མདོ་སྨད་ཁྲི་ཀའི་རྐང་ཚའི་ཡུལ་གྱི་སྦྲ་ནག་རིག་གནས་རོབ་ཙམ་གླེང་བ། ༄༅། །མདོ་སྨད་ཁྲི་ཀའི་རྐང་ཚའི་ཡུལ་གྱི་སྦྲ་ནག་རིག་གནས་རོབ་ཙམ་གླེང་བ། ཚེ་རིང་དོན་གྲུབ། ནང་དོན་གནས་བསྡུས། དཔྱད་རྩོམ་འདིར་གཙོ་བོ་རྒན་རབས་པ་དག་གི་ངག་སྒྲོས་གཞིར་བཟུང་སྟེ། རང་གིས་མིག་མཐོང་ལག་ཟིན་དུ་གྱུར་པའི་ཁྲི་ཀའི་རྐང་ཚའི་སྦྲ་ནག་གི་ཕྱི་ནང་གི་རྣམ་པ་དང་གྲུབ་ཚུལ། རིགས་སོགས་རོབ་ཙམ་གླེང་བར་བྱས་ཡོད། བརྡ་ཆད་གཙོ་བོ། རྐང་ཚ། སྦྲ་ནག འབྲོག་མི། འཚོ་བ། ཉེ་ལམ་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སོང་བ་དང་བསྟུན་ནས། སྔོན་གྱི་ཐོན་རྫས་གང་མང་ཞིག་འཚོ་བའི་ནང་གནས་ཐབས་བྲལ་བའི་ཉེན་ཁར་འཕྲད་ཡོད། བོད་རང་གི་མེས་པོ་དག་གི་ལག་ཤེས་ཀྱི་རྩལ་ལས་ཐོན་པའི་སྦྲ་ནག་ཀྱང་འབྱུང་བཞིའི་བག་ལ་འཐིམ་ཉེ་བའི་སྐབས་འདིར། བདག་དངོས་སུ་ཕ་ཡུལ་དུ་ལོག་ཅིང་། རྒན་རབས་པ་རྣམས་ལ་བཅར་འདྲི་དང་། འཚོལ་ཞིབ་སོགས་ཐབས་ལམ་ཅི་རིགས་སྒོས་རྒྱུས་ལོན་བྱས། ལྷག་པར་དུ་ཕ་ཡུལ་གྱི་སྦྲ་ནག་མིག་མཐོང་ལག་ཟིན་དུ་གྱུར་བ་གཞིར་བཟུང་སྟེ་རེ་རེ་བཞིན་བྲིས་ན་གཤམ་གསལ་ལྟར་རོ། །  གཅིག སྦྲ་ནག་གི་གནས་ཡུལ་རྐང་ཚ།  རྐང་ཚ་ནི་བོད་ཀྱི་རུས་ཆེན་བཞི་ཡི་ཡ་གྱལ་ལྡོང་གི་ཁོངས་སུ་གཏོགས་ཤིང་། སྔོན་དུས་སུ་ཁམས་བདེ་དགེ་སོགས་སུ་ལོ་མང་པོར་འཁྱམས་ཉུལ་བྱས་ཤིང་། རྗེས་སུ་མགོ་ལོག་ལ་སྤར་ནས་བསྡད་ཅིང་རིམ་གྱིས་རྨ་ཕར་ཁའི་དར་རྒན(རྟ་སྒ)གཞུང་དུ་གནས་སྤར། རྐང་ཚའི་མི་རྒྱུད་རྨ་ཕར་ཁའི་རྟ་སྒ་གཞུང་དུ་གཞིས་ཆགས་པའི་དུས་ནི་དུས་རབས་བཅུ་གསུམ་པའི་ནང་ཡིན། སྐབས་དེར་རྐང་ཚར་ཚོ་སྡེ་དྲུག་གམ་ཡོངས་གྲགས་སུ་རྐང་ཚ་ཚོ་སྒོ་དྲུག་ཅེས་གྲགས། གོང་ནས་བཤད་པའི་རྐང་ཚའི་རྟ་སྒ་གཞུང་ནི་ང་རང་གི་ཕ་ས་ཡིན་ཞིང་། ས་དེ་ན་རྡོ་རྟ་ཡི་སྒ་འདྲ་བ་ཞིག་ཡོད་པས་རྟ་སྒ་གཞུང་ཞེས་བཏགས་པ་རྒན་པའི་ངག་ལས་ཐོས།   