ་དང་། དེ་ནས་རིམ་བཞིན་ཇི་ལྟར་ཁྱིམ་སོ་སོར་ལོ་སར་ལ་འགྲོ་རྒྱུའི་གྲོས་ཁ་བསྡུར་ཏེ་མི་ཁོམ་པ་དེ་ཡིན།       རྟ་བདུན་གྱི་དབང་བོ་དེ་ནུབ་ཕྱོགས་རི་རྒྱལ་གྱི་དཔུང་མགོ་ནས་ཡུན་གྱིས་རྒྱབ་ཕྱོགས་སུ་བཞུད་ལ་ཉེ་དུས་ནི་ཁྱིམ་སོ་སོ་རང་རང་གི་ས་ཐོག་ཏུ་ལོ་སར་འཚམས་འདྲིར་སྔོན་དུ་འགྲོ་བཞིན་པ་དེ་ཡིན་ལ། ས་ཐོག་ཟེར་བ་ནི་ཁྱིམ་སོ་སོའི་དུར་ས་ཡོད་སར་ཟེར་ཞིང་། དུར་སར་ལོ་སར་བསྐྱལ་བ་ནི་དོན་གྱིས་ལོ་སར་གྱི་མགོ་བརྩམས་པ་དེའང་ཡིན།དུར་སར་ཚ་བསུར་ཕུད་པ་སོགས་ཀྱི་འདས་པོ་འདས་མོ་དག་ལ་སྔོན་ལ་ལོ་སྐལ་བསྐྱེལ་བ་དང་། ལོ་ཕྱག་ཕུལ་བ། ཤོག་བོའུ་རེ་བཀད་དེ་སྤྲོ་སྣང་མཚོན་པ་སོགས་ཀྱིས་བྱིས་པ་ཚོར་དེ་བས་ལོ་སར་གྱི་སླེབས་བརྡ་བཏང་ཞིང་སྤྲོ་བ་རབ་ཏུ་འཕེལ། ལྷག་པར་ཕྱུགས་ཟོག་ལྷས་སུ་བསྐྱིལ་བ་དང་ཉིན་བྱེད་ནུབ་རིར་ཡལ་རྗེས། ཕྱམ་ཁར་ལྒང་སྒྲོན་བཏེགས་པ་དང་ནང་དུ་སྒྲོན་མེ་སྦར་ཚེ་ཁ་དོག་སྣ་ལྔའི་འོད་ཀྱི་གུར་ཁང་ཞིག་ཏུ་གྲུབ་པ་དེ་ནི་དེང་སྐབས་གློག་འོད་བཀྲ་བ་ལས་ཀྱང་ཤིན་ཏུ་མཛེས་པར་མཐོང་སྟེ། དེ་ནི་གནམ་ལོ་གསར་དུ་ཚེས་པའི་བཀྲ་ཤིས་པའི་འོད་སྣང་ཡིན་ནོ།།        བཀྲ་ཤིས་པའི་འོད་སྣང་དང་མཉམ་དུ་ཕ་མས་མཆོད་མེ་གདུག་སྤོས་སྒྲོན་པ་དང་། དེ་ནས་སྒོ་ཁར་རྩྭ་མེ་ཞིག་གི་སྟེང་དུ་གོ་དམར་མཆོད་རྗེས་ཁྱིམ་མི་ཚང་མས་ལོ་དེའི་ལོ་ལྷ་གང་དུ་བཞུགས་པའི་ཕྱོགས་སུ་ལོ་ཕྱག་འབུལ་བའམ་ཡང་ན་ལྷ་སའི་ཇོ་བོའི་ཕྱོགས་སམ་སྤྱིར་ལྷ་སའི་ཕྱོགས་ལ་ལོ་ཕྱག་འབུལ་ཞིང་། ནད་མེད་ཚེ་རིང་ལོ་བརྒྱ་དང་། ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཡག་པོ་བརྒྱག་པ་དང་ཤོག་བོའུ་བཀད་དེ་དགའ་སྣང་མཚོན་རྗེས། ཕྱིར་ཁྱིམ་དུ་འཛོམས་ཏེ་སྔོན་ནས་གྲ་སྒྲིག་ཡོད་པའི་དགུ་ཐུག་ལ་རོལ་ཞིང་ཕ་མར་དགའ་བའི་གླུ་གར་འབུལ་དགོད་སྒྲས་ཁྱབ།       ཁྱིམ་དུ་དུས་ཚོད་ཤིན་ཏུ་དཀོན་པའི་དུས་སྐབས་དེ་དག་ཏུ། ཕ་མས་སྣུམ་སྒྲོན་གྱི་ཟད་ཚད་ལ་བལྟས་ཏེ་མཚན་མོའི་ངལ་གསོའི་དུས་ཚོད་ཚོད་འཛིན་དང་། བྱ་ཕོའི་སྐད་སྙན་ལ་ཉན་ཏེ་ནམ་ལངས་དུས་ཚོད་ཚོད་འཛིན་བྱེད་པ་བཞིན། གཉིད་བོར་འགྲོ་བའི་ལོ་སར་གནམ་གང་གི་མཚན་མོའང“དུས་ལྟར་མ་གཉིད་ན་ལོ་ལྷ་རྒད་པོ་རྒྱ་མ་འཇལ་དུ་ཡོང་ངེས”ཞེས་ང་ཚོ་གཉིད་དུ་འཇུག་ལ། ཉལ་དུས་རང་རང་གི་ལོ་སར་གྱི་ལྭ་གསར་སྔས་མགོར་འཇོག་པ་ཡིན་ཏེ། དོན་གྱིས་དེ་ནི་ལོ་སར་ཚེས་གཅིག་ལ་གྲ་སྒྲིག་གང་ལེགས་བྱས་པའང་ཡིན་སྲིད།        དུས་ཚོད་ག་དུས་སླེབས་པ་སུས་ཤེས་ཀྱང་། དུང་གི་སྒྲ་དབྱངས་སྙན་མོ་ཞིག་དང་མཉམ་དུ་ཕ་མས་ང་ཚོ་གཉིད་ལས་སློང་སྲིད་ལ། ང་ཚོ་སྤུན་མཆེད་ཚང་མས་དགའ་དགའ་སྤྲོ་སྤྲོས་གཅིག་གྲོགས་གཅིག་གིས་ལྭ་གསར་གྱོན་པ་དང་། རང་རང་གི་ཁ་ལག་གཙང་མ་ཞིག་བཀྲུས་རྗེས་ཟས་ཀྱི་སྡེར་ཁ་བསྒྲིགས་པའི་འགྲུལ་ཁང་ནང་དུ་ལོ་ཇ་འཐུང་དུ་འགྲོ་དགོས། རི་བསང་ལ་སོང་བའི་ཕུ་བོ་ཚོ་སླར་ཁྱིམ་དུ་ལོག་མ་ཐག་ལོ་ཇ་འཐུང་བར་བྱེད་ལ། དེའི་རྗེས་ཕུ་བོ་ཆེ་བས་སྣེ་དྲངས་ནས་ཐོག་མར་ཕ་མ་གཉིས་ལ་ལོ་སར་དགོས་ཏེ། ང་ཚོ་སྤུན་མཆེད་ཚང་མས་གཅིག་རྗེས་ཉིད་མཐུད་ཀྱིས་ཕ་མ་གཉིས་ལ་ལོ་ཕྱག་འབུལ་བར་བྱེད་ལ། འཕྲོར་ཕ་མ་གཉིས་ནས་ངེད་ཚོ་སྙིང་ནས་གཅེས་པའི་སྤྲོ་བའི་མཆི་མ་འབྱིད་བཞིན་རེ་རེར་ཀ་ར་སོགས་ཀྱི་ལོ་སྐལ་འདྲ་མཉམ་ངང་སྟེར་ཞིང་། དེ་ནས་ཕྱུགས་རར་སོང་སྟེ་ཕྱུགས་ཟོག་ཚང་མའི་ཁ་རུ་གོ་དམར་གྱི་ལོ་སྐལ་ཅུང་ཙམ་རེ་སྦྱིན་རྗེས། ངེད་ཅག་ལ་སུ་སུ་ཚང་ལ་སོང་ན་ལོ་སྐལ་ག་འདྲ་དབུལ་དགོས་པའི་ཁ་ཏ་སློབ་གསོ་གཏོང་བཞིན་ལོ་སར་གྱི་ལམ་དུ་འཇུག་ངེས།        དྲང་མོར་སྨྲས་ན་སྐབས་དེ་དུས་ད་དུང་དམངས་ཚོགས་འཚོ་བའི་ཆ་རྐྱེན་དེ་འདྲ་མི་ལེགས་པས་ལོ་སྐལ་མང་ཆེ་བ་ནི་གོར་མོ་ཕྱེ་ཡིན་ཏེ། དེའི་སྟེང་དུ་སིལ་ཤོག་ཅེས་འོག་ཏུ་ཤོག་དཀར་གྲུ་བཞི་ཁ་གང་དྲས་ཁ་ཕལ་ཆེར་བརྒྱད་ཅན་སྟེང་དེ་ལས་ཅུང་ཆུང་བའི་ཤོག་དམར་བཞག་ཅིང་། དེའི་སྟེང་ཀ་ར་ཕྱེ་མ་དང་ནང་ཀ་ར་གཞན་པ་བསྲེས་པ་སོགས་མཐོན་པོར་བླུགས་ཏེ་ཤོག་ཐུམ་བཅོས་ཏེ་འཁྱེར་ངེས་ཡིན། དེའང་རྒན་པའམ་རུས་ཉེ་དག་གམ། ཚོ་བ་ཁག་ལ་མ་གཏོགས་མེད་ཀྱང་ཆོག་སྟེ། གཙོ་བོ་མི་གཞོན་པ་དག་གི་ལག་ཏུ་ལོ་ཆང་ཤེལ་དམ་གང་སྟེང་བཀྲ་ཤིས་ལྷ་རྫས་དཀར་པོ་རེ་དཀྲིས་ཏེ་ཁྱེར་ལ། ལོ་ཆུང་བྱིས་པ་དག་གི་ལག་ཏུ་ཕལ་ཆེར་གོ་རེ་རྒྱལ་པོ་ཆུང་ངུ་སོགས་སྣ་གཅིག་བཟུང་སྟེ་ཁྱིམ་གང་དེའི་སྒོ་ནང་དུ་འཛུལ་མ་ཐག་སྐད་མཐོན་པོས་ཁྱིམ་དེའི་ཁྱིམ་བདག་གི་མིང་ནས་བཟུང་སྟེ“ལོ་སར་བཟང”ཞེས་ལོ་སར་གྱི་འཚམས་འདྲི་མཉམ་དུ་བྱེད་ཅིང་། དེ་ནས་ནང་དུ་བསུས་རྗེས“འདི་ཁྱེད་ཚང་གི་ལོ་སར་ཡིན”ཞེས་ལག་གི་ལོ་སྐལ་དེ་རྟེན་འབྲེལ་ཏུ་ཕུལ་ཞིང་ལོ་ཕྱག་འབུལ་བར་བྱེད་ལ། ཁྱིམ་དེའི་མིས་བཀྲ་ཤིས་ཚེ་རིང་གི་ཁ་གཡང་སྒྲོག་བཞིན་ལོ་ཕྱག་འགོག་པ་དང་མགྲོན་གྱི་སྣེ་ལེན་བྱེད་པ། དེ་བཞིན་ལོ་སིལ་བྱིན་རྗེས་ཚང་མ་མཉམ་དུ་ཁྱིམ་གཞན་ཞིག་ཏུ་ཆས་པར་བྱེད་ལ། ཆས་དུས་ཁྱིམ་དེས་ང་ཚོའི་ལོ་སྐལ་རེ་རེ་བཞིན་ཕྱིར་སྟེར་ངེས་ཡིན། སྐབས་དེའི་ལོ་སིལ་ལ་ཀ་ར་གཉིས་གསུམ་མམ་ཤོག་བོའུ་ཆུང་ཆུང་རྐང་གཉིས་གསུམ་རེ་མ་གཏོགས་འཛོམས་ཀྱི་མི་འདུག་ཀྱང་། སྐབས་དེར་མཚོན་ན་དེ་དག་ནི་ངེད་ཚོའི་སེམས་ནང་གི་བཀྲ་ཤིས་ཤིང་ཡིད་འགུལ་ཐེབས་པའི་ལོ་སིལ་ཆེས་ལེགས་ཤོས་ཡིན་ཏེ། རྒྱུ་མཚན་ནི་སྐབས་དེར་དུན་རྒྱུན་ཀ་ར་གཅིག་ཙམ་ཡང་ལག་ཏུ་སོན་དཀའ་ཞིང་། གལ་ཏེ་ལག་ཏུ་སོན་ཡང་མི་གཉིས་གསུམ་གྱིས་བགོས་ཏེ་ཟ་སྐབས་ཡིན་པས་སོ།། དེ་ལྟར། གལ་ཏེ་ལོ་དེར་སུ་ཚང་ལ་འདུན་ཡོད་ཚེ་དེའི་ཚང་དུ་འགྲོ་སྐབས་ཁ་མི་གྲག་པར་འགྲོ་བ་དང་། སྡུག་ངོ་ལ་ཤོག་དཀར་གྲུ་བཞི་ཁོ་ནས་བཏུམ་པའི་སིལ་ཤོག་འབུལ་ལ། དེ་དག་ནི་དང་པོ་ཁྱིམ་ནས་ཆས་དུས་ཕ་མས་གདམས་པའི་བསླབ་བྱ་ཁག་ཅིག་ཀྱང་ཡིན།       