ས་དེ་ནི་མདོ་ཁམས་སྨད་ཀྱི་སའི་ཁོངས་གཏོགས་དེང་སང་གི་ཁྲི་ཀ་རྫོང་གི་ཤར་ལྷོའི་ཕྱོགས། སྤྱི་ལེ50ཡི་ས་རུ་གཞིས་ཆགས་པའི་འབྲོག་སྡེ་ཞིག་ཡིན། ས་བབས་མཐོ་ཞིང་མཚོ་ངོས་ལས་སྨི3500ནས4500ཡས་མས་སུ་འཁེལ་ཞིང་གནམ་གཤིས་ཧ་ཅང་འཁྱག འཚོ་བའི་གཞི་རྟེན་ཡང་ཞིང་ཕྱུགས་གཉིས་ལས་ཕྱུགས་ལས་གཙོ་རུ་གཉེར་བཞིན་ཡོད། དེ་ལྟར་ཕྱུགས་ཟོག་གིས་འཚོ་བའི་ཁྲོད་དུ་གོ་གནས་ངེས་ཅན་ཟིན་ཞིང་། དུས་ཚིགས་བཞི་བོར་རྩྭ་ཆུ་འཛོམས་སར་རུ་བ་རེས་མོས་སུ་སྤར་གྱི་ཡོད་པས། སྡོད་གནས་ལ་ངེས་གཏན་གྱི་རང་བཞིན་མེད་ཅིང་། འཚོ་བའི་གནས་སྟངས་དེ་འདྲའི་འོག་སྦྲ་ནག་ཅེས་པའི་སྡོད་གཞིས་འདི་བསྐྲུན་པའོ། ། དུས་དེ་ནས་བཟུང་སྟེ་རུ་བ་སྤོར་སྣུར་གྱི་དགོས་མཁོ་དང་མཐུན་པའི་སྦྲ་ནག་ནི་རུ་སྡེ་འདིའི་འབྲོག་པ་རྣམས་ཀྱི་སྡོད་ཁང་ལེགས་སུ་གྱུར་ཅིང་། མེས་པོའི་བློ་གྲོས་ཕུལ་ཏུ་བྱུང་བའི་ཤེས་རིག་གི་མཚོན་རྟགས་ཤིག་ཀྱང་ཅི་ལ་མིན། ཉེ་བའི་ཚེ་ནའང་། ཕ་ཡུལ་དུ་སྦྲ་ནག་སོགས་གུར་གྱི་རིགས་ཁ་ཤས་མུ་མཐུད་དུ་བཀོལ་སྤྱོད་བྱེད་བཞིན་ཡོད། ཕྱུགས་ཟོག་འཚོ་བའི་མཚེར་ས་རྣམས་སུ་རླངས་འཁོར་སོགས་འཕྲུལ་ཆས་ཀྱི་རིགས་ཕལ་ཆེ་བར་འགྲོ་མི་ཐུབ་པ་དང་། ས་ཆ་མང་ཆེ་བར་གངས་དང་། འཁྱག་རོམ། རྫ་རི། གྲོག་རོང་། གཡང་གཟར་གྱིས་གང་སར་བསྐོར་ཡོད་པའི་སྟབས་ཀྱི་ཡིན་ལ། རྒྱུན་དུ་རྟ་གཡག་གི་རྒྱབ་ལ་བརྟེན་ནས་རུ་བ་སྤོར་བསྐྱོད་བྱེད་དགོས་པས། ཕྱུགས་ཟོག་འཚོ་བའི་འཚོ་བ་སྐྱེལ་སྟངས་མཚམས་བཞག་མ་བཏང་བར་དུ་སྦྲ་གུར་གྱི་རིགས་ཉམས་མི་སྲིད། ཡིན་ནའང་། སྔོན་གྱི་མེས་པོ་དག་གི་མགོ་སྦྲ་དུ་བ་ཅན་མཐིང་སྨུག་སྦྲ་ནག་སྤྱོད་མཁན་ནི་ཇེ་ཉུང་ནས་ཇེ་ཉུང་དུ་སོང་སྟེ་ཧ་ལམ་འབྱུང་བཞིའི་བག་ལ་འཐིམ་པའི་སྐབས་འདིར།  བདག་གིས་མེས་པོ་རྣམས་ཀྱི་ངལ་རྩོལ་གྱི་སྡུག་ཡུས་དང་། བློ་གྲོས་ཀྱི་ཉིང་བཅུད། བྱམས་བརྩེ་ཡི་འོད་མདངས་སོགས་ལ་ཕྱིར་དྲན་ཞིག་བྱེད་པར་ཞོལ་ནས་སྦྲ་ནག་གི་རྒྱུ་ཆ་དང་། བཟོ་བའི་གོ་རིམ། གྲུབ་ཆ། རིགས་བཅས་རིམ་པ་ལྟར་བྲི་བར་བྱའོ། ། གཉིས། སྦྲ་ནག་གི་རྒྱུ་ཆ། སྔོན་འབྲོག་པ་རྣམས་ཀྱིས་འཚོ་བའི་ཡོ་ཆས་ཀྱི་རྒྱུ་ཆར་ཕྱུགས་ཟོག་གི་བལ་ཁུལ་རྩིད་གསུམ་བཀོལ་གྱི་ཡོད་ལ། དཔེར་ན། ཕྱིང་བ་དང་། ཕྱིང་ཞྭ་དང་། སྒྱེ་དང་། སྒྱོ་བ་དང་། ཞ་ར་དང་། ག་མོ་དང་། ཕྱིང་ལྷམ་དང་། ཕྱིང་བསྟན་སོགས་མང་པོ་ཡོད་དེ། ཁོ་ཚོས་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་འཚོ་བའི་ཡོད་ཆས་རྣམས་གཞན་ལ་བརྟེན་མི་དགོས་པར་རང་རྐྱ་ཐུབ་པའི་ལག་ཤེས་ཀྱི་བཟོ་ལས་གཉེར་བཞིན་ཡོད། དུས་རྒྱུན་དུ་དུས་ཚིགས་གཏན་འཁེལ་གྱིས་ཕྱུགས་ཟོག་གི་བལ་དང་ཁུལ་རྩིད་འབྲེག་པ་དང་སྨན་བརྒྱག་པ་སོགས་རེ་རེ་བཞིན་བཀོད་སྒྲིག་ཚགས་དམ་པོ་བྱས་ཤིང་། ལོ་རེ་རེ་ཡི་དཔྱིད་ཀའི་དུས་སུ་ཕྱུགས་ཟོག་རྣམས་ཅུང་ཙམ་ཤ་ཤེད་རྒྱས་པ་དང་བསྟུན་ཏེ། གཞོན་ནུ་རྣམས་ཀྱིས་རྟེའུ་ལ་ཁ་ལོ་བཏུལ་བ་དང་། གཡག འབྲི་སྐམ། ཡ་རུ། ཡར་མོ་སོགས་ཐབས་ཀྱིས་བཟུང་ནས་ཁུལ་རྩིད་བྲེགས། རྩིད་རིང་དང་། རྩིད་ཐུང་། ཁུ་ལུ། ཁུལ་སྙིགས་སོགས་རེ་རེ་བཞིན་ཞིབ་མོར་སྒྱེ་དང་སྒྱེ་མོའི་ནང་གསོག་ཉར་བྱས་ཏེ། སྔོན་ནས་སྦྲ་ནག་བཟོ་བར་གྲ་སྒྲིག་བྱེད་ཀྱིན་ཡོད། སྦྲ་ནག་གི་རྒྱུ་ནི་སྤྱིའི་ཆ་ནས་རྩིད་པ་དང་ཁུ་ལུ་གཉིས་ཡིན་ཞིང་། བྱེ་བྲག་ཏུ་རེ་རེ་ནས་བགྲང་ན་བལ་དང་། རྔ་རྩིད་སོགས་ཀྱང་རྒྱུ་རུ་གྱུར་ཡོད། སྤྱིར་བཏང་བོད་མིའི་གོམས་སྲོལ་དང་འགན་འཁྲི་ལྟར་བུའི་མགོ་ལ་སྦྲ་བཟོ་མ་ཐུབ་ཚེ། ཕ་མའི་ངོ་ཚ་ཞིག་གམ་སེམས་ཁྲལ་ཞིག་ཏུ་གོམས་ཡོད་སྟབས། ཁྱིམ་ཚང་སུ་ལ་བུ་སྐྱེས་ན་རྟ་དང་སྦྲ་གཉིས་ནི་མེད་མི་རུང་བ་ཞིག་ཡིན། སྔོན་དུས་ཁྱིམ་དུ་བུ་མང་ཚེ་ཕ་མ་ལའང་འགན་འཁུར་ཤིན་ཏུ་ལྕི་སྟེ། ཕྱུགས་ཟོག་མང་པོའི་དུད་ཁྱིམ་གཞན་ལ་ཁུལ་རྩིད་སོགས་བསྐྱིས་ཏེ་སྦྲ་ནག་བཟོ་བའི་སྲོལ་ཡང་ཡོད་གྲབས་ཟེར། བལ་དང་།   རྔ་རྩིད་དང་། རྩིད་པ་དང་། ཁུ་ལུ་སོགས་གོ་རིམ་ཡོད་པའི་ངང་ནས་གསེད་འཁེལ་ཐགས་གསུམ་གྱིས་ལས་སྣོན་བྱས་ཏེ་སྦྲ་ནག་བཟོ་བར་སྟ་གོན་བྱས། སྦྲ་ནག་ལའང་ཆེ་འབྲིང་ཆུང་གསུམ་ཡོད་ལ། གང་བཟོ་བར་བལ་ཁུལ་གྱིས་ཚགས་མིན་ལ་རག་ལས་ཤིང་། དེ་ཡང་མཐར་ཐུག་ན་ཁྱིམ་ཚང་རང་རང་གི་འབྱོར་བ་ལྟར་བཟོས་ཡོད་པས