ང་ཚོའི་སྡེ་བ་དང་ཚོ་བའི་ཁག་ཅུང་ཆེ་བས་ཁྱིམ་རེ་རེར་ལོ་སར་ལ་སོང་ཚར་ཞིང་ཕྱིར་ཁྱིམ་དུ་སླེབས་དུས་ནི་ཕལ་ཆེར་ཚེས་གཅིག་གི་དྲོས་ཇའི་སྐབས་ཡིན་སྲིད་ལ། དེ་དུས་ཏག་ཏག་ཕོ་གསར་རྣམས་ལབ་རྩེ་བསྟོད་དུ་སོང་ནས་ཕྱིར་སླེབས་ཤིང་། ཞིང་ས་གསེར་གཞུང་རིང་མོའི་སྟེང་དུ་རྟ་རྒྱུགས་འགྲན་བཞིན་པ་དེ་ཡིན་པས་རེ་ཞིག་ཚང་མས་ཀི་ཀི་བསྭོབསྭོས་ལྷ་རྒྱལ་བའི་ཁ་གཡང་སྒྲོག་ཅིང་དགའ་འབོད་ཆེན་པོས་ཁེངས་སྲིད་པ་དེ་རེད། རྟ་རྒྱུག་ལ་གཡེང་ཚར་རྗེས་ང་ཚོ་སོ་སོའི་ཁྱིམ་དུ་ལོག་ཅིང་ལོ་སྐལ་ཕྱིར་ཁྱིམ་དུ་བསྐྱལ་རྗེས་ལོ་སིལ་རྣམས་ཕ་མར་བཅོལ་བ་དང་། དེ་ནས་སླར་མཉམ་དུ་འཛོམས་ནས་རྩེ་བའམ་ཡང་ན་ཐང་ཆད་དེ་གཉིད་འགྲོ་དུས་ཀྱང་ཡོད།       སྐབས་དེར། རྩེད་ཆས་ཐེ་པེད་དང་བྱེ་ཁུག་སོགས་མ་གཏོགས་མང་པོ་མི་འདུག་ཀྱང་བྱིས་པ་ཚང་མ་མཉམ་དུ་འཛོམས་ནས་རྩེད་མོའི་འདུ་འཛི་ཤིན་ཏུ་ཆེ། སྔ་དྲོ་ཚོ་ཆུང་བགོས་ཏེ་གོ་ཐུག་བསྐོལ་བ་དང་། ཕྱི་དྲོ་དེ་ལྟར་རྩེད་མོར་གཡེང་བ་ནི་ཕལ་ཆེར་ཚེས་གཉིས་ནས་གསུམ་བར་ཡིན། འཕྲོར་བྱིས་པ་མང་པོའང་རང་གི་ཕ་མ་སྤུན་མཆེད་སོགས་ལ་འགྲོགས་ནས་རང་རང་གི་ཐག་རིང་གི་ཤ་ཉེ་སྤུན་ཟླར་ལོ་སར་ལ་བུད་འགྲོ་བས། རིམ་གྱིས་ངེད་ཚོའི་ལོ་སར་གྱི་སྤྲོ་སྣང་དེའང་ཉམས་དམས་སུ་འགྲོ་མོད། འོན་ཀྱང་ད་དུང་སྤྲོ་བའི་རེ་བ་ཉག་ཅིག་བྱེད་པ་ནི་རྒྱང་རིང་གི་ཤ་ཉེ་སྤུན་ཟླ་དག་ནམ་སླེབ་ལ་སྒུག་པ་དེ་ཡིན་ལ། དེ་ནས་ཁྱིམ་ལ་ལར་བག་མའི་སྐྲ་སྟོན་སོགས་ཡོད་པ་མྱུར་དུ་སླེབ་པར་རེ་སྒུག་བྱས་ཡོད་པ་དེ་ཡིན་ཏེ། རྒྱུ་མཚན་ནི་སྟོན་མོ་སྟེང་ནས་ད་གཟོད་སྔར་བས་བྱིས་པ་མང་པོ་དང་འཕྲད་ཅིང་སྤྲོ་དགས་རྩེད་མོར་རོལ་ཐུབ་པར་མ་ཟད། ཆ་མེད་རྒྱུས་མེད་ཀྱི་མགྲོན་པོ་མང་པོ་དང་། དགོད་བྲོའི་ཨ་རྩེད་སོགས་ལྟད་མོ་མང་པོ་མཐོང་ཐུབ་ཅིང་། སྙན་མོ་གླུ་སྐད་ཀྱིས་ཡིད་སེམས་འགུགས་པའམ། ཤགས་དང་སྲིད་པ་ཡིས་ཁ་མཚར་སློང་བ་སོགས་ཡོད་ཚད་དགོད་སྒྲའི་ཁྲོད་འཐིམས་ཐུབ་པས་སོ།།       ཚེས་གཅིག་ནས་བཅོ་ལྔའི་བར་གྱི་ནངས་མ་རེ་རེའི་ལྷ་བསང་གི་འབོད་པ་དང་མཉམ་དུ་ང་ཚོ་བྱིས་པ་ཚོའང་དེ་ལྟར་སྤྲོ་སྣང་གིས་ཡར་ལངས་ཤིང་སྤྲོ་སྣང་གིས་ལོ་སར་རོལ་ལ། སྤྲོ་སྣང་གིས་ངལ་གསོས་ཤིང་སྤྲོ་སྣང་གིས་འཚོ་བར་རོལ། ལོ་སར་ནི་དེ་ལྟར་འཕྲལ་མར་མཇུག་རྫོགས་ཤིང་ལོ་ལོར་རོལ་ནའང་། ནམ་ཡང་བརྗེད་དཀའ་ཞིང་ད་དུང་དྲན་པའི་ཡོལ་རས་ངོས་སུ་སྤྲོ་སྣང་གིས་འཁྱིལ་ཡོད་པ་ནི་ཏག་ཏག་བདག་བྱིས་པའི་དུས་ཀྱི་གནམ་ལོ་གསར་བའི་ཚེས་གཅིག་གཙོ་བྱས་པའི་སྔུན་གཞུག་གི་ཉིན་བཅོ་ལྔ་དག་སྟེ། དེ་ལྟ་བུའི་བདག་གི་བྱིས་དུས་ཀྱི་ལོ་སར་ཁོ་ནའོ།། New Year's Festivals subjects 6011 For more information about this term, see Full Entry below.Subjects CollectionsTibetan and Himalayan CollectionsFestivals of TibetFull EntryRelated Subjects (1)Related Texts (2)Related Audio-video (4) Amdo subjects 1079 For more information about this term, see Full Entry below.Subjects Tibet and HimalayasBibliographic ClassificationTibetan and HimalayanCultural and Environmental GeographyPlacesTibetFull EntryRelated Subjects (1)Related Texts (24)Related Sources (5) Modern Creative Literature subjects 1603 For more information about this term, see Full Entry below.Subjects Tibet and HimalayasBibliographic ClassificationTibetan and HimalayanTibetan LiteratureFull EntryRelated Subjects (1)Related Audio-video (42)Related Texts (20) Triga places 1176 For more information about this term, see Full Entry below.Feature Type CountyPlaces EarthAsiaChinaQinghaiTsolho Tibetan Autonomous PrefectureFull EntryRelated Subjects (1)Related Places (76)Related Texts (116)Related Audio-video (81)Related Images (192)