་ཕྱོགས་གཞན་ཞིག་ནས་ཁྱིམ་ཚང་ཕྱུག་མིན་གྱི་མཚོན་རྟགས་ཤིག་ཀྱང་ཡིན་ནོ། ། གསུམ། སྦྲ་ནག་བཟོ་བའི་གོ་རིམ་དང་གྲུབ་ཆ། ཉིན་མ་ཤིན་ཏུ་རིང་བའི་དཔྱིད་ཀའི་དུས་སུ་གཟའ་སྐར་འཕྲོད་སྦྱོར་ལ་ལེགས་པར་བརྟགས་རྗེས་ཨ་མས་ཐོག་མར་མགོ་བཟུང་ནས། ཁྱིམ་དེའི་བུ་མོ་དང་། མནའ་མ་བཅས་སྐྱེས་མ་རྣམས་ཀྱིས་སྔར་ཉར་ཚགས་བྱས་པའི་རྩིད་པ་དང་ཁུ་ལུ་རང་རང་སར་གསེད་པ། དེ་ནས་གདབ་བུས་གཏགས་ཏེ་ཕན་ཚུན་འཐབ་ཏུ་བཅུག་རྗེས་བུད་མེད་གཉིས་ཀྱིས་མཉམ་དུ་ཟླ་སྒྲིལ་ངང་དཀྲིས་ནས་ལག་དཀྲིས་བཅོས་ཏེ་འཕང་འཁེལ་བའི་མགོ་རྩམ། ཉིན་མང་པོར་བཀལ་བའི་འཕང་རིལ་མང་པོ་གཅིག་སྒྲིལ་གྱིས་གྲུ་གུ་བཅོས། རྩིད་པའི་བཀལ་བའི་འཕང་ནི་རེ་ལྡེ་ཡི་རྒྱུ་དང་ཁུ་ལུ་བཀལ་བ་ལ་སྤུན་ཟེར།  རྒྱུ་ནི་ཐགས་ཀྱི་གཞུང་དུ་སྣའི་རིང་ཚད་དུ་འཐེན་ཡོད་པས་རིང་ཞིང་། སྤུན་ཞེས་པ་ཐགས་ཀྱི་འཕྲེད་དུ་འདྲེན་བྱ་ཡིན་ལ་རྒྱུ་ལས་ཐུང་བ་ཡིན། རྒྱུ་སྤུན་གཉིས་ཀྱིས་གཙོ་བྱས་པའི་རྭ་བཞིའམ་རྐང་གསུམ་དང་། མགོ་ཕུར། མགོ་སྒམ། སྲོག་ཐིགགོང་གཏགས་སོགས་ཀྱིས་ཐགས་གྲུབ་ཞིང་། ཐགས་ཤིག་གི་རིང་ཚད་ཕོ་འདོམ30ཡིན་ཞིང་། ཐགས་འཐག་མཁན་ཞིག་གིས་ཉིན་གཅིག་ལ་གོམ་པ5ནས6བར་འཐག་ཐུབ་ཟེར།  དེ་ལྟར་བརྩིས་ན་ཉིན་ལྔ་ནས་དྲུག་བར་ཐགས་སྣ་གཅིག་ཡོངས་སུ་འགྲུབ་ཀྱི་ཡོད་ལ། ཐགས་འཐག་པའི་རེ་ཞིང་རིང་པོ་བལྟེབས་ནས་ཡོད་པ་དེར་རེ་ལྡེ་ཟེར།    རེ་ལྡེ་ཞིག་གི་སྲིད་ཀྱི་རིང་ཚད་ལ་ཕོ་འདོམ30དང་། ཞེང་གི་ཆེ་ཆུང་ཚུན6ནས7བར་ཡོད། སྦྲ་ནག་ལ་ཆེ་འབྲིང་ཆུང་གསུམ་བཀར་ནས་བཟོ་སྲོལ་ཡོད་ལ། སྦྲ་ཆེ་བ་ཞིག་གི་སྣའི་རིང་ཚད་ལ་ཕོ་འདོམ་ལྔ་ཡོད་ཅིང་། སྦྲའི་ཀླད་ལ་རེ་ལྡེ10དང་ཁར་རེ་ལྡེ11དགོས། དེ་ལྟར་ཕོ་ཁྱིམ་མོ་ཁྱིམ་གཉི་གར་བསྡོམས་པའི་རེ་ལྡེ42དགོས། རེ་ལྡེ་མང་པོའི་རེ་ཞིང་ཕན་ཚུན་བསྒྲིགས་ཏེ་འཚེམ་བྱས་ནས་སྦྲ་ནག་བཟོས་པ་ཡིན།    བདག་གིས་རྒན་པ་ཚོའི་ངག་སྒྲོས་གཞིར་བཟུང་ནས་ཅུང་དཔག་ཚེ་སྦྲ་ནག་ལ་ཚང་དགོས་པའི་གྲུབ་ཆ་སྟེ། ཆོན་ཐགངོ་ཐིགཕོ་ལུང་། མོ་ལུང་། ཀ་ར། ཕུར་བ། ཕུག་ཆོན། སྒོ་ཆོན། ས་འདོགས། གྲུ་ཐགཀ་རྟེན། ཁ་ཚུབ། ཐོང་སྒྲོགགདུང་མ། སྒོ་ཕྱར། ཆ་རུ། ནང་ཀ་སོགས་ཡིན་ཞིང་། སྦྲ་ནག་ཆེ་འབྲིང་ཆུང་གསུམ་གང་ཡིན་ཡང་དེ་དག་ངེས་པར་དུ་ཚང་དགོས།  1.ཆོན་ཐག་ཅེས་པ་འབྲི་གཡག་གི་རྔ་རྩིད་ཀྱིས་བརྒྱུས་པའི་རྩིད་ཐག་གཉིས་ལྷན་དུ་བཙེམས་པ་ཞིག་ཡིན་ཞིང་། རིང་ཚད་ལ་ཕལ་ཆེར་ཕོ་འདོམ་གཉིས་དང་ཕྱེད་ཀ་ཡོད། དེས་སྦྲ་ནག་ཁ་ཆར་བུ་ཡུག་གི་ཁྲོད་བརྟན་པོ་ཡོང་ཕྱིར་སྦྲ་ཡི་གྲུ་བཞི་པོར་ཆོན་ཐག་བཞི་དང་སྦྲའི་སྐད་དུ་གཉིས་རེ། ད་དུང་སྦྲའི་ཕུག་དང་སྒོ་ལ་གཉིས་ཡོད་ཅིང་ཁྱོན་སྡོམ་པའི་ཆོན་ཐག་བཅུ་གཅིག་གིས་གྲུབ་ཡོད།  2.ངོ་ཐིག་ནི་སྦྲ་ཡི་ནང་ངོས་སུ་འཕྲེད་དུ་འཐེན་ཡོད། དེས་སྦྲའི་ཀླད་ཐུར་དུ་མི་དཔྱངས་པར་འཕྲེད་དུ་ག་ལེར་རྐྱང་། རིང་ཚད་ལ་འདོམ་པ་གཉིས་ཡོད། ཁྱོན་སྡོམ་སྦྲའི་གཡས་གཡོན་གཉི་གར་ངོ་ཐིག་བཅུ་གཉིས་ཀྱིས་གྲུབ། 3.ཕོ་ལུང་དང་མོ་ལུང་སྦྲ་ནག་གི་ཕོ་ཁྱིམ་དང་མོ་ཁྱིམ་གཉིས་ཕན་ཚུན་སྦྲེལ་བྱེད་ཀྱི་སྒྲོག་གུ་དང་སྒྲོག་ལུང་ལྟ་བུ་ཞིག་ཡིན་ཞིང་། མི་ཞིག་ལ་མཚོན་ན་ཡར་འདེགས་བྱེད་ཀྱི་སྒལ་ཚིགས་ལྟ་བུའི་ནུས་པ་ཐོན་ཡོད། ཆ་རུ་ཡོད་སར་ཕོ་ལུང་དང་རྩིད་ཐག་གི་ཁུག་མགོ་ཅན་སར་མོ་ལུང་ཟེར། སྦྲ་ཆེ་བ་ཞིག་ལ་ཕོ་ལུང་མོ་ལུང་ཁྱོན་སྡོམ་སུམ་ཅུ་སོ་བཞི་དགོས་ཟེར།   4.ཀ་ར་ནི་གསོམ་པ་དང་སྟག་པ་ཤུག་པ་དག་གཙོ་བྱས་པའི་རིང་ཚད་སྨི་གསུམ་ཙམ་གྱི་རྒྱུག་པ་རིལ་རིལ་ཅན་ཞིག་ཡིན། སྦྲ་ཞིག་ལ་ཁྱོན་སྡོམ་ཀ་ར་ཉི་ཤུ་ཡིས་གྲུབ་ཅིང་། དེའང་ཕྱི་ཀ་བཅུ་དང་ནང་ཀ་དགུ་ཡོད།   5.ཕུར་བའམ་ས་འདོགས་ཆེ་ཆུང་ཉི་ཤུ་རྩ་དགུ་དགོས་ལ།(སྦྲའི་ས་འདོགས་དང་ཆོན་ཐག་གི་ཕུར་བ་བཅས་ནང་དུ་འདུ། )སྦྲ་ས་ངོས་དང་མི་བྲལ་བར་བརྟན་པོའི་ནུས་པ་ཐོན། 6.ཕུག་ཆོན་དང་སྒོ་ཆོན། ཕུག་ཆོན་གྱི་ཀ་ར་སྤྱིར་བཏང་སྟག་པ་བྱེད་ཅིང་། སྒོ་ཆོན་ཤུག་པ་བྱེད་ངེས་ཡིན། དེ་ཡང་བཤད་སྲོལ་ལྟར་ཁྱིམ་ཚང་གི་རྒན་གཞོན་བྱིས་པ་རྣམས་ལ་ཚེ་རིང་ནད་མེད་སྐུ་ཚེ་བརྟན་པ་དང་སྒོ་ཁར་ཕྱུགས་ཀྱིས་བཀང་བའི་བཀྲ་ཤིས་ཕྱྭ་གཡང་གི་རྟེན་འབྲེལ་བརྟག་ཡོད་ཟེར། 7.ཁ་ཚུབ་ནི་བཀྲ་ཤིས་པའི་རྟགས་སུ་ལུག་བལ་དཀར་པོ་ཡིས་ཐགས་པའི་རེ་ལྡེ་གཉིས་གཤིབ་ནས་བཟོས་ཡོད་ལ། སྦྲའི་ནང་གི་དུ་བ་སོགས་ས་རྡུལ་ཕྱི་རུ་འདྲེན་ཞིང་ཁ་དབུགས་དག་གཙང་ནང་དུ་རྒྱུ་ལམ་ཡིན། 8. སྒོ་ཡོལ་ཕལ་ཆེར་རས་དཀར་པོ་ཡིས་བཟོས་ཤིང་མཚམས་མཚམས་སུ་རས་ཡུག་ནག་པོ་ཞེང་ཆུང་ངུ་རེ་འཕང་ཡོད། དེ་ལྟར་སྦྲའི་མདུན་ངོས་ཀྱི་སྒོར་ག་ལེ་མར་དཔྱངས་ཡོད་ལ། རླུང་དང་ལྷགས་པ་འགོག་པའི་དགེ་མཚན་ལྡན། བཞི། སྦྲ་ནག་གི་རིགས། དུས་རབས་འཕེལ་རྒྱས་ཀྱིས་མིའི་དགོས་མཁོ་ལྟར་བྱ་དངོས་རྙིང་བ་འཇིག་པ་དང་བྱ་དངོས་གསར་བའང་འཐུས་ཚང་སྟབས་བདེ་ཅན་གྱི་ལམ་དུ་སྙེག་བཞིན་ཡོད་ལ། ཕ་ཡུལ་གྱི་སྦྲ་ནག་ཀྱང་དེ་ལས་མ་འདས་པ་མེད་དོ། ། འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བགྲད་ཚེ། རང་བྱུང་གི་ས་བབས་དང་གནམ་གཤིས་སོགས་ཀྱིས་མིའི་འཚོ་བ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། སྔོན་མ་ཟས་གོས་སུ་ཤིང་ཏོག་དང་ཤིང་ལོ་བསྟེན་པའི་དུས་སུ་མིའི་སྡོད་ཁང་ནི་རང་བྱུང་གི་བྲག་ཕུག་དག་ཡིན་ཞིང་། རིམ་གྱིས་རི་དྭགས་རྔོན་རྒྱག་གི་སྐབས་དེར་མི་རྣམས་ཀྱིས་རི་དྭགས་ཆེ་ཆུང་གི་པགས་པའི་ཅ་ལག་དང་སྦྲ་གུར་བཟོ་བའི་སྲོལ་ཡོད་དེ། «བཀའ་ཆེམས་ཀ་ཁོལ་མ»ལས། རྗེ་གཉའ་ཁྲི་བཙན་པོ་དེ་ཡར་ལུང་བཙན་ཐང་སྒོ་བཞིར་ཆགས་ཕེབས་ནས་ཕོ་བྲང་བཏབ་པ་ཡིན། ཕོ་བྲང་ནི་ས་དང་རྡོ་ལ་མ་བརྩིགས། རི་དྭགས་ཤྭ་བ་དང་འབྲོང་། གཟན་གཅན་སྟག་གཟིག་པགས་པ་ལ་གུར་དུ་ཕུབ་ནས་བྱས་པ་ཡིན་ནོ། ། ཞེས་པ་དང་། གཞན། «ཐང་ཡིག་གསར་རྙིང»ལས། ཤིང་གི་སྣོད་མཐིལ་དུ་ཀ་བས་གཡོགས་པ་ཞིག་ཏུ་ཟས་ཟཞེས་གསལ་ཁ་བཏོད་པས་རིགས་བགྲེ་ཐུབ་བོ། ། སྦྲ་ནག་འདི་དང་ཐོག་དམག་གི་སྤྱོད་ཆས་ནས་རིམ་བཞིན་འབྲོག་སའི་ཕྱུགས་སྐྱོང་པ་ཚོས་བཀོལ་སྤྱོད་བྱས་པ་རེད་། བོད་བཙན་པོའི་དུས་ཀྱི་དམག་དང་འབྲོག་པ་གཉིས་ཀྱི་ཐུན་ཐོང་གི་ཆ་ནི་དུས་ངེས་གཏན་མེད་པར་གནས་སྤོར་བ་དེ་རེད། ཐང་ཡིག་གསར་རྙིང་དུ་མཚོ་ནག་གི་རྒྱུད་དུ་དབྱར་གཞུང་ཡང་གངས་མི་བཞུ། མི་རྣམས་དབྱར་བལ་ཕྱིང་དང་དགུན་སློག་པ་གྱོན། རྩྭ་ཆུ་གང་བཟང་ལ་བལྟས་ནས་མཚེར་ས་འཛིན་ཅིང་སྦྲ་ནག་ཏུ་སྡོདཅེས་པ་ལྟ་བུའོ། ། དེ་འདྲའི་ཆ་ནས་འབྲོག་པ་རྣམས་ལ་སྦྲ་ནག་ནི་མེད་ཐབས་བྲལ་བའི་འཚོ་བའི་གཞིས་རྟེན་དུ་གྱུར། རིམ་གྱིས་ཆུ་ལམ་རྒྱུགས་དང་། རྡོ་ལག་རྒྱུན་གྱི་ཚུལ་དུ་འབྲོག་པའི་སྦྲ་ནག་ལའང་རྣམ་པའི་ཆ་ནས་གྱུར་ལྡོག་གང་མང་བྱུང་ཡོད། ལོ་རེར་ཆར་ཆུའི་འབབ་ཚད་དང་རྩྭ་ཆུ་འཛོམ་མིན།  ཕྱུགས་ཟོག་དང་རྩྭ་སའི་བར་གྱི་གནད་དོན་སོགས་ཀྱི་དབང་གིས་ཕྱུགས་ཟོག་ཕྱིར་བཙོང་བའི་གྲངས་ཀ་འཕར་བ་དང་། དེང་རབས་ཀྱི་ཚོང་རྫས་གསར་བས་འབྲོག་པའི་འཚོ་བར་ཤུགས་རྐྱེན་ཟབ་མོ་ཐེབས་ཤིང་།  ལྷག་པར་དུ་ཕྱུགས་ཟོག་གི་གྲངས་ཀ་མར་གྲིབ་ནས་སྦྲ་ནག་ལས་ཟོར་ཡང་ཞིང་སྟབས་བདེ་བའི་སྡོད་གཞིས་ཏེ། རས་ཁྲ་དང་། རས་གུར་སྒལ་ནག། མཐར་རས་གུར་བཅས་སྟབས་བདེ་བའི་སྦྲ་གུར་གྱི་རིགས་མང་དུ་བྱུང་ངོ་། ། མདོར་ན་སྔོན་གྱི་མེས་པོ་བཀའ་དྲིན་དག་གི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་ཤིང་། ཕྱི་སྣོད་ཀྱི་ཆགས་ལུགས་དང་བསྟུན་ཅི་ཐུབ་སྒོས་རང་བྱུང་གི་གནོད་འཚེར་གཞོལ་བར་བྱས་ཡོད་པ་མ་ཟད། ད་དུང་མིའི་རིགས་དང་སྐྱེས་ཁམས་བར་འཆམ་མཐུན་ངང་རྒྱུན་མཐུད་པའི་བསམ་བློ་གསར་བ་ཞིག་ཆེས་ཟབ་སར་མངོན་ཡོད།  སྦྲ་ནག་གི་རྒྱུ་ཆ་དག་ཀྱང་ཞིབ་ཚགས་ཆེ་ལ་གོ་རིམ་ལྡན་པ ། སྤུས་ལེགས་ཤིང་གྲལ་དག་པས་མེས་པོའི་ལག་རྩལ་གྱི་ཁྱད་མཚར་རང་བཞིན་ལ་དཔྱོད་ལྡན་རྣམས་ཀྱིས་དཔྱད་པའི་གཞི་རུ་གྱུར་ཡོད་ལ།  སྤྱིར་བཏང་སྦྲ་ནག་ནི་མགོ་སྦྲ་ཙམ་ལས་ཕར་བརྒལ་ཏེ་དམངས་སྲོལ་རིག་གནས་ཀྱི་སྒོམ་གཞིའི་ནང་བཅུག་ནས་ཞིབ་འཇུག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །  ཟུར་བལྟའི་ཡིག་ཆ།  [1]«ཀྲུང་གོ་བོད་རིག་པ»རྐང་ཚ་ཞེས་པའི་མིང་དང་འབྲེལ་ཏེ་ལྡོང་དང་ཚ་ཆེན་བཅོ་བརྒྱད་ལ་དཔྱད་པ། ཀུན་དཔལ་ཚེ་རིང་། P10 [2]ཇོ་བོ་རྗེ། «བཀའ་ཆེམས་ཀ་ཁོལ་མ»ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ལོའི༩པར་ཐེངས་དང་པོར་བཏབ། P84 [3]དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར།«ཐང་ཡིག་གསར་རྙིང»མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ༡༩༨༣ལོའི་ཟླ༦པར་ཐེངས་དང་པོར་དཔར།p6 p18 [4]དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར།«ཐང་ཡིག་གསར་རྙིང»མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ༡༩༨༣ལོའི་ཟླ༦པར་ཐེངས་དང་པོར་དཔར།p6 p18   Modern Creative Literature subjects 1603 For more information about this term, see Full Entry below.Subjects Tibet and HimalayasBibliographic ClassificationTibetan and HimalayanTibetan LiteratureFull EntryRelated Subjects (1)Related Audio-video (42)Related Texts (20) History subjects 132 For more information about this term, see Full Entry below.Subjects Literary GenresTibetan Literary GenresHistorical & Legendary LiteratureFull EntryRelated Subjects (1)Related Texts (12)Related Audio-video (4)Related Images (2)Related Sources (1) Amdo subjects 1079 For more information about this term, see Full Entry below.Subjects Tibet and HimalayasBibliographic ClassificationTibetan and HimalayanCultural and Environmental GeographyPlacesTibetFull EntryRelated Subjects (1)Related Texts (24)Related Sources (5) Triga places 1176 For more information about this term, see Full Entry below.Feature Type CountyPlaces EarthAsiaChinaQinghaiTsolho Tibetan Autonomous PrefectureFull EntryRelated Subjects (1)Related Places (76)Related Texts (116)Related Audio-video (81)Related Images